མདོ་རྩ་བའི་སྤྱི་དོན་ཚིག་དོན་རབ་གསལ། ག༽

སྦྱོར་བ་མཚམས་གཞན་གྱིས་བར་མ་ཆོད་པར་ཁྲུ་ཕྱེད་དང་དགུའི་ནང་རོལ་གྱི་གནས་གཅིག་ཏུ་ནུབ་གསུམ་བསྟུད་མར་རང་དང་མ་རྫོགས་པ་གཉིས་ཀ་ཉལ་ཞིང་གཉིད་ལོག་པ་ནས་བརྩམས་ཏེ། མཐར་ཐུག་སྤྱོད་ལམ་དེས་ནུབ་གསུམ་པའི་མཚན་མོ་དེའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། །ལྔ་པ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གི་ཆང་འཐུང་བ་ལྟ་བུ་བཅོམ་ལྡན་འདས་ཀྱིས་མཐོ་རིས་དང་ཐར་པའི་བར་ཆད་དུ་གསུངས་པ་དེ་དག་བསྟེན་ཡང་བར་ཆད་དུ་མི་འགྱུར་རོ་ཞེས། འདུ་ཤེས་མ་འཁྲུལ་བར་རློམ་པས་ཀུན་སློང་སྐུར་པ་གདབ་འདོད་ཀྱི་བསམ་པས། སྦྱོར་བ་སྐུར་པ་འདེབས་པ་ལ་ཞུགས་པའི་ཚེ་དགེ་འདུན་གྱི་བཞམ་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་། མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་ལྟུང་བའོ། །དྲུག་པ་སྤངས་པའི་རྗེས་ཕྱོགས་ཀྱི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་སྡིག་ལྟ་ཅན་བཟོད་པར་མ་གསོལ་བ་དགེ་འདུན་གྱིས་གནས་ནས་ཕྱུང་བ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གནས་དབྱུང་དེ་དང་ལྷན་ཅིག་གཏམ་འདྲེ་བ་དང་ཉལ་འདོད་སོགས་ཀྱི་བསམ་པས། སྦྱོར་བ་ན་བ་དང་ཆོས་ལྡན་གྱི་དོན་མ་གཏོགས་པར་ལྷན་ཅིག་གཏམ་འདྲེ་བ་སོགས་བྱེད་པ་བརྩམས་ཏེ། མཐར་ཐུག་དེ་དང་ལྷན་ཅིག་གཏམ་འདྲེ་བ་སོགས་དང་ཉལ་བ་སོགས་བྱས་ནས་མཚན་མོ་དེའི་མཐའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། །བདུན་པ་དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་ཚུལ་སྡིག་ལྟ་ཅན་བཟོད་པར་མི་གསོལ་བ་བསྙིལ་བ་ན་བ་དང་འདུལ་བ་ལ་སོགས་པའི་དོན་མ་ཡིན་པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྙིལ་བ་སྡུད་འདོད་ཀྱི་བསམ་པས། སྦྱོར་བ་གཉིས་ཀ་ལྷན་ཅིག་གཏམ་འདྲེ་བ་དང་ཉལ་བ་ལ་སོགས་པ་བྱེད་པར་བརྩམས་ཏེ། མཐར་ཐུག་དེ་དང་ལྷན་ཅིག་དེ་ལྟར་བྱས་ནས་དེའི་མཚན་མོ་མཐའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། །བརྒྱད་པ་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཆུ་འཚག་མ་གཏོགས་ལྷུང་བཟེད་ཀྱི་ཁ་གཡོགས་ཙམ་གྱིས་གོས་དཀར་པོ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁ་མ་བསྒྱུར་བའི་གོས་དཀར་པོ་ལོངས་སྤྱོད་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་ལོངས་སྤྱོད་པ་ན་ལྟུང་བའོ། །འདིར་ཚོས་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བའི་གོས་བགོ་བ་ལ་ཉེས་བྱས་སུ་གསུངས་པའི་ཚོས་ཆེན་བརྒྱད་ནི། སུམ་བརྒྱ་པ། མཚལ་དང་དེ་བཞིན་རྒྱ་སྐྱེགས་བརྩོད་རྣམས་དང་། །གུར་གུམ་དང་ནི་ཐང་ཤིང་ལི་ཁྲི་དང་། །སྨ་ཤིང་ལེ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །ཞེས་སོ། །དགུ་པ་ལོངས་པའི་གཞིར་གཏོགས་ཀྱི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཆུད་འཛའ་བའི་རྐྱེན་མེད་ཅིང་སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པའམ། མི་མ་ཡིན་པའི་གནས་སུ་བསོད་ནམས་ལས་གྲུབ་པ་ལྟ་བུ་མ་ཡིན་པ་རང་མི་དབང་བའི་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རོལ་མོར་སྤྱད་པའི་ལག་ཆའམ་གཡུལ་དུ་སྤྱད་པའི་མཚོན་ཆ་དགོས་པ་སྒྲུབ་ནུས་ལ། འདུ་ཤེས་མ་འཁྲུལ་ཞིང་དགོད་བག་གིས་རེག་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་མངོན་སུམ་དུ་རེག་པར་བརྩམས་ཏེ། མཐར་ཐུག་རེག་པ་ན་ལྟུང་བའོ། །བཅུ་པ་ཁྲུས་བྱེད་པའི་ལྟུང་བྱེད་ནི། རྟེན་ཁྲུས་ཀྱིས་ཕན་པའི་ནད་པ་དང་ལས་བྱས་པ་དང་ལམ་དུ་ཞུགས་པ་མ་ཡིན་པའི་དགེ་སློང་གིས། དུས་དབྱར་ཟླ་རྭ་བའི་ཚེས་གཅིག་ནས་དབྱར་ཟླ་ཐ་ཆུང་གི་ཉའི་བར་ཟླ་བ་ཕྱེད་དང་གསུམ་མ་གཏོགས་པ་རྐྱེན་དང་མི་ལྡན་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་ཁྲུས་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་ཟླ་བ་ཕྱེད་ཕྱེད་ཀྱི་ནང་དུ་ཁྲུས་བྱེད་པར་བརྩམས་ཏེ། མཐར་ཐུག་ལུས་རིལ་པོ་ཁྲུས་བྱེད་ན་ལྟུང་བའོ། །བཅུ་ཚན་བདུན་པ་ལ། སྡོམ་ནི། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་དང་གདེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་ཏེ། དང་པོ་དུད་འགྲོ་གསོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དུད་གྲོར་གཏོགས་པའི་སྲོག་ཆགས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གསོད་སེམས་ཀྱིས། སྦྱོར་བ་རང་ངམ་གསོད་པར་བསྐོས་པས་གསོད་པར་བརྩམས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་ཤི་ན་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །གཉིས་པ་འགྱོད་པ་བསྐྱེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཡིད་མི་བདེ་བ་སྐྱེད་འདོད་ཀྱི་བསམ་པས། སྦྱོར་བ་བཞད་གད་ཡན་ཆད་ཀྱིས་ཁྱོད་ལ་སྡོམ་པ་མ་སྐྱེས་སོ་ཞེའམ། སྐྱེས་ཀྱང་ཕམ་པ་བྱུང་བའོ་ཞེས་སོགས་ཀྱིས་འགྱོད་པ་སྐྱེད་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །གསུམ་པ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་ལ་སྐྱི་གཡའ་བའི་གནས་རྣམས་སུ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐྱི་གཡའ་བར་བྱ་བའི་བསམ་པས། སྦྱོར་བ་རེག་པར་བརྩམས་ཏེ། མཐར་ཐུག་རེག་ནས་སྐྱི་གཡའ་བར་བྱས་པ་ན་ལྟུང་བའོ། །བཞི་པ་ཆུ་ལ་རྩེ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་འཇིག་རྟེན་ན་གྲགས་པའི་ཆུ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དགོད་བག་གི་དགའ་བ་ཉམས་སུ་མྱོང་བར་བྱ་བའི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་རྩེ་བར་བརྩམས་ཏེ། མཐར་ཐུག་ལྟེ་བ་ནུབ་པའི་ཚད་དུ་ཆུར་ཞུགས་ཏེ་རྩེ་བ་ན་ལྟུང་བའོ། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་བུད་མེད་ཉེ་དུ་མ་ཡིན་པ་ལུས་རྟེན་རུང་དང་གནས་གཅིག་ཏུ་བར་དུ་མཚམས་ཆོད་ན་འདོམ་གང་གི་ནང་དང་། མཚམས་མ་ཆོད་ན་འདོམ་དགུའི་ནང་དུ། འདུ་ཤེས་མ་འཁྲུལ་ཤིང་ཀུན་སློང་ལྷན་ཅིག་ཉལ་འདོད་ཀྱི་བསམ་པས། སྦྱོར་བ་ཁྲིམས་གྲོགས་མེད་པར་གཉིས་ཀ་ཉལ་ནས་གཉིད་ལོག་པར་བརྩམས་ཏེ། མཐར་ཐུག་མཚན་མོ་དེའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། །དྲུག་པ་སྔངས་པར་བྱེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་ལ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བའི་གཟུགས་དང་སྒྲ་དང་དྲི་དང་རེག་བྱ་ལྟ་བུ་དང་། ཡི་དྭགས་དང་ཤ་ཟ་ལ་སོགས་པའི་ཚུལ་གྱིས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྤངས་པར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་བཞད་གད་ཡན་ཆད་ཀྱིས་འཇིགས་པ་སྟོན་པར་བརྩམས་ཏེ། མཐར་ཐུག་སྔངས་སྐྲག་སྐྱེས་པ་ན་ལྟུང་བའོ། །བདུན་པ་སྦེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དངོས་པོ་རབ་བྱུང་བ་སྡེ་ལྔའི་ལྷུང་བཟེད་ཆོས་གོས་སོགས་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཆུད་འཛའ་བ་སོགས་ཀྱི་རྐྱེན་མེད་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་སེམས་དང་ཕན་འདོད་ལས་གཞན་པས། སྦྱོར་བ་རང་ངམ་བསྐོས་པས་སྦེད་པར་བརྩམས་ཏེ། མཐར་ཐུག་སྦས་ཟིན་པ་ན་ལྟུང་བའོ། །བརྒྱད་པ་གདེང་མེད་པར་སྤྱོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་གཞན་རང་དང་ནོར་མི་གཅིག་པ་ལ་བྱིན་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་སེམས་དང་མི་ལྡན་ཡང་དེས་གནང་བའི་གདེང་མེད་བཞིན་དུ་ཅི་དགར་ལོངས་སྤྱོད་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་ལོངས་སྤྱོད་པ་ན་ལྟུང་བའོ། །དགུ་པ་སྐུར་འདེབས་ཀྱི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་པོ་ལ་མཐོང་ཐོས་དོགས་པའི་གཞི་མེད་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཉམས་པར་འདུན་པས་འདུ་ཤེས་བསྒྱུར་ཏེ་སྐུར་པ་འདེབས་འདོད་ཀྱི་བསམ་པས། སྦྱོར་བ་མིང་ནས་སྨོས་ཏེ། དགེ་འདུན་ལྷག་མ་བྱུང་ངོ་ཞེས་སྐུར་པ་འདེབས་པར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བཅུ་པ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་བུད་མེད་ལུས་རྟེན་རུང་ཐ་མལ་པ་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་ཁྲིམས་གྲོགས་མེད་པར་རྒྱང་གྲགས་ལས་འདས་པར་ལམ་དུ་འགྲོ་བ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལྷན་ཅིག་ལམ་དུ་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་བརྩམས་ཏེ། མཐར་ཐུག་རྒྱང་གྲགས་ལས་འདས་པ་ན་ལྟུང་བའོ། །རྒྱང་གྲགས་རེ་རེ་ལ་ལྟུང་བ་རེ་རེ། ཕྱེད་རེ་ལ་ཉེས་བྱས་རེའོ། །བཅུ་ཚན་བརྒྱད་པ་ལ་སྡོམ་ནི། རྐུ་དང་ཉི་ཤུ་མ་ལོན་དང་། །བརྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་ཏེ། དང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཆོམ་རྐུན་དང་ལྷན་ཅིག་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་རང་དགར་ལྷན་ཅིག་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་རྒྱང་གྲགས་རེ་རེ་འདས་པ་ན་ལྟུང་བ་རེ་རེ། དེའི་ཕྱེད་རེ་འདས་པ་ལ་ཉེས་བྱས་རེའོ། །གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ནི། རྟེན་བསྒྲུབ་བྱའི་མཁན་པོ་བྱེད་པའི་དགེ་སློང་གིས་བསྒྲུབ་བྱ་བསྙེན་པར་རྫོགས་པར་འདོད་པ་སྐྱེས་ནས་མངལ་བཤོལ་བརྩིས་ཀྱང་ཉི་ཤུ་མ་ལོན་པར། འདུ་ཤེས་པའམ་ཐེ་ཚོམ་ཟ་བར་ཀུན་སློང་རང་དགར་མཁན་པོ་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་བསྙེན་རྫོགས་བྱེད་པར་བརྩམས་ཏེ། མཐར་ཐུག་བརྗོད་པ་གསུམ་པའི་ངོ་བོ་བརྗོད་པ་རྫོགས་ནས་བྱེད་པ་བརྗོད་པའི་འགོ་རྩོམ་པའི་ཚེ། མཁན་པོ་ལ་ལྟུང་བྱེད་སློབ་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ། །མངལ་བཤོལ་དང་བཅས་ཏེ་ཉི་ཤུ་མ་ལོན་ཡང་བསྒྲུབ་བྱ་རང་ཉིད་ཀྱིས་ལོན་པར་འདུ་ཤེས་ན་བསམ་པའི་སྒོ་ནས་ནར་སོན་པ་ཡིན་པས་བསྙེན་པར་རྫོགས་པ་ཆགས་ལ། དེ་བསྙེན་པར་རྫོགས་པའི་རྗེས་ལ་མངལ་བཤོལ་དང་བཅས་པའི་ཉི་ཤུ་མ་ལོན་པའི་ཚེ་གོང་དུ་བསྙེན་རྫོགས་ལེན་དུས་ལོ་ཉི་ཤུ་མ་ལོན་པར་འདུག་སྙམ་དུ་འདུ་ཤེས་ན་དེའི་ཚེ་བསྙེན་རྫོགས་ཀྱི་སྡོམ་པ་འཇིག་སྟེ། དེའི་ཚེ་ལུས་སེམས་གང་ཡང་ནར་མ་སོན་པས་སྡོམ་པའི་རྟེན་ཉམས་པའི་ཕྱིར་རོ། །མ་ལོན་ཡང་ལོན་པར་འདུ་ཤེས་པས་བསྙེན་རྫོགས་ཆགས་ནས་མངལ་བཤོལ་དང་བཅས་པའི་ཉི་ཤུ་ལོན་པའི་ཚེ་ལེན་དུས་ལོ་ཉི་ཤུ་མ་ལོན་འདུག་སྙམ་དུ་ཤེས་ཀྱང་སྡོམ་པ་མི་འཇིག་སྟེ། སྡོམ་པ་བསྐྱེད་ཤིང་གཏོང་རྒྱུ་གཞན་མ་བྱུང་ན་ལུས་ཀྱི་སྒོ་ནས་ནར་སོན་པས་སྡོམ་པའི་རྟེན་དུ་རུང་བས་སོ། །སྐྱེས་ནས་ཉི་ཤུ་མ་ལོན་ཡང་མངལ་བཤོལ་དང་བཅས་པས་ཉི་ཤུ་ལོན་ན་བསྙེན་རྫོགས་ཆགས་ལ། མཁན་སློབ་དང་དགེ་འདུན་ལ་ཉེས་བྱས་སྐྱེད་དོ། །ཉི་ཤུ་ལོན་པ་ལ་མ་ལོན་པར་འདུ་ཤེས་ཀྱང་ལུས་ཀྱི་སྒོ་ནས་སྡོམ་པའི་རྟེན་དུ་རུང་བས་སྡོམ་པ་སྐྱེའོ། །དགེ་ཚུལ་དུ་བསྒྲུབས་པའི་ཚེ་ཡང་ལོ་དྲུག་ལོན་ནས་མངལ་བཤོལ་དང་བཅས་པས་བདུན་དུ་འགྱུར་བས་སྐྱེ་ལ་ཉེས་བྱས་སོ། །གསུམ་པ་ས་བརྐོ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་འཇིག་རྟེན་ན་གྲགས་པའི་ས་མཐས་པར་གནས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བརྐོ་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་གཞན་བསྐོས་པས་མངོན་སུམ་དུ་བརྐོ་བར་བརྩམས་ཏེ། མཐར་ཐུག་སོར་བཞི་ཡན་ཆད་བརྐོས་ན་ལྟུང་བའོ། །བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་སྦྱིན་བདག་གིས་དུས་ཇི་ཙམ་མགྲོན་དུ་བོས་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མགྲོན་དུ་བོས་པ་ལས་རིང་དུ་འདུག་སྟེ་ཟ་འདོད་པའི་བསམ་པས། སྦྱོར་བ་སྦྱིན་བདག་གིས་དུས་ཇི་ཙམ་བཞེད་པར་བཞུགས་ཤིག་ཅེས་པ་ལྟ་བུ་མེད་པར་ཟླ་བ་བཞི་མགྲོན་དུ་བོས་པ་ལྟ་བུ་ལ་དེ་རྫོགས་པའི་འོག་ཏུ་ཡང་འདུག་ནས་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །ལྔ་པ་བསླབ་པ་ལ་ཉེར་འཇོག་སྤོང་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་པོས་འདུལ་བར་གཏོགས་པའི་རང་གི་བསླབ་པར་བསླབ་པར་བྱའོ་ཞེས་བརྗོད་པ་ན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུ་ཤེས་བསྒྱུར་ཏེ་བསླབ་པ་ལ་མི་སློབ་པའི་ཚིག་སྨྲ་འདོད་ཀྱི་བསམ་པས། སྦྱོར་བ་བསླབ་པ་ལ་ཉེར་བར་འཇོག་པ་པོ་ལ་ཁྱོད་ཀྱིས་མི་ཤེས་པས་གཞན་ཤེས་པ་ལ་འདྲིའི་བར་དུ་བསླབ་པ་འདི་ལ་མི་སློབ་བོ་ཞེས་གང་ཟག་ལ་མི་ཤེས་པ་དང་བསླབ་པ་ལ་མི་སློབ་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །དྲུག་པ་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་ནི། རྟེན་དགེ་སློང་དགེ་སློང་ཕ་རོལ་པོ་རྩོད་ཟླར་གྱུར་པ་དག་རྩོད་པ་བཞི་ལས་གང་ཡང་རུང་བའི་རྩོད་པ་བྱེད་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནོར་བ་དང་རྩོད་པ་ཞི་འདོད་མ་ཡིན་པར་རྩོད་པ་དཀྲུགས་པའི་ཆེད་དུ་ཉན་འདོད་ཀྱི་བསམ་པས། སྦྱོར་བ་ཉན་པའི་ཕྱིར་རྣ་བ་གཏོད་པར་བརྩམས་ཏེ་མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བདུན་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་ཁ་སྐོང་བར་འོས་པ་དགེ་འདུན་གྱི་ནང་དུ་གསོལ་བ་ལ་སོགས་པའི་ལས་ལ་འདུས་པ། གསོལ་བ་ཙམ་ཡང་མ་བྱས་པར་ལས་ཀྱི་གནས་དེ་ནས་དེ་ན་འཁོད་པ་ལ་མ་སྨྲས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མ་སྨྲས་པར་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་འགྲོ་བར་བརྩམས་པས། མཐར་ཐུག་ལས་ཐོས་པའི་ཉེ་འཁོར་ལས་འདས་པར་ཕྱིན་པ་ན་ལྟུང་བའོ། །བརྒྱད་པ་མ་གུས་པའི་ཚུལ་ལས་གྱུར་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་སྟོན་པ་དང་དགེ་འདུན་དང་ཞལ་ཏ་བས་ཆོས་ལྡན་གྱི་བཀའ་བསྒོ་བ་རང་གི་སྒྲུབ་ནུས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་དང་འགལ་བར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་ཤད་ཀྱིས་སྦྱངས་པ་མ་བྱས་པར་འགལ་བ་བྱེད་པར་བརྩམས་ཏེ། མཐར་ཐུག་འགལ་བའི་བྱ་བ་རྫོགས་པ་ན་ལྟུང་བའོ། །དགུ་པ་མྱོས་འགྱུར་འཐུང་བའི་ལྟུང་བྱེད་ནི། རྟེན་རབ་ཏུ་བྱུང་བས་ཕབ་བཏབ་པའི་འབྲུའི་ཆང་དང་། ཕབ་མ་བཏབ་པའི་རྒུན་ཆང་ལ་སོགས་པ་བཅོས་པའི་ཆང་དངོས་སམ་སྦང་མ་དང་ཚིག་མ་ལ་སོགས་པ་སྨྱོས་པའི་ནུས་པ་ཅན་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འཐུང་བ་དང་སྦང་མ་སོགས་ཟ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་དགེ་སློང་ལ་ལྟུང་བྱེད་དང་དགེ་ཚུལ་ལ་ཉེས་བྱས་སོ། །བཅུ་པ་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ནི། རྟེན་སྲ་བརྐྱང་མ་བཏིང་ཞིང་བར་ཆད་ཀྱི་རྐྱེན་དང་མི་ལྡན་པའི་དགེ་སློང་གིས། གནས་ན་འཁོད་པའི་རབ་ཏུ་བྱུང་བ་ལ་མ་སྨྲས་པར་རབ་ཏུ་བྱུང་བའི་གནས་ནས་ཁྱིམ་པའི་གནས་སུ་ཉི་མ་ཕྱེད་ནས་སྐྱ་རེངས་མ་ཤར་བའི་དུས་སུ། འདུ་ཤེས་དུས་མ་ཡིན་པ་ལ་མ་ཡིན་པར་ཤེས་པའམ་ཐེ་ཚོམ་ཟ་བས། ཀུན་སློང་འཁོད་པ་ལ་མ་སྨྲས་པར་རང་དགར་དུས་མིན་དུ་འགྲོ་འདོད་ཀྱི་བསམས་པས། སྦྱོར་བ་དེ་ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་རང་གི་གནས་ཉེ་འཁོར་དང་བཅས་པ་ལས་འདས་ན་ལྟུང་བའོ། །བཅུ་ཚན་དགུ་པ་ལ་སྡོམ་ནི། ཟས་བཅས་སྐྱ་རེང་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བརྡ་དང་གདིང་དང་གཡོན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་ཏེ། དང་པོ་གྲོང་དུ་རྒྱུ་བའི་ལྟུང་བྱེད་ལ་སྔ་དྲོ་གྲོང་རྒྱུ་དང་ཕྱི་དྲོ་གྲོང་རྒྱུ་གཉིས་ལས། དང་པོ་ནི། རྟེན་དགེ་སློང་དེའི་ཚིག་གིས་དགེ་འདུན་སྦྱིན་བདག་ཁྱིམ་པའི་ཁྱིམ་དུ་ཟོས་ལ་སྤྱན་དྲངས་པ་ལ་སྦྱིན་བདག་ལ་དུས་ལས་མ་ཡོལ་བར་བྲིམས་ཤིག་ཅེས་མ་བསྒོས་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གྲོང་དུ་རྒྱུ་འདོད་ཀྱི་བསམ་པས། སྦྱོར་བ་བར་ཆད་ཀྱི་རྐྱེན་དང་མི་ལྡན་བཞིན་དུ་དེ་ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་གྲོང་གསུམ་ལ་སོགས་པར་རྒྱུ་བ་ན་ལྟུང་བའོ། །གཉིས་པ་ཕྱི་དྲོ་གྲོང་རྒྱུ་ནི་ཉི་མ་ཕྱེད་ནས་སྐྱ་རེངས་མ་ཤར་བར་ཁྱིམ་བཞི་ལ་སོགས་པར་འགྲོ་ན་དགེ་སློང་འཁོད་པ་ལ་སྨྲས་ཀྱང་ལྟུང་བའོ། །གཉིས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་དང་རྒྱལ་པོ་སོགས་ཀྱིས་ཆོས་ལྡན་གྱི་དོན་ལ་བོས་པ་དང་། དགོས་པ་ཁྱད་པར་ཅན་དང་མི་ལྡན་པ་རྒྱལ་པོའི་ཕོ་བྲང་དུ་བཙུན་མོའི་གནས་སུ་ཉི་མ་དམར་ཐག་ཆོད་ནས་སང་སྐྱ་རེངས་ཐ་མ་མ་ཤར་གྱི་བར་ལ། དེར་འདུ་ཤེས་པའམ་ཡིད་གཉིས་ཟ་བས་ཀུན་སློང་རྒྱལ་པོའམ་བཙུན་མོའི་གནས་སུ་མཚན་མོ་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་གནས་དེའི་སྒོ་བཅད་ན་གཏན་པའི་གནས་དང་མ་བཅད་ན་གཏན་པ་གཉིས་འགྱུར་འདས་པ་ན་ལྟུང་བའོ། །གསུམ་པ་བསླབ་པའི་གཞི་ཁྱད་དུ་གསོད་པའི་ལྟུང་བྱེད་ནི། རྟེན་སོ་ཐར་གྱི་མདོ་གཉིས་ཡན་ཆད་ཐོས་ཤིང་དོན་གོ་བའི་དགེ་སློང་གིས་གསོ་སྦྱོང་གི་དུས་སུ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བཞད་གད་ཡན་ཆད་ཀྱིས་མདོའི་དོན་ལ་ས་བརྐོ་བ་སོགས་ལྟུང་བར་འགྱུར་བ་ད་གདོད་ཤེས་སོ་ཞེས་བསླབ་པ་ཁྱད་དུ་གསོད་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་ཁྱད་དུ་གསོད་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་འདུལ་བར་གཏོགས་པའི་བསླབ་པ་ཁྱད་དུ་གསོད་ན་ལྟུང་བའོ། །བཞི་བ་ཁབ་རལ་འཆོས་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་བ་སོ་དང་རུས་པ་དང་རིན་པོ་ཆེ་ལ་སོགས་པ་ཡུལ་དུས་དེར་དཀོན་ཞིང་རིན་ཆེ་བར་གྱུར་པའི་རྒྱུ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁབ་རལ་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་ཁབ་རལ་བྱེད་པར་བརྩམས་ཏེ། མཐར་ཐུག་ཁབ་རལ་ཟིན་པ་ན་ལྟུང་བའོ། །ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུའི་རྐང་པ་བུ་གར་གཞུག་པ་མན་ཆད་ཁྲུ་གང་ཚད་ཡིན་ལ། དེ་ལས་ལྷག་པར་འདུ་ཤེས་མ་འཁུལ་ཞིང་ཀུན་སློང་དེ་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་དེ་བྱེད་པར་བརྩམས་ཏེ། མཐར་ཐུག་ལྷག་པོ་ཟིན་པ་ན་ལྟུང་བའོ། །དྲུག་པ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་འདུན་གྱི་གནས་མལ་ཤིང་བལ་གྱིས་གོས་པར་བྱས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་ལྟར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་དེ་བྱེད་པར་བརྩམས་ཏེ། མཐར་ཐུག་དགེ་འདུན་གྱིས་གནས་མལ་ཤིང་བལ་གྱིས་གོས་པར་བྱས་པ་ན་ལྟུང་བའོ། །བདུན་པ་གདིང་བ་དང་། བརྒྱད་པ་གཡན་པ་དང་། དགུ་པ་རས་ཆེན་ཞེས་གསུངས་པ་ལ་གདིང་བའི་ཚད་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་དང་སོར་དྲུག སྲིད་དུ་མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་དོ། །གཡན་པ་དགབ་པའི་ཚད་སྲིད་དུ་ཁྲུ་དྲུག་དང་། ཞེང་དུ་ཁྲུ་གསུམ་མོ། །རས་ཆེན་གྱི་ཚད་སྲིད་དུ་ཁྲུ་དགུ་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །འདི་རྣམས་རྡུལ་ཁྲུ་ཡིན་པས་ལོ་བདུན་ལོན་པའི་དགེ་ཚུལ་དང་ནར་སོན་པའི་དགེ་སློང་གཉིས་གདིང་བ་ཚད་མཉམ་དུ་ཤེས་པར་བྱའོ། །དེ་ཡང་རྟེན་དགེ་སློང་གིས་གདིང་བ་དང་། གཡན་པ་དགབ་པ་དང་། རས་ཆེན་རྣམས་ཚད་ལྷག་པ་ལ་ལྷག་པར་ཤེས་ཤིང་། ཀུན་སློང་ལྷག་པ་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་དེ་ལྟར་བྱེད་པར་བརྩམས་སྟེ། མཐར་ཐུག་ལྷག་པོ་ཟིན་པ་ན་ལྟུང་བའོ། །བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ནི། སྟོན་པའི་སྣམ་སྦྱར་དང་བླ་གོས་ཀྱི་ཚད་ནི་སྲིད་དུ་སྟོན་པ་རང་གི་ཁྲུ་ལྔ་དང་ཞེང་དུ་ཁྲུ་གསུམ་མོ། །སྟོན་པའི་ཁྲུ་རེ་ལ་འཇལ་བྱེད་ཀྱི་ཁྲུ་གསུམ་ཡིན་པས་སྟོན་པའི་ཆོས་གོས་ཀྱི་ཚད་ལ་སྲིད་དུ་འཇལ་བྱེད་ཀྱི་ཁྲུ་བཅོ་ལྔ་དང་། ཞེང་དུ་ཁྲུ་དགུ་འབྱུང་ངོ་། །དེ་ཡང་རྟེན་དགེ་སློང་གིས་སྟོན་པའི་སྐུ་ལུས་ཙམ་མེད་པར་དེའི་ཆོས་གོས་ཀྱི་ཚད་ཙམ་མམ་དེ་ལས་ལྷག་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་ལྟར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་དེ་ལྟར་བྱེད་པར་བརྩམས་ཏེ། མཐར་ཐུག་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དེ་ལས་ལྷག་པ་ཟིན་པ་ན་ལྟུང་བའོ།།  ༈  །།བཞི་པ་སོར་བཤགས་ཀྱི་སྡེ་ཚན་ལ་སྡོམ་ནི། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་དང་ནི་དགོན་པ་སྟེ། །སངས་རྒྱས་ཕན་པར་མཛད་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་ཏེ། དང་པོ་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་ནི། རྟེན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ། དེར་ཤེས་བཞིན་དུ་ཀུན་སློང་རང་དོན་དུ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་བླངས་ཏེ་ཟ་འདོད་པའི་བསམ་པས། སྦྱོར་བ་རང་དང་དགེ་སློང་མ་གཉིས་ཀ་གྲོང་ངམ་ལམ་པོ་ཆེ་ན་འདུག་སྟེ་དེ་ལས་ཟས་བླངས་སྟེ་བཟའ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་སོར་བཤགས་དང་པོའོ། །གཉིས་པ་གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོར་བཤགས་ནི། སྦྱིན་བདག་ཁྱིམ་པས་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་ན་དགེ་སློང་མས་བསྐོ་བཤམ་གྱི་ངོས་མགྲོན་བྱས་པ་ལ། རྟེན་དགེ་སློང་རང་ངམ་ཟས་གཅིག་པའི་དགེ་སློང་གཞན་གྱིས། སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བསྐོ་བཤམ་བྱས་པ་ཟ་འདོད་ཀྱི་བསམ་པས། སྦྱོར་བ་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་སོར་བཤགས་གཉིས་པའོ། །གསུམ་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ནི། རྟེན་བསླབ་པའི་སྡོམ་པ་བཅས་པར་གཏོགས་པའི་དགེ་སློང་གིས། ཟས་མི་སློང་བའི་ཁྱིམ་གྱི་བསླབ་པའི་སྡོམ་པ་བཅས་པའི་ཁྱིམ་དུ། འདུ་ཤེས་མ་འཁྲུལ་ཞིང་ཁྱིམ་དེ་ནས་ཟས་བླངས་ཏེ་ཟ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་སོར་བཤགས་གསུམ་པའོ། །བཞི་པ་ནགས་བརྟག་པ་ལས་གྱུར་པའི་སོར་བཤགས་ནི། རྟེན་དགེ་སློང་གིས་དགེ་འདུན་གྱིས་ནགས་ཉུལ་བར་བསྐོས་པ་ན་འཇིགས་པ་དང་བཅས་པའི་གནས་མ་ཉུལ་བར་ཁྱིམ་པ་ཉེ་དུ་མ་ཡིན་པའི་ཟས་བླངས་ཏེ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནགས་མ་ཉུལ་བར་ཤེས་བཞིན་དུ། སྦྱོར་བ་ཟས་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་སོར་བཤགས་བཞི་པའོ། །ལྔ་པ་བསླབ་བྱ་ཉེས་བྱས་ཀྱི་སྡེ་ལ་དགུ་ཡོད་པ་ལས། དང་པོ་གོས་བགོ་བའི་སྡེ་ནི། ཤམ་ཐབས་ལ་ཡང་རྣམས་བདུན་དང་། །ཞེས་པ་ནི། ཤམ་ཐབས་པུས་གོང་ཡན་ཆད་དུ་ཧ་ཅང་རྩིང་པ་དང་། ལོང་བུར་སླེབ་པའི་འཇོལ་བ་དང་། གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་དང་། ལྟེ་བའི་སྟེང་དུ་མགོ་ལྟེབ་པ་ཏ་ལའི་ལོ་མ་ལྟར་དང་། སྐེ་རགས་ཀྱི་བར་དུ་མངོན་པའི་ཕུར་མ་ལྟ་བུ་དང་། སྦྲུལ་མགོའི་གདེང་ཀ་ལྟར་ཕྱིར་ཕྱུང་བ་མ་ཡིན་པར་ཟླུམ་པོར་བགོའོ། །སྟོད་གཡོག་ལ་ཡང་རྣམ་གསུམ་ནི། རྩེངས་འཇོལ་ནར་གསུམ་དང་བྲལ་བ་ཟླུམ་པོར་བགོའོ། །གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ལ། ཤིན་ཏུ་བསྡམས་ལ་སོགས་པ་ལྔ་ནི། དྲན་ཤེས་བཞིན་གྱིས་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བ་དང་། ཆོས་གོས་ལེགས་པར་བགོ་བ་དང་། སྒྲ་བསྐྱུངས་བ་དང་། མིག་མི་གཡེང་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བའོ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ་ནི། མགོ་གོས་ཀྱིས་མི་གཡོགས། གོས་མི་བརྫེ། གོས་དཔུང་པ་གཉིས་སུ་མི་གཟར། ལག་པ་གཡས་གཡོན་བསྣོལ་ཏེ་གཉའ་གོང་དུ་མི་བསྣོལ་བ་དང་ལྟག་པར་མི་བསྣོལ་བའོ། །མཆོང་ལ་སོགས་པ་རྣམ་པ་ལྔ་ནི། རྐྱེན་ལ་མི་ལྟོས་པར་མི་མཆོང་། རྐང་པ་མི་བརྐྱང་། ཙོག་པུས་མི་འགྲོ། བྲང་པ་རྐྱང་པ་བཙུགས་སྟེ་མི་འགྲོ། གྲུ་བརྒྱང་མི་བྱའོ། །ལུས་ལ་སོགས་པ་རྣམ་པ་ལྔ་ནི། ལུས་གཅུས་ཏེ་མི་འགྲོ། མགོ་མི་བསྒྱུར། ལག་པ་མི་དཀྲུགས། གཉིས་ཕྲག་པ་སྤྲད་དེ་མི་འགྲོ། གཉིས་ལག་པ་མི་སྦྲེལ་ལོ། །གསུམ་པ་ཁྱིམ་དུ་འདུག་པའི་སྡེ་ལ། འདུག་པར་བྱ་བ་དགུ་དག་ནི། ཁྱིམ་དུ་སྟན་ལ་མི་བསྒོ་བར་མི་འདུག མ་བརྟགས་པར་མི་འདུག ལུས་ཐམས་ཅད་ལྗིད་ཀྱིས་ཕབ་སྟེ་མི་འདུག རྐང་པ་བརྐྱངས་ཏེ་མི་བསྣོལ། བརླའི་སྟེང་དུ་བརླ་མི་གཞག ལོང་བུའི་སྟེང་དུ་ལོང་བུ་མི་གཞག རྐང་པ་ཁྲིའི་འོག་ཏུ་མི་དགུག རྐང་པ་མི་གདངས། འདོམ་མི་སྣང་བར་བྱ་བ་དང་དགུའོ། །དེའི་བསླབ་བྱ་ནི། ལག་པ་འགྲམ་པ་ལ་མི་བརྟེན། སྟན་ཕྲག་པ་ལ་མི་བསྐུར་རོ། །བཞི་པ་ཟས་བླང་བའི་སྡེ་ཚན་ལ། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་པ་ནི། ལྷུང་བཟེད་ཀྱི་མུ་དང་ཁ་ད་ཆད་དུ་ཟས་མི་བླང་། ཚོད་མ་དང་འབྲས་ཆན་མཉམ་དུ་མི་བླང་། གྲལ་རིམ་བཞིན་དུ་བླང་། ལྷུང་བཟེད་ལ་བལྟ་ཞིང་བླང་། ཟས་མ་འོངས་པར་ལྷུང་བཟེད་མི་བཟེད། ཚོད་མ་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་པ་དང་ཚོད་མས་འབྲས་ཆན་མི་དགབ། ཟས་ཀྱི་སྟེང་དུ་ལྷུང་བཟེད་མི་བཟེད། སྐྱོན་དེ་རྣམས་དང་བྲལ་བས་ཟས་ལེགས་པར་བླང་ངོ་། །ལྔ་པ་ཟས་ཟ་བའི་སྡེ་ཚན་ལ། ཟས་ལ་ལེགས་པར་བྱ་བ་དྲུག་ནི། ཁམ་ཧ་ཅང་ཆུང་བ་དང་། ཆེས་པ་མ་ཡིན་པ་དང་། ཁམ་རན་པར་བཟའ་བ་དང་། ཁམ་མ་བཟས་པར་ཁ་མི་གདངས་པ་དང་། ཁ་ཁམ་གྱིས་བཀང་ནས་མི་སྨྲ་བ་དང་། ལེགས་པར་ཟས་བཟའ་བར་བྱའོ། །ཙུག་ཙུག་ལ་སོགས་པ་རྣམ་པ་ལྔ་ནི། ཟས་ཟ་བའི་ཚེ་ཙུག་ཙུག་དང་། ཅག་ཅག་དང་། ཧུ་ཧུ་དང་། ཕུ་ཕུ་མི་བྱ། ལྕེ་ཡང་ཡང་ཕྱུང་ཏེ་ཟས་མི་བཟའོ། །འབྲུ་ནས་ཐ་དད་བྱེད་པ་ལྔ་ནི། འབྲུ་རེ་རེ་ནས་མི་བཟའ། ཟས་ལ་འཕྱས་མི་གདགས། མཁུར་བ་མི་སྤོ། རྐན་མི་གཏོགས། ཁམ་འཕྲོར་མི་བཅད་དོ། །ལག་པ་བལྡག་ལ་སོགས་པ་ལྔ་ནི། ལག་པ་མི་བལྡོག ལྷུང་བཟེད་མི་འབྱོག ལག་པ་མི་སྤྲུགས། ལྷུང་བཟེད་མི་སྐྱོམ། མཆོད་རྟེན་ལྟ་བུའི་གཟུགས་བྱས་ཏེ་མི་གཞོམ་མོ། །དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་ལ། འཕྱ་ལ་སོགས་པའི་རྣམ་པ་བཞི་ནི། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱ་བའི་ཕྱིར་མི་བལྟ། ལག་པ་འབགས་པས་ཆུའི་སྣོད་ལ་མི་བཟུང་། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་སྦགས་པའི་ཆུས་མི་གཏོར། ཁྱིམ་བདག་ལ་མ་དྲིས་པར་འབགས་ཆུ་མི་དབོའོ། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ་ནི། ལྷུང་བཟེད་དུ་ཟས་ལྷག་མ་བླུགས་ཏེ་མི་འདོར། ལྷུང་བཟེད་གཙང་མར་གཙུག་ལག་གི་ཚིགས་སུ་བཅད་དེ་ཆུ་སྦྱིན། འོག་གཞི་མེད་པར་གད་ཁར་གཡང་སར། དཀན་གཟར་པོར་ལྷུང་བཟེད་མི་གཞག འགྲེངས་ཏེ་ལྷུང་བཟེད་མི་བཀྲུ། གད་ཀར་གཡང་སར་དཀན་གཟར་པོར་མི་བཀྲུ། དེས་འབབ་ཆུའི་རྒྱུན་ལས་བཟློག་སྟེ་མི་བཅུ། ལམ་གྱི་བཞི་མདོར་མི་གཞག་གོ །བདུན་པ་ཆོས་སྟོན་པའི་སྡེ་ལ། འགྲེང་ལ་སོགས་པ་རྣམ་པ་ལྔ་ནི། ཉན་པ་པོ་མི་ན་བར་འདུག་པ་ལ་འཆད་པ་པོ་འགྲེངས་ཏེ་མི་འཆད་པ་དང་། དེ་བཞིན་དུ་ཉལ་བ་ལ་འདུག་པས་དང་། སྟན་མཐོན་པོའམ་བཟང་པོ་ལ་འདུག་པ་ལ་སྟན་དམའ་བའམ་ངན་པ་ལ་འདུག་པས་དང་། མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་བས་དང་། ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་བས་ཆོས་མི་འཆད་པའོ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ་ནི། ཉན་པ་པོ་མི་ན་བར་མགོ་གཡོགས་པ་དང་། གོས་བརྫེས་པ་དང་། གཟར་བ་དང་། ལག་པ་གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་དོ། །དོ་ཀེར་ཅན་ལ་སོགས་པ་ལྔ་ནི། ཉན་པ་པོ་མིན་པར་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། ཅོད་པཎ་དང་། ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་དོ། །གླང་ཆེན་ལ་སོགས་བཞོན་པ་ལྔ་ནི། ཉན་པ་པོ་མི་ན་བར་གླང་པོ་ཆེ་དང་། རྟ་ཞོན་པ་དང་། ཁྱོགས་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷྭམ་གྱོན་པ་ལ་ཆོས་མི་བཤད་དོ། །ལག་ན་མཁར་བ་ལ་སོགས་དྲུག་ནི། ཉན་པ་པོ་མི་ན་བར་ལག་ན་མཁར་བ་དང་། གདུགས་དང་། མཚོན་ཆ་དང་། རལ་གྲི་དང་། དགྲ་སཏྭ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་དོ། །བརྒྱད་པ་སྒྲུབ་པའི་ཚུལ་ལས་གྱུར་པའི་སྡེ་ལ། ན་བ་རྣམ་པ་བཞི་རྣམས་སོ། །ཞེས་པ་ནི། མི་ན་བར་འགྲེངས་ཏེ་དང་། ཆུའི་ནང་དུ་དང་། རྩ་སྔོན་གྱི་ཕྱོགས་སུ་བཤང་གཅི་མི་བྱ་མི་འདོར། མཆིལ་མ་དང་སྣབས་དང་སྐྱུགས་པ་དང་བླུགས་པ་ཡང་དེ་བཞིན་དུ་མི་འདོར་རོ། །དགུ་པ་རྒྱུ་བ་དགག་པའི་བསླབ་བྱ་ནི། གནོད་པ་མེད་ན་ཤིང་ལ་མི་གང་ཙམ་ལས་མཐོ་བ་ལ་མི་འཛེགས་པ་ལ་བསླབ་པར་བྱ་སྟེ་དེ་ལས་འདས་ན་ཉེས་བྱས་སོ། །དེ་ལྟར་ན་ཉེས་བྱས་བརྒྱ་དང་བཅུ་གཉིས་སོ།།  ༈  །།གཉིས་པ་དགེ་སློང་མའི་སྡེ་ལྔ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དགོས་པ་དང་། དགེ་སློང་མའི་སྡེ་ལྔ་སོ་སོའི་གྲངས་བསྟན་པའོ། །དང་པོ་ནི། ཊཱི་ཀར་དགེ་སློང་གི་རྣམ་པར་འབྱེད་པར་སྨྲས་ནས། ད་ནི་དགེ་སློང་མའི་རྣམ་པར་འབྱེད་པ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང་། ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲག་ཏུ་འགྱུར་བས་དགེ་སློང་མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་གཞག་པ་དེའི་ཕྱིར། དགེ་སློང་མ་རྣམས་ཀྱི་བསླབ་པའི་གཞི་དགེ་སློང་རྣམས་དང་མཐུན་པ་གང་ཡིན་པ་དེ་ནི་དགེ་སློང་གི་རྣམ་པར་འབྱེད་པར་བཤད་པ་ཉིད་ཀྱིས་རྣམ་པར་ཕྱེ་བ་ཡིན་ནོ། །མི་མཐུན་པ་གང་ཡིན་པ་དེའི་བྱེ་བྲག་གི་རྣམ་པ་འདིར་བརྗོད་པར་བྱ་སྟེ། དེ་ལ་དགེ་སློང་ལ་ཚུལ་ཁྲིམས་རྣམ་པར་གཞག་པ་ལ་ལ་དགེ་སློང་མ་རྣམས་ཀྱི་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཀུན་ཏུ་སྤྱོད་པ་བསྔགས་པ་ལྟ་བུ་དང་། ལ་ལ་ཉེས་པ་ཆུང་བ་ཉིད་དུ་རྣམ་པར་གཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་ལ་ཁུ་བ་འབྱིན་པ་དགེ་འདུན་ལྷག་མར་འགྱུར་བ་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་དང་། ལ་ལ་ཉེས་པ་ཆེ་བ་ཉིད་དུ་རྣམ་པར་གཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་རྣམས་ཀྱི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་རྣམས་དགེ་སློང་མ་རྣམས་ཀྱི་ཕམ་པར་འགྱུར་བ་ལྟ་བུ་སྟེ་དེ་དག་གི་བྱེ་བྲག་བརྗོད་པར་བྱའོ། །ཞེས་གསུངས་པའི་དོན། དགེ་སློང་གི་རྣམ་འབྱེད་ལས་ལོགས་སུ་དགེ་སློང་མའི་རྣམ་འབྱེད་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྡེ་ལྔ་ཐུན་མོང་བ་རྣམས་ནི་སྔར་བཤད་པ་ལས་རྟོགས་པར་ནུས་ཀྱང་། དགེ་སློང་མའི་སྡེ་ལྔའི་ཐུན་མོང་མ་ཡིན་པའི་ཁྱད་པར་རྣམས་ལོགས་ཤིག་ཏུ་འཆད་ཅེས་པའོ། །གཉིས་པ་ལ་སྡེ་ལྔ་ལས། དགེ་སློང་མའི་ཕམ་པ་ལ་བརྒྱད་དུ་ཡོད་དེ་ཐུན་མོང་བ་བཞི་དང་། ཐུན་མོང་མིན་པ་བཞི་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་དགེ་འདུན་ལྷག་མ་ལ་ཉི་ཤུར་ཡོད་དེ་ཐུན་མོང་བ་བདུན་དང་། ཐུན་མོང་མ་ཡིན་པ་བཅུ་གསུམ་དུ་ཡོད་པས་སོ། །གསུམ་པ་སྤང་ལྟུང་ལ་སུམ་ཅུ་སོ་གསུམ་ཡོད་དེ། ཐུན་མོང་བ་བཅུ་དགུ་དང་། ཐུན་མོང་མིན་པ་བཅུ་བཞི་ཡོད་པས་སོ། །ལྟུང་བྱེད་འབའ་ཞིག་པ་ལ་བརྒྱ་དང་བརྒྱད་ཅུ་ཡོད་དེ་ཐུན་མོང་བ་བདུན་བཅུ་རྩ་གཉིས་དང་། ཐུན་མོང་མ་ཡིན་པ་བརྒྱ་དང་བརྒྱད་རྣམས་སུ་ཡོད་པས་སོ། །བཞི་པ་སོར་བཤགས་ལ་བཅུ་གཅིག་ཡོད་དེ་ཐུན་མོང་བ་གཅིག་དང་། ཐུན་མོང་མ་ཡིན་པ་བཅུ་ཡོད་པས་སོ། །ལྔ་པ་བསླབ་བྱ་ཉེས་བྱས་ལ་བརྒྱ་དང་བཅུ་གཉིས་ཡོད་དེ་ཐུན་མོང་བ་བརྒྱ་དང་བཅུ། ཐུན་མོང་མ་ཡིན་པ་གཉིས་ཡོད་པས་སོ། །ཐམས་ཅད་བསྡོམས་ན་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞིའོ། །གཉིས་པ་ཞུ་བ་སྤྱིར་བསྟན་པ་འཆད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ་བཞི་སྟེ། གོ་རིམ་ལ་སྐྱོན་ཆག་པ་སྤང་བའི་ཕྱིར་སྤྱིར་བསྟན་ཕྱིས་བསྟན་པའི་འཐད་པ། རང་དགའི་ཉེས་པ་སྤང་བའི་ཕྱིར་དུ་ལུང་གང་ནས་འབྱུང་བ། འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་དོན་བཤད་པ། བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བསྡུས་དོན་བཤད་པའོ། །དང་པོ་ལ་བཞི་སྟེ། རྒོལ་བ། བསམ་པ། རྩོད་པའི་ཚུལ། ལན་ནོ། །དང་པོ་ནི། རྩ་འགྲེལ་གྱི་དགོངས་པ་ལེགས་པར་མི་ཤེས་པའི་རྒོལ་བ་ཁ་ཅིག་གིའོ། །གཉིས་པ་ནི། རྣམ་འབྱེད་གཉིས་སྔར་བསྟན་ནས་སྤྱིར་བསྟན་ཕྱིས་བསྟན་པའི་གོ་རིམ་ལ་སྐྱོན་ཆགས་སྙམ་པའོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། རྣམ་འབྱེད་གཉིས་སྔར་བསྟན་ནས་སྤྱིར་བསྟན་ཕྱིས་བསྟན་པའི་གོ་རིམ་དེ་མི་འཐད་པར་ཐལ། སྤྱིར་བསྟན་ཡི་གེ་ཉུང་བས་མདོར་བསྟན་ནམ་རྩ་བ་ལྟ་བུ་ཡིན་ལ། རྣམ་འབྱེད་ནི་ཡི་གེ་མང་བས་རྒྱས་བཤད་དམ་འགྲེལ་པ་ལྟ་བུ་ཡིན་པའི་ཕྱིར། ཁྱབ་སྟེ། ཀ་ལཱ་པ་ལས། གཉིས་ལས་དང་པོ་མཆོད་འོས་སམ། །ཡང་ན་ཡི་གེ་རབ་ཉུང་བ། །ཞེས་བཤད་ཅིང་། རྩ་བ་ལས་འགྲེལ་པ་ལས། མདོར་བསྟན་ལས་རྒྱས་བཤད་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །བཞི་པ་ལན་ནི། གོ་རིམ་མི་མཐུན་པའི་སྐྱོན་མེད་དེ། བཅོམ་ལྡན་འདས་ཀྱིས་དང་པོར་ལུང་རྣམ་འབྱེད་གསུངས་ཤིང་། དེའི་རྗེས་སུ་དེ་ལ་དོགས་གཅོད་ཀྱི་ཞུ་བ་འབྱུང་བས་ལུང་དང་མཐུན་པར་བསྟན་པ་ཡིན་པའི་ཕྱིར། གཉིས་པ་རང་དགའི་ཉེས་པ་སྤང་བ་ལ་བཞི་སྟེ། རྒོལ་བ། བསམ་པ། རྩོད་པ། ལན་ནོ། །དང་པོ་ནི། ལུང་གི་དོན་ལེགས་པར་མི་ཤེས་པའི་རྒོལ་བའོ། །གཉིས་པ་ནི། ལུང་དུ་སྤྱིར་བསྟན་གྱི་ལེའུ་མ་གསུངས་པས་འདིར་སྤྱིར་བསྟན་གྱི་ལེའུ་བཤད་པར་རང་བཟོ་ཡིན་པས་མི་འཐད་སྙམ་པའོ། །གསུམ་པ་ནི། འདིར་སྤྱིར་བསྟན་གྱི་ལེའུ་བཤད་པ་རང་བཟོར་ཐལ། ལུང་ལས་སྤྱིར་བསྟན་གྱི་ལེའུ་ཞེས་པ་མ་བཤད་པའི་ཕྱིར་ཞེས་ཟེར་བའོ། །བཞི་པ་ལན་ལ་ཁ་ཅིག་འདིར་ལེའུ་དེ་བཤད་པ་རང་བཟོ་མ་ཡིན་ཏེ། རྫས་བཀག་པ་བས་ཞེས་སོགས་དང་། འདྲ་བ་ལ་ཡང་ངོ་ཞེས་པ་དང་། མི་ལ་དུད་འགྲོ་ཡང་ངོ་ཞེས་པ་རྣམས་ལུང་རྣམ་འབྱེད་ལས་བསྡུས་པ་ཡིན་ལ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ། །ཞེས་པ་ལུང་འདུལ་བྱེད་ལས་བསྡུས། གཞན་རྣམས་ནི་ལུང་ཞུ་བ་ལས་བསྡུས་པའི་ཕྱིར་ཞེས་གསུངས་སོ། །རང་ལན་ནི། འདིར་སྤྱིར་བསྟན་གྱི་ལེའུ་ལོགས་སུ་འཆད་པ་ལ་རང་བཟོའི་སྐྱོན་མེད་དེ། ལུང་ཞུ་བ་ལས་ལྟུང་བ་དུ་མའམ་སྤྱི་གཏན་ལ་འབེབས་བྱེད་ཀྱི་ལུང་ཞུ་བ་དང་། རེ་རེ་བ་གཏན་ལ་འབེབས་བྱེད་ཀྱི་ལུང་ཞུ་བ་གཉིས་ལས། དུ་མའམ་སྤྱིའི་གཏན་ལ་འབེབས་བྱེད་ཀྱི་ཞུ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་འདིར་ལེའུ་གཅིག་ཏུ་མཛད་པའི་ཕྱིར། གསུམ་པ་དགོས་དོན་བཤད་པ་ནི། འདིར་སྤྱིར་བསྟན་གྱི་ལེའུ་ལོགས་སུ་བཤད་པ་ལ་དགོས་པ་ཡོད་དེ། ཚིག་ཚོགས་བསྐྱུང་བ་དང་། རུང་མཐུན་རྟོགས་པའི་དགོས་པ་ཡོད་པའི་ཕྱིར། ཊཱི་ཀར་ཉེ་བར་འཁོར་གྱིས་ཞུས་པ་ལས་ལྟུང་བའི་མཚན་ཉིད་རྣམ་པ་གཉིས་སུ་གསུངས་ཏེ། ཕམ་པར་འགྱུར་བ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང་སྤྱིར་བསྟན་པའོ། །དེ་ལ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་དང་ཅིག་ཅར་རྣམ་པར་བཞག་ཟིན་ཏོ། །སྤྱིར་བསྟན་པ་གང་ཡིན་པ་འདི་མན་ཆད་དུ་རྣམ་པར་བཤད་པར་བྱའོ། །དེ་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར། རྣམ་པར་འབྱེད་པ་བསྟན་པའི་འོག་ཏུ་སྤྱིར་བསྟན་པ་ཉིད་ཀྱིས་རྣམ་པར་བཀོད་དེ། ཞེས་གསུངས་པའི་ཕྱིར། ཚིག་ཚོགས་བསྐྱུང་བའི་དགོས་པ་ཅི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སྐབས་དུ་མར་ལྟུང་བ་དུ་མ་ལ་སྦྱར་ནས་གསུངས་པ་དེ། འདིར་སློབ་དཔོན་གྱིས་མདོའི་ཚིག་གིས་བསྡུས་ནས་སྟོན་པ། དཔེར་ན་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་པ་ལྟ་བུའོ། །རུང་མཐུན་རྟོགས་པའི་དགོས་པ་ནི། ལུང་དུ་ལྟུང་བ་གཅིག་གམ་ཕྱོགས་འགའི་ཡན་ལག་ཏུ་གསུངས་པ་དེ། འདིར་ལྟུང་བ་གཞན་ནམ་མཐའ་དག་གི་ཡན་ལག་ཏུ་ཚིག་གཅིག་གིས་བསྡུས་ནས་སྟོན་པ། དཔེར་ན་ལུང་དུ་འཁྲིག་ཚིག་སྨྲ་བ་དང་བསྙེན་བསྐུར་བསྔགས་པ་གཉིས་སྨྲ་བའི་ཡུལ་ལ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པར་དགོས་པ་བསྟན་པ་བཞིན་དང་། ལུང་དུ་མ་བྱིན་ལེན་ལ་གཞི་ཆུང་ངུ་དུ་མ་བསྡོམས་ནས་ཕམ་པ་མི་བསྐྱེད་པར་བཤད་པ་དེ། འདིར་བྱ་བ་དུ་མའི་འབྲས་བུ་ལྟུང་བ་རྣམ་པར་མི་གཞག་ཅེས་སྤྱི་ལ་སྦྱར་ནས་བཤད་པ་ཡིན་ནོ། །བཞི་པ་བསྡུས་དོན་བཤད་པ་ལ་བཞི་སྟེ། སྒྲ་དོན། ཡན་ལག་གི་མཚན་ཉིད། སེལ་བའི་མཚན་ཉིད། ལྟུང་བ་ཐ་དད་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། ལྟུང་བ་མཐའ་དག་ལ་སྤྱིར་བསྟན་པས་སམ་གཉིས་སམ་གསུམ་ལ་སྤྱིར་བསྟན་པས་སམ། སྤྱིར་བསྟན་གྱི་ཞར་བྱུང་ཡིན་པས་སྤྱིར་བསྟན་ནོ། །གཉིས་པ་ལ་གཉིས་ཏེ། འདིར་འགྱུར་གྱི་ཡན་ལག་དང་། ཁ་སྐོང་གི་ཡན་ལག་གོ །དང་པོ་ནི། ལྟུང་བ་དེ་བསྐྱེད་པ་ལ་ཡན་ལག་དེ་ངེས་པར་མི་དགོས་ཀྱང་དེས་ལྟུང་བ་དེ་བསྐྱེད་པ་སྟེ། དཔེར་ན་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་དང་། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ཡང་ངོ་། །ཞེས་བཤད་པ་བཞིན་ནོ། །གཉིས་པ་ནི། ལྟུང་བ་དེ་བསྐྱེད་པ་ལ་ཡན་ལག་དེ་ངེས་པར་དགོས་པ་སྟེ། འདི་ལ་ཐུན་མོང་གི་ཡན་ལག་དང་། ཐུན་མོང་མ་ཡིན་པའི་ཡན་ལག་གཉིས། དང་པོ་ལ། མཐའ་དག་གི་ཡན་ལག་དང་། ཕལ་ཆེ་བའི་ཡན་ལག་གཉིས། དང་པོ་ལ་བསླབ་པའི་ཡན་ལག་དང་། བསམ་པའི་ཡན་ལག་གཉིས། དང་པོ་ལ་བཞི་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་དང་ལྡན་པ། ཚིག་གཅིག་པ། རྒྱུན་གཅིག་པ། བཅས་པ་གཞག་པའོ། །དང་པོ་ནི། སྤྱིར་བསྟན་གྱི་གཞུང་སྔ་མ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། ཚིག་སྔ་མ་སྦྱོར་བ་བྱས་པ་ལ་ཡང་ངོ་། །ཞེས་པས་བསྟན་ཏོ། །གསུམ་པ་ནི། ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་དད་ཅེས་པས་བསྟན། བཞི་པ་ནི་ཁ་ཅིག་སྤྱིར་བསྟན་དུ་མ་བཤད་པར་བསྡུས་འབྱུང་གཞི་ནས་འཆད་ཟེར་ཡང་། གཞི་གཅིག་ལ་དུ་མ་ཉིད་ལ་ཅེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་བསམ་པའི་ཡན་ལག་ནི། བསམ་པ་རང་བཞིན་དུ་གནས་པ་དགོས་ལ། ཁ་ཅིག་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན་ཞེས་པས་བཤད་པར་འདོད་ཀྱང་། རང་ལུགས་ལ། ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་མི་འབྱུང་ཞེས་བཤད་པས་བསྡུས་འབྱུང་གཞིས་བསྟན། གཉིས་པ་ཕལ་ཆེ་བའི་ཡན་ལག་ལ་གཉིས་ཏེ། ལུས་ཀྱི་ཡན་ལག་དང་། མཚན་གྱི་ཡན་ལག་གོ །དང་པོ་ནི། ཁ་ཅིག་ན་རེ་སྲོག་གཅོད་བཞི་མ་བྱིན་ལེན་ཕམ་ལྷག་དང་པོ་གཉིས་ལས་གཞན་པའི་ལྟུང་བ་བསྐྱེད་པ་ལ། ལུས་གཞན་དུ་མ་བསྒྱུར་བ་དགོས་དེ་ཡང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ཞེས་སོགས་ཀྱིས་བསྟན་ཞེས་ཟེར་རོ། །རང་ལུགས་ནི། འཁྲིག་ཚིག་སྨྲ་བའི་ལྷག་མ་བསྐྱེད་པ་ལ་ལུས་མི་སྣང་བ་མ་བྱས་པ་དགོས་ཤིང་། བལ་ཁུར་གྱི་ལྟུང་བ་བསྐྱེད་པ་ལ་ལུས་གཞན་དུ་མ་བསྒྱུར་བ་ཡན་ལག་ཏུ་དགོས་ཏེ། དེ་ཡང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན། ཞེས་སོགས་ཀྱིས་ཤུགས་ལ་བསྟན་ནོ། །གཉིས་པ་མཚན་གྱི་ཡན་ལག་ནི། ཁ་ཅིག་རྗེས་སུ་མཐུན་པ་མིང་ཙམ་དང་ཐུན་མོང་མ་ཡིན་པའི་ལྟུང་བ་བསྐྱེད་པ་ལ་མཚན་དེ་ལ་སྦྱོར་བ་བྱས་ཏེ་དེ་ལ་མཐར་ཐུག་གྲུབ་པ་དགོས་ལ། དེ་ཡང་མཚན་གྱུར་གྱི་གཞུང་རྣམས་ཀྱིས་བསྟན་པར་འདོད་དོ། །རང་ལུགས་ནི། མཚན་ཕྱི་མ་དེ་ལ་ལྟུང་བ་ཆེ་བའི་བཅས་པ་བཞག་པའི་ལྟུང་བ་དེ་བསྐྱེད་པ་ལ་མཚན་ཕྱི་མ་དེ་ལ་སྦྱོར་བ་བྱས་ཏེ་དེ་ལ་མཐར་ཐུག་གྲུབ་དགོས་པར་མཚན་གྱུར་གྱི་གཞུང་རྣམས་ཀྱིས་བསྟན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་སྟེ། གཞི། བསམ། སྦྱོར་བ། མཐར་ཐུག་གོ །དེ་ཡང་གཞི་ནི། ལྟུང་བ་བསྐྱེད་པའི་རྒྱུ་ཚོགས་སུ་གྱུར་ཅིང་། འདུ་ཤེས་ཀྱི་དམིགས་ཡུལ་དུ་གྱུར། སྦྱོར་བ་བྱེད་པའི་གཞིར་གྱུར་པའོ། །བསམ་པ་ནི། ལྟུང་བའི་རྒྱུ་ཚོགས་སུ་གྱུར་ཅིང་། བློ་ཡི་ཆོས་སུ་གྱུར་པའོ། །སྦྱོར་བ་ནི། ལྟུང་བའི་རྒྱུ་ཚོགས་སུ་གྱུར་ཅིང་། མཐར་ཐུག་ལ་སྦྱོར་བའོ། །མཐར་ཐུག་ནི། ལྟུང་བའི་རྒྱུ་ཚོགས་མཐར་ཐུག་པའོ། །དང་པོ་གཞིའི་ཡན་ལག་ལ་སེམས་ཅན་གྱི་གཞི་ལས་གྱུར་པ་དང་། སེམས་ཅན་མ་ཡིན་པའི་གཞི་ལས་གྱུར་པ་གཉིས། དང་པོ་ལ། སེམས་ཅན་ཙམ་གྱི་གཞི་ལས་གྱུར་པ་དང་། སེམས་ཅན་སོ་སོའི་གཞི་ལས་གྱུར་པ་གཉིས། དང་པོ་ནི། ཕམ་ལྷག་དང་པོ་གཉིས་ཏེ། དེ་ཡང་མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་པས་བསྟན། གཉིས་པ་སོ་སོ་ལས་གྱུར་པ་ལ། མི་མ་ཡིན་གྱིས་བསྐྱེད་པའི་ལྟུང་བ་དངོས་གཞི་རྣམ་པར་མ་གཞག་པས་དུད་འགྲོས་བསྐྱེད་པ་དང་། མིས་བསྐྱེད་པ་གཉིས་ལས། དང་པོ་ནི། དུད་འགྲོ་འདེབས་སྤྱོད་གཉིས། དུད་འགྲོ་གསོད་པའི་ལྟུང་བྱེད་དེ་གསུམ་མོ། །མིས་བསྐྱེད་པ་ལ་མི་སྤྱིས་བསྐྱེད་པ། བྱེ་བྲག་པས་བསྐྱེད་པ་གཉིས། དང་པོ་ནི། སྲོག་གཅོད་དང་། མ་བྱིན་ལེན་གྱི་ཕམ་པ་གཉིས་སོ། །མི་བྱེ་བྲག་པས་བསྐྱེད་པ་ལ། དགེ་སློང་གིས་བསྐྱེད་པ། དགེ་སློང་མས་བསྐྱེད་པ། བསྙེན་པར་རྫོགས་པ་སྤྱིས་བསྐྱེད་པ། སྡེ་ལྔ་སྤྱིས་བསྐྱེད་པ། དགེ་ཚུལ་ཁོ་ནས་བསྐྱེད་པ། མུ་སྟེགས་པས་བསྐྱེད་པ། ཁྱིམ་པ་སྤྱིས་བསྐྱེད་པ། ཁྱིམ་པ་ཕོ་ཁོ་ནས་བསྐྱེད་པ། མོ་ཁོ་ནས་བསྐྱེད་པ། གཉིས་ཀས་བསྐྱེད་པ། མ་རྫོགས་པ་སྤྱིས་བསྐྱེད་པ། ཐ་སྙད་སྤྱིས་བསྐྱེད་པ་སྟེ་བཅུ་གཉིས་སོ། །དང་པོ་ནི། བརྡེག་པའི་ལྟུང་བྱེད་སོགས་ཞེ་དྲུག་གོ །གཉིས་པ་ནི། འཁྲུར་འཇུག་གི་སྤང་བ་སོགས་བཅུ་བཞིའོ། །གསུམ་པ་ནི། སྐུར་འདེབས་ཀྱི་ལྟུང་བ་གསུམ་མོ། །བཞི་པ་ནི། སྦེད་པ་དང་གྲོང་རྒྱུའི་ལྟུང་བྱེད་གཉིས་སོ། །ལྔ་པ་ནི། བསྙིལ་བ་སྡུད་པའི་ལྟུང་བྱེད་དོ། །དྲུག་པ་ནི་འདུག་གནས་སུ་ཟ་བ་དང་གཅེར་བུ་ལ་ཟས་བྱིན་པའི་ལྟུང་བྱེད་གཉིས་སོ། །བདུན་པ་ནི། གོས་སློང་བ་སོགས་ཉི་ཤུ་རྩ་བདུན་ནོ། །བརྒྱད་པ་ནི། དམག་ནང་ན་གནས་པ་སོགས་ཀྱི་ལྟུང་བྱེད་གསུམ་དང་། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དེ་བཞིའོ། །དགུ་པ་ནི། ཁྱིམ་པ་མོ་ལ་ཆོས་སྟོན་པ། བུད་མེད་དང་ལྷན་ཅིག་ཉལ་བ། བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དང་གསུམ་མོ། །བཅུ་པ་ནི་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བའི་ལྟུང་བྱེད་གཉིས་སོ། །བཅུ་གཅིག་པ་ནི། འདོན་པའི་ལྟུང་བྱེད། གནས་ངན་ལེན་བརྗོད་པ། མིའི་ཆོས་བླ་མ་བདེན་པར་བརྗོད་པ། མ་རྫོགས་པ་དང་ནུབ་གསུམ་ལྷག་པར་ཉལ་བའི་ལྟུང་བྱེད་དང་བཞིའོ། །བཅུ་གཉིས་པ་ནི་རྫུན་དུ་སྨྲ་བའི་ཕམ་པ་སོགས་བཅུ་གཉིས་སོ། །གཉིས་པ་སེམས་ཅན་མ་ཡིན་པའི་གཞི་ལས་གྱུར་པ་ལ་འབྱུང་བ་ལས་གྱུར་པ་དང་། འབྱུང་གྱུར་ལས་གྱུར་པ་གཉིས་ལས། དང་པོ་ནི། ཁ་ཅིག་རླུང་གིས་བསྐྱེད་པའི་ལྟུང་བ་དངོས་གཞི་རྣམ་པར་མ་བཞག་ལ། སས་བསྐྱེད་པ། ཆུས་བསྐྱེད་པ། མེས་བསྐྱེད་པ་གསུམ། དང་པོ་ནི། ས་རྐོ་བའི་ལྟུང་བྱེད། གཉིས་པ་ནི། ཆུ་ལ་རྩེ་བ་དང་། ཁྲུས་བྱེད་པའི་ལྟུང་བྱེད་གཉིས། གསུམ་པ་ནི་མེ་རེག་གི་ལྟུང་བྱེད་ཡིན་གསུང་བ་མི་འཐད་དེ། དེ་གསུམ་ནི། འཇིག་རྟེན་ན་གྲགས་པའི་ས་ཆུ་མེ་གསུམ་གྱིས་བསྐྱེད་པའི་དབང་དུ་བྱས་པ་ཡིན་ལ། དེ་གསུམ་འབྱུང་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་འབྱུང་གྱུར་གྱིས་བསྐྱེད་པ་ལ་ལྔ་སྟེ། གནས་ཁང་ལས་གྱུར་པ། ཟས་ལས་གྱུར་པ། གོས་ལས་གྱུར་པ། སྣོད་སྤྱད་ལས་གྱུར་པ། བཏུང་བ་ལས་གྱུར་པའོ། །ཁ་ཅིག་གནས་ཁང་ལས་གྱུར་པ་རྣམས་འདིར་མི་སྟོན་ཏེ། རྣམ་འབྱེད་ཀྱི་སྐབས་ནས་འཆད་གསུང་བ་མི་འཐད་དེ། གནས་ཁང་གིས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་བསླབ་པའི་ཡན་ལག་དང་བསམ་པའི་ཡན་ལག་འདིར་བསྟན་པའི་ཕྱིར་དང་། ཀུན་སློང་གིས་སེལ་བ་ནི་བཏང་བ་ཡང་ངོ་ཞེས་པ་དང་། ཚད་ཀྱི་སེལ་བ་ནི་ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་པས་བསྟན་པའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ། འདུ་ཤེས་དང་ཀུན་སློང་གཉིས་དང་པོ་ལ་ཐེ་ཚོམ་ཟ་བ་དང་། དེར་འདུ་ཤེས་པ་གཉིས་ལས། དང་པོ་ནི། ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ཡིན་ནོ་ཞེས་དང་། ཕྱི་མ་ནི། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ། །བསམ་པ་ལ་ནི་དེ་ཉིད་དོ་ཞེས་པས་བསྟན། གཉིས་པ་ཀུན་སློང་ལ་རྒྱུན་མ་ཆད་པ་དང་། ལྟུང་བ་གང་བཅས་པའི་གཞི་དེས་ཀུན་ནས་བསླང་བ་དང་རང་དོན་དུ་བྱེད་པ་རྣམས་ལས་རང་ཁོ་ནའི་དོན་དུ་བྱེད་འདོད་པ་དགོས་པ་རྣམས་རིམ་པ་བཞིན་བཏང་བ་ཡང་ངོ་ཞེས་དང་། དེའི་ཆ་ནི་དེར་གཏོགས་སོ་ཞེས་དང་། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པས་བསྟན་ནོ། །གསུམ་པ་སྦྱོར་བའི་ཡན་ལག་ལ། བཅོལ་ཡང་རྫོགས་པས་བསྐྱེད་པའི་གཞི་ཕལ་ཆེར་ལ་ནི་ཐ་སྙད་ལྔ་ལྡན་དགོས་པས་ཐ་སྙད་ལྔ་ནི་སྨྲ་ཤེས་དོན་གོ ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་། མཚན་གཉིས་པ་མ་ཡིན་པའོ། །ཕལ་ཆེར་ཞེས་པས་སྲོག་གཅོད་དང་མ་བྱིན་ལེན་གྱི་ཕམ་པ་གཉིས་མ་གཏོགས་སོ། །སྦྱོར་བ་རང་གི་བྱེད་པ་ལ་ངག་ཁོ་ནས་བྱེད་པ་དང་། ལུས་ཀྱི་བྱེད་པ་གཉིས། དང་པོ་ལ་ངག་མཚན་ཉིད་ལྔ་ལྡན་དགོས་ལ། ལྔ་ནི། ངག་ཡིན་པ། རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ནོར་བ། གསལ་བའོ། །དེ་ཡང་ངག་གིའོ། །རང་གིའོ་བདག་ཉིད་དང་འབྲེལ་པའོ་ཞེས་དང་། ནོར་ན་ཡང་ངོ་ཞེས་དང་། གཞོག་ཕྱེས་བྱེད་ན་ཡང་ངོ་ཤེས་པས་བསྟན་ནོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། རྣམ་འབྱེད་ཀྱི་སྐབས་སུ་བསྟན་ཏེ། དཔེར་ན་བཅུག་རེག་ཉམས་སུ་མྱོང་བ་བྱས་ནའོ་ཞེས་དང་། སྲོག་བཅད་ནའོ་ཞེས་དང་། ཤི་ནའོ་ཞེས་དང་། གོ་བར་བྱས་པ་ལ་བརྡ་ཕྲད་ན་མཐའོ་ཞེས་སོགས་ཀྱིས་བསྟན་ནོ། །གསུམ་པ་སེལ་བའི་མཚན་ཉིད་ནི། ཡན་ལག་གི་ལོག་ཕྱོགས་ནི་སེལ་བའོ། །སེལ་བ་དེ་དག་ལས། ཁ་ཅིག་ལས་ནི་ལྟུང་མེད་དུ་འགྱུར། ཁ་ཅིག་ལ་ནི་ན་སྨད་དུ་འགྱུར། ཁ་ཅིག་ལ་ནི་གཞི་གཞན་འགྱུར་གྱི་ལྟུང་བར་འགྱུར་རོ། །བཞི་པ་ལྟུང་བ་ཐ་དད་དུ་བསྐྱེད་པའི་ཚུལ་ལ་དྲུག་སྟེ། བསླབ་རྒྱུན་ཐ་དད་པ། བསམ་རྒྱུན་ཐ་དད་པ། བཅས་པ་ཐ་དད་པ། ཀུན་སློང་ཐ་དད་པ། གཞི་ཐ་དད་པ། བྱ་བ་ཐ་དད་པས་ལྟུང་བ་ཐ་དད་དུ་བསྐྱེད་པའོ། །དེ་རྣམས་ནི་གཞུང་སོ་སོའི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་ཡན་ལག་གི་དོན་ལ་ལྔ་སྟེ། རྒྱུད་ཀྱི་ཡན་ལག་དང་། ཡུལ་གྱི་ཡན་ལག་དང་། ལྟུང་བ་ཐ་དད་པའི་རྒྱུ་ཞར་བྱུང་དང་བཅས་པ་དང་། འདུ་ཤེས་བསམ་པའི་མཚན་ཉིད་དང་། ཡན་ལག་གི་སེལ་བའོ། །དང་པོ་ལ་བཞི་སྟེ། བསླབ་པའི་ཡན་ལག་ཞར་བྱུང་དང་བཅས་པ་དང་། བསམ་པའི་ཡན་ལག་སེལ་བ་དང་བཅས་པ་དང་། ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅས་པ་དང་། མཚན་གྱི་ཡན་ལག་ཞར་བྱུང་དང་བཅས་པའོ། །དང་པོ་ལ་དངོས་དང་། ཞར་བྱུང་གཉིས་ལས། དང་པོ་ནི། གོང་དུ་རྟེན་དགེ་སློང་གི་སྡེ་ལྔའི་གཞི་ལ་སྦྱོར་བ་ལ་ལྔ་ཀ་རྫོགས་པར་བསྐྱེད་པར་བཤད་པ་ལ་དགེ་སློང་གང་ཡང་རུང་བས་བསྐྱེད་དམ་སྙམ་ན། ཉམས་པ་ལྟུང་བ་ལ་སྦྱར་ན་ཉེས་བྱས་སོ་ཞེས་གསུངས་ཏེ། ཉམས་ཞེས་པ་བཤད་པའི་གཞིར་གཞག གང་ཉམས། གང་ལས་ཉམས། གང་གིས་ཉམས། ཇི་ལྟར་ཉམས། ཉམས་བྱེད་ལ་ཕམ་པར་འཇོག་པའི་རྒྱུ་མཚན། ཉམས་པས་ལྟུང་བ་ལ་སྦྱར་ན་ཅིར་འགྱུར། དགག་སྒྲུབ་གང་ཡིན། བརྡའི་དོན་མདོ་དང་སྦྱར་བ་དང་བརྒྱད་དོ། །དང་པོ་ནི། ཕམ་པ་ཀུན་ཏུ་སྤྱོད་པའི་རྟེན་དེའོ། །གཉིས་པ་ནི། སྡོམ་པ་དགོས་པ་སྒྲུབ་ནུས་པ་ལས་སོ། །གསུམ་པ་ནི། ཕམ་པ་འཆབ་བཅས་ཀྱིས་ཉམས་སོ། །བཞི་པ་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས། སྔ་རབས་པའི་ལུགས་དང་གསུམ་ལས། དང་པོ་ནི། ཕམ་པ་འཆབ་བཅས་འཆབ་མེད་གཉིས་ཡོད་པ་ལས། འཆབ་བཅས་བྱུང་ན་སྡིག་ལྟུང་བཤགས་པས་མི་འདག སྡོམ་པ་བླངས་ཀྱང་མི་སྐྱེ་བའི་ཚུལ་དུ་ཉམས། ཁ་ཅིག་འཆབ་མེད་བྱུང་ན་སྡིག་ལྟུང་བཤགས་པས་འདག སྡོམ་པ་བླངས་ཀྱང་སྐྱེ་ཞེས་ཟེར། ཕམ་པ་ཐུན་མོང་བ་བྱུང་ན་སྡོམ་པ་སྐྱེ་བ་མི་འཐད་དེ། ཤེས་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། ཕམ་པ་བྱུང་བས་སྡོམ་པ་མི་གཏོང་སྟེ། མ་དག་པའི་གཞི་བཅུ་གཅིག་ལ་སྐུར་འདེབས་བྱེད་པ་ལ་ལྟུང་བྱེད་དུ་གསུངས་པའི་ཕྱིར། གཉིས་པ་མདོ་སྡེ་པའི་ལུགས་ནི། ཕམ་པ་ལ་འཆབ་བཅས་ཁོ་ནར་ངེས། ཕམ་པ་བྱུང་ན་སྡིག་ལྟུང་བཤགས་པས་མི་འདག སྡོམ་པ་བླངས་ཀྱང་མི་སྐྱེ། ཕམ་པས་སྡོམ་པ་གཏོང་སྟེ། ལུང་ལས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་སུ་མི་རུང་ཞེས་གསུངས་པའི་ཕྱིར། ཕམ་པ་བྱུང་ན་སྡོམ་པ་མི་སྐྱེ་སྟེ། ཕྱིས་བླང་དུ་མི་རུང་བའི་ཕྱིར་ཞེས་གསུངས་པའི་ཕྱིར། འཆབ་སེམས་ཕམ་པའི་ཡན་ལག་ཏུ་མི་དགོས་ན་བསམ་གཏན་པ་དགའ་བྱེད་ལ་ཕམ་པ་བྱུང་བར་ཐལ། འཆབ་སེམས་མ་གཏོགས་པའི་ཕམ་པའི་ཡན་ལག་གཞན་ཚང་གི་བསྒྲུབ་པའི་ལྟུང་བ་བྱུང་བའི་ཕྱིར། འདོད་ན། དེས་ལྟུང་བ་ཕྱིར་བཅོས་པའི་རྣམ་གཞག་གསུངས་པ་མི་འཐད་པར་ཐལ་ལོ། །གསུམ་པ་སྔ་རབས་པའི་ལུགས་ནི། ཕམ་པ་འཆབ་བཅས་འཆབ་མེད་གཉིས་སུ་ཡོད་ལ་འཆབ་བཅས་བྱུང་ན་སྡིག་ལྟུང་བཤགས་པས་མི་འདག་ཅིང་སྡོམ་པ་བླངས་ཀྱང་མི་སྐྱེ། འཆབ་མེད་ཀྱིས་ཉམས་ཀྱང་སྡིག་ལྟུང་བཤགས་པས་འདག སྡོམ་པ་བླངས་ན་སྐྱེ། ཕམ་པས་སྡོམ་པ་གཏོང་བར་བྱེད་ཟེར་རོ། །ཕམ་པས་སྡོམ་པ་གཏོང་ན་བསམ་གཏན་པ་དགའ་བྱེད་དགྲ་བཅོམ་ཐོབ་ནས་སྔར་གྱི་གྲལ་དུ་གནས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་གཟེངས་བསྟོད་པའི་ཕྱིར་མཛད་ཀྱི། སྡོམ་ལྡན་ཡིན་པའི་སྒོ་ནས་མ་ཡིན་ནོ་ཞེས་འདོད་དོ། །འདིར་ནི་དང་པོ་ཉིད་ཁས་བླངས་པར་བྱ་བ་ཡིན་ཏེ། ཊཱི་ཀར་དགེ་སློང་ཕམ་པར་འགྱུར་བ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། ཚངས་པར་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་སྤྱོད་པ་དག་མེད་པའི་ཕྱིར་རོ། །སྡོམ་པ་ཡང་དག་པར་བླང་བ་ནི་རྣམ་པར་གྲོལ་བའི་ཕྱིར་ཡིན་ན། དེས་རྣམ་པར་གྲོལ་བ་འཐོབ་པ་ཐག་རིང་དུ་སྤངས་པའི་ཕྱིར། དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ལྔ་པ་ཉམས་བྱེད་ལ་ཕམ་པར་འདོགས་པའི་རྒྱུ་མཚན་ནི། ཕམ་པས་གཉེན་པོ་ཕམ་པར་བྱེད་པས་ན་ཕམ་པའོ། །དྲུག་པ་ཉམས་པས་བྱས་ན་ཅིར་འགྱུར་བ་ནི། ཉམས་པ་དེ་སྡེ་ལྔ་ལ་སྦྱར་ན་ཉེས་བྱས་སུ་འགྱུར་རོ། །བདུན་པ་དགག་སྒྲུབ་གང་ཡིན་པ་ནི། ཉེས་བྱས་ལས་མི་བསྐྱེད་ཅེས་དགག་པ་ཡིན་ནམ། ཉེས་བྱས་བསྐྱེད་ཅེས་སྒྲུབ་པ་ཡིན་ཞེ་ན། ཕམ་པ་འཆབ་བཅས་བྱུང་བའི་དགེ་སློང་དེ་སྡོམ་ལྡན་ཡིན་པས་དེ་ལ་སྡེ་ལྔའི་དངོས་གཞི་བསྐྱེད་དམ་སྙམ་པའི་དོགས་པ་ཡོད་པ་ལ་ཉེས་བྱས་ཡིན་གྱི་ལྟུང་བ་བསྐྱེད་པ་དགག་པའི་དོན་ནོ། །བརྒྱད་པ་བརྡ་དོན་མདོ་དང་སྦྱར་བ་ནི། ཤེས་བྱེད་ཀྱི་ཁུངས་མེད་དམ་སྙམ་པ་ལ། ལུང་ལས་སྔོན་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་འཁྲུགས་པ་དང་། མ་ནིང་དང་དགེ་སློང་མ་སུན་ཕྱུང་བས་ཉམས་པར་བྱས་ན་ཉེས་བྱས་སོ་ཞེས་གསུངས་པའི་སྔོན་ལྟུང་བ་བྱུང་བ་ཞེས་པ་འདི་ལ་དགོངས་པའི་ཕྱིར་རོ། །སྡོམ་པ་གཏན་མ་སྐྱེས་པ་དེ་ཁྱིམ་པ་དང་འདྲ་བས་ལྟུང་བ་གཏན་མེད་པར་འགྱུར་རོ་སྙམ་ན། མ་སྐྱེས་པ་ལྟུང་བ་ལ་སྦྱར་ན་ཉེས་བྱས་སོ་ཞེས་གསུངས་ཏེ། མ་སྐྱེས་པ་ཞེས་པ་བཤད་པའི་གཞིར་བཞག་ནས། འདི་ལ་བརྒྱད་ལས། གང་མ་སྐྱེས་ན་རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྡོམ་པ་ནི་མ་སྐྱེས། གང་ལ་ན་ལེན་པའི་རྟེན་དེ་ལ་མ་སྐྱེས། གང་གིས་མ་སྐྱེས་ན་འགལ་རྐྱེན་བྱུང་བའམ་མཐུན་རྐྱེན་མ་ཚང་བའི་དབང་གིས་མ་སྐྱེས། ཇི་ལྟར་མ་སྐྱེས་ན་ལེན་ཆོག་བྱས་ཀྱང་སྐྱེ་མ་ཉན་པའི་ཚུལ་གྱིས་མ་སྐྱེས། མ་སྐྱེས་པ་དེས་ལྟུང་བ་ལ་སྦྱར་ན་ཅིར་འགྱུར་ན་ཉེས་བྱས་སུ་འགྱུར་རོ། །དགག་སྒྲུབ་གང་ཡིན་ན་སྒྲུབ་པ་ཡིན་ཏེ་སྡོམ་པ་གཏན་མ་སྐྱེས་པས་ཁྱིམ་པ་དང་འདྲ་བས་དེས་ལྟུང་བ་གཏན་མི་བསྐྱེད་དམ་སྙམ་ན་ཉེས་བྱས་བསྐྱེད་ཅེས་སྒྲུབ་པ་ཡིན་པའི་ཕྱིར། དེ་ལ་ཉེས་བྱས་བསྐྱེད་པའི་རྒྱུན་མཚན་ནི། དེ་རབ་ཏུ་བྱུང་བའི་བསྙེན་པར་རྫོགས་པ་ཉིད་དུ་ཁས་བླང་བ་དང་དེ་དག་གི་རྒྱུད་ལ་བར་མ་རབ་བྱུང་ཡོད་པའི་ཕྱིར་ཞེས་ཊཱི་ཀར་གསུངས་སོ། །བརྡ་དོན་མདོ་དང་སྦྱར་བ་ནི། དེ་ལ་ཤེས་བྱེད་ཡོད་དེ། ལུང་ལས་རྐུ་ཐབས་སུ་གནས་པ་དང་། དང་པོ་འཁྲུགས་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་ནས་ཉམས་པར་བྱས་ན་ཉེས་བྱས་སོ་ཞེས་གསུངས་པའི་དང་པོ་འཁྲུགས་པས་ཉམས་པར་བྱས་ན་ཉེས་བྱས་སོ་ཞེས་པ་འདི་ལ་དགོངས་པའི་ཕྱིར། ངག་དོན་ནི། དང་པོ་སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་ཀྱི་ཉམས་པའི་དགེ་སློང་ཆོས་ཅན། ཁྱོད་ཀྱིས་ལྟུང་བ་ལ་སྦྱར་བས་ཉེས་བྱས་ལས་ལྷག་པ་མི་བསྐྱེད་དེ། ཁྱོད་ཕམ་པ་འཆབ་བཅས་ཀྱིས་ཉམས་པའི་དགེ་སློང་ཡིན་པའི་ཕྱིར། ཕྱི་མ་ལ། སྡོམ་པ་བླངས་ནས་མ་སྐྱེས་པའི་བར་མ་རབ་བྱུང་གི་རྟགས་ཅན་ཆོས་ཅན། ཁྱོད་ཀྱིས་ལྟུང་བ་ལ་སྦྱར་བས་ཉེས་པ་གཏན་ནས་མི་བསྐྱེད་པ་མ་ཡིན་ཏེ། ཉེས་བྱས་ཙམ་ཞིག་བསྐྱེད་པའི་ཕྱིར། འོ་ན་རབ་བྱུང་ཕྱོགས་ཀྱི་སྡོམ་པ་སྐྱེས་པ་རྣམས་ལ་ཅིར་འགྱུར་ཞེ་ན། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དགེ་ཚུལ་ཕ་མ་གཉིས་དགེ་སློབ་མ་དང་གསུམ་གྱིས་ཡང་དག་པར་བླངས་པ་བསླབ་པའི་གཞི་བཅུ་དང་། དགེ་སློབ་མས་དེའི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལས་འདས་པ་ལ་ཡང་ངོ་སྟེ་ཉེས་བྱས་སུ་འགྱུར་རོ། །འོ་ན་བླངས་པ་མ་ཡིན་པ་ལས་འདས་པ་ལ་ཅིར་འགྱུར་ཞེ་ན། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་གསུམ་པོ་དེས་དངོས་སུ་བླངས་པའི་བསླབ་པ་དེའི་ཕྱོགས་དང་མཐུན་ཏེ་ཕྱོགས་ལ་བརྟེན་པ་ལས་འདས་པ་ལ་ནི་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་སུ་འགྱུར་རོ། །འདིར་བླངས་འདས་ཀྱི་མཐའ་དཔྱད་པ་ལ་བརྒྱད་དེ། དབྱེ་བ། བསྡུ་བ། མཚན་ཉིད། གྲངས་ངེས། གོ་རིམ་ངེས་པ། སྒྲ་བཤད་པ། བསྲུངས་པའི་ཕན་ཡོན། མ་བསྲུངས་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས་ཏེ། འཐད་པ་འགོད་པ་དང་། འཁྲུལ་པ་དགག་པའོ། །དང་པོ་ནི། དགེ་ཚུལ་ཕ་མ་གཉིས་ལ་ནི་བསླབ་པའི་གཞི་བཅུ་དང་། ཁྱིམ་པའི་རྟགས་སྤོང་བ་དང་། རབ་ཏུ་བྱུང་བའི་རྟགས་བླངས་པ་ལས་འདས་པའི་བླངས་འདས་བཅུ་གཉིས། དགེ་སློབ་མ་ལ་དེའི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་ལས་འདས་པའི་བླངས་འདས་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །གཉིས་པ་ལ་འདོད་པ་བརྗོད་པ་དང་། སུན་འབྱིན་བཤད་པ་གཉིས། དང་པོ་ལ་ཁ་ཅིག་བླངས་འདས་སོ་དྲུག་ཏུ་དབྱེ་སྟེ། སྲོག་གཅོད་བཞི་དང་མ་བྱིན་ལེན། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། །གཞི་མེད་བག་ཙམ་དགེ་འདུན་དབྱེན། །དེར་རྗེས་ཕྱོགས་དང་ཁྱིམ་སུན་འབྱིན། །བཤེས་ངོར་བྱེད་དང་འཕྱ་བ་དང་། །ཟས་ཅུང་ལྷག་མས་སྐུར་འདེབས་དང་། །བསླབ་པ་སྤོང་དང་འབྲས་ཆན་འགེབས། །ཆང་དང་གླུ་གར་རོལ་མོ་བྱེད། །བརྒྱན་དང་ཁ་དོག་སྤོས་བྱུག་ཕྲེང་། །ཁྲི་དང་བསྟན་ནི་ཆེ་མཐོ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན། །ཉམས་པ་རྣམ་པ་གསུམ་དག་སྟེ། །སུམ་ཅུ་དྲུག་ནི་བླངས་ལས་འདས། །ཞེས་གསུངས་སོ། །ཁ་ཅིག་དེའི་སྟེང་དུ་ཁྱད་གསོད་གཉིས། ཙུག་ཙུག་ལ་སོགས་བཞི། ཁང་པ་ཁང་ཆེན་གཉིས་ཏེ་བརྒྱད་བསྣོན་ལ། ཁྱད་གསོད་གཉིས་ལ་བཤགས་བྱའི་ཉེས་བྱས་སུ་འགྱུར་ཏེ། བསླབ་པའི་དངོས་པོ་ལ་ཉེ་བར་འཇོག་པ་སྤོང་བ་ཡང་ཁྱད་གསོད་ཡིན་པས་ཁྱད་གསོད་མཚུངས་པའི་ཕྱིར། ཙུག་ཙུག་སོགས་བཞི་ལ་བཤགས་བྱའི་ཉེས་བྱས་སུ་འགྱུར་ཏེ། ཚོད་མས་འབྲས་ཆན་འགེབས་པ་དང་རྫུན་དུ་མཚུངས་པའི་ཕྱིར། ཁང་པ་ཁང་ཆེན་གཉིས་ལས་བཤགས་བྱའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀར་ཁ་ཅིག་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་ལ་ཞེས་གསུངས་པའི་ཕྱིར་ཞེས་འདོད། གྲོ་་་་་་ཁ་ཅིག་དེའི་སྟེང་དུ་མཁན་པོར་གསོལ་བར་བཏབ་པ་ཉམས་པ་བོར་ནས་གསོ་སྦྱོང་མ་བྱས་པ། དགག་དབྱེ་མ་བྱས་པ། དབྱར་ཁས་མ་བླངས་པ། གནས་བླ་མ་ལ་མ་བརྟེན་པ། དཀོན་མཆོག་ལ་མ་གུས་པ་དང་ལྔ་བསྣན་ཏེ། ཊཱི་ཀར་མ་གུས་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མ་གུས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་ལས་གྱུར་པ་སྟེ། དེ་ལ་དཀོན་མཆོག་གསུམ་ལ་མ་གུས་པ་ནི། གསུམ་ལ་སྐྱབས་སུ་སོང་བས་སྡོམ་པ་ཡང་མིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་དང་། དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་དང་། མི་སྦྱོང་བའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མི་སྦྱོང་བ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་མི་བྱ་བ་དང་། མི་གནས་པར་འདུག་པ་ལ་སོགས་པ་བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་མི་བྱེད་པ་སྟེ། གཞི་དེ་ལས་བྱུང་བའི་ཉེས་པ་ནི་མི་སྦྱོང་བའི་གཞི་ལས་བྱུང་བ་ཞེས་བྱའོ། །དེ་ལ་གཞི་དེས་བསླབ་པའི་གཞི་ཡང་དག་པར་བླངས་པ་འདྲལ་བར་བྱེད་པ་ནི་བསླབ་པ་ཡང་དག་པར་བླངས་པ་ལས་འདའ་བ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། འདེབས་སྤྱོད་གཉིས་བླངས་འདས་སུ་འདྲེན་པ་མི་རིགས་ཏེ། དགེ་སློང་ལ་འདེབས་སྤྱོད་ཀྱི་ལྟུང་བ་བསྐྱེད་པའི་གསོད་སེམས་ལ་ལྟོས་མི་དགོས་པའི་ཕྱིར་ཏེ། སྲོག་ཆགས་ལ་ལྟོས་མེད་ཀྱི་སེམས་ཀྱིས་ཞུགས་པ་ཙམ་གྱིས་འགྲུབ་པའི་ཕྱིར། གལ་ཏེ་ལྟོས་མེད་ཀྱི་སེམས་ཉིད་བསོད་སེམས་ཡིན་ནོ་ཞེ་ན། འོ་ན་ལམ་དུ་སྲོག་ཆགས་ལ་གནོད་པ་ཡོད་དམ་མེད་སྙམ་པའི་བློ་སྐྱེ་བའི་དགེ་སློང་ལམ་དུ་འགྲོ་བར་གནང་བའི་སྐབས་མེད་པར་ཐལ། དེ་ལམ་དུ་འགྲོ་བའི་ཚེ་ལྟོས་མེད་ཀྱི་སེམས་སྐྱེ་བའི་ཕྱིར། དགེ་ཚུལ་གྱིས་དུད་འགྲོ་ཕྲ་མོས་གང་བར་ཤེས་བཞིན་དུ་མི་ལ་འཆི་བའི་སེམས་ཀྱིས་ནགས་མེས་གཏོང་བ་ཕྱོགས་མཐུན་དུ་བཤད་པ་མི་རིགས་པར་ཐལ། དེ་ལ་ལྟོས་མེད་ཀྱི་སེམས་སྐྱེ་བའི་ཕྱིར། གཉིས་ཀའི་ཁྱབ་པ་ཁས། བཤེས་ངོར་བྱེད་པ་དང་། འཕྱ་བ་དང་། ཟས་ཅུང་སོགས་བརྫུན་ལས་ལོགས་སུ་འདྲེན་པ་མི་འཐད་པར་ཐལ། དགེ་སློང་ལ་གཞི་དེ་རྟེན་གྱི་བརྫུན་དུ་སྨྲ་བའི་ལྟུང་བྱེད་དང་། དེ་ལས་གཞན་པའི་ལྟུང་བ་གཉིས་ལས་རྣམ་པར་མ་བཞག དགེ་ཚུལ་ལ་བརྫུན་དུ་སྨྲ་བའི་ལྟུང་བ་ལས་གཞན་པའི་གཞི་དེ་རྟེན་གྱི་ལྟུང་བར་རྣམ་པར་མ་བཞག་པའི་ཕྱིར། འབྲས་ཆན་འགེབས་པ་བརྫུན་དུ་འདྲེན་པ་མི་འཐད་དེ། གཡོ་སྒྱུས་ཀུན་ནས་བསླངས་པ་ཙམ་ཡིན་གྱི་བརྫུན་གྱི་མཚན་ཉིད་མ་ཚང་བའི་ཕྱིར། མཁན་པོར་གསོལ་བ་བཏབ་པ་ལས་ཉམས་པ་བླངས་འདས་སུ་འདྲེན་པ་མི་འཐད་དེ། འདིར་ནི་ཕྱོགས་མཐུན་མ་ཡིན་པའི་བླངས་འདས་འདྲེན་དགོས་ལ། ཊཱི་ཀར། མཁན་པོ་དང་སློབ་དཔོན་རྣམས་དང་ཚངས་པར་མཚུངས་པར་སྤྱོད་པ་གཞན་ལ་མ་གུས་པ་ལ་སོགས་པ་ནི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་དང་། སུམ་བརྒྱ་པ་རྩ་འགྲེལ་ལས་ཀྱང་བླ་མར་གསོལ་བཏབ་ལས་ཉམས་པ་ཕྱོགས་མཐུན་དུ་གསུངས་པའི་ཕྱིར། ཁྱད་གསོད་གཉིས་བརྫུན་དུ་འདྲེན་པ་མི་འཐད་དེ། ལྟུང་བ་དེ་ཉིད་སྐྱེས་པ་ལ་བརྫུན་གྱི་ཀུན་སློང་མི་དགོས་པའི་ཕྱིར། ཙུག་ཙུག་ལ་སོགས་བཞི་བརྫུན་དུ་འདྲེན་པ་མི་འཐད་དེ། ཀུན་སྤྱོད་མ་བསྡམ་པ་ཙམ་གྱིས་བཞག་པ་ཡིན་པའི་ཕྱིར། ཁང་པ་ཁང་ཆེན་ལོགས་སུ་འདྲེན་པ་མི་འཐད་དེ། ཤེས་བྱེད་མེད་པའི་ཕྱིར། ཁ་ཅིག་མ་བྱིན་ལེན་འདོད་ཀྱིས་ཀུན་ནས་བསླངས་པ་ལ་དགོངས་ཞེས་པ་དང་། ཁ་ཅིག་མི་ཚངས་པ་སྤྱོད་འདོད་ཀྱིས་ཀུན་ནས་བསླངས་པ་ལ་དགོངས་ཞེས་དང་། ཁ་ཅིག་འདེབས་སྤྱོད་ཀྱི་ལྟུང་བ་བསྐྱེད་པ་ལ་དགོངས་ཞེས་པ་ཡང་འཐད་པར་མ་མཐོང་ངོ་། །དེས་ན་ཁྱིམ་པའི་རྟགས་སྤངས་པ་ལས་འདས་པའི་བླངས་འདས་སུ་བསྡུ་བར་བྱ་སྟེ། ཊཱི་ཀར་ཁྱིམ་བྱེད་པ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པའི་ཕྱིར། འདི་ལ་ཁ་ཅིག་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བའང་ཡོད་དོ། །ཁ་ཅིག་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བའང་ཡོད་ཅེས་གསུངས་པའི་ཕྱིར། དཀོན་མཆོག་གསུམ་ལ་མ་གུས་པ་བླངས་འདས་སུ་འདྲེན་པ་ཡང་མི་རིགས་སྟེ། ཊཱི་ཀར་དཀོན་མཆོག་གསུམ་ལ་མ་གུས་པ་ནི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་ཞེས་གསུངས་ཤིང་། ཕྱོགས་མཐུན་གྱི་སྡོམ་དུ། དབྱར་གནས་གཅིག་ཏུ་བྱ་བ་དང་། །གསོ་སྦྱོང་དགག་དབྱེར་བཅས་པ་དང་། །ཞེས་གཉེན་པོ་ཕྱོགས་མཐུན་དུ་གསུངས་པའི་ཕྱིར། སྔར་གྱི་ལུང་གཉིས་ཀྱང་ཤེས་བྱེད་དུ་མ་འབྲེལ་ཏེ། དེ་གཉིས་ཀྱིས་རིམ་པ་བཞིན་དཀོན་མཆོག་གསུམ་ལ་མ་གུས་པའི་རྒྱུས་བར་མ་རབ་བྱུང་དང་། དགེ་ཚུལ་དང་། དགེ་སློབ་མའི་སྡོམ་པ་ལས་འདས་པ་བཤགས་བྱར་གསུངས་ཀྱི། གསུམ་ལ་མ་གུས་པ་ཙམ་བཤགས་བྱར་གསུངས་པ་མ་ཡིན་པའི་ཕྱིར་དང་། གསོ་སྦྱོང་དང་དགག་དབྱེ་མ་བྱས་པའི་རྒྱུས་སྡོམ་པ་ལས་འདས་པ་བཤགས་བྱར་བསྟན་པ་ཡིན་པའི་ཕྱིར། ཁ་ཅིག་ཉམས་པ་གསུམ་བླངས་འདས་སུ་འདྲེན་པ་མི་རིགས་ཏེ། སུམ་བརྒྱ་པར་ཕྱོགས་མཐུན་དུ་བཤད་པའི་ཕྱིར། ཞེས་ཟེར་ཡང་སྐྱོན་མེད་དེ། ཁྱིམ་པ་དང་མུ་སྟེགས་བྱེད་ཀྱི་གོས་དང་སྣོད་སྤྱོད་ཀྱི་རྟགས་འཆང་བ་བླངས་འདས་སུ་ཊཱི་ཀར་གསལ་བར་གསུངས་པའི་ཕྱིར། གཉིས་པ་བསྡུ་བ་ནི། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་ལྟུང་བ་གཉིས་སུ་འདུ་ཞིང་། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། བཅས་པའི་ལྟུང་བ་དང་། བཅས་རྐྱང་གི་ལྟུང་བ་གསུམ་དུ་ཡང་འདུ་ལ། ཚུལ་ཁྲིམས་ཀྱི་དང་། བག་ཡོད་ཀྱི་དང་། བརྟུལ་ཞུགས་ཀྱི་མི་མཐུན་ཕྱོགས་ཀྱི་ལྟུང་བ་གསུམ་དུ་ཡང་འགྱུར་རོ། །གསུམ་པ་མཚན་ཉིད་ནི། བསྙེན་པར་མ་རྫོགས་པའི་རབ་བྱུང་གིས་ཡུལ་ཁྱད་པར་ཅན་གྱི་དྲུང་དུ་ཁས་བླངས་པ་ལས་འདས་པའི་ལྟུང་བ་གང་ཞིག ཕྱོགས་མཐུན་ལས་གཞན་དུ་གྱུར་བ་དེ་བླངས་འདས་ཀྱི་ལྟུང་བའི་མཚན་ཉིད་དོ། །བཞི་པ་གྲང་ངེས་ནི། དགེ་ཚུལ་གྱི་སྡོམ་པ་ལས་འདས་པའི་ལྟུང་བ་བཅུར་ངེས་ཏེ། བཅུ་ལས་མང་ན་མི་འདུ་ལ་ཉུང་ན་དོན་རྟོགས་དཀའ་བས་བཅུར་བསྟན་པའི་ཕྱིར། ལྔ་པ་གོ་རིམ་ངེས་པ་ནི། རྩ་བ་བཞི་ནི་ལྕི་རིམ་ནས་བསྟན་ལ། ཡན་ལག་རྣམས་ཀྱི་ནང་ནས་མྱོས་འགྱུར་ལྕི་བས་སྔར་བསྟན་ཅིང་། གཞན་རྣམས་འཇིག་རྟེན་གྱི་བྱ་བའི་རིམ་པ་དང་མཐུན་པར་བསྟན་ཅེས་ཁ་ཅིག་གསུངས་སོ། །རང་ལུགས་ནི། ལུང་གི་གོ་རིམ་བཞིན་དུ་བསྟན་པ་ཡིན་ནོ། །དྲུག་པ་སྒྲ་བཤད་པ་ནི། ཡུལ་ཁྱད་པར་ཅན་གྱི་དྲུང་དུ་ཁས་བླངས་པ་ལས་འདས་པས་ན་བླངས་འདས་སོ། །བདུན་པ་ཕན་ཡོན་ནི། འདི་བསྲུངས་པས་ཕན་ཡོན་བཅུ་ཐོབ་སྟེ། བམ་ལྔ་ལས། ཕན་ཡོན་བཅུ་འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་གྱི་བསླབ་པ་དང་། དེ་ལས་ཤེས་རབ་ཀྱི་བསླབ་པ་དང་དེ་ལས་མཐར་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་དང་། ཕྱོགས་བཅུར་སྙན་པའི་སྒྲ་བསྒྲགས་པ་དང་། བདེ་བར་གཉིད་ལོག་ཅིང་སད་པ་དང་། གཉིད་ལོག་པ་ན་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ་དང་། འཇིགས་པ་རྣམས་ཀྱི་ནང་དུ་འགྲོ་བ་ན་བག་ཚ་བ་དང་འཇིགས་པ་སོགས་སུ་མི་འགྱུར་བ་དང་། དགྲ་བོས་གླགས་རྙེད་ཀྱང་གླགས་ལྟ་བར་མི་བྱེད་ཀྱི་སྲུང་བ་ལ་སོགས་པའི་སྒོ་ནས་ཕན་འདོགས་པ་དང་། གནོད་སྦྱིན་དང་མི་མ་ཡིན་ལ་སོགས་པ་གཉུག་མར་གནས་པ་ལ་སོགས་ཀྱི་གླགས་རྙེད་ཀྱང་གླགས་ལྟ་བར་མི་བྱེད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་དེའི་དབང་གིས་དེ་ལ་ཕན་འདོགས་པ་དང་ཆོས་གོས་ལ་སོགས་པ་དག་ཀྱང་ཆོས་དང་མཐུན་པར་ཚེགས་ཆུང་ངུས་གཞན་ལས་འཐོབ་པར་འགྱུར་བ་དང་། གང་དུ་སྐྱེ་བར་འདོད་པ་ལ་སོགས་པའི་སྨོན་ལམ་ཡང་དག་པར་འགྲུབ་པར་འགྱུར་བའོ། །ཞེས་གསུངས་པ་ལྟ་བུའོ། །བརྒྱད་པ་མ་བསྲུངས་པའི་ཉེས་དམིགས་ནི། ལུང་དམ་པའི་གླེང་གཞིའི་ལེའུ་ལས། སྟོན་པ་སངས་རྒྱས་ཀྱིས་སྨད་པ་དང་། ལྷ་རྣམས་ཀྱིས་ཆོམ་རྐུན་ལ་སོགས་པའི་ཐ་སྙད་ཀྱིས་དང་། གྲོགས་དམ་པ་རྣམས་ཀྱིས་དང་ཚུལ་མིན་ཡིད་ལ་བྱེད་པའི་ཚེ་བདག་ཉིད་ཀྱིས་དང་། ཉེས་པ་དང་བཅས་ཤིང་སྨད་པར་འོས་པའི་ཆོས་ཉིད་ཀྱིས་སྨད་པ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པའི་སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པར་གྲགས་པར་འགྱུར་བ་དང་། ཆོས་མ་ཐོས་པ་ཐོས་པར་མི་འགྱུར་བ་དང་། སྔར་ཐོས་པ་བརྗེད་པར་འགྱུར་བ་དང་། ལམ་གྱི་རྟོགས་པ་སྐྱེ་བར་མི་འགྱུར་བ་དང་། འགྱོད་བཞིན་དུ་འཆི་ཞིང་ཤི་ནས་ངན་འགྲོར་འགྲོ་བར་གསུངས་པ་ལྟ་བུའོ། །ཕྱོགས་མཐུན་ཅི་ལྟ་བུ་ཞེ་ན། འདི་ལ་གཉིས་ཏེ། ཕྱོགས་མཐུན་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་ཉེས་མེད་དུ་གནང་བ་དང་། ཕྱོགས་མཐུན་དངོས་བཤད་པའོ། །དང་པོ་ལ་གཉིས་ལས། དབྱེ་བ་ནི། འདུལ་བ་བྱེ་བྲག་ཏུ་བཤད་པ་འོད་ལྡན་དུ་གྲགས་པ་ལས། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ལྗོན་ཤིང་འཛེགས་དང་ཤིང་གཅོད་དང་། །རྩ་སྔོན་མི་གཙང་འདོར་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོར་ཐར་པ་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་འཆད་པ་ལ་ཆོས་གོས་དང་ལྷུང་བཟེད་གཉིས་སུ་ཕྱེ་ནས་ཉེས་མེད་བཅུ་གསུམ་བཤད་པའོ། །ཁ་ཅིག་དེའི་སྟེང་དུ་དགེ་ཚུལ་ལ་འབྲེལ་སྤང་མེད་པས། དགོན་པའི་འབྲེལ་སྤང་གི་ཕྱོགས་མཐུན་དང་། ཞག་བཅུ་འཆང་སྤང་མེད་པས། ཟླར་འཇོག་སྤང་བའི་ཕྱོགས་མཐུན་མེད། ལས་གྲལ་དུ་གནས་ན་རྐུ་ཐབས་ཀྱི་བར་ཆད་དུ་འགྱུར་བས་ལས་གྲལ་ནས་མ་སྨྲས་པར་འགྲོ་བ་ལ་ལྟུང་བ་མེད། གསོག་འཇོག་སོང་ཟིན་ཟོས་པའི་ཉེས་པ་མེད་པས་གསོག་འཇོག་བྱེད་པ་ལ་ལྟུང་བ་མེད། དགེ་ཚུལ་ནང་ཕན་ཚུན་ལྷན་ཅིག་ཉལ་བ་ལ་ལྟུང་བ་མེད་དེ་ཉེས་མེད་ཕྱེད་དང་བཅོ་བརྒྱད་དུ་འདོད་དོ། །མཁས་པ་བྱ་ནི་ཕྱེད་འཇོག་ཚུལ་མི་འཐད་པས་བཅུ་བདུན་ཞེས་བཞེད་དོ། །དེ་ལ་དང་པོ་དགོན་པའི་ཕྱོགས་མཐུན་མེད་པ་མི་འཐད་དེ། དགེ་སློང་ལ་དགོན་པའི་གནས་དང་ཆོས་གོས་གཉིས་གང་རུང་དང་བྲལ་བས་ལྟུང་བ་གཉིས་རྣམ་པར་བཞག་ལ། དགེ་ཚུལ་ལ་གང་དུ་གནས་པར་ཡིད་དམ་བཅས་པའི་དགོན་པར་མི་གནས་པ་ལ་ལྟུང་བར་འགྱུར་བའི་ཕྱིར། གཉིས་པ་ཟླར་འཇོག་གི་ཕྱོགས་མཐུན་མེད་པ་མི་འཐད་དེ། བསླབ་པའི་གཞི་བཅུ་དང་ཉེས་མེད་བཅུ་གསུམ་ལས་གཞན་པའི་སོ་ཐར་གྱི་མདོ་ལས་ལྟུང་བར་བསྟན་པ་ཐམས་ཅད་དགེ་ཚུལ་ལ་ཕྱོགས་མཐུན་དུ་གསུངས་པའི་ཕྱིར། ལས་གྲལ་ནས་མ་སྨྲས་པར་འགྲོ་བའི་ཉེས་པ་མེད་པ་ཡང་མི་འཐད་དེ། དགེ་ཚུལ་གྱིས་ལས་གྲལ་ནས་སྨྲས་ནས་འགྲོ་བ་ལ་དགག་བྱ་མེད་ཅིང་དགོས་པ་ཡོད་པའི་ཕྱིར་དང་། བསྒྲུབ་བྱས་ལས་གྲོལ་ལ་མ་སྨྲས་པར་འགྲོ་མི་འོས་པའི་ཕྱིར། གསོག་འཇོག་བྱེད་པ་ལ་ལྟུང་བ་མེད་པ་མི་འཐད་དེ། དགེ་ཚུལ་གྱིས་སྒོག་པ་དང་རྨིག་པ་གཅིག་པའི་ཤ་ཟ་བའི་ཕྱིར་འཆང་བ་ལ་ཉེས་བྱས་འབྱུང་བ་ཡོད་པའི་ཕྱིར། དེས་ན་ཉེས་མེད་བཅུ་གསུམ་དུ་ངེས་སོ། །གཉིས་པ་ངོ་བོ་ནི། དགེ་སློང་ཕ་མའི་སོ་སོ་ཐར་པའི་མདོ་ལས་ལྟུང་བར་བཅས་པ་རྣམས་ཀྱི་ནང་ནས་དགེ་ཚུལ་ཕ་མ་ལ་གང་གནང་བ་རྣམས་འདིར་ཉེས་པ་མེད་དོ། །གཉིས་པ་ཕྱོགས་མཐུན་དངོས་ལ་བཞི་སྟེ། དབྱེ་བ། བསྡུ་བ། མཚན་ཉིད། གང་གི་ཕྱོགས་མཐུན་དུ་འགྱུར་བའོ། །དང་པོ་ནི། ཊཱི་ཀར། རྟགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་འཕྱར་གཡེང་འདོད་པ་དང་། །གནོད་པ་དང་ནི་གནས་པ་དང་། །མ་གུས་མི་སྦྱོང་གཞི་ལས་བྱུང་། །ཞེས་གསུངས་པའི་མཐུན་ཡུལ་བཅུའི་ཕྱོགས་མཐུན་བཅུར་འགྱུར་རོ། །གཉིས་པ་ནི། བར་མ་བླངས་པའི་ཕྱོགས་མཐུན་དང་སྡོམ་པ་བླངས་པའི་ཕྱོགས་མཐུན་གཉིས་སམ། བླངས་པ་སྤྱིའི་ཕྱོགས་མཐུན་དང་བླངས་པ་སོ་སོའི་ཕྱོགས་མཐུན་གཉིས་སུ་ཡང་འདུའོ། །གསུམ་པ་ནི། ལྟུང་བ་རྣམ་གཞག་དང་མཐུན་པ་གསུམ་པོ་གང་རུང་གིས་མཐུན་ཞིང་། རང་རིགས་ལྟུང་བ་རྣམ་གཞག་གི་ཀུན་ནས་མ་བསླངས་ལ། བསླབ་པ་གཞན་དུ་མ་བཅས་ཀྱང་ཉེས་པ་དང་བཅས་པ་དེ་ཕྱོགས་མཐུན་གྱི་ལྟུང་བའི་མཚན་ཉིད་དོ། །མཐུན་པ་གསུམ་ནི། དགག་བྱ་ཉེས་དམིགས་མཐུན་པ། སྦྱོར་བ་རྗེས་གྲུབ་མཐུན་པ། བརྒྱུད་པ་རྒྱུར་འགྲོ་མཐུན་པའོ། །དཔེར་ན་དགེ་སློང་གིས་རྐུན་པོར་མ་གྲགས་པ་ལས་ཟས་ལེན་པ་ནི་མ་བྱིན་ལེན་དང་དགག་བྱ་མཐུན་པ་ལྟ་བུ་དང་། དགེ་སློང་གིས་སྔ་དྲོ་སྒོག་པ་ཟ་བ་ནི་དུས་མ་ཡིན་པར་ཁ་ཟས་ཟ་བ་དང་སྦྱོར་བ་རྗེས་གྲུབ་མཐུན་པ་ལྟ་བུ་དང་། ཉིན་མོ་བློས་ཕབ་ནས་ཉལ་བ་ནི་མི་ཚངས་སྤྱོད་དང་བརྒྱུད་པ་རྒྱུར་འགྲོ་མཐུན་པ་ལྟ་བུའོ། །བཞི་པ་ནི། རྟགས་ཀྱི་གཞི་ལས་བྱུང་བའི་བླངས་འདས་དང་ཕྱོགས་མཐུན་གཉིས་ལས། མུ་སྟེགས་ཅན་དང་ཁྱིམ་པའི་གོས་དང་སྣོད་སྤྱད་ཀྱི་རྟགས་འཆང་བ་ནི་དེའི་བླངས་འདས་ཡིན་ཏེ། ཊཱི་ཀར་མུ་སྟེགས་ཅན་གྱི་རྟགས་འཆང་བ་དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་དང་། ལྷུང་བཟེད་ཀྱང་མི་རུང་བ་ཐོགས་ཏེ་བསོད་སྙོམས་ལ་རྒྱུ་བ་ནི་རབ་ཏུ་བྱུང་བ་གཞན་གྱི་རྟགས་དང་འདྲ་བ་དང་། ཁྱིམ་པའི་ལྷུང་བཟེད་འཆང་བ་ནི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས་དེ་ལ་བཤགས་པ་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པའི་ཕྱིར། དེའི་ཕྱོགས་མཐུན་ནི་རྔ་བལ་ལས་བྱས་པའི་ཆོས་གོས་འཆང་བ་དང་། ཆོས་གོས་ཚད་ལས་ལྷག་པར་འཆང་བ་དང་། བྱེད་དུ་འཇུག་པ་དང་། སྐྲ་འཆན་པས་བྲེགས་པ་ལྟ་བུའོ། །རིན་པོ་ཆེ་བླངས་ནས་བདག་གིར་བྱེད་པ་ནི་སློང་བའི་གཞི་ལས་བྱུང་བའི་བླངས་འདས་ཡིན་ལ། མི་དགོས་བཞིན་དུ་གོས་སློང་བ་དང་། པགས་པ་སློང་བ་སོགས་ནི་སློང་བའི་གཞི་ལས་བྱུང་བའི་ཕྱོགས་མཐུན་ནོ། །རིན་པོ་ཆེ་ལས་བྱས་པའི་ཁབ་རལ་བྱེད་དུ་བཅུག་ནས་བདག་གིར་བྱེད་པ་ནི་སྣོད་ཀྱི་གཞི་ལས་བྱུང་བའི་བླངས་འདས་ཡིན་ལ། བ་སོ་དང་རྭ་སོགས་ལས་ཁབ་རལ་བྱེད་དུ་བཅུག་ནས་འཆང་བ་ལྟ་བུ་ནི་སྣོད་ཀྱི་གཞི་ལས་བྱུང་བའི་ཕྱོགས་མཐུན་ནོ། །དུས་མ་ཡིན་པའི་ཁ་ཟས་ཟ་བ་དང་། མྱོས་འགྱུར་ཐུང་བ་ལྟ་བུ་ནི་ལོངས་སྤྱོད་ཀྱི་གཞི་ལས་བྱུང་བའི་བླངས་འདས་དང་། སྔ་དྲོ་སྒོག་པ་ཟ་བ་ལྟ་བུ་ནི་དེའི་ཕྱོགས་མཐུན་ནོ། །གླུ་གར་དང་རོལ་མོ་བྱེད་པ་ནི་འཕྱར་གཡེང་གི་གཞི་ལས་བྱུང་བའི་བླངས་འདས་དང་། རྒྱུག་མཆོངས་དང་ཀུན་ཏུ་རྩེ་བ་ལྟ་བུ་ནི་དེའི་ཕྱོགས་མཐུན་ནོ། །མི་ཚངས་པར་སྤྱོད་པ་ནི་འདོད་པའི་གཞི་ལས་བྱུང་བའི་བླངས་འདས་དང་། འབྱིན་པ་རེག་པ་འཕྲིག་ཚིག་བསྙེན་བཀུར་བསྔགས་པ་རྣམས་ནི་དེའི་ཕྱོགས་མཐུན་ནོ། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་གཉིས་ནི་གནོད་པའི་གཞི་ལས་བྱུང་བའི་བླངས་འདས་དང་། བརྡེག་པ་དང་། བརྡེག་པར་གཟས་པ་དང་། ཟན་གཅོད་དུ་འཇུག་པ་རྣམས་ནི་དེའི་ཕྱོགས་མཐུན་ནོ། །མི་ཚངས་པར་སྤྱོད་འདོད་ཀྱི་བུད་མེད་དང་ལྷན་གཅིག་ཉལ་བ་ནི་གནས་པའི་གཞི་ལས་བྱུང་བའི་བླངས་འདས་དང་། མི་ཚངས་པར་སྤྱོད་འདོད་མེད་པར་བུད་མེད་དང་ལྷན་གཅིག་ཉལ་བ་དང་། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཉལ་བ་ནི་དེའི་ཕྱོགས་མཐུན་ནོ། །མཁན་པོ་དང་སློབ་དཔོན་ལ་མ་གུས་པ་ནི་མ་གུས་པའི་གཞི་ལས་བྱུང་བའི་ཕྱོགས་མཐུན་དང་། གསོ་སྦྱོང་དང་དགག་དབྱེ་མི་བྱེད་པ་ནི་མི་སྦྱོང་བའི་གཞི་ལས་བྱུང་བའི་ཕྱོགས་མཐུན་ཡིན་ལ། འདི་གཉིས་ནི་སྡོམ་པ་ཐ་དག་འཇིག་པའི་ཕྱོགས་དང་མཐུན་པའོ། །འོ་ན་ཕམ་པས་ཉམས་པ་དེ་ལྟུང་བ་སྡེ་ལྔའི་གཞི་ལ་སྦྱར་བས་ཉེས་བྱས་ལས་ལྷག་པར་མི་བསྐྱེད་པ་ངེས་སམ་སྙམ་ན། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་ཏེ། འདྲ་བ་ཞེས་པ་གཞིར་བཞག་ནས། གང་འདྲ་ན། བསླབ་པ་སྦྱིན་བྱ་སྤྱོད་བཞིན་པའི་དགེ་སློང་ནི་འདྲ། གང་དང་འདྲ་ན་དགེ་སློང་རྣམ་དག་དང་འདྲ། གང་ལ་འདྲ་ན་སྡེ་ལྔ་བསྐྱེད་པའི་རྟེན་ལ་འདྲ། ཇི་ལྟར་འདྲ་ན་དགེ་སློང་རྣམ་དག་དེས་སྡེ་ལྔའི་གཞི་ལ་སྦྱོར་བ་ལས་སྦྱོར་བའི་ལྟུང་བ་དང་། དངོས་གཞི་དང་། མཐར་ཐུག་གི་ལྟུང་བ་གསུམ་གསུམ་བསྐྱེད་པ་བཞིན་དུ། བསླབ་བྱིན་དགེ་སློང་གིས་ཀྱང་སྡེ་ལྔའི་གཞི་ལ་སྦྱོར་བ་ལས་ལྟུང་བ་དེ་གསུམ་བསྐྱེད་པའོ། །དེའི་དམིགས་བསལ་ནི། དབྱེན་བྱེད་དང་དེ་རྗེས་ཕྱོགས་པའི་ལྟུང་བ་མི་བསྐྱེད་དེ། བསླབ་བྱིན་ལས་ཀྱི་ཁ་སྐོང་དུ་མི་རུང་བའི་ཕྱིར་རོ། །ཁ་ཅིག་ལས་གྲལ་ནས་མ་སྨྲས་པར་འགྲོ་བའི་ལྟུང་བ་ཡང་མེད་ཞེས་གསུངས་སོ། །འོ་ན་བསླབ་པ་བྱིན་པའི་དོན་གང་ཞེ་ན། སྔ་རབ་པ་ནི་ཕམ་པ་འཆབ་མེད་ཀྱིས་སྡོམ་པ་གཏོང་བས། ཡང་སྡོམ་པ་བླངས་ནས་སྔར་གི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་འདག་ཕྱིར་དུ་ཇི་སྲིད་འཚོའི་བར་དུ་བསླབ་པ་མནོས་ནས་སྤྱོད་དགོས་པར་བཞེད། མདོ་སྡེ་པས་ནི་འཆབ་སེམས་མ་གཏོགས་པའི་ཡན་ལག་གཞན་ཚང་གིས་བསྐྱེད་པའི་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་འདག་ཕྱིར་ཚེ་ཇི་སྲིད་འཚོའི་བར་དུ་བསླབ་པ་ནོད་པར་བཞེད། འདིར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནི་ཕམ་པ་འཆབ་བཅས་དང་འཆབ་མེད་གང་བྱུང་ཀྱང་སྡོམ་པ་མི་གཏོང་ཞིང་། འཆབ་མེད་ལ་ཕྱིར་བཅོས་རུང་བས་ཕམ་པ་འདག་ཕྱིར་དུ་ཚེ་ཇི་སྲིད་བར་དམན་སྤྱོད་དང་དུ་ལེན་ཅིང་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་བའི་བསླབ་པར་ནོས་ནས་སྤྱོད་པར་བཞེད་དོ། །བསླབ་བྱིན་དགེ་སློང་ཞེས་པ་ནི་མཚོན་པ་སྟེ། དགེ་ཚུལ་དང་དགེ་སློབ་མ་བསླབ་པ་བྱིན་པ་ཡང་ཡོད་དོ། །འོད་ལྡན་ལས། འོ་ན་ཅི་དགེ་ཚུལ་ལ་བསླབ་པ་བྱིན་པ་ཡང་ཡོད་དོ་ཅེ་ན། ཡོད་དོ་ཞེས་དང་། ཕྲན་ཚེག་ཊཱི་ཀ་ལས་དགེ་སློང་དག་ཇི་ལྟ་བུ་གཞན་ལ་ཡང་བསླབ་པ་བྱིན་ཅིག་ཞེས་གསུངས་སོ། །འདིའི་ཊཱི་ཀར་ཇི་ལྟར་དགེ་སློང་གིས་དགེ་སློང་ལ་བརྡེགས་པ་དང་། གཟས་པ་དང་། འགྱོད་པ་བསྐྱེད་པ་དང་། སྐྲོད་པ་ལ་སོགས་པ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ། དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་པའི་དོན་ལ། ཁ་ཅིག་སྒྲ་ཇི་བཞིན་པར་འཆད་པ་མི་འཐད་དེ། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཞེས་སོགས་དང་འགལ་བའི་ཕྱིར། ཁ་ཅིག་རྣམ་དག་གིས་རྣམ་དག་ལ་དེ་དག་བྱས་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ། བསླབ་བྱིན་གྱིས་བསླབ་བྱིན་ལ་དེ་དག་བྱས་པ་ལ་ལྟུང་བྱེད་དུ་འགྱུར་བའི་དོན་དུ་བཞེད་པ་ཡང་མི་འཐད་དེ། དེ་ལ་ནི་མ་ཡིན་ནོ་ཞེས་པ་དང་ཟློས་པར་འགྱུར་བའི་ཕྱིར། རང་ལུགས་ནི་བསླབ་བྱིན་དང་རྣམ་དག་ལྟུང་བ་བསྐྱེད་ཚུལ་འདྲ་སྟེ། རང་འགྲེལ་ལས་དགེ་སློང་གཞན་དག་ལྟུང་བ་ལ་སྦྱོར་བ་བཞིན་དུ་འདིས་ཀྱང་ལྷག་པར་སྤྱད་པས་དགེ་སློང་ལ་བརྡེག་པ་དང་། གཟས་པ་དང་། འགྱོད་པ་བསྐྱེད་པ་དང་། སྐྲོད་པར་བྱེད་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པའི་ཕྱིར། འོ་ན་རྣམ་དག་གི་ཡུལ་གྱི་དགེ་སློང་ལ་རྣམ་དག་དགོས་པ་བཞིན་དུ། བསླབ་བྱིན་གྱི་ཡུལ་གྱི་དགེ་སློང་ལ་བསླབ་བྱིན་ངེས་པར་དགོས་སམ་སྙམ་ན། བསླབ་བྱིན་གྱི་ཡུལ་ལ་རྣམ་དག་གིས་ཀྱང་བསྐྱེད་ཅེས་དོགས་སྤོང་ཡིན་པས། དེས་ན་རྣམ་དག་གིས་རྣམ་དག་ལ་བརྡེག་གཟས་སོགས་བྱས་པས་ལྟུང་བྱེད་དུ་འགྱུར་བ་བཞིན་དུ། བསླབ་བྱིན་གྱིས་དགེ་སློང་རྣམ་དག་ལ་དེ་དག་བྱས་ན་ཡང་ལྟུང་བྱེད་དུ་འགྱུར་ཞེས་འདོན་པ་བསྒྱུར་བར་བྱ་བ་ཡིན་ཏེ། བརྡེག་གཟས་ཀྱི་ལྟུང་བྱེད་བཤད་པའི་སྐབས་ཀྱི་འགྲེལ་པ་ལ། བྱ་འདུལ་ཆེན་པོས་དེ་ལྟར་མཛད་ཅིང་དཔེ་དོན་དེ་ལྟར་སྦྱོར་བ་གཞུང་གི་སྐབས་དང་ཡང་འགྲིག་གོ །འདྲ་བའི་རྒྱུ་མཚན་ནི་བསྙེན་པར་རྫོགས་པའི་སྡོམ་པ་དགོས་པ་སྒྲུབ་ནུས་དང་ལྡན་པའི་ཕྱིར་འདྲ་བ་བསྟན་པའི་དགོས་པ་ནི། བསླབ་བྱིན་ནི་རྣམ་གྲངས་ཀྱི་བསྙེན་པར་མ་རྫོགས་པ་ཡིན་པས་སྡེ་ལྔའི་དངོས་གཞི་མི་བསྐྱེད་དོ་སྙམ་པའི་དོགས་པ་བསལ་བ་དང་། བསླབ་པ་བྱིན་པ་ཡང་བསྙེན་པར་རྫོགས་པ་ཡིན་པས་དགེ་སློང་དང་འདྲ་བར་བསླབ་དགོས་པ་གོ་བ་དང་། ལུང་དུ་གཞི་དུ་མ་ལ་སྦྱར་བ་འདིར་སྤྱིར་བསྟན་ནས། ཚིག་ཚོགས་ཀྱུང་བའི་དགོས་པ་ཡང་ཡོད་དོ། །ཞར་བྱུང་ནི་འོ་ན་བསླབ་བྱིན་དེས་སྡེ་ལྔ་ཀ་བསྐྱེད་པའི་རྟེན་དུ་དགེ་སློང་རྣམ་དག་དང་འདྲ་ན། ཡུལ་ལ་ཡང་རྣམ་དག་དང་འདྲའམ་སྙམ་ན། བསྙེན་པར་མ་རྫོགས་པ་དང་ལྡན་པའམ་འདྲ་བ་ཉིད་ཀྱང་ཡིན་ནོ་ཞེས་ཏེ། འདྲ་ཞེས་པ་གཞིར་གཞག གང་འདྲ་ན་བསླབ་བྱིན་ནི་འདྲ། གང་དང་འདྲ་ན་བསྙེན་པར་མ་རྫོགས་པ་དགེ་ཚུལ་སོགས་དང་འདྲ། གང་ལ་འདྲ་ན་རྣམ་དག་གི་ཡུལ་ལ་འདྲ། ཇི་ལྟར་འདྲ་ན་རྣམ་དག་ལ་མ་རྫོགས་པས་འགྲུབ་པ་བྱིན་ལེན་སོགས་བསླབ་བྱིན་གྱིས་ཀྱང་འགྲུབ། མ་རྫོགས་པ་ཡུལ་དུ་བྱས་པས་བསྐྱེད་པ་འདོན་པའི་ལྟུང་བྱེད་སོགས་མ་རྫོགས་པ་སྤྱིས་བསྐྱེད་བཞི་ནི་བསླབ་བྱིན་གྱིས་ཀྱང་བསྐྱེད། རྣམ་དག་གིས་ཡུལ་དུ་མ་རྫོགས་པ་བྱས་པས་མི་བསྐྱེད་པ་ཕྲ་མ་བྱེད་པའི་ལྟུང་བྱེད་སོགས་བསླབ་བྱིན་གྱིས་ཀྱང་མི་བསྐྱེད་པའི་ཕྱིར། དམིགས་བསལ་ནི་སྐུར་འདེབས་ཀྱི་ལྟུང་བ་དངོས་གཞི་གསུམ་དང་། གནས་ངན་ལེན་བརྗོད་པ་དང་གནས་ངན་ལེན་འཆབ་པའི་ལྟུང་བྱེད་གཉིས་དང་ལྔ་པོ་བསླབ་བྱིན་ཡུལ་དུ་བྱས་པས་ཀྱང་བསྐྱེད་དོ། །འདྲ་བའི་རྒྱུ་མཚན་ནི། རྩ་བའི་ལྟུང་བ་བྱུང་ཞིང་དེའི་ཆད་ལས་ལ་གནས་དུ་ཚེ་བའི་ཕྱིར། འདྲ་བར་བསྟན་པའི་དགོས་པ་ནི། བསླབ་པ་བྱིན་པ་དེ་ཐམས་ཅད་དུ་དགེ་སློང་གཞན་དང་འདྲའོ་སྙམ་པའི་དོགས་པ་བསལ་ནས་བྱིན་ལེན་བསོག་འཇོག་སོགས་ལ་དགེ་སློང་རང་བཞིན་དུ་གནས་པ་གཞན་དང་མི་འདྲ་བར་གོ་བའི་ཆེད་ཡིན་ནོ། །ཊཱི་ཀར་མདོ་འདིས་ནི། དགེ་སློང་གཞན་གྱི་ཡུལ་ལ་དགེ་སློང་ཐ་མལ་པ་གཞན་དང་མི་འདྲ་བར་བསྟན་ནོ་ཞེས་སོ། །འོ་ན་བསླབ་བྱིན་དེས་བསླབ་བྱིན་གཞན་ལ་ལྟོས་ནས་ཀྱང་བསྙེན་པར་མ་རྫོགས་པ་དང་འདྲའམ་ཞེ་ན། དེ་ལ་ནི་མ་ཡིན་ནོ་ཞེས་ཏེ་བསླབ་བྱིན་དེ་ལྟར་མཚན་མཐུན་པའི་བསླབ་བྱིན་གཞན་ལ་ལྟོས་ནས་བསྙེན་པར་མ་རྫོགས་པ་དང་འདྲ་བ་མ་ཡིན་ཏེ། མ་རྫོགས་པས་བསླབ་བྱིན་གཞན་ལ་འགྲུབ་པ་བྱིན་ལེན་སོགས་བསླབ་བྱིན་གྱིས་མི་འགྲུབ། མ་རྫོགས་པ་ཡུལ་དུ་བྱས་པས་བསྐྱེད་པ་འདོན་པའི་ལྟུང་བྱེད་སོགས་བསླབ་བྱིན་གྱིས་མི་བསྐྱེད། བསླབ་བྱིན་གཞན་གྱིས་མ་རྫོགས་པ་ཡུལ་དུ་བྱས་པས་མི་བསྐྱེད་པ་ཕྲ་མ་བྱེད་པའི་ལྟུང་བྱེད་སོགས་བསླབ་བྱིན་ཡུལ་དུ་བྱས་པས་བསྐྱེད་པའི་ཕྱིར། འདི་དག་གི་ཁུངས་ནི་བཙུན་པ་རེ་ཞིག་དགེ་སློང་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ་གསུམ་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་དགེ་སློང་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ་གསུམ་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་པ་བྱིན་པ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞིས་ཏེ་བཞི་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པས་གསོག་འཇོག་བྱས་པ་དང་། དགེ་སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གིས་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་པ་བྱིན་པ་མོ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞིས་ཏེ་བཞི་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་ཞེས་ཊཱི་ཀར་དྲངས་སོ། །འོ་ན་བསླབ་བྱིན་མོ་དེ་ཉམས་པ་ཡིན་ཞིང་། དགེ་སློབ་མ་དེ་རྣམ་དག་ཡིན་པས་བསླབ་བྱིན་མོ་དེ་དགེ་སློབ་མ་ལ་ལྟོས་ཏེ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཡིན་ནམ་སྙམ་ན། དགེ་སློབ་མ་ལ་ཡང་ངོ་ཞེས་ཏེ་བསླབ་བྱིན་མོ་དེ་དགེ་སློབ་མ་ལ་ལྟོས་ཏེ་བསྙེན་པར་མ་རྫོགས་པ་དང་འདྲ་བ་མ་ཡིན་ཏེ། བསླབ་བྱིན་མོས་བྱིན་ལེན་དང་གསོག་འཇོག་བྱས་པས་དགེ་སློབ་མས་བྱིན་ལེན་དང་གསོག་འཇོག་བྱས་པར་འགྱུར་ལ། འདོན་པའི་ལྟུང་བྱེད་སོགས་དགེ་སློབ་མ་ཡུལ་དུ་བྱས་པས་ཀྱང་བསྐྱེད་པའི་ཕྱིར། ལུང་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློབ་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། ལྔས་ཏེ་ལྔ་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློབ་མས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་ཞེས་གསུངས་སོ། །འདིར་ལྡན་པའི་དོན་འདྲ་བར་བཤད་པ་ནི། ལྡན་པ་དང་འདྲ་བ་གཉིས་ཀའི་སྐད་དོད་ཝ་ཏུ་ཅེས་འབྱུང་ལ། དེ་ཉིད་ཝ་ཏུ་རྐྱེན་ཅན་དུ་བཤད་པའི་ཚེ་དང་ལྡན་པ་དང་། ཝ་ཏིའི་ཀྱི་རྐྱེན་ཅན་དུ་བཤད་པའི་ཚེ་འདྲ་བ་ལ་འཇུག་སྟེ། རྣམ་འགྲེལ་དུ་ཏཾ་དྭཾ་ཏྲ་ཅེས་པའི་སམ་སྐྲྀ་ཏའི་སྒྲ་གཅིག་ཉིད་ལ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་དང་། དེ་བཞིན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་འགྱུར་གཉིས་འབྱུང་བ་བཞིན་ནོ། །གཉིས་པ་བསམ་པའི་ཡན་ལག་སེལ་བ་དང་བཅས་པ་ལ་གསུམ་སྟེ། གཞན་འདོད་དགག སྐབས་དོན་ལ་སྦྱར། རྟོགས་པར་བྱ་བའི་དོན་བཤད་པའོ། །དང་པོ་ནི། ཁ་ཅིག་འགྲོ་བ་གཞན་གྱི་རྣམ་པ་ཞེས་སོགས་ཀྱི་གཞུང་འདིས་བསམ་པའི་ཡན་ལག་སྟོན་པ་མ་ཡིན་གྱི། སྡེ་ལྔ་བསྐྱེད་པའི་རྟེན་སྡོམ་པ་གསོ་རུང་དང་ལྡན་པ་ལ་ལྡན་པར་འདུ་ཤེས་པ་དགོས་པར་སྟོན་ཏེ། འདིར་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་དང་། སུམ་བརྒྱ་པར། སྡོམ་བརྩོན་སྡོམ་བརྩོན་ཉིད་དུ་འདུ་ཤེས་ན། །དངོས་གཞིའོ་ཞེས་གསུངས་ཤིང་། སྡོམ་ལྡན་དུ་འདུ་ཤེས་ནས་ཉེས་སྤྱོད་ལ་འཇུག་པ་ན་ཁྱད་གསོད་འབྱུང་བའི་ཕྱིར་ཟེར་བ་ནི་མི་འཐད་དེ། བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཡང་མེད་དོ་ཞེས་གསུངས་ཤིང་། དེད་དཔོན་འཆང་བ་ཅན་གྱིས་བདག་ནི་ཉམས་པའོ་སྙམ་ནས་མི་ཚངས་པར་སྤྱོད་པ་ལས་ཕམ་པར་འགྱུར་བར་གསུངས་པའི་ཕྱིར། ལྟུང་བ་བསྐྱེད་པའི་རྒྱུར་ཁྱད་གསོད་དགོས་པ་ཡང་མི་འཐད་དེ། མི་ཤེས་པ་དང་བག་མེད་པ་ཡང་ལྟུང་བ་འབྱུང་བའི་རྒྱུར་བཤད་པའི་ཕྱིར། གཉིས་པ་སྐབས་དོན་ལ་སྦྱར་བ་ནི། ཁ་ཅིག་ལྟུང་བ་སྡེ་ལྔ་བསྐྱེད་པ་ལ་ཤེས་པ་རང་བཞིན་དུ་གནས་པ་དགོས་ཟེར་བ་མི་འཐད་དེ། འདིར་འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་དང་དགེ་སློང་གི་འདུ་ཤེས་ཡོད་པ་གཉིས་སྦྱར་ནས་གསུངས་པའི་ཕྱིར་དང་། འདི་བསྡུས་པའི་ཞུ་བར་བཙུན་པ་དགེ་སློང་བདག་ཉིད་དུད་འགྲོའི་སྐྱེ་གནས་སུ་བསྒྱུར་བར་འགྱུར་ཏེ། མིའི་སྲོག་དང་བྲལ་བར་བྱས་ན་ཅིར་འགྱུར། ཉེ་བར་འཁོར་བདག་ནི་དགེ་སློང་ཡིན་ལ་བྱ་བ་མ་ཡིན་པ་བྱེད་སྙམ་དུ་འདུ་ཤེས་ན་མཐར་འགྱུར་རོ་ཞེས་གཟུགས་གཞན་དུ་བསྒྱུར་བ་ལ་དོགས་པ་བཅད་པའི་ཕྱིར་རོ། །འོ་ན་ཤེས་པ་རང་བཞིན་དུ་མི་གནས་པས་ལྟུང་བ་ལ་སྦྱར་ན་ཅིར་འགྱུར་ཞེ་ན། ཤེས་པ་རང་བཞིན་དུ་མི་གནས་པ་ལ་བརྒྱད་དེ། སྨྱོ་བ། སེམས་འཁྲུགས་པ། ཚོར་བས་གཟིར་བ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་བརྗེད་པ་དང་བཞི། གཉིད་ལོག་པ། སྙོམས་པར་ཞུགས་པ། ར་རོ་བ། དེའི་དོད་ཐུབ་དང་བཞིའོ། །དང་པོ་བཞིའི་སྐབས་སུ་སྦྱོར་ལྟུང་དང་དངོས་གཞིའི་ལྟུང་བ་གཏན་མེད། ཕྱི་མ་བཞིའི་སྐབས་སུ་ལྟུང་བ་གསར་དུ་ཀུན་ནས་སློང་བ་མེད་ཀྱང་སྐབས་གཞན་དུ་སྦྱོར་བ་བྱས་ཏེ། དེ་རྣམས་ཀྱི་སྐབས་སུ་མཐར་ཐུག་འགྲུབ་པ་ཡོད་དེ། བུད་མེད་དང་གནས་གཅིག་ཏུ་ལྷན་ཅིག་གཉིད་ལོག་ནའོ་ཞེས་དང་། ཁང་པ་བྱེད་དུ་བཅུག་ནས་སྙོམས་པར་ཞུགས་པའི་ཚེ་ཁང་པ་གྲུབ་ན་དགེ་འདུན་ལྷག་མར་གསུངས་པའི་ཕྱིར། གསུམ་པ་རྟོགས་བྱའི་དོན་བཤད་པ་ནི། ཁ་ཅིག་སྲོག་གཅོད་བཞི། མ་བྱིན་ལེན་ཕམ་ལྷག་དང་པོ་གཉིས་ལས་གཞན་པའི་ལྟུང་བ་བསྐྱེད་པ་ལ་གཟུགས་གཞན་དུ་མ་བསྒྱུར་བ་དགོས་ཤིང་། བདུན་པོ་དེ་ལ་གཟུགས་བསྒྱུར་མ་བསྒྱུར་འདྲ་ཞེས་ཟེར་བ་མི་འཐད་དེ། བམ་ལྔ་ལས་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་པོ་ཐམས་ཅད་ལ་དགེ་སློང་གིས་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་ན་ན་སྨད་པ་མེད་ཅེས་རེ་རེ་ལ་སྦྱར་ནས་གསུངས་པའི་ཕྱིར། གཞན་ཡང་བདུན་པོ་ལས་གཞན་པའི་ལྟུང་བ་བསྐྱེད་པ་ལ་གཟུགས་གཞན་དུ་མ་བསྒྱུར་བ་མི་དགོས་པར་ཐལ། འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་དགེ་སློང་གི་འདུ་ཤེས་ཡོད་པ་དེ་ལྟུང་བ་ལ་སྦྱོར་བས་དགེ་སློང་གཞན་དང་འདྲ་བར་ལྟུང་བ་རྫོགས་པར་བསྐྱེད་པའི་ཕྱིར་ཏེ། ཊཱི་ཀར་དགེ་སློང་སྔགས་དང་སྨན་ལ་སོགས་པའི་དབང་གིས་འགྲོ་བ་གཞན་གྱི་རྣམ་པ་ཞེས་བྱ་བ་དུད་འགྲོ་ལ་སོགས་པའི་གཟུགས་སུ་བསྒྱུར་བས་གཟུགས་དེས་མི་ཚངས་པར་སྤྱོད་པ་ལ་སོགས་པའི་བྱ་བ་མ་ཡིན་པ་བྱེད་པ་དེའི་ཚེ་བདག་ནི་དགེ་སློང་ཡིན་ནོ་སྙམ་དུ་འདུ་ཤེས་པར་གྱུར་ནས་ལྟུང་བ་ལ་སྦྱོར་བ་ནི་དགེ་སློང་གཞན་དང་འདྲ་བ་ཉིད་དེ། ཇི་ལྟར་དགེ་སློང་གཞན་ལྟུང་བ་ལ་སྦྱོར་བ་ལ་གཞི་ཇི་ལྟར་བ་ལས་ཁ་ན་མ་ཐོ་བར་འགྱུར་བ་བཞིན་དུ་དེ་ལ་ཡང་འགྱུར་རོ་ཞེས་སྡེ་ལྔ་ཀ་བསྐྱེད་པ་ལ་སྦྱར་ནས་གསུངས་པའི་ཕྱིར། འོན་ཀྱང་བལ་ཁུར་བ་དང་ས་བོན་འཇོམས་པའི་ལྟུང་བྱེད་སོགས་གཟུགས་བསྒྱུར་བས་ལྟུང་བ་མི་རྫོགས་པ་འགའ་ཞིག་ལ་དམིགས་བསལ་དགོས་སོ། །འོ་ན་མི་མིན་མིར་སྤྲུལ་པ་དེས་སྡོམ་པ་བླངས་ཀྱང་མི་སྐྱེ་བས་དགེ་སློང་གིས་མི་མ་ཡིན་དུ་སྤྲུལ་པའི་ཚེ་སྡོམ་པ་འཇིག་ཅིང་དེའི་དབང་གིས་ལྟུང་བ་ཡང་མེད་དམ་སྙམ་ན་ཞེས་པའམ། ཡང་གཟུགས་མ་བསྒྱུར་བ་ལ་ལྟུང་བ་རྫོགས་མོད་བསྒྱུར་བ་ལ་ཅིར་འགྱུར་ཞེ་ན། འགྲོ་བ་ཞེས་སོགས་སྨོས་ཏེ་དགེ་སློང་གིས་སྔགས་རྫས་སོགས་ཀྱི་མཐུས་མིའི་འགྲོ་བ་ལས་གཞན་དུ་དུད་འགྲོ་ལྟ་བུའི་རྣམ་པའམ་དབྱིབས་བསྟེན་པ་ན་བདག་ནི་དགེ་སློང་ཡིན་ནོ་སྙམ་དུ་དགེ་སློང་གི་འདུ་ཤེས་ཡོད་པ་ན། དགེ་སློང་གཞན་དུ་འདྲ་བར་ལྟུང་བ་རྫོགས་པར་བསྐྱེད་དོ། །དེའི་ཚེ་དགེ་སློང་གི་འདུ་ཤེས་མེད་ན་ཅིར་འགྱུར་སྙམ་ན། མེད་ན་ནི་ན་སྨད་པ་ཉིད་དོ་ཞེས་ཏེ་དགེ་སློང་གིས་སྔགས་རྫས་སོགས་ཀྱིས་དུད་འགྲོར་བསྒྱུར་བའི་ཚེ་བདག་ནི་དགེ་སློང་ངོ་སྙམ་པའི་འདུ་ཤེས་མེད་ཅིང་དུད་འགྲོ་དེ་ཉིད་དུ་འདུ་ཤེས་ན་ན་སྨད་པ་ཉིད་དོ་སྔར་གི་སྦྱོར་ལྟུང་ཙམ་དུ་འགྱུར་གྱི། མཐར་ཐུག་གི་ལྟུང་བ་མེད་དེ་དེའི་ཚེ་ཤེས་པ་རང་བཞིན་མི་གནས་པར་སོང་བའི་ཕྱིར་རོ། །གསུམ་པ་ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅས་པ་ལ་གཉིས་ཀྱི། དང་པོ་སྤྱི་དོན་ལ་གཉིས་ཏེ། གཙོ་བོ་མ་ཡིན་པའི་དོན་དང་། གཙོ་བོའི་དོན་ནོ། །དང་པོ་ལ། སྡོམ་གསུམ་རིམ་གྱིས་མནོས་པའི་དགེ་སློང་དེ་ལ་སྡོམ་པ་གསུམ་ཇི་ལྟར་ལྡན་པའི་ཚུལ་དང་། དེས་ལྟུང་བ་ཇི་ལྟར་བསྐྱེད་པའི་ཚུལ་གཉིས་ལས། དང་པོ་ནི། ཁ་ཅིག་སྡོམ་པ་སྤོང་སེམས་ཡིན་པས་སྡོམ་པ་གཞན་གཉིས་བག་ལ་ཞ་བའི་ཚུལ་དུ་ལྡན་ཞེས་ཟེར་བ་མི་འཐད་དེ། བསྟན་བཅོས་འདིའི་ལུགས་ཀྱི་སྡོམ་པ་གཟུགས་ཅན་དུ་ཁས་ལེན་དགོས་པའི་ཕྱིར་ཏེ། མཛོད་དུ། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་དང་། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །ཞེས་དང་། བམ་ལྔ་ལས་དགེ་སློང་གི་སྡོམ་པ་རིག་བྱེད་མ་ཡིན་པའི་གཟུགས་སུ་གསུངས་པའི་ཕྱིར། རང་ལུགས་ནི། སྡོམ་པ་གཟུགས་ཅན་ཡིན་པས་དེའི་རྒྱུད་ལ་སྡོམ་གསུམ་ངོ་བོ་ཐ་དད་དུ་ཡོད་དེ། མཛོད་དུ། ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་པའི་ཕྱིར། དཔེར་ན་དགེ་སློང་གི་སྤོང་བདུན་ངོ་བོ་ཐ་དད་དུ་གནས་པ་བཞིན་ནོ། །གཉིས་པ་དེས་ལྟུང་བ་ཇི་ལྟར་བསྐྱེད་པའི་ཚུལ་ལ་ཁ་ཅིག་སྡོམ་གསུམ་རིམ་གྱིས་མནོས་པའི་དགེ་སློང་དེས་མི་གསད་ན་དགེ་སློང་གི་བསླབ་པ་དང་འགལ་བའི་ཆ་ནས་ཕམ་པ། དགེ་ཚུལ་གྱི་བསླབ་པ་དང་འགལ་བའི་ཆ་ནས་ཕམ་འདྲའི་ཉེས་བྱས། དགེ་བསྙེན་གྱི་བསླབ་པ་དང་འགལ་བའི་ཆ་ནས་བསོད་ནམས་མ་ཡིན་པ་དང་གསུམ་བསྐྱེད་ཅིང་། དགེ་ཚུལ་གྱི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས་ནས་དགེ་སློང་གི་དུས་སུ་མཐར་ཐུག་གྲུབ་ན་དགེ་ཚུལ་གྱི་སྡོམ་པ་དང་འགལ་བའི་ཕམ་འདྲའི་ཉེས་བྱས་དང་། དགེ་སློང་གི་སྡོམ་པ་དང་འགལ་བའི་སྦོམ་པོ་གཉིས་འབྱུང་ཞེས་ཟེར་བ་ལ། གཞན་དག་ན་རེ་དེ་ལ་ཕམ་པ་སོགས་གསུམ་བསྐྱེད་པ་མི་འཐད་དེ། དེ་ལྟར་བསྐྱེད་པའི་བཅས་པ་མ་མཛད་པའི་ཕྱིར་ཏེ། དེ་འདྲའི་བཅས་པ་མཛད་པ་ལ་དགོས་པ་མེད་པའི་ཕྱིར་ཏེ། མི་བསད་པས་ཕམ་པ་བསྐྱེད་པའི་བཅས་པ་མཛད་པས་ཉེས་སྤྱོད་ལས་བཟློག་མི་ནུས་ན་ཕམ་འདྲའི་ཉེས་བྱས་དང་བསོད་ནམས་མ་ཡིན་པར་འགྱུར་ཞེས་བཅས་པས་བཟློག་མི་ནུས་པའི་ཕྱིར། གཞན་ཡང་། ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་དེས། ཕམ་པ་འཆབ་མེད་འདག་ཕྱིར་དུ་བསླབ་པ་སྤྱོད་པ་ལས་ལོགས་སུ་ཕམ་འདྲའི་ཉེས་བྱས་འཆབ་མེད་འདག་ཕྱིར་དུ་ཡང་བསླབ་པ་སྤྱོད་དགོས་པར་ཐལ། དེ་ལ་ཕམ་པ་འཆབ་མེད་དང་ཕམ་འདྲའི་ཉེས་བྱས་འཆབ་མེད་གཉིས་ཀ་བྱུང་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན་ཕམ་པའི་བསླབ་པ་སྤྱོད་པའི་ཆ་ནས་དགེ་སློང་རྣམས་ཀྱི་གྲལ་ཞབས་སུ་འཁོད་པར་བྱ་བ་དང་། ཕམ་འདྲའི་ཉེས་བྱས་ཀྱི་བསླབ་པ་སྤྱོད་པའི་ཆ་ནས་དགེ་ཚུལ་རྣམས་ཀྱི་གྲལ་ཞབས་སུ་འཁོད་རིགས་པར་འགྱུར་རོ། །གཞན་ཡང་། དགེ་ཚུལ་གྱི་དུས་སུ་མི་གསོད་པའི་སྦྱོར་བ་བྱས་ནས་དགེ་སློང་གི་དུས་སུ་མཐར་ཐུག་གྲུབ་པའི་དགེ་སློང་དེ་རྣམ་དག་ཡིན་ནམ་མ་ཡིན། དང་པོ་ལྟར་ན་མ་ཡིན་པར་ཐལ། རྩ་ལྟུང་བྱུང་བའི་ཕྱིར། ཕྱི་མ་ལྟར་ན་ཕམ་པ་བྱུང་བར་ཐལ། རྩ་ལྟུང་བྱུང་བའི་ཆ་ནས་དགེ་སློང་རྣམ་དག་མ་ཡིན་པའི་ཕྱིར། ཕམ་པ་མ་བྱུང་བ་དགོས་མེད་དུ་ཐལ། དགེ་སློང་རྣམ་དག་མིན་པའི་ཕྱིར། ཞེས་ཟེར་བ་ལ་ལན་རིམ་པ་བཞིན། དགེ་སློང་གིས་མི་བསད་པས་ཕམ་པ་དང་། ཉེས་བྱས་དང་། སྦོམ་པོ་གསུམ་བསྐྱེད་པའི་བཅས་པ་གསུམ་མཛད་པ་དོན་མེད་པར་ཐལ། མི་བསད་པའི་ཕམ་པར་འགྱུར་བའི་བཅས་པ་མཛད་པས་ཉེས་སྤྱོད་ལས་བཟློག་མ་ནུས་ན་སྦོམ་པོ་དང་ཉེས་བྱས་ཀྱི་བཅས་པ་མཛད་པས་བཟློག་མི་ནུས་པར་མཚུངས་པའི་ཕྱིར། གཞན་ཡང་། དགེ་སློང་གིས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བས་སྦོམ་པོར་འགྱུར་བའི་བཅས་པ་དོན་མེད་པར་ཐལ། མཚམས་མེད་དུ་འགྱུར་བར་བསྟན་པས་བཟློག་མ་ནུས་ན། སྦོམ་པོའི་བཅས་པ་མཛད་པས་བཟློག་མི་ནུས་པའི་ཕྱིར། གཞན་ཡང་། སྡོམ་གསུམ་རིམ་གྱིས་མནོས་པའི་དགེ་སློང་དེས་དགེ་སློང་གི་བསླབ་པའི་གནས་རྣམས་ལས་མི་འདའ་བར་བྱའོ་སྙམ་པའི་བསྲུང་སེམས་ལས་ལོགས་སུ་དགེ་ཚུལ་གྱི་བསླབ་པ་བསྲུང་སེམས་བསྟེན་དགོས་པར་ཐལ། དེས་སྡོམ་པ་གསུམ་ཆར་བསྲུང་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན་དེ་དགེ་ཚུལ་གྱི་སྡོམ་པ་བསྲུང་བའི་ཆ་ནས་དགེ་ཚུལ་གྱི་བསླབ་གྲལ་དང་། དགེ་སློང་གི་སྡོམ་པ་བསྲུང་བའི་ཆ་ནས་དགེ་སློང་གི་བསླབ་གྲལ་དུ་འཇོག་རིགས་པར་ཐལ་ལོ། །ཡང་ཁྱེད་ལྟར་ན། ཕམ་འདྲའི་ཉེས་བྱས་འཆབ་མེད་བྱུང་བའི་དགེ་ཚུལ་བསྙེན་པར་རྫོགས་པའི་དགེ་སློང་དེ་རྣམ་དག་ཡིན་ནམ་མ་ཡིན་དྲིས་ན་སྔར་གྱི་སྐྱོན་དེ་ཁྱེད་ལ་ཡང་མཚུངས་སོ། །དེས་ན་རང་ལུགས་ནི། དེས་རྒྱུད་ལ་སྡོམ་པ་གསུམ་ཀ་མངོན་གྱུར་དུ་ཡོད་ཀྱང་འོག་མ་གཉིས་ཀྱི་ཕྱེད་པ་བག་ལ་ཞ་བའི་ཚུལ་དུ་གནས་ཏེ། ཉི་མ་དང་ཟླ་བའི་འོད་བཞིན་ནོ། །དེས་ན་དགེ་སློང་གིས་མི་བསད་པའི་ཚེ་ཕམ་པ་ཁོ་ན་བསྐྱེད་ཀྱི། ཕམ་འདྲའི་ཉེས་བྱས་དང་། བསོད་ནམས་མ་ཡིན་པ་ནི་མི་བསྐྱེད་དོ། །གཉིས་པ་གཙོ་བོའི་དོན་བཤད་པ་ལ་ལྔ་སྟེ། ཁྱབ་པ། ངོ་བོ། སེལ་བ། ཅིར་འགྱུར། རྒྱུ་མཚན་ནོ། །དང་པོ་ནི། ཁ་ཅིག་ལྟུང་བ་རྒྱུན་ལྡན་རྣམས་ལ་ཁྱབ་པ་ཡིན་གྱི། རེག་པའི་ལྷག་མ་ལྟ་བུ་རྒྱུན་དང་མི་ལྡན་པ་རྣམས་ལ་ཁྱབ་པ་མ་ཡིན་ཏེ། དེ་ལ་ཚིག་ཐ་དད་ཀྱི་སེལ་བ་མེད་པའི་ཕྱིར། ཚིགས་འཕོ་བ་ལ་ཡུན་རིང་དུ་འགོར་ཞིང་རེག་པའི་ལྷག་མ་ལྟ་བུ་ལ་མེད་མི་རུང་གི་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པ་ཆེས་མྱུར་བའི་ཕྱིར་ཞེས་ཟེར་བ་ལ། གཞན་དག་ན་རེ་དེ་ལ་ཚིགས་ཐ་དད་ཀྱི་སེལ་བ་མེད་པ་མི་འཐད་དེ། བརྗོད་པ་གསུམ་པ་རྫོགས་པ་དང་རེག་པ་ཉམས་སུ་མྱོང་བ་དུས་མཉམ་པ་སྲིད་པའི་ཕྱིར་དང་། ཚིགས་མར་འཕོ་བ་ལ་ཚིགས་ཐ་དད་ཀྱི་སེལ་བ་ཡོད་དེ། བསླབ་པ་ཕུལ་བ་དང་རེག་པ་མྱོང་བ་དུས་མཉམ་པ་ཡོད་པའི་ཕྱིར་ཏེ། བསླབ་པ་ཕུལ་བའི་དོན་གོ་བ་དང་རེག་པ་མྱོང་བ་དུས་མཉམ་པ་སྲིད་པའི་ཕྱིར་ཟེར་བ་ལ། ཁ་ཅིག་རེག་པའི་དུས་སུ་རེག་པ་སྤོང་འདོད་ཡོད་དམ་མེད། ཡོད་ན་ཚིགས་ཕྱི་མ་ལ་སྦོམ་པོར་འགྱུར་བ་འགལ། མེད་ན་ཡན་ལག་ངེས་པའི་བར་ཆད་ཡོད་པས་སྡོམ་པ་མི་སྐྱེའོ་ཞེས་ཟེར་རོ། །རང་ལུགས་ལ་བརྗོད་པ་གསུམ་པ་རྫོགས་ཁ་མར་རེག་པ་མྱོང་བའི་དུས་སུ་ཆགས་སེམས་དྲག་པོ་སྐྱེས་ན་སྡོམ་པ་མི་སྐྱེ་སྟེ། སྒྲེན་མོ་དང་། འཁྲུགས་པ་དང་། མཚན་དུག་མ་དག་ལ་ཡང་མི་སྐྱེ་ཞེས་གསུངས་པའི་ཕྱིར། ཕྲན་ཚེགས་འགྲེལ་དུ་གཅུང་མཛེས་དགའ་ལ་སྡོམ་པ་སྐྱེས་པ་དང་། ཆགས་སེམས་ཀྱིས་འཁྲུགས་པ་ལ་སྡོམ་པ་མི་སྐྱེ་བར་བཤད་པའི་འགལ་སྤོང་དང་བཅས་པ་གསུངས་པའི་ཕྱིར། ཁྱབ་པའི་དོན་ཡང་ལྟུང་བ་རྒྱུན་དང་ལྡན་མི་ལྡན་མཐའ་དག་ལ་ཁྱབ་པ་ཡིན་ཏེ། དངོས་གཞིའི་ལྟུང་བ་བསྐྱེད་པ་ལ་ཚིག་གཅིག་པ་ཡན་ལག་ཏུ་དགོས་པའི་ཕྱིར། གཉིས་པ་ངོ་བོ་ནི། སྡོམ་པའི་ཚིག་གཅིག་གི་སྟེང་དུ་མེད་མི་རུང་གི་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པ་ནི་ངོ་བོ་ཡིན་ནོ། །གསུམ་པ་སེལ་བ་ལ། ཁ་ཅིག་འདིར་ཚིགས་ཀྱི་སེལ་བ་མི་འཐད་དེ། ལྟུང་བ་བསྐྱེད་པ་ལ་ཚིག་གཅིག་པ་ཡན་ལག་ཏུ་མི་དགོས་པའི་ཕྱིར་ཏེ། ལུང་ཞུ་བ་ལས་ཕམ་པ་དང་པོ་གསུམ་དང་འབྱིན་པ། འཁྲིག་ཚིག་བསྙེན་བཀུར་བསྔགས་པ་སྨྱན། ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་སོགས་ལ་ཚིགས་སྔ་མ་ལ་སྦྱོར་བ་བྱས་ནས་ཕྱི་མ་ལ་མཐར་ཐུག་གྲུབ་པ་ཡོད་པར་གསུང་པའི་ཕྱིར། ཡང་དགེ་ཚུལ་གྱི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས་ནས་དགེ་སློང་གི་རྟེན་ལ་མཐར་ཐུག་གྲུབ་པ་ན་ཕམ་པར་འགྱུར་བ་ཡིན་ཏེ། ཕམ་པ་དང་ཕམ་འདྲའི་ཉེས་བྱས་གཉིས་མིང་ཐ་དད་མ་གཏོགས་བྱེད་ལས་གཅིག་པས་ལྟུང་བ་མཉམ་པའི་ཕྱིར་བྱེད་པ་གཅིག་སྟེ་བསླབ་པ་སྤྱད་པའི་སྒོ་ནས་ཕྱིར་བཅོས་བྱ་དགོས་པར་མཚུངས། སྡོམ་པ་ཕྱིས་བླངས་ཀྱང་མི་སྐྱེ་བར་མཚུངས་པའི་ཕྱིར་ཞེས་ཟེར། འོ་ན་ས་རྐོ་བའི་ལྟུང་བྱེད་དང་ས་ཉམས་པ་བསྐོས་པའི་ཉེས་བྱས་གཉིས་བྱེད་པ་གཅིག་པས་ལྟུང་བ་མཉམ་པར་ཐལ། དེ་གཉིས་ཆོས་བརྒྱད་ལ་ཕྱིར་བཅོས་བྱེད་དགོས་པར་མཚུངས། ལས་ལམ་ལ་སྒྲིབ་པར་མཚུངས་པའི་ཕྱིར་ཏེ། གལ་ཏེ་ལྟུང་བྱེད་དང་ཉེས་བྱས་གཉིས་མིང་རིགས་ཐ་དད་པས་མི་མཚུངས་སོ་ཞེ་ན། ཕམ་པ་དང་ཕམ་འདྲའི་ཉེས་བྱས་ཀྱང་མིང་རིགས་ཐ་དད་པ་མིན་ནམ། གཞན་ཡང་། དགེ་སློང་གི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས་ནས། དགེ་སློང་གི་བསླབ་རྒྱུན་གཞན་ལ་མཐར་ཐུག་གྲུབ་པ་ལ་ཕམ་པར་འགྱུར་བར་ཐལ། དགེ་ཚུལ་གྱི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས་ནས་སྦྱོར་བ་དེའི་དབང་ཙམ་གྱིས་དགེ་སློང་གི་རྟེན་ལ་མཐར་ཐུག་གྲུབ་པ་ན་ཕམ་པར་འགྱུར་བའི་ཕྱིར། རྟགས་ཁས། འདོད་ན། ཉེས་པ་དེ་མེད་པ་ལ་འོང་བ་ནི་ཐ་དད་ཅེས་གསུངས་པ་དང་འགལ་ལོ། །གཞན་ཡང་། ལུང་དུ་བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་པ་མི་འཐད་པར་ཐལ། དེ་ལ་ཚིགས་ཀྱི་སེལ་བ་མེད་པའི་ཕྱིར། རྟགས་ཁས། ལུང་ཞུ་བར་ཕམ་པ་དང་པོ་གསུམ་སོགས་ཚིགས་སྔ་མ་ལ་སྦྱོར་བ་བྱས་ནས་ཕྱི་མ་ལ་མཐར་ཐུག་གྲུབ་པ་གསུངས་པས་མི་གནོད་དེ། དེ་ནི་ཚིག་སྔ་མ་ལ་རང་གི་སྦྱོར་བ་ཡོད་ཅིང་ཕྱི་མ་ལ་མེད་མི་རུང་གི་ཉེ་སྦྱོར་ཡོད་པ་ལ་དགོངས་པས་སོ། །ཁ་ཅིག་འདིའི་སེལ་བ་ནི་འདུན་པ་ལོག་པའི་སེལ་བ་ཡིན་ཏེ། བསྙེན་པར་རྫོགས་འདོད་བུད་མེད་ལ་རེག་པའི་ཚེ་རེག་པ་སྤོང་བའི་སེམས་ཡོད་དམ་མེད། མེད་ན་ཡན་ལག་མེད་པའི་བར་ཆད་དུ་འགྱུར་བས་སྡོམ་པའི་ཚིགས་འཕོ་བ་མི་འཐད་པས་ཚིགས་ཀྱི་སེལ་བར་མི་འགྱུར་ཞིང་། ཡོད་ན་འདུན་པ་ལོག་པའི་སེལ་བ་འགྱུར་གྱི། ཚིགས་ཀྱི་སེལ་བར་བྱེད་པ་མི་འཐད་དོ་ཞེ་ན། སྤྱིར་སྤང་བྱ་སྤོང་སེམས་སྐྱེས་པ་ཙམ་གྱིས་ཉེས་སྤྱོད་ཀྱི་བྱ་བ་ལ་ཞུགས་པའི་འདུན་པ་ལོག་པ་མ་ཡིན་ཏེ། མཛོད་འགྲེལ་ལས་ལས་ཀྱི་ལམ་གྱི་སྦྱོར་བ་བྱས་ནས་འཕགས་ལམ་སྐྱེས་ན་ལས་ཀྱི་ལམ་དུ་མི་འགྱུར་ཏེ། རྟེན་འགལ་བའི་ཕྱིར་ཞེས་གསུངས་པས་དེའི་ཤུགས་ལ་དུད་འགྲོ་གསོད་པའི་སྦྱོར་བ་བྱས་པའི་ཚོགས་སྦྱོར་བ་ལྟ་བུའི་རྒྱུད་ལ་དུད་འགྲོ་བསད་པའི་ལས་ལམ་སྐྱེ་བར་བསྟན་པའི་ཕྱིར། སྤང་བྱ་རེ་རེ་ནས་སྤོང་སེམས་རེ་རེ་དགོས་ན། འོ་ན་ད་ལྟ་སྡོམ་པ་སྐྱེ་བ་མི་སྲིད་པར་ཐལ། སྤང་བྱ་མཐའ་ཡས་པའི་ཕྱིར། རང་ལུགས་འདིའི་སེལ་བ་ནི་ཚིགས་ཀྱི་སེལ་བ་ཡིན་ནོ། །བཞི་པ་ཅིར་འགྱུར་ལ། ལྟུང་བ་སྡེ་བཞི་ལ་སྦྱོར་བ་འཕེན་པས་འགྲུབ་ལ། མཐར་ཐུག་འཕེན་པས་མི་འགྲུབ་པ། མཐར་ཐུག་འཕེན་པས་འགྲུབ་ལ། སྦྱོར་བ་འཕེན་པས་མི་འགྲུབ་པ། གཉིས་ཀ་འཕེན་པས་མི་འགྲུབ་པ། གཉིས་ཀ་འཕེན་པས་འགྲུབ་པ་དང་མུ་བཞི་སྟེ། དང་པོ་ནི། སློང་བ་དང་སློང་རིགས་ཀྱི་སྤང་བ་ལྟ་བུའོ། །གཉིས་པ་ནི། ཁང་པ་དང་ཁང་ཆེན་གྱི་ལྷག་མ་དང་སྟན་བྱེད་པའི་སྤང་བ་ལྟ་བུའོ། །གསུམ་པ་ནི། འབྱིན་པའི་ལྷག་མ་དང་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་ལྟ་བུའོ། །བཞི་པ་ནི་སྲོག་གཅོད་པའི་ཕམ་པ་ལྟ་བུའོ། །འོ་ན་དེ་དག་གི་དོན་གང་ཞེ་ན། ལྟུང་བ་དེའི་མཐར་ཐུག་གི་སྔ་ལོགས་དེ་མ་ཐག་དེར་མེད་མི་རུང་གི་སྦྱོར་བ་མི་དགོས་པར་ལྟུང་བ་བསྐྱེད་པ་ནི་སྦྱོར་བ་འཕེན་པས་འགྲུབ་པ་ཡིན་ལ། སྔ་ལོགས་དེ་མ་ཐག་དེར་ངེས་པར་མེད་མི་རུང་གི་སྦྱོར་བ་དགོས་པ་ནི་སྦྱོར་བ་འཕེན་པས་མི་འགྲུབ་པ་དང་། མཐར་ཐུག་འགྲུབ་པ་རང་ཉིད་ཀྱིས་ཤེས་པ་ལ་མ་ལྟོས་པར་གཞན་ལ་གྲུབ་པས་ལྟུང་བ་བསྐྱེད་པ་ནི་མཐར་ཐུག་འཕེན་པས་འགྲུབ་པ་དང་། མཐར་ཐུག་གྲུབ་པ་རང་ཉིད་ཀྱིས་ངེས་པར་ཤེས་དགོས་པ་ནི་མཐར་ཐུག་འཕེན་པས་མི་འགྲུབ་པའོ། །དེ་ལྟར་བཞི་ཡོད་པ་ལས་ཁ་ཅིག་སྦྱོར་མཐར་གཉིས་ཀ་འཕེན་པས་མི་འགྲུབ་པར་མི་ཚངས་སྤྱོད་སོགས་དང་། མཐར་ཐུག་འཕེན་པས་འགྲུབ་ལ་སྦྱོར་བ་འཕེན་པས་མི་འགྲུབ་པ་ཁང་པ་ཁང་ཆེན་སོགས་ལ་ལྟུང་བ་ན་སྨད་དུ་འགྱུར་ཏེ། ཚིགས་ཕྱི་མ་ལ་སྦྱོར་བ་མེད་ཀྱང་ལུས་ངག་གི་བྱེད་པ་ཡོད་པའི་ཕྱིར། སྦྱོར་བ་འཕེན་པས་འགྲུབ་ལ་མཐར་ཐུག་འཕེན་པས་མི་འགྲུབ་པ་སློང་དང་སློང་རིགས་སོགས་ཀྱི་སྤང་བ་ལ་བསྡམ་བྱའི་ཉེས་བྱས་ཙམ་དུ་འགྱུར་ཏེ། ལུས་ངག་གི་བྱེད་པ་མེད་པར་ཡིད་ཉེས་སྤྱོད་ལ་ཞུགས་པ་ཙམ་ཡོད་པའི་ཕྱིར། ཁྱབ་སྟེ། སུམ་བརྒྱ་པར། སེམས་བསྐྱེད་པ་ནི་བསྡམ་བྱ། །ཞེས་གསུངས་པའི་ཕྱིར། སྦྱོར་མཐར་གཉིས་ཀ་འཕེན་པས་འགྲུབ་པ་སྲོག་གཅོད་ལྟ་བུ་ལ་ལྟུང་བ་གཏན་མེད་དུ་འགྱུར་ཏེ། བསྙེན་པར་རྫོགས་པའི་ཚེ་ལུས་ངག་གི་བྱེད་པ་དང་བསམ་པ་གང་ཡང་མེད་པའི་ཕྱིར་ཞེས་ཟེར་རོ། །བསྡམ་བྱའི་ཉེས་བྱས་སུ་འགྱུར་བ་དང་ལྟུང་མེད་དུ་འགྱུར་བ་མི་འཐད་དེ། སྦྱོར་མཐར་གཉིས་ཀ་འཕེན་པས་འགྲུབ་པ་མ་བྱིན་ལེན་ལྟ་བུའི་དབང་དུ་བྱས་ནས་བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་རྐུ་བར་བྱེད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཁོ་ན་རེ་བསྡམ་བྱའི་ཉེས་བྱས་སུ་འགྱུར་བ་ལ་དགོངས་སོ་ཞེས་ཟེར་ན། མི་འཐད་དེ་དེ་ལྟར་ཡིན་ན་སྐབས་འདིར་ལྟུང་བ་ན་སྨད་དུ་འགྱུར་བའི་ཤེས་བྱེད་དུ་ལུང་དེ་དྲངས་པ་ལ་འབྲེལ་མེད་པའི་ཕྱིར། ཁོ་ན་རེ་མ་བྱིན་ལེན་གྱི་སྦྱོར་མཐར་གཉིས་ཀ་འཕེན་པས་འགྲུབ་པ་མ་གྲུབ་སྟེ། མ་བྱིན་ལེན་གྱི་མཐར་ཐུག་འགྲུབ་པ་ཐོབ་བློ་སྐྱེ་བ་ལ་ལྟོས་པའི་ཕྱིར། ཞེས་པ་ཡང་མི་འཐད་དེ། ཁྱེད་ཀྱིས་ཐོབ་བློ་རྐུ་སེམས་སུ་ཁས་བླངས་ལ། ཊཱི་ཀ་ལས་དེའི་ཕྱིར་རམ་དེའི་རྒྱུར་བརྐུས་པ་ཡིན་གྱི། བསྙེན་པར་རྫོགས་པར་བྱེད་པའི་དུས་ན་བརྐུ་བའི་བྱ་བ་ཡང་མེད་པ་ལ་ནི་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །བུ་དྲོ་་་་་་ཁ་ཅིག་སྦྱོར་བ་སྔ་མ་ན་སྨད་ཞེས་པའི་དོན་དུ་བསམས་ནས། དགེ་ཚུལ་གྱི་རྟེན་ལ་མིའི་རྫས་རིན་ཐང་ཚང་བ་རྐུ་བའི་སྦྱོར་བ་བྱས། དགེ་སློང་གི་དུས་སུ་མཐར་ཐུག་གྲུབ་པ་ན་སྔར་གྱི་སྦྱོར་བའི་ཉེས་བྱས་དེ་སྦོམ་པོར་སོང་བར་བཞེད་པ་ཡང་མི་འཐད་དེ། སྐབས་འདིའི་ལྟུང་བ་དེ་ན་སྨད་པ་མ་ཡིན་པར་ན་སྟོད་པ་ཡིན་པར་ཐལ། སྐབས་འདིའི་ན་སྨད་དེ་ཉེས་བྱས་སྦོམ་པོར་སོང་བ་ལ་བྱེད་རིགས་པའི་ཕྱིར། ལྔ་པ་རྒྱུ་མཚན་ནི། ལུང་དུ་བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་། བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པའི་ཕྱིར། གཉིས་པ་ཡན་ལག་གི་དོན་ནི། འོ་ན་ལུས་བསྒྱུར་བ་ལ་དེ་ལྟར་ཡིན་མོད། ཚིགས་སྔ་ཕྱི་ལ་ཇི་ལྟར་ཡིན་ཞེ་ན། ཚིགས་སྔ་མ་དགེ་ཚུལ་གྱི་རྟེན་ལ་ལྟུང་བ་འབྱུང་རུང་གི་སྦྱོར་བ་བྱས་ནས་སྦྱོར་བ་དེའི་རྐྱེན་ཙམ་གྱིས་དགེ་སློང་གི་རྟེན་ལ་མཐར་ཐུག་གྲུབ་ན་ཡང་ངོ་སྟེ་ན་སྨད་དུ་འགྱུར་རོ། །དཔེར་ན་དགེ་ཚུལ་ལམ་དགེ་སློབ་མའི་དུས་སུ་མི་གསོད་པའི་སྦྱོར་བ་བྱས་ནས་དེའི་རྐྱེན་ཙམ་གྱིས་དགེ་སློང་གི་དུས་སུ་མི་དེ་ཤི་ན་སྲོག་གཅོད་ཀྱི་སྦོམ་པོར་འགྱུར་བ་ལྟ་བུའོ། །འོ་ན་དགེ་སློང་གི་རྟེན་ལ་སྦྱོར་བ་བྱས་ནས་དགེ་ཚུལ་གྱི་རྟེན་ལ་མཐར་ཐུག་གྲུབ་པ་ལ་ཅིར་འགྱུར་ཞེ་ན། ཕྱི་མ་དགེ་སློང་གི་ཚིགས་ནི་སྔ་མ་དགེ་ཚུལ་གྱི་ཚིགས་དེ་དང་ལྡན་པ་ཉིད་ཡིན་པས་དགེ་སློང་གི་རྟེན་ལ་སྦྱོར་བ་བྱས་ནས་དགེ་ཚུལ་གྱི་དུས་སུ་མཐར་ཐུག་གྲུབ་ན་མཐར་ཐུག་གི་རྟེན་དེ་ལ་བཅས་རིགས་གང་ཡོད་ཀྱི་ལྟུང་བ་རྫོགས་པར་བསྐྱེད་དོ། །དཔེར་ན་དགེ་སློང་གི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས་ནས་བསླབ་པ་ཕུལ་ཏེ་དགེ་ཚུལ་དུ་བབས་པའི་ཚེ་མཐར་ཐུག་གྲུབ་ན་ཕམ་འདྲའི་ཉེས་བྱས་བསྐྱེད་པ་བཞིན་ནོ། །ཞར་བྱུང་ནི་སྔར་རྣམ་འབྱེད་ཀྱི་སྐབས་སུ་ལྟུང་བ་བསྐྱེད་པའི་གཞིའི་ཡན་ལག་ཏུ་བཤད་པ་དེའམ། དེ་དང་འདྲ་བ་ལ་སྤྱད་པས་ལྟུང་བར་འགྱུར་གྱི་དེ་ལས་བཟང་བ་ལ་མི་འགྱུར་རམ་སྙམ་ན། སྲིན་བལ་ལ་སྟན་བྱས་ན་སྤང་བར་འགྱུར། ཞེས་སྔར་རྫས་བཀག་པ་དེ་བས་བཟང་བ་མོན་དར་ལ་སྟན་བྱེད་ན་ཡང་བཀག་པ་ཡང་དེ་དང་ལྡན་པ་ཉིད་ཡིན་པས་སྤང་ལྟུང་དུ་འགྱུར་རོ། །སྲིན་བལ་དང་རིན་ཐང་འདྲ་བ་དུ་གུ་ལའི་རས་བལ་ལ་སྟན་བྱས་ན་ཡང་ངོ་སྟེ་སྤང་བར་འགྱུར་རོ། །རྫས་བཀག་པ་ཞེས་པའི་གཞུང་ཚན་གཉིས་པོ་འདི་ལ་ཁ་ཅིག སྲིན་བལ་འབའ་ཞིག་ཆ་གཉིས་དང་། །བལ་ཁུར་རྨེལ་དང་གསེར་དངུལ་རེག །མངོན་མཚན་ཉོ་ཚོང་བསོད་པ་སློང་། །ཁབ་རལ་ལས་གྱུར་ཁྱབ་པ་འོ། །ཞེས་ལྟུང་བ་བཅུ་གཅིག་ཁོ་ན་ལ་སྦྱོར་བ་མི་འཐད་དེ། བམ་ལྔ་ལས་དེས་ན་ལྟུང་བའི་ཕྱིར་ནི་རྫས་བཟང་པོ་ཡང་ངན་པ་དང་འདྲ་བས་བཟང་པོ་ལ་མི་ཚངས་པར་སྤྱོད་པ་ཡང་ངན་པ་ལ་སྤྱོད་པ་དང་འདྲ་ལ། བཟང་པོ་བརྐུས་པ་ཡང་ངན་པ་བརྐུས་པ་དང་འདྲ། རྫུན་བཟང་པོ་སྨྲས་པ་ཡང་ངན་པ་སྨྲས་པ་དང་འདྲ་བར་ལྟུང་བར་འགྱུར་བ་ལ་སོགས་པའི་ཚུལ་དུ་རིགས་པར་བྱའོ་ཞེས་དང་། འདྲ་བ་ལ་ཡང་ངོ་ཞེས་པའི་སྐབས་སུ། དེ་ཉིད་ལས། དེས་ན་ལྟུང་བའི་ཕྱིར་ན་རྫས་འདྲ་བ་གཅིག་བཀག་ན་དེ་དང་འདྲ་བ་གཞན་དགག་པའི་ཕྱིར་ཏེ། ལྟུང་བ་སྡེ་ལྔ་ལ་སོགས་པ་བསླབ་པའི་གཞི་ཐམས་ཅད་ལ་འདྲ་བ་གཅིག་བཀག་ན་འདྲ་བ་གཞན་བཀག་པར་འགྱུར་ཞིང་། རྫས་འདྲ་བ་གཅིག་ལས་འདས་ན་ལྟུང་བར་འགྱུར་བ་བཞིན་དུ་རྫས་འདྲ་བ་གཞན་ལས་འདས་ན་ཡང་ལྟུང་བ་དེ་ཉིད་དུ་འགྱུར་བར་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར། རང་ལུགས་ནི་ཡུལ་ཁྱད་པར་ཅན་རྙེད་དཀའ་ཞིང་འབྱུང་རིང་བས་དེ་ལ་ལྟུང་བ་རྫོགས་པར་མི་འགྱུར་རམ་ཞེ་ན། རྫས་ཞེས་པའི་གཞུང་ཚན་གཉིས་ནི་སྡེ་ལྔ་ཀ་ལ་སྦྱོར་ཏེ། རྒྱལ་པོའི་བཙུན་མོ་རིན་པོ་ཆེ་ལ་མི་ཚངས་པར་སྤྱད་ན་ཡང་ཕམ་པར་འགྱུར་བ་དང་། དེ་བཞིན་དུ་ནོར་བུ་དོན་ཞགས་བརྐུས་ན་ཡང་ཕམ་པ། མི་མཚན་དཔེས་བརྒྱན་པ་བསད་ན་ཡང་ཕམ་པ། ང་ནི་སངས་རྒྱས་ཡིན་ནོ་ཞེས་པ་ལྟ་བུའི་བརྫུན་སྨྲས་ཀྱང་ཕམ་པར་འགྱུར་བ་སོགས་ལ་སྦྱོར། ཁོ་ན་རེ་བཙུན་མོ་རིན་པོ་ཆེ་ལ་མི་ཚངས་པར་སྤྱོད་པས་ཕམ་པར་འགྱུར་བ་འདིར་བསྟན་མི་དགོས་པར་ཐལ། རྣམ་འབྱེད་ལས་བུད་མེད་ལ་མི་ཚངས་པར་སྤྱོད་པས་ཕམ་པར་འགྱུར་བ་བསྟན་ཟིན་ལ། བཙུན་མོ་རིན་པོ་ཆེ་ཡང་བུད་མེད་ལས་མ་འདས་པའི་ཕྱིར་ཞེ་ན། འོ་ན་འདུལ་བྱེད་ཀྱི་སྐབས་སུ་གསང་སྔགས་ཀྱིས་ཆུད་གསོན་པ་སྦོམ་པོར་འཆད་མི་རིགས་པར་ཐལ། གོང་དུ་རྣམ་འབྱེད་ཀྱི་སྐབས་སུ་ཆུད་གཟོན་པ་སྦོམ་པོར་བཤད་ལ། གསང་སྔགས་ཀྱིས་ཆུད་གཟོན་ཀྱང་ཆུད་གཟོན་པ་ལས་མ་འདས་པའི་ཕྱིར། འདྲ་བ་ལ་ཡང་ངོ་ཞེས་པའི་དོན་ཡང་སྒྲ་མི་སྙན་པའི་བུད་མེད་ལ་མི་ཚངས་པར་སྤྱད་ཀྱང་ཕམ་པར་འགྱུར་བ་སོགས་དང་། ལྷའི་རིན་པོ་ཆེ་ལ་རེག་ཀྱང་ལྟུང་བྱེད་དུ་འགྱུར་བ་སོགས་ལ་སྦྱོར། ལུང་ཞུ་བ་ལ་ལྷའི་རིན་པོ་ཆེ་ལ་རེག་པ་ཉེས་བྱས་སུ་བཤད་པ་ནི་ལྷའི་གནས་སུ་དུས་དྲན་མ་བྱས་པར་དེ་ལ་རེག་པའི་ཉེས་བྱས་ལ་དགོངས་པར་མངོན་ནོ། །བཞི་པ་མཚན་གྱི་ཡན་ལག་ཞར་བྱུང་དང་བཅས་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་དོན་ནོ། །དང་པོ་ལ་གཉིས་ཏེ། ལྟུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། ལྟུང་བའི་དབྱེ་བའོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། ཁ་ཅིག་དགེ་སློང་ཕ་མའི་དགེ་འདུན་གཉིས་ཀ་བསགས་ནས་བཅས་པའམ། གཅིག་ལ་བཅས་ནས་གཞན་ལ་བསྒྲགས་པ་ནི་བཅས་པ་ཐུན་མོང་བ་ཡིན་ཅིང་། དེ་ལས་འདས་པའི་ལྟུང་བ་ནི་ལྟུང་བ་ཐུན་མོང་བ་དང་། དེ་ལས་གཞན་པའི་ལྟུང་བ་རྣམས་ཐུན་མོང་མིན་པའོ་ཞེས་ཟེར་བ་མི་འཐད་དེ། གཞི་མེད་ཀྱི་སྐུར་འདེབས་དང་། བག་ཙམ་མི་གསལ་བ་དང་། དབྱེན་ལ་སོགས་པ་རྣམས་དགེ་སློང་མ་ལ་ཡང་ལོགས་སུ་བཅས་པའི་ཕྱིར། གཉིས་པ་རང་ལུགས་ནི། དགེ་སློང་ཕ་མ་གཉིས་ཀྱི་ཐུན་མོང་བའི་སྡོམ་གྱིས་བསྡུས་ཤིང་། དགེ་སློང་ཕ་མ་གཉིས་ལ་ལྟུང་བ་མིང་མཐུན་པ་དང་། ཆེ་ཆུང་མཐུན་པར་བཅས་པ་རྣམས་ནི་བཅས་པ་ཐུན་མོང་བ་ཡིན་ཞིང་། དེ་ལས་འདས་པའི་ལྟུང་བ་ནི་ལྟུང་བ་ཐུན་མོང་བ་ཡིན་ལ། དེ་ལས་གཞན་དུ་གྱུར་པའི་ལྟུང་བ་རྣམས་ཐུན་མོང་མ་ཡིན་པའོ། །གཉིས་པ་ལྟུང་བའི་དབྱེ་བ་ལ་གསུམ་སྟེ། མཚན་ཉིད་ཅི་འདྲ་བའི་ལྟུང་བ་དང་། རྗེས་སུ་མཐུན་པ་མིང་ཙམ་གྱི་ལྟུང་བ་དང་། ཐུན་མོང་མ་ཡིན་པའི་ལྟུང་བའོ། །དང་པོ་ནི། ལྟུང་བ་ཐུན་མོང་བ་ཡིན་ཞིང་ཡན་ལག་ཐུན་མོང་དུ་བཞག་པའོ། །གཉིས་པ་ནི། ལྟུང་བ་ཐུན་མོང་མ་ཡིན་ཞིང་ཐུན་མོང་མིན་པ་གཞིའི་ཡན་ལག་མི་མཐུན་པའོ། །དང་པོ་ལ་གསུམ་སྟེ། དབྱེ་བ། མཚན་གྱུར་ན་ཅིར་འགྱུར་བ། རྒྱུ་མཚན་ནོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ཕམ་པ་བཞི་དང་སྨྱན་ལ་སོགས་པ་ལྔ་བཅུ་རྩ་ལྔར་བཞེད། ཁ་ཅིག་དེའི་སྟེང་དུ་སྦེད་པའི་ལྟུང་བྱེད་དང་མ་གུས་པའི་ཕྱོགས་གཅིག་བསྣན་ནས་ལྔ་བཅུ་རྩ་བདུན་དུ་བཞེད་དེ། དེ་ཡང་། ཕམ་པ་བཞི་དང་སྨྱན་དང་གཞི་མེད་དང་། །བག་ཙམ་འཆང་བ་དང་ནི་འཇོག་པ་དང་། །སློང་ལ་སོགས་པ་ལྔ་དང་གསེར་དངུལ་དང་། །མངོན་མཚན་ཉོ་ཚོང་ལྷུང་བཟེད་ཚོང་སྤོགས་གསུམ། །བརྫུན་དང་འདོན་དང་མི་ཆོས་བདེན་སྨྲ་དང་། །ས་བོན་འདེབས་དང་རིམ་གཉིས་ཕྱོགས་གཅིག་དང་། །འདུག་གནས་ལ་སོགས་གསུམ་དང་དུས་མིན་ཟས། །བྱིན་ལེན་མ་བྱས་སྲོག་ཆགས་བཅས་སྤྱོད་དང་། །གཅེར་བུ་དམག་གསུམ་མེ་རེག་མ་རྫོགས་དང་། །ཁ་མ་བསྒྱུར་དང་ལོངས་པ་ཁྲུས་བྱེད་དང་། །དུད་འགྲོ་རྩེ་དང་སྦེད་དང་གཞི་མེད་དང་། །རྐུན་མ་བསྐོ་དང་མགྲོན་གཉེར་རིང་འདུག་དང་། །མ་གུས་ཕྱོགས་གཅིག་ཆང་དང་དུས་མིན་འགྲོ། །ཕྱི་དྲོ་གྲོང་རྒྱུ་རྒྱལ་པོའི་ཕོ་བྲང་འཇུག །ཁབ་རལ་གདིང་དང་གཡན་པ་བདེ་གཤེགས་གོས། །ཞེས་པའི་སྡོམ་མཛད་དོ། །མ་གུས་ཕྱོགས་གཅིག་འདྲེན་པ་མི་རིགས་ཏེ། དེ་ལྟར་ན་སྐྲོད་པའི་ཕྱོགས་གཅིག་དང་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ཀྱི་ཕྱོགས་གཅིག་ཀྱང་རྗེས་སུ་མཐུན་པའི་མིང་ཙམ་དུ་འདྲེན་རིགས་པར་འགྱུར་རོ། །དེའི་དམིགས་བསལ་ལ་ཁ་ཅིག་དགེ་སློང་གི་ཕོའི་དབང་པོས་རེག་པ་མྱོང་བ་དང་། དགེ་སློང་མས་ཟག་བྱེད་ཀྱིས་རེག་པ་མྱོང་བ་གཉིས་མཚན་ཉིད་ཅི་འདྲ་བ་མ་ཡིན་ཞིང་། དགེ་སློང་གིས་དགེ་སློང་ཉམས་པ་ལ་སྐུར་པ་བཏབ་པའི་ལྷག་མ་དེ་མཚན་ཉིད་ཅི་འདྲ་བ་མ་ཡིན་ཏེ། ལྷག་མ་དེ་རྒྱུད་ལྡན་གྱི་དགེ་སློང་དེ་དགེ་སློང་མར་མཚན་གྱུར་པ་ན་སྦོམ་པོར་འགྱུར་བའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དགེ་སློང་མས་དགེ་སློང་ཉམས་པ་ལ་ཕམ་པས་སྐུར་བ་བཏབ་པ་ལ་ལྷག་མར་མི་འགྱུར་བའི་ཤེས་བྱེད་མེད་པའི་ཕྱིར། གཉིས་པ་རང་ལུགས་ནི། མ་གུས་པའི་ཕྱོགས་གཅིག་མ་གཏོགས་པའི་ལྔ་བཅུ་རྩ་དྲུག་ཏུ་དབྱེ་ཞིང་། སྦོད་པའི་ལྟུང་བྱེད་འདྲེན་རིགས་ཏེ། རབ་ཏུ་བྱུང་བའི་སྡེ་ལྔའི་ཡོ་བྱད་གང་ཡང་རུང་བ་སྦས་པ་ལས་དགེ་སློང་དང་དགེ་སློང་མ་ལ་ལྟུང་བྱེད་དུ་བསྟན་པའི་ཕྱིར། དམིགས་བསལ་ནི། དགེ་སློང་གི་ལྷུང་བཟེད་ཕུལ་དགུ་ཤོང་བ་ལས་ལྷག་པ་བཙལ་བའི་སྤང་ལྟུང་དེ་མཚན་ཉིད་ཅི་འདྲ་བ་མ་ཡིན་ཏེ། དེ་རྒྱུད་ལྡན་གྱི་དགེ་སློང་དགེ་སློང་མར་མཚན་གྱུར་པ་ན་ཉེས་བྱས་སུ་འགྱུར་བའི་ཕྱིར། དགེ་སློང་མས་ལྷུང་བཟེད་ཕུལ་དགུ་ཤོང་བ་ལས་ཆུང་བ་བཙལ་བའི་སྤང་བ་དེ་ཡང་མཚན་ཉིད་ཅི་འདྲ་བ་མིན་ཏེ། དེ་རྒྱུད་ལྡན་གྱི་དགེ་སློང་མ་དགེ་སློང་དུ་མཚན་གྱུར་པ་ན་ཉེས་བྱས་སུ་འགྱུར་བའི་ཕྱིར། གཉིས་པ་མཚན་གྱུར་ན་ཅིར་འགྱུར་བ་ནི། མཚན་ཉིད་ཅི་འདྲ་བའི་ལྟུང་བའི་སྦྱོར་བ་བྱེད་བཞིན་པ་མཚན་གྱུར་ན་ལྟུང་བ་དེ་ཉིད་དུ་འགྱུར་ཞིང་། དེ་རྒྱུད་ལྡན་མཚན་གྱུར་ན་ཡང་སོ་ན་གནས་སོ། །གསུམ་པ་རྒྱུ་མཚན་ནི། དེ་ལྟར་འགྱུར་ཏེ་དགག་བྱ་དང་བཅས་པ་མཚུངས་ཤིང་། ཡན་ལག་ཐུན་མོང་དུ་ཚང་བར་མཚུངས་པའི་ཕྱིར། གསུམ་པ་ཐུན་མོང་མ་ཡིན་པའི་ལྟུང་བ་ལ། ཤ་སླ་་་་་་ཁ་ཅིག་ཐུན་མོང་མ་ཡིན་པའི་ལྟུང་བ་བསྐྱེད་པ་ལ། མཚན་དེ་ཉིད་ལ་སྦྱོར་བ་བྱས་ནས་མཚན་དེ་ཉིད་ལ་མཐར་ཐུག་གྲུབ་པ་དགོས་པས་ཐུན་མོང་མིན་པའི་ལྟུང་བའི་སྦྱོར་བ་བྱེད་བཞིན་པ་མཚན་གྱུར་པ་དང་། རྒྱུད་ལྡན་མཚན་གྱུར་ན་ལྟུང་བ་ཆུང་བའམ་མེད་པར་འགྱུར་ཞེས་གསུངས་པ་མི་འཐད་དེ། དགེ་སློང་མ་འབྱིན་པའི་སྦྱོར་བ་བྱེད་བཞིན་མཐར་ཐུག་གྲུབ་པ་དང་མགོ་མཉམ་དུ་དགེ་སློང་དུ་མཚན་གྱུར་ན་འབྱིན་པའི་ལྟུང་བྱེད་དུ་འགྱུར་ཏེ། འབྱིན་པའི་ལྟུང་བྱེད་རྒྱུད་ལྡན་གྱི་དགེ་སློང་མ་དགེ་སློང་དུ་མཚན་གྱུར་ན་ལྟུང་བྱེད་དེ་ཉིད་སོ་ན་གནས་པའི་ཕྱིར། ཁྱབ་རྟགས་གྲུབ་སྟེ། ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་དེ་ཉིད་ལས་སོ་ཞེས་དང་། ན་སྨད་པ་ནི་རང་གི་ཉིད་དོ་ཞེས་དང་། ཊཱི་ཀར། འདི་ལྟ་སྟེ་དཔེར་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བ་བྱེད་བཞིན་དུ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་ཁུ་བ་འབྱིན་པ་དེ་དགེ་སློང་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་གྱི། དགེ་འདུན་ལྷག་མ་ཉིད་དུ་མི་འགྱུར་བ་ལྟ་བུའོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་པ་ནི་མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཁོ་ནའི་དབང་དུ་བྱས་ནས་བྱེད་བཞིན་པ་མཚན་གྱུར་ན་ཅིར་འགྱུར་བ་དང་། རྒྱུད་ལྡན་མཚན་གྱུར་ན་ཅིར་འགྱུར་བ་དཔྱོད་པ་ཡིན་གསུང་བ་མི་འཐད་དེ། ན་སྨད་པའི་དོན་གྱིས་ཞེས་པའི་སྔ་འགྲེལ་དུ། དེ་ལྟར་སྤྱིར་བཏང་བ་བྱས་ནས་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ན་སྨད་པའི་དོན་གྱིས་སྦྱོར་བ་གང་ཡིན་པ་ཉིད་ལས་སོ། །ཞེས་བྱ་བ་སྨྲས་ཏེ་ཞེས་མཚམས་སྦྱར་བའི་ཕྱིར། གཞན་ཡང་གཞུང་དེ་མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་པར་ཐལ། འདིའི་སྐབས་སུ་ཐུན་མོང་མ་ཡིན་པའི་ལྟུང་བ་གཉིས་དཔེར་བྱས་ནས་བཤད་པའི་ཕྱིར་ཏེ། དེ་ལས་གལ་ཏེ་ན་ལྟུང་བ་ན་སྨད་པའི་ཞིང་ཉིད་དུ་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན་དགེ་སློང་ཁུ་བ་འབྱིན་པའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེའི་མཐར་ཐུག་གྲུབ་པ་དང་མགོ་མཉམ་དུ་དེ་དགེ་སློང་མར་མཚན་གྱུར་ན་དེ་ལ་སྦྱོར་བ་དེའི་དངོས་གཞི་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་དང་། དགེ་སློང་མས་ལུས་བརྐན་པའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེའི་མཐར་ཐུག་དང་མགོ་མཉམ་དུ་དེ་དགེ་སློང་དུ་གྱུར་ན་སྦྱོར་བ་དེའི་དངོས་གཞི་ཉེས་པ་སྦོམ་པོར་འགྱུར་བ་ལྟ་བུའོ་ཞེས་གསུངས་པའི་ཕྱིར། གཉིས་པ་གཞུང་དོན་ལ་གསུམ་སྟེ། སྤྱིར་བསྟན་པའི་ཚུལ་གྱིས་མདོར་བསྟན་པ་དང་། དམིགས་ཀྱིས་བསལ་བའི་ཚུལ་གྱིས་རྒྱས་པར་བཤད་པ་དང་། དེ་དག་གི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། ཚིགས་སྔ་མ་སྦྱོར་བ་བྱས་ཕྱི་མ་མཐར་ཐུག་གྲུབ་ན། ན་སྨད་དུ་འགྱུར་ན་མཚན་སྔ་མ་ལ་སྦྱོར་བ་བྱས། ཕྱི་མ་ལ་མཐར་ཐུག་གྲུབ་པ་ལ་ཅིར་འགྱུར་ཞེ་ན། མཚན་སྔ་མ་ལ་སྦྱོར་བ་བྱེད་བཞིན་པ་མཚན་འགྱུར་བ་ནི་མཚན་ཕྱི་མ་དེ་ལ་གང་གཞག་པའི་ལྟུང་བ་བསྐྱེད་པའི་ཞིང་ཡིན་ནོ། །དཔེར་ན་དགེ་སློང་མི་གསོད་པའི་སྦྱོར་བ་བྱེད་བཞིན་པ་དགེ་སློང་མར་མཚན་གྱུར་ན་ཕམ་པ་དང་། དགེ་སློང་ཁུ་བ་འབྱིན་པའི་སྦྱོར་བ་བྱེད་བཞིན་པ་དགེ་སློང་མར་མཚན་གྱུར་ན་ལྟུང་བྱེད་དུ་འགྱུར་བ་དང་། དགེ་སློང་མ་ལུས་བཀན་གྱི་སྦྱོར་བ་བྱེད་བཞིན་པ་དགེ་སློང་དུ་མཚན་གྱུར་ན་སྦོམ་པོར་འགྱུར་བ་བཞིན་ནོ། །གཉིས་པ་ནི། དེར་ངེས་སམ་ཞེ་ན། མཚན་སྔ་མ་ལ་ན་སྨད་པ་སྟེ་ལྟུང་བ་ཆུང་བའི་དོན་གྱི་སྦྱོར་བ་བྱེད་བཞིན་པ་མཚན་ཕྱི་མ་ལྟུང་བ་ཆེ་བའི་བཅས་པ་ཅན་དུ་མཚན་འགྱུར་ན་མཚན་སྔ་མའི་ལྟུང་བ་ཆུང་བ་དེ་ཉིད་དུ་འགྱུར་གྱི། མཚན་ཕྱི་མ་ལ་གཞག་པའི་ལྟུང་བ་ཆེ་བར་མི་འགྱུར་ཏེ། དཔེར་ན་དགེ་སློང་མ་འབྱིན་པའི་སྦྱོར་བ་བྱེད་བཞིན་པ་དགེ་སློང་དུ་མཚན་གྱུར་ན་ལྟུང་བྱེད་དུ་འགྱུར་བ་བཞིན་ནོ། །འོ་ན་རྒྱུད་ལྡན་མཚན་གྱུར་པ་ལས་ཅིར་འགྱུར་ཞེ་ན། ལྟུང་བ་བྱས་པ་རྒྱུད་ལྡན་མཚན་གྱུར་པ་ནི་མཚན་ཕྱི་མ་དེ་ལ་ལྟུང་བ་གང་གཞག་དེ་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་དགེ་སློང་མ་རེག་པའི་ཕམ་པ་རྒྱུད་ལྡན་དགེ་སློང་དུ་མཚན་གྱུར་ན་སྦོམ་པོར་འགྱུར་བ་དང་། དགེ་སློང་མ་འཆབ་པའི་ཕམ་པ་རྒྱུད་ལྡན་དགེ་སློང་དུ་མཚན་གྱུར་ན་ཉེས་བྱས་སུ་འགྱུར་བ་བཞིན་ནོ། །བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་པ་དེ་ལྟར་ངེས་སམ་ཞེ་ན། ལྟུང་བ་ན་སྨད་པ་སྟེ་ཆུང་བ་རྒྱུད་ལྡན་གྱི་ལྟུང་བ་ཆེ་བའི་བཅས་རིགས་ཅན་དུ་མཚན་གྱུར་ན་རང་གི་ཉིད་དེ་ལྟུང་བ་ཆུང་བ་དེ་ཉིད་སོ་ན་གནས་སོ། །དཔེར་ན་དགེ་སློང་མ་འབྱིན་པའི་ལྟུང་བྱེད་རྒྱུད་ལྡན་དགེ་སློང་དུ་མཚན་གྱུར་ན་ལྟུང་བྱེད་དེ་ཉིད་སོ་ན་གནས་པ་བཞིན་ནོ། །མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་བཤད་ན་དགེ་སློང་ལྷུང་བཟེད་ལྷག་པོ་བཅངས་ནས་ཞག་བཅུ་འདས་པར་མ་ལོན་པ་དགེ་སློང་མ་མཚན་གྱུར་ན་ལྷུང་བཟེད་འཆང་བའི་སྤང་བར་འགྱུར་རམ་སྙམ་ན། དགེ་སློང་ལྷུང་བཟེད་ལྷག་པོ་བཅངས་ནས་ཞག་བཅུ་འདས་པར་མ་ལོན་པ་དགེ་སློང་མར་མཚན་གྱུར་པ་ནི་དགེ་སློང་མ་དེས་ཉི་མ་དེ་ལ་ལྷུང་བཟེད་རྙེད་པའི་ཆ་ཉིད་ཡིན་པས་སྤང་བར་མི་འགྱུར་རོ། །གོས་ཀྱི་སེལ་བ་ནི། འདིས་དོགས་པ་བཅད་མི་དགོས་ཏེ་ཆོ་ག་འདྲ་བའི་ཕྱིར། འོ་ན་རྒྱུད་ལྡན་ལྟུང་བ་དེའི་བཅས་རིགས་མེད་པར་མཚན་གྱུར་པ་ལ་ཇི་ལྟར་ཡིན་ཞེ་ན། འཁོར་དང་འཁོར་མང་ཉེ་བར་འཇོག་པའི་ལྟུང་བྱེད་རྒྱུད་ལྡན་གྱི་དགེ་སློང་མ་ལྟུང་བ་དེའི་ཞིང་ཉིད་མ་ཡིན་པ་དགེ་སློང་ཉིད་དུ་མཚན་གྱུར་པ་ལ་ནི་ལྟུང་བ་དེ་ཉམས་ཤིང་ཞིག་གོ །གོས་བྱེད་པ་དང་མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་རྒྱུད་ལྡན་གྱི་དགེ་སློང་དགེ་སློང་མར་མཚན་གྱུར་པ་ལ་ཡང་དེ་ལྟར་སྦྱར་རོ། །བཅས་རིགས་ཅན་དུ་མཚན་གྱུར་ན་མི་ཉམས་པར་ངེས་སམ་ཞེ་ན། མཚན་གྱུར་པ་དེ་ལ་ལྷག་མ་སོགས་ཉེས་པ་བཅབ་པ་ཉམས་པ་མ་ཡིན་པ་མ་ཡིན་སྟེ། ཉམས་པ་ཡིན་ཏེ་དགེ་སློང་གིས་དགེ་སློང་མ་ལ་བཅབ་པ་ལ་ཡང་ལྟུང་བ་མེད་ཅིང་། དགེ་སློང་མས་དགེ་སློང་ལ་བཅབ་པ་ལ་ཡང་ལྟུང་བ་མེད་པའི་ཕྱིར། འོ་ན་ཕམ་པ་བཅབ་པའི་ཉེས་པ་ཡང་ཉམས་སམ་ཞེ་ན། རྒྱ་་་་་་ཁ་ཅིག་ཉམས་ཞེས་བཞེད་པ་ལ་གཞན་དག་ན་རེ། སྲོག་གཅོད་པ་ཕམ་པ་འཆབ་བཅས་བྱུང་བའི་དགེ་སློང་མ་དགེ་སློང་དུ་མཚན་གྱུར་པ་དེ་བསླབ་པ་ཕུལ་ནས་སྡོམ་པ་བླངས་ན་སྐྱེ་བར་ཐལ། དེ་ལ་ཕམ་པ་འཆབ་བཅས་ཀྱིས་ཉམས་པའི་ཕྱིར་ཞེས་བྱ་བ་མི་འཐད་དེ། ཕམ་པ་འཆབ་བཅས་བྱུང་བའི་དགེ་སློང་བསླབ་པ་ཕུལ་ནས་ཁྱིམ་པར་བབས་པའི་ཁྱིམ་པ་དེས་སྡོམ་པ་བླངས་ན་སྐྱེ་བར་ཐལ། དེ་ལ་ཕམ་པ་འཆབ་བཅས་མེད་པའི་ཕྱིར། ཁྱབ་པ་ཁས་སོ། །འཆབ་སེམས་བསྐྱེད་ཚུལ་ལ། བམ་ལྔར་མཚམས་ནང་དེ་ན་མཐོལ་ཡུལ་གྱི་དགེ་སློང་ཡོད་ན་འཆབ་སེམས་སྐྱེས་པ་ཙམ་གྱིས་འཆབ་བཅས་སུ་འགྱུར་ལ། མེད་ན་འཆབ་སེམས་སྐྱེས་ཀྱང་མི་འགྱུར་བར་གསུངས་སོ། །འོ་ན་ལྷག་མ་བཅབ་པའི་ཉེས་པ་རྒྱུད་ལྡན་མཚན་གྱུར་པ་ན་འཆབ་ཉེས་དེ་ཉམས་པས་དེ་འདག་པའི་ཕྱིར་དུ་སྔར་མནོས་པའི་སྤོ་བ་ཞིག་ཀྱང་ལྷག་མ་ཐུན་མོང་བ་རྒྱུད་ལྡན་མཚན་གྱུར་པ་ན་ལྷག་མ་དེ་མི་ཉམས་པར་ཡོད་པས་དེ་འདག་པའི་ཕྱིར་དུ་སྤྱོད་པའི་མགུ་བ་མི་ཉམས་སམ་ཞེ་ན། མགུ་བ་སྤྱོད་བཞིན་པ་མཚན་གྱུར་ན་ལྷག་མ་མ་ཉམས་ཀྱང་སྔར་མགུ་བ་རིལ་གྱིས་སམ་ཆ་ཤས་ཀྱི་སྤྱད་པ་དོན་མེད་པ་ཉིད་ཡིན་ཏེ། དེ་མ་སྤྱད་པ་དང་འདྲ་བས་ཡང་མགུ་བ་མནོས་ནས་སྤྱོད་དགོས་པའི་ཕྱིར། གསུམ་པ་ནི། མཚན་གྱུར་པ་ན་ལྟུང་བ་ཡོད་པ་མེད་པར་འགྱུར་བ་དང་། མེད་པ་དེ་ཡོད་པར་མི་འགྱུར་བ་དང་། ཆེ་བ་ཆུང་བར་འགྱུར་བ་དང་། ཆུང་བ་ཆེ་བར་མི་འགྱུར་བ་དང་། མགུ་བ་སྤྱོད་པ་དོན་མེད་པ་སོགས་སུ་འགྱུར་བའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། མཚན་གྱུར་པ་འདི་ལ་ཆོ་ག་སྟེ། བཅས་པ་རྣམས་གྱུར་ཅིང་འཕོས་པ་ཡིན་པའི་ཕྱིར། སྐབས་འདིར་ཁ་ཅིག་ན་སྨད་པའི་དོན་གྱི་ཞེས་པའི་གཞུང་ཚན་འདི་སྦྱོར་བ་ཆུང་ཆེའི་མུ་ཁོ་ན་འཆད་པ་ཡིན་ཞེས་པ་དང་། བྱས་པ་ནི་དེ་ཉིད་ཡིན་ཞེས་པ་འདི་ཐུན་མོང་མ་ཡིན་པ་དང་རྗེས་སུ་མཐུན་པའི་མིང་ཁོ་ནའི་དབང་དུ་བྱས་ནས་སྟོན་ལ། དེ་ཡང་ཆེ་ཆུང་གི་མུ་ཁོ་ན་སྟོན་ནོ་ཞེས་ཟེར་བ་མི་འཐད་དེ། བྱས་པ་ནི་ཞེས་པའི་གཞུང་འདིས་ཆེ་ཆུང་གི་མུ་ཁོ་ན་སྟོན་པ་ལ་མ་ཡིན་པར་ཐལ། ན་སྨད་པ་ནི་རང་གི་ཉིད་དོ་ཞེས་པ་ནི། བྱས་པ་ནི་ཞེས་པའི་དམིགས་བསལ་དུ་སྦྱར་བའི་ཕྱིར། ན་སྨད་པ་ནི་རང་གི་ཉིད་དུ་ཞེས་པའི་སྔ་འགྲེལ་དུ་རྣམ་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ཞེས་མཚམས་སྦྱར་བའི་ཕྱིར། བྱས་པ་ནི་དེ་ཉིད་ཅེས་པས་ཐུན་མོང་མ་ཡིན་པའི་ལྟུང་བ་དང་རྗེས་སུ་མཐུན་པ་མི་ཙམ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་པར་ཐལ། ན་སྨད་པ་ནི་རང་གི་ཞེས་པའི་འགྲེལ་པའི་མཇུག་སྡུད་ཀྱི་སྐབས་སུ། ཁ་ཅིག་ནི་མཉམ་པར་འགྱུར་བའང་ཡོད་དེ། དཔེར་ན་སྲོག་གཅོད་པ་ལ་སོགས་པ་ལྟ་བུའོ་ཞེས་གསུངས་པའི་ཕྱིར། དྲོ་་་་་་ཁ་ཅིག་བྱས་པ་ནི་ཞེས་པའི་གཞུང་འདི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་བྱེད་བཞིན་པ་ལ་ཅིར་འགྱུར་དཔྱོད་པ་ཡིན་ཞེས་གསུང་བ་མི་འཐད་དེ། དེ་མཚན་གྱུར་པ་ནི་ཞེས་པའི་སྐབས་སུ་དཔྱད་ཟིན་པའི་ཕྱིར། དེས་ན་འགྲེལ་པར་སྦྱོར་བ་དང་དངོས་གཞིའི་ཞིང་དུ་སྤྱིར་སྦྱར་ཞེས་པའི་སྦྱོར་བའི་ཞིང་ནི། ལྟུང་བ་ཆུང་བའི་ཞིང་ལ་བྱེད་ཀྱི། སྦྱོར་ལྟུང་མཚན་ཉིད་པའི་ཞིང་མ་ཡིན་ཏེ། འགྲེལ་པར་གལ་ཏེ་ན་ལྟུང་བ་ན་སྨད་པའི་ཞིང་ཉིད་དུ་འགྱུར་བའང་ཡོད་དེ་ཞེས་གསུངས་པའི་ཕྱིར། དངོས་གཞིའི་ཞིང་ཡང་ལྟུང་བ་རྫོགས་ཟིན་གྱི་ཞིང་ལ་བྱའོ། །དེའི་འོག་ཏུ་སྦྱོར་བའི་ཞིང་ཉིད་ཡིན་པ་སྟོན་ཞེས་གསུངས་པ་ནི་སྦྱོར་བ་མཚན་ཉིད་པའི་མ་ཡིན་གྱི། སྦྱོར་བ་དེས་མཚན་སྔ་མ་ལྟུང་བ་གང་བསྐྱེད་པའི་ཞིང་དུ་འགྱུར་བ་ལ་བྱེད་དགོས་ཏེ། སྦྱོར་ལྟུང་མཚན་ཉིད་པ་ཡིན་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་དང་། དེའི་འོག་ཏུ་དངོས་གཞིའི་ཞིང་ཡིན་པ་སྟོན་ཞེས་གསུངས་པ་ནི་ལྟུང་བ་གྲུབ་ཟིན་གྱི་ཞིང་ལ་བྱ་དགོས་ཏེ། སྒྲ་ཇི་བཞིན་པར་ཁས་ལེན་ན་འགྲེལ་པར་སྦྱོར་ལྟུང་དཔེར་བཤད་པར་མི་འཐད་པར་འགྱུར་རོ། །གཉིས་པ་ཡུལ་གྱི་ཡན་ལག་ནི། ལྟུང་བ་ཆུང་བའི་སྦྱོར་བ་བྱེད་བཞིན་པ་མཚན་གྱུར་ན། ཆུང་བ་དེ་ཉིད་བསྐྱེད་པར་ངེས་སམ་ཞེ་ན། མེད་མི་རུང་གི་སྦྱོར་བ་བྱེད་བཞིན་པ་དེའི་ཚེའམ། དེའི་གནས་སྐབས་ཀྱི་ཕོ་མོའི་ལུས་དེ་ལྟུང་བ་བསྐྱེད་པའི་བྱེད་པ་པོ་ཡིན་ཏེ། དཔེར་ན་དགེ་སློང་གིས་སྐྱེས་པ་ལ་རེག་པའི་སྦྱོར་བ་བྱེད་བཞིན་པ་དགེ་སློང་མར་མཚན་གྱུར་ན་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བྱེད་པ་ཡོད་ན་དེའི་ཚེ་སྐྱེས་པའི་ལུས་དེ་དགེ་སློང་མ་དེ་ལ་རེག་པའི་ཕམ་པ་བསྐྱེད་པའི་བྱེད་པ་པོ་ཡིན་གྱིས་སྦོམ་པོ་ཙམ་གྱི་བྱེད་པ་པོ་མ་ཡིན་པ་དང་། དགེ་སློང་གིས་སྐྱེས་པ་ལ་རེག་པའི་ཚེ་སྐྱེས་པ་བུད་མེད་དུ་མཚན་གྱུར་ནས་དགེ་སློང་དེས་བུད་མེད་ལ་རེག་པའི་སྦྱོར་བ་ཡོད་ན་དེའི་ཚེ་བུད་མེད་ཀྱི་ལུས་དེ་དགེ་སློང་དེ་ལ་རེག་པའི་ལྷག་མ་བསྐྱེད་པའི་བྱེད་པ་པོ་ཡིན་གྱི་སྦོམ་པོ་ཙམ་གྱི་བྱེད་པ་པོ་མ་ཡིན་པ་དང་། དགེ་སློང་མས་བུད་མེད་ཀྱི་ལུས་ལ་རེག་པའི་སྦྱོར་བ་བྱེད་བཞིན་པའི་ཚེ་དགེ་སློང་མ་དེ་དགེ་སློང་དུ་མཚན་གྱུར་ནས་དེས་བུད་མེད་ཀྱི་ལུས་ལ་རེག་པའི་སྦྱོར་བ་ཡོད་ན་དེའི་གནས་སྐབས་ཀྱི་བུད་མེད་ཀྱི་ལུས་དེ་དགེ་སློང་དེ་ལ་རེག་པའི་ལྷག་མ་བསྐྱེད་པའི་བྱེད་པ་པོ་ཡིན་གྱི་སྦོམ་པོ་ཙམ་གྱིས་བྱེད་པ་པོ་མ་ཡིན་པ་དང་། དགེ་སློང་མས་བུད་མེད་ལ་རེག་པའི་སྦྱོར་བ་བྱེད་བཞིན་པའི་ཚེ་བུད་མེད་སྐྱེས་པར་མཚན་གྱུར་ནས་དགེ་སློང་མ་དེས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བྱེད་པ་ཡོད་ན་དེའི་གནས་སྐབས་ཀྱི་སྐྱེས་པའི་ལུས་དེ་དགེ་སློང་མ་དེ་ལ་རེག་པའི་ཕམ་པ་བསྐྱེད་པའི་བྱེད་པ་པོ་ཡིན་གྱི་སྦོམ་པོ་ཙམ་གྱི་བྱེད་པ་པོ་མ་ཡིན་པ་ལྟ་བུའོ། །མིས་བསྐྱེད་པའི་ལྟུང་བ་རྣམས་བསྐྱེད་ནུས་ཀྱི་ཡན་ལག་ཏུ་གྱུར་པའི་མི་དེ་ལ་མིའི་ཕ་མ་ལས་སྐྱེས་པ་དགོས་སམ་སྙམ་ན། མིའི་འགྲོ་བ་ལས་གཞན་ཕ་མ་དུད་འགྲོ་སོགས་ལས་སྐྱེས་པའི་མི་ནི་མི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་པར་ཡིན་པས་མིས་བསྐྱེད་པའི་ལྟུང་བ་རྣམས་རྫོགས་པར་བསྐྱེད་དོ། །དེ་བཞིན་དུ་དུད་འགྲོ་དང་མི་མིན་ལ་ཡང་སྦྱོར་རོ། །རེག་པའི་ཕམ་པ་རྒྱུད་ལྡན་གྱི་དགེ་སློང་མ་དགེ་སློང་དུ་མཚན་གྱུར་ན་རིག་པའི་ཕམ་པ་སྦོམ་པོར་འགྱུར་བ་སོགས་ཀྱི་དོན་ནི་ངོ་བོ་འགྱུར་བ་མ་ཡིན་གྱི། རྟེན་དགེ་སློང་དང་ཕྲད་པའི་དབང་གིས་ཕམ་པའི་ཕྱིར་བཅོས་མི་འཇུག་པར་སྦོམ་པོའི་མིང་རིགས་ཀྱི་ཕྱིར་བཅོས་འཇུག་པ་ལྟ་བུ་ཡིན་པ་འགྲེལ་པ་ལས་བཤད་དོ། །དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ཞེས་པའི་འགྲེལ་པར། དགེ་སློང་གིས་ཡུལ་དགྲ་བཅོམ་མ་ཡིན་པའི་དུས་སུ་གསོད་པའི་སྦྱོར་བ་བྱས་པའི་འོག་ཏུ་དགྲ་བཅོམ་ཐོབ། འདུན་པ་ལོག་པའི་འོག་ཏུ་སྔར་གྱི་སྦྱོར་བའི་རྐྱེན་གྱིས་ཤི་ན་དགྲ་བཅོམ་གྱི་ལུས་དེ་དགེ་སློང་དེ་ལ་སྲོག་གཅོད་པའི་ལྟུང་བ་ཉི་ཚེའི་བྱེད་པ་པོར་གསུངས་པ་ནི། ཤ་མིས་སྦྱོར་ལྟུང་ལ་དགོངས་པ་གསུང་ཡང་མཐར་ཐུག་སྲོག་གཅོད་ཀྱི་ཕམ་པ་མི་འབྱུང་ཡང་སྦོམ་པོར་འགྱུར་བ་ལ་དགོངས་སོ། །འོ་ན་དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་དགེ་སློང་གི་འདུ་ཤེས་ཡོད་པ་དེ་ལྟུང་བ་བསྐྱེད་པའི་རྟེན་ལ་གཟུགས་མ་བསྒྱུར་བའི་དགེ་སློང་དང་འདྲ་ན་ཡུལ་གཟུགས་བསྒྱུར་བ་དེས་ཀྱང་མ་བསྒྱུར་བ་དང་འདྲ་བར་ལྟུང་བ་རྫོགས་པར་བསྐྱེད་དམ་ཞེ་ན། མི་འགའ་ཞིག་གི་སྔགས་རྫས་ཀྱིས་མིའི་འགྲོ་བ་ལས་གཞན་གྱི་རྣམ་པ་བསྟེན་པ་ཡང་མིའི་འགྲོ་བ་མ་ཡིན་པ་མ་ཡིན་པས་མི་དེར་འདུ་ཤེས་བསམ་གཞན་དུ་འདུ་ཤེས་པས་བསད་ཀྱང་མཐར་ཐུག་ལ་ཕམ་པ། སྦྱོར་བ་ལ་མིང་ཤེས་ཡོད་ན་སྦོམ་པོ། གཞན་དུ་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །དུད་འགྲོ་ལ་མཐར་ཐུག་ལྟུང་བྱེད་དང་། མི་མིན་ལ་མཐར་ཐུག་སྦོམ་པོར་འགྱུར་ལ། སྦྱོར་བ་ལ་མིའི་འདུ་ཤེས་ཡོད་ན་སྦོམ་པོ། མེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་སྦྱར་རོ། །འགྲོ་བ་གཞན་གྱི་རྣམ་པ་བསྟེན་ལ་བསད་པ་ལ་ཡང་ངོ་ཞེས་པའི་གཞུང་འདིས། མདོ་གང་གི་དོན་འཆད་པའི་མདོ་དེའི་དོན་གཞན་ཡང་གསལ་བར་བསྟན་པའི་ཕྱིར་བཤད་པ་ནི། སོ་སོ་སྐྱེ་བོའི་གནས་སྐབས་དེས་འཕགས་པའི་གནས་སྐབས་གཞན་ཐོབ་པ་ནི་རྒྱུད་གཞན་ཉིད་མ་ཡིན་པས་ཡུལ་སོ་སོའི་སྐྱེ་བོའི་དུས་སུ་གསོད་པའི་སྦྱོར་བ་བྱས། འཕགས་པའི་དུས་སུ་མཐར་ཐུག་གྲུབ་ནའང་ལྟུང་བ་རྫོགས་པར་འགྱུར་རོ། །གསུམ་པ་ལྟུང་བ་ཐ་དད་དུ་བསྐྱེད་ཚུལ་ཞར་བྱུང་དང་བཅས་པ་ལ་ལྔ་སྟེ། བསླབ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད། བསམ་རྒྱུད་ཐ་དད་པས་ལྟུང་བ་ཐ་དད། བཅས་པ་ཐ་དད་པས་ལྟུང་བ་ཐ་དད། ཉེར་ལེན་ཐ་དད་པས་ལྟུང་བ་ཐ་དད། གཞི་དང་བྱ་བ་ཐ་དད་པས་ལྟུང་བ་ཐ་དད་དུ་འགྱུར་ཚུལ་ལོ། །དང་པོ་ནི། ལྟུང་བའི་སྦྱོར་བ་བྱས་ནས་ཁྱིམ་པར་བབས་ཡང་བསྙེན་རྫོགས་བྱས་ནས་སྔར་གྱི་བྱ་བའི་འཕྲོ་ཟིན་པར་བྱས་ནས་གཞི་གཅིག་ལ་བྱས་པ་ཡིན་པས་ཕྱིར་བཅོས་གཅིག་གིས་འདག་གམ་ཞེ་ན། སྔར་ལྟུང་བའི་སྦྱོར་བ་བྱས་ནས་ཉེས་པ་དེ་མེད་པ་ཉིད་ཀྱིས་ཁྱིམ་པར་བབས། ཡང་ཉེས་པ་དེ་འོང་པ་དགེ་སློང་དུ་གྱུར་ནས་སྔར་གྱི་བྱ་བའི་འཕྲོ་ཟིན་པར་བྱས་ན་ཕྱིར་བཅོས་ཐ་དད་དུ་འཇུག་དགོས་པའི་ལྟུང་བ་ཐ་དད་དུ་འགྱུར་རོ། །དཔེར་ན་དགེ་སློང་གིས་མ་གནང་བའི་སྟན་བྱེད་པར་བརྩམས་ནས་ཁྱིམ་པར་བབས། སླར་བསྙེན་པར་རྫོགས་ནས་སྟན་གཅིག་བྱས་པའི་རྗེས་སུ་སྔར་གྱིས་སྟན་གྱིས་འཕྲོ་ཟིན་པར་བྱས་ན་ལྟུང་བ་སྔ་ཕྱི་ཐ་དད་དུ་འགྱུར་བ་བཞིན་ནོ། །གཉིས་པ་ནི། བསླབ་རྒྱུན་གཅིག་གིས་གཞི་གཅིག་ལ་བསྟེན་པའི་ལྟུང་བ་ཕྱིར་བཅོས་གཅིག་གིས་འདག་གམ་ཞེ་ན། ལྟུང་བ་བྱེད་པར་བརྩམས་ཏེ་འདུན་པ་ལོག་པའི་དབང་གིས་བྱ་བ་དེ་བཏང་ནས་སྔར་གྱི་སྦྱོར་བའི་འཕྲོ་ཟིན་པར་བྱས་ན་ཕྱིར་བཅོས་ཐ་དད་འཇུག་པའི་ལྟུང་བ་ཐ་དད་དུ་འགྱུར་རོ། །གསུམ་པ་ནི། བསླབ་རྒྱུན་དང་བསམ་རྒྱུན་གཅིག་པའི་གཞི་གཅིག་གི་ལྟུང་བ་རྣམས་ཕྱིར་བཅོས་གཅིག་གིས་འདག་གམ་ཞེ་ན། བྱ་བའི་གཞི་གཅིག་ལ་བསླབ་པ་དུ་མ་ཉིད་བཅས་པ་ལ་ནི་དེ་ལས་འདས་ན་བཅས་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །དཔེར་ན་བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ལྷན་ཅིག་ཉལ་ནས་ནུབ་གསུམ་པ་ལ་བུད་མེད་དང་ལྷན་ཅིག་ཉལ་ན་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང་མ་རྫོགས་པ་དང་ལྷན་ཅིག་པར་ཉལ་བའི་ལྟུང་བྱེད་གཉིས་འབྱུང་བ་དང་། དགེ་སློང་ཞར་བ་མ་ཡིན་པ་ལ་སྐྱོན་དང་བརྫུན་སྨྲ་འདོད་ཀྱི་བསམ་པས་ཞར་བ་ཞེས་བརྗོད་ན་སྐྱོན་སྨྲ་བའི་ལྟུང་བྱེད་དང་བརྫུན་སྨྲ་བའི་བྱང་བྱེད་གཉིས་འབྱུང་བ་བཞིན་ནོ། །བཞི་པ་ནི་ཆའི་ལྟུང་བ་དང་ཆ་ཅན་གྱི་ལྟུང་བ་རྣམས་ཕྱིར་བཅོས་གཅིག་གིས་འདག་གམ་ཞེ་ན། ཁ་ན་མ་ཐོ་བ་ལྕི་བ་མི་ཚངས་པར་སྤྱོད་པ་ལྟ་བུ་དེའི་ཆའམ། ཤན་ནམ་ལྷག་མ་སྟེ་དེའང་གཉིས་ཏེ། ཆ་ཤས་ཀྱི་ཆར་གྱུར་པ་སྦྱོར་བའི་ལྟུང་བ་ལྟ་བུ་དང་། ཆར་གཏོགས་པས་ཆར་གྱུར་པ་འབྱིན་པ་དང་རེག་པ་ལྟ་བུ་སྟེ། ཊཱི་ཀར་ཆའི་ངོ་བོ་ཉིད་ཅེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་སྤྱད་པའི་ཕྱིར་འགྲོ་བ་གང་ཡིན་པ་དེ་ནི་ཉེས་བྱས་སོ། །བདག་ཉིད་ཀྱིས་བསྙེན་བཀུར་བསྔགས་པ་གང་ཡིན་པ་དེ་ནི་དགེ་འདུན་ལྷག་མའོ། །གནས་ངན་ལེན་སྨྲ་བ་གང་ཡིན་པ་དེ་ནི་གཞན་ཡིན་ནོ། །བདག་ཉིད་ཀྱི་དོན་དུ་བུད་མེད་ལ་གཞོལ་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བར་གཏོགས་པའི་སྦོམ་པོའོ། །ཆ་དང་ཆ་ཅན་སྦྱར་བ་ནི། མི་ཚངས་པར་སྤྱོད་པ་ནི་ཆ་ཅན་ཡིན་ལ། འབྱིན་པ་དང་རེག་པ་དང་འཁྲིག་པ་སྨྲ་བ་ལ་སོགས་པ་ཆ་ཡིན་ནོ། །དེ་བཞིན་དུ་མ་བྱིན་ལེན་ནི་ཆ་ཅན་ཡིན་ལ། བྱིན་པ་འཕྲོག་པ་དང་བསྡོས་སྐྱུར་དང་སྐྲོད་པ་དང་སྦེད་པ་ལ་སོགས་པ་ནི་ཆ་ཡིན་ནོ། །སྲོག་གཅོད་པ་ནི་ཆ་ཅན་ཡིན་ལ། རྩོད་པ་དང་བཅས་པའི་གཞི་མི་གཏོང་བ་དང་ས་བོན་དང་སྐྱེ་བའི་ཚོགས་འཇིག་པ་དག་ནི་ཆ་ཡིན་ནོ། །མི་ཆོས་བླ་མ་སྨྲ་བ་ཆ་ཅན་ཡིན་ལ། ཕམ་པ་དང་ལྷག་མའི་སྐུར་འདོད་བྱེད་པ་སོགས་ཆ་ཡིན་ནོ། །ཆ་དང་ཆ་ཅན་སྦྱར་བ་ནི་རྒྱས་པར་ཊཱི་ཀ་ལས་ཤེས་པར་བྱའོ། །དེར་ན་ཆར་གཏོགས་པས་ཆ་གྱུར་པ་འབྱིན་པ་ལྟ་བུ་དེ་ནི་ཁ་ན་མ་ཐོ་བ་ལྕི་བ་དེ་དང་དགག་བྱ་རིགས་མཐུན་པའི་ལྟུང་བ། མི་ཚངས་སྤྱོད་ལྟ་བུ་ལ་ལྟོས་པའི་ཡང་བ་འབྱིན་པའི་ལྷག་མ་ལྟ་བུ་དེར་གཏོགས་པ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཆར་གཏོགས་པའི་ཁ་ན་མ་ཐོ་བ་རང་གི་ལྕི་བ་འབྱིན་ལྷག་ལྟ་བུ་དང་འབྲེལ་བ་ཡིན་གྱི། རིགས་མི་མཐུན་པར་མི་ཚངས་པར་སྤྱོད་པའི་སྦྱོར་བ་ལྟ་བུར་ཡང་མི་གཏོགས་ལ། དགག་བྱ་ཙམ་རིགས་མཐུན་པའི་ཕམ་པར་ཡང་མི་གཏོགས་ཏེ་ཆ་ཅན་དང་ཆར་གཏོགས་རྣམས་ཀུན་སློང་གི་རྣམ་པ་ཐ་དད་ལས་སྐྱེས་པའི་ཕྱིར། ཁུ་བ་འབྱིན་པ་ལ་འབྱིན་པའི་ལྷག་མར་གོང་དུ་བསྟན་ཟིན་པའི་ཕྱིར་འདིར་བསྟན་པའི་དགོས་པ་ཅི་ཡིན་ཞེ་ན། དེ་ལྟར་ཡིན་མོད་ཀྱི་ཧ་ཅང་ཐལ་བ་སེལ་བའི་དགོས་པ་ཡོད་པའི་ཕྱིར། རང་ཊཱིཀ་ཏུ་མདོ་འདིས་མ་བརྗོད་པ་ནི་ཅུང་ཟད་ཀྱང་མི་བརྗོད་ཀྱི་ཧ་ཅང་ཐལ་བར་འགྱུར་བ་སེལ་བར་བྱེད་དོ་ཞེས་གསུངས་སོ། །ཇི་ལྟར་སེལ་ན་ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་མི་ཚངས་པ་སྤྱོད་པའི་སྦོམ་པོ་ཡིན་ན་ཧ་ཅང་ཐལ་ཏེ། ཀུན་སློང་གི་རྣམ་པར་ཐ་དད་པའི་ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་ཀུན་ནས་སློང་བར་འགྱུར་བའི་ཕྱིར་རོ། །དེས་ན་དེ་ནི་འབྱིན་པའི་ལྷག་མ་ཡིན་གྱི་ཕམ་པའི་སྦོམ་པོ་མ་ཡིན་ནོ་ཞེས་པའི་ཚུལ་གྱིས་སོ། །མདོ་སྔ་མ་དེའི་སྤྲོས་པ་བསྟན་པར་བྱ་བའི་ཕྱིར་བཤད་པ་ནི། ཁུ་བ་དབྱུང་སེམས་ཀྱིས་རྨའི་ནང་དུ་ཁུ་བ་དབྱུང་ན་བྱ་བ་གཞན་ཡིན་པས་ལྷག་མར་མི་འགྱུར་རོ་ཞེ་ན། དབྱུང་སེམས་ཀྱིས་ཁུ་བ་ཕྱུང་བ་ཐམས་ཅད་ལ་མཐའ་ཕམ་པ་ཉིད་མ་གཏོགས་པ་དགེ་འདུན་ལྷག་མར་འགྱུར་ཏེ། དབྱུང་སེམས་ཀྱིས་རྨ་མ་ཉམས་པའི་ནང་དུ་ཁུ་བ་ཕྱུང་ནས་རེག་པ་མྱོང་ན་ཕམ་པ། དེ་ལྟར་ཕྱུང་ནས་རེག་པ་མ་མྱོང་ན་ལྷག་མར་འགྱུར་བ་དང་། རྨ་ཉམས་པར་དབྱུང་སེམས་ཀྱིས་ཁུ་བ་ཕྱུང་ན་ལྷག་མར་འགྱུར་རོ། །ལྔ་པ་ནི། ཕུང་པོ་ལས་བརྐུས་ན་ལན་རེ་རེ་བཞིན་བླངས་པ་ཐ་དད་ཅེས་པའི་གཞུང་དེས་མདོ་གང་གི་དོན་བཤད་པའི་མདོའི་དོན་གཞན་ཡང་བསྟན་པར་བྱ་བའི་ཕྱིར་བཤད་པ་ནི། མཐར་ཐུག་ཐ་དད་པས་བར་དུ་ཆོད་པའི་བྱ་བའམ་སྦྱོར་བ་དུ་མས་མཐར་ཐུག་གཅིག་གྲུབ་པའི་ཚད་དུ་ཆོག་པ་ནི་འབྲས་བུ་མཐར་ཐུག་གི་ལྟུང་བ་གཅིག་ཏུ་རྣམ་པར་མི་གཞག་གོ །དཔེར་ན་སྦྱོར་བ་ཆུང་ངུ་དུ་མས་ཡང་ནས་ཡང་དུ་ས་སོར་ཕྱེད་ལས་ལྷག་པ་བརྐོས་ཀྱང་ས་བརྐོ་བའི་ལྟུང་བྱེད་དུ་མི་འགྱུར་བ་དང་། ཁང་པའི་གཞི་སོ་སོ་ལ་རྩིག་པའི་བྱ་བ་བྱས་ནས་བསྡོམས་པ་ན་ཁང་པའི་ཚད་དུ་ཆོག་ཀྱང་ལྷག་མར་མི་འགྱུར་བ་བཞིན་ནོ། །འོ་ན་གང་ཟག་གཞན་གྱིས་བྱས་པའི་བཟོ་ལ་སོགས་པའི་འཕྲོ་བྱེད་པ་ལ་ཅིར་འགྱུར་ཞེ་ན། གཞན་གྱིས་ཁང་པ་དང་སྟན་གྱི་ཕྱེད་བྱས་ཟིན་པ་ལ་དེའི་འཕྲོ་བྱེད་པ་ནི་ཕྱེད་ཉིད་དེ་ན་སྨད་དུ་འགྱུར་ཏེ། དེ་ཡང་སྟན་འཕྲོ་བྱས་ན་ཉེས་བྱས་ཁང་པའི་འཕྲོ་བྱས་ན་སྦོམ་པོར་འགྱུར་རོ། །ཤུགས་ལ་གཞན་གྱིས་ཅུང་ཟད་བྱས་པའི་འཕྲོ་ཟིན་པར་བྱེད་ན་ལྟུང་བ་རྫོགས་པར་བསྐྱེད་ཅེས་སྟོན་ནོ། །སྔར་རྣམ་འབྱེད་དུ་ཕམ་པས་སྐུར་པ་བཏབ་ན་ལྷག་མ་དང་། ལྷག་མས་སྐུར་པ་བཏབ་ན་ལྟུང་བྱེད་དུ་འགྱུར་བར་བསྟན་ནས་དེ་ལས་གཞན་པའི་ལྟུང་བས་སྐུར་བ་འདེབས་ན་ཅིར་འགྱུར་མ་བསྟན་པས་དེ་ལ་ཅིར་འགྱུར་ཞེ་ན། ཁ་ན་མ་ཐོ་བ་ཕམ་པ་དང་ལྷག་མ་དེ་བས་ན་སྨད་པ་སྦོམ་པོ་ལྟུང་བྱེད་སོར་བཤགས་ཉེས་བྱས་དག་གིས་སྐུར་བ་བཏབ་པའི་ཆ་འབྲས་བུ་ནི་ན་སྨད་པ་སྟེ་ཉེས་བྱས་སུ་འགྱུར་རོ། །བཞི་པ་འདུ་ཤེས་བསམ་པའི་མཚན་ཉིད་ནི། གོང་དུ་ཡིད་གཉིས་ནི་འདུ་ཤེས་དང་འདྲ་ཞེས་བསྟན་ན། དེ་ལ་སྦྱོར་བ་དེ་བྱའོ་སྙམ་པའི་ཀུན་སློང་མེད་པའི་ལྟུང་བ་མི་རྫོགས་པར་འགྱུར་རམ་ཞེ་ན། སྲོག་གཅོད་ལ་སོགས་པ་བསླབ་པའི་གཞི་ཐམས་ཅད་ལ་མི་ཡིན་མིན་ཐེ་ཚོམ་ཟ་བས་གསོད་པ་ལྟ་བུའི་བྱ་བ་ལ་ཞུགས་པ་ལ་གང་ཡིན་ཡང་བྱའོ་སྙམ་པའི་བསམ་པ་སྤྱི་ཞུགས་དང་བཅས་པ་ཡིན་པས་ལྟུང་བ་རྫོགས་པར་བསྐྱེད་དོ། །ལྟུང་བ་བསྐྱེད་པ་ལ་འདུ་ཤེས་དང་དོན་གང་གཙོ་ཆེ་བ་ཡིན་ཞེ་ན། སྦྱོར་བའི་ལྟུང་བ་བསྐྱེད་པ་ལ་ནི་འདུ་ཤེས་ཡན་ལག་གམ་རྒྱུའི་གཙོ་བོ་ཡིན་ཏེ། ཤིང་སྐམ་ལ་མིར་འདུ་ཤེས་ནས་གསོད་པའི་སྦྱོར་བ་བྱས་ན་ཉེས་པ་སྦོམ་པོ་དང་། མི་ལ་དུད་འགྲོར་འདུ་ཤེས་ཏེ་གསོད་པའི་སྦྱོར་བ་བྱས་ན་ཉེས་བྱས་སུ་འགྱུར་བའི་ཕྱིར། མཐར་ཐུག་གི་ལྟུང་བ་བསྐྱེད་པ་ལ་གང་བསམ་པའི་དོན་དང་འདུ་ཤེས་འཕྲད་པ་དེ་ཉིད་ཡན་ལག་ཏུ་དགོས་པ་ཡིན་ནོ། །དེར་ངེས་སམ་ཞེ་ན་མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་པ་སྟེ། འདུ་ཤེས་དོན་དང་ཕྲད་པ་མི་དགོས་ཏེ་མི་ལ་མི་ཚངས་པར་སྤྱོད་སྙམ་ནས་ཀླུ་ལ་སྤྱོད་ཀྱང་ཕམ་པ་དང་། མི་ལ་ཁུ་བ་དབྱུང་བསམས་ནས་དུད་འགྲོ་ལ་འབྱིན་པར་བྱེད་ནའང་ལྷག་མར་འགྱུར་རོ། །དེར་མ་ཟད་མི་བདེན་པ་བརྫུན་ཏུ་སྨྲ་བའི་ལྟུང་བ་བསྐྱེད་པ་ལ་ཉན་པ་པོ་འདུ་ཤེས་དོན་དང་ཕྲད་པ་ཡང་མི་དགོས་ཏེ། ལྷས་བྱིན་ལ་སྨྲའོ་བསམ་ནས་མཆོད་སྦྱིན་ལ་སྨྲས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དོ། །འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་བསད་པ་ལ་ཡང་ངོ་ཞེས་པའི་སྐབས་སུ། ཆོས་བཤེས་ཀྱིས་མི་སྟག་གི་རྣམ་པ་བསྟེན་པ་དེ་ལ་སྟག་ཏུ་འདུ་ཤེས་པས་བསད་པས་ཕམ་པར་འགྱུར་ཞེས་སྲོག་གཅོད་ཀྱི་ཕམ་པ་བསྐྱེད་པ་དེ་ལ་མིར་ཤེས་དང་མིར་ཐེ་ཚོམ་ཟ་བ་མི་དགོས་པར་གསུངས་པ་ལ། ཤ་མི་སོགས་བོད་སྔ་མ་ཁ་ཅིག་ན་རེ། འོ་ན་མི་སྟག་གི་རྣམ་པ་ཅན་ལ་སྟག་ཏུ་འདུ་ཤེས་ནས་གསོད་པའི་སྦྱོར་བ་ལ་སྦོམ་པོར་འགྱུར་བར་ཐལ། དེའི་མཐར་ཐུག་ལ་ཕམ་པར་འགྱུར་བའི་ཕྱིར། གལ་ཏེ་སྦྱོར་བ་ལ་སྦོམ་པོར་མི་འགྱུར་ཏེ་མིར་ཤེས་མེད་པས་སོ་ཞེ་ན། མཐར་ཐུག་ལ་ཡང་མཚུངས་སོ་ཞེས་དང་། གཞན་ཡང་། མི་སྟག་གི་རྣམ་པ་ཅན་དེའི་རྫས་ལ་སྟག་གི་རྫས་སུ་འདུ་ཤེས་ནས་བརྐུས་ན་ཕམ་པར་འགྱུར་བར་ཐལ། མི་སྟག་གི་རྣམ་པ་ཅན་རྟག་ཏུ་འདུ་ཤེས་ནས་བསད་པས་ཕམ་པར་འགྱུར་བའི་ཕྱིར། གཞན་ཡང་ལྷས་བྱིན་ལ་མཆོད་སྦྱིན་དུ་འདུ་ཤེས་ནས་བསད་པས་ཕམ་པར་འགྱུར་བར་ཐལ། གཏན་ཚིགས་སྔ་མ་དེའི་ཕྱིར། མི་སྟག་གི་རྣམ་པ་ཅན་ལ་སྟག་ཏུ་འདུ་ཤེས་ནས་བསད་པས་ཕམ་པ་མི་བསྐྱེད་པར་ཐལ། དེར་འདུ་ཤེས་པས་སོགས་ཞེས་དང་། འོད་ལྡན་ལས་མི་གཞན་ཡིན་ལ་མིར་འདུ་ཤེས་པས་ཞེས་པའི་འགྲེལ་པར། མི་མིན་པའི་འདུ་ཤེས་ཀྱིས་མིའི་སྲོག་དང་བྲལ་བ་ལ་ནི་མཐར་ཐུག་འགྱུར་བ་མེད་པར་བསྟན་ཏོ་ཞེས་གསུངས་པའི་ཕྱིར་ཞེས་དང་། བུ་སྟོན་གྱིས་དེ་ལ་སྟག་ཏུ་འདུ་ཤེས་ནས་བསད་ན་ཕམ་པར་མི་འགྱུར་ཏེ། འདི་གང་ལས་བཏུས་པའི་ཞུ་བར་མི་ལ་མི་མ་ལགས་པའི་འདུ་ཤེས་ཀྱིས་གུམ་པར་བྱེད་ན་ཅིར་འགྱུར། བཀའ་སྩལ་པ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། གཏམ་གྱི་གཞི་ལས་གང་གིས་གཞན་གྱི་འདུ་ཤེས་ཀྱིས་མ་འཚོ་བ་དང་བྲལ་བ་དེ་བསྙེན་པར་རྫོགས་པར་བྱེད་ན་བསྙེན་པར་རྫོགས་པར་བགྱི་འམ། བསྙེན་པར་རྫོགས་པར་བྱ་བ་ལ་ཞེས་གསུངས་པའི་ཕྱིར། རྒྱལ་ཚབ་པ་ན་རེ་ཕྱོགས་སྔ་སྔར་ལྟར་བྱས་ན་བོད་ཀྱི་སྐྱོན་འཇུག་ཀྱང་བོད་རྣམས་ཀྱིས་ཕྱོགས་སྔ་མ་ལོངས་པ་ཡིན་ཏེ། ཊཱི་ཀར་མིར་འདུ་ཤེས་ཀྱང་རུང་གཞན་དུ་འདུ་ཤེས་ཀྱང་རུང་ཞེས་པའི་དོན་ནི། མིར་ཤེས་པའམ་དེ་ལས་གཞན་མི་ཡིན་མིན་ཐེ་ཚོམ་ཟ་ཡང་རུང་ཞེས་པའི་དོན་ཡིན་གསུང་། བོ་དོང་པས་དེར་འདུ་ཤེས་པས་ཞེས་པས་སྤྱིར་བཏང་དང་། འགྲོ་བ་གཞན་གྱི་རྣམ་པ་ཞེས་སོགས་དམིགས་བསལ་ལོ་ཞེས་སྐྱོན་སྤོང་མཛད་དོ། །དེ་ཐམས་ཅད་ཀྱིས་བརྗོད་པའི་སྐྱོན་རིམ་པར་སྤངས་ནས། ཆོས་བཤེས་ཀྱི་འགྲེལ་པའི་གཞུང་འཛུགས་པར་བྱ་སྟེ། འདི་ལྟར་བོད་ཀྱི་ཐལ་འགྱུར་སྔ་མ་མི་འཐད་དེ། ཊཱི་ཀར་སྦྱོར་བ་ནི་འདུ་ཤེས་ལོག་པའི་དབང་གིས་ཁ་ན་མ་ཐོ་བ་ཆེ་ཆུང་དུ་འགྱུར་གྱི། དངོས་གཞི་ལ་ནི་དངོས་པོ་ཇི་ལྟ་བ་ལ་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་པས་ལན་བཏབ་ཟིན་པའི་ཕྱིར་དང་། རྩ་བར་ཡང་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ། །བསམ་པ་ལ་ནི་དེ་ཉིད་དོ། །ཞེས་སྦྱོར་མཐའ་ལ་འདུ་ཤེས་དང་། དངོས་པོ་གང་གཙོ་བསལ་བར་བཤད་པ་ངེས་པར་མཛད་དུ་གསོལ། ཐལ་འགྱུར་གཉིས་པ་མི་འཐད་དེ། ཊཱི་ཀར་མདོ་འདི་ནི་མ་བྱིན་པར་ལེན་པ་ལ་སོགས་པ་ལྟུང་བྱེད་ཀྱི་སྡེ་ཐམས་ཅད་ལ་སྦྱར་བ་མ་ཡིན་གྱི་སྲོག་གཅོད་པའི་སྐབས་འབའ་ཞིག་དང་སྦྱོར་རོ་ཞེས་གསུངས་ཤིང་། རྩ་བར་ཡང་བསད་པ་ལ་ཡང་ངོ་ཞེས་སྲོག་གཅོད་ལ་བཀར་ནས་གསུངས་པའི་ཕྱིར། ཐལ་འགྱུར་གསུམ་པ་མི་འཐད་དེ། ལྷ་མཆོད་རྒྱུད་ཐ་དད་ཡིན་པས་མི་མཚུངས་པའི་རྩོད་སྤོང་ཊཱི་ཀ་ལས་བཤད་ཟིན་ཅིང་། སྟག་གི་རྣམ་ལྡན་འདི་གསོད་སྙམ་པའི་དུས་ཀྱི་བསད་བྱ་དེ་སྟག་གི་རྣམ་ལྡན་དུ་ཡོད་ཅིང་། ལྷས་བྱིན་གྱིས་རྣམ་ལྡན་འདི་གསད་པར་བྱའོ་སྙམ་པའི་དུས་ཀྱི་གསད་བྱ་མཆོད་སྦྱིན་དེ་ལྷས་བྱིན་གྱིས་རྣམ་ལྡན་དུ་མེད་པའི་ཕྱིར། ཐལ་འགྱུར་བཞི་པ་ཡང་མི་འཐད་དེ། དེར་འདུ་ཤེས་པས་སོ་ཞེས་པའི་སྐབས་སུ་གསད་བྱ་དེ་ཉིད་མ་ནོར་བར་བསད་པ་དགོས་ཞེས་པའི་དོན་དུ་འགྲེལ་པས་བཤད་ཅིང་། འོད་ལྡན་གྱི་ལུང་གིས་ཆོས་བཤེས་འགོག ཁོ་བོས་ཀྱང་ཆོས་ཤེས་ཀྱི་ལུང་གིས་འོད་ལྡན་འགོག་ན་མཚུངས་པར་འགྱུར་ཏེ། རྒྱ་ཆེར་འགྲེལ་དང་འོད་ལྡན་མི་མཐུན་པ་དུ་མ་ཡོད་པ་ཁྱེད་རྣམས་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་རོ། །བུས་མདོ་འདི་ཞུ་བ་ལས་བཏུས་གསུང་བའང་མི་འཐད་དེ། ཁྱེད་ཀྱིས་དྲངས་པའི་ལུང་དེས་འདུ་ཤེས་ཁོ་ན་ལ་དོགས་པ་གཅོད་ལ། འདིར་གཟུགས་བསྒྱུར་བ་ལ་དོགས་པ་གཅོད་པའི་ཕྱིར། ཊཱི་ཀར་འདིར་གཞུང་ནི་ཨུ་དྲ་ཡ་ནའི་རྟོགས་པ་བསྟན་པར་བྱ་སྟེ་ཞེས་གསུང་ཞིང་། རྟོགས་བརྗོད་དེ་ལུང་རྣམ་འབྱེད་ཀྱི་བཙུན་མོའི་འཁོར་སྡུད་ཀྱི་གླེང་གཞིའི་སྐབས་ན་ཡོད་པའི་ཕྱིར། གཏམ་གྱི་གཞིའི་ལུང་དྲངས་པ་དེས་ཀྱང་མི་གནོད་དེ། རྒྱུད་ཐ་དད་པ་དང་རྣམ་པ་ལྡན་མི་ལྡན་སྔར་བཤད་པས་ལན་བཏབ་ཟིན་པའི་ཕྱིར། རྒྱལ་ཚབ་པའི་སྐྱོན་སྤོང་དེ་ཡང་ཆོས་བཤེས་ཀྱི་འགྲེལ་པ་རས་སུ་མི་བོར་བའི་བཤད་པར་སྣང་མོད། ལུང་དོན་མ་ཡིན་ཏེ་གཞན་དུད་འགྲོ་མ་ཡིན་པ་དང་། སྤྲུལ་པ་བསད་པ་ལ་ཡང་ངོ་ཞེས་པའི་འགྲེལ་པར། དུད་འགྲོར་འདུ་ཤེས་ནས་མི་བསད་པ་ལ་ཕམ་པར་འགྱུར་བར་གསལ་བར་བཤད་པས་ད་དུང་སྐྱོན་སྤོང་དགོས་སོ། །དེས་ན་ཆོས་བཤེས་ཀྱི་ལུགས་འདི་ནི་མཛོད་འགྲེལ་དུ། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་གསོད་པར་བྱེད་ན་མཚམས་མེད་པ་ཁོ་ནར་འགྱུར་ཏེ། འདི་གསོད་སྙམ་དུ་རྟེན་ངེས་པར་གཟུང་བའི་ཕྱིར་ཞེས་གསུངས་པ་དང་ཡང་ལེགས་པར་འགྲིག་པ་ཡིན་ནོ། །གོང་དུ་བསྟན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་བཤད་ན། མཐུ་དང་ལྡན་པ་དེ་གང་ཞེ་ན། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་དེ། ལག་པས་ལག་པར་དང་། རྐང་པས་རྐང་པར་དང་། འདོམས་ཀྱིས་འདོམས་སུ་དང་། ཚིགས་ཀྱིས་ཚིགས་སུ་སྤྲད་དུ་རུང་བ་ནི་འཁྲིག་པ་བསྟན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ། །ལྔ་པ་ཡན་ལག་གི་སེལ་བ་ལ་གཉིས་ཏེ། ཅིར་འགྱུར་གྱི་མདོ་དང་། ཡན་ལག་སོ་སོའི་མཚན་ཉིད་དོ། །དང་པོ་ནི། ཡན་ལག་མ་ཚང་བ་ལ་ཅིར་འགྱུར་ཞེ་ན། འོག་མ་སྟེ་འོག་ནས་འཆད་པའི་ལྟུང་བ་དག་གི་ཡན་ལག་ཚང་བ་ལས་གཞན་གཅིག་མ་ཚང་བ་ལ་ན་སྨད་དུ་འགྱུར་རོ། །དཔེར་ན་དགེ་སློང་གི་ལུས་མ་ཉམས་པས་བུད་མེད་ཀྱི་ལུས་ཉམས་པ་ལ་རེག་ན་སྦོམ་པོར་འགྱུར་བ་བཞིན་ནོ། །ཡན་ལག་དུ་མ་མ་ཚང་བ་ལ་ཅིར་འགྱུར་ཞེ་ན། འོག་ནས་དེ་ཆད་འགྱུར་གྱི་ཡན་ལག་དུ་མ་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་པ་སྟེ་ཆེས་ན་སྨད་དུ་འགྱུར་རོ། །དཔེར་ན་དགེ་སློང་གིས་ལུས་ཉམས་པས་བུད་མེད་ཀྱི་ལུས་ཉམས་པ་ལ་རེག་ན་ཉེས་བྱས་སུ་འགྱུར་བ་བཞིན་ནོ། །ཆེས་ན་སྨད་དུ་འགྱུར་བ་དེ་ཁོ་ནར་ངེས་སམ་ཞེ་ན། མི་ཡུལ་དུ་དགོས་པའི་ལྟུང་བ་ལ་དུད་འགྲོ་ཡུལ་དུ་བྱས་ན་ཡང་ངོ་སྟེ་ཆེས་ན་སྨད་དུ་འགྱུར་རོ། །དཔེར་ན་གོ་བྱའི་ཡུལ་དུད་འགྲོ་ལ་མི་ཆོས་བླ་མའི་བརྫུན་སྨྲས་ན་ཉེས་བྱས་སུ་འགྱུར་བ་བཞིན་ནོ། །གཉིས་པ་ཡན་ལག་སོ་སོའི་མཚན་ཉིད་ལ་གསུམ་སྟེ། གཞིའི་ཡན་ལག བསམ་པའི་ཡན་ལག སྦྱོར་བའི་ཡན་ལག་གོ །དང་པོ་ལ་གཉིས་ཏེ། སེམས་ཅན་ལས་གྱུར་པ་དང་སེམས་ཅན་མ་ཡིན་པ་ལས་གྱུར་པའོ། །དང་པོ་ལ་བཞི་སྟེ། ཆགས་པ་དགག་བྱར་བྱས་པའི་ལྟུང་བའི་ཡན་ལག ཐ་སྙད་ཀྱིས་བསྐྱེད་པའི། ཁྱིམ་པས་བསྐྱེད་པའི། བསྙེན་པར་རྫོགས་པས་བསྐྱེད་པའི་ལྟུང་བའི་ཡན་ལག་ཞར་བྱུང་དང་བཅས་པའོ། །དང་པོ་ནི་ཡན་ལག་ཚང་མ་ཚང་གི་ལྟུང་བ་ཆེ་ཆུང་དུ་འགྱུར་བ་ཡིན་ན་ཡན་ལག་དེ་གང་ཞེ་ན། ཡུལ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པའི་ཕམ་ལྷག་གཉིས་དང་མི་ཚངས་སྤྱོད་ཀྱི་ཕམ་པ་ལས་གཞན་དེ་མ་ཡིན་པའི་ཆགས་པ་དགག་བྱར་བྱས་པའི་ལྟུང་བ་རྣམས་བསྐྱེད་པའི་ཡན་ལག་ཡིན་ནོ། །དཔེར་ན་འཁྲིག་ཚིག་དང་བསྙེན་བསྐུར་བསྔགས་པ་སྨྲ་བའི་ཡུལ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དགོས་པ་བཞིན་ནོ། །འདིའི་སྐབས་ཀྱི་རྫུ་འཕྲུལ་གྱི་ཆོས་ཅན་ནི། ཤ་མིས་རྫུ་འཕྲུལ་གྱི་ཆོས་ཐོབ་པ་ཙམ་ལ་བཞེད་ཀྱང་། བྱ་འདུལ་གྱིས་རྫུ་འཕྲུལ་གྱི་ཆོས་ལ་གནས་བཞིན་པ་ལ་བཞེད་པ་ལྟར་ལེགས་སོ། །འོ་ན་རེག་པའི་ཕམ་ལྷག་བསྐྱེད་པ་ལ་གང་ཡན་ལག་ཡིན་ཞེ་ན། རེག་པའི་ཕམ་ལྷག་བསྐྱེད་པ་ལ་ཡུལ་རྟེན་གཉིས་ཀའི་ལུས་མ་ཉམས་པ་ཡན་ལག་ཏུ་དགོས་སོ། །རོ་མ་ཉམས་པ་ལ་རེག་པས་རེག་པའི་ཕམ་ལྷག་རྫོགས་པ་བསྐྱེད་པ་ཁས་ལེན་དགོས་ཏེ། ལུང་ལས། རོ་ལ་རེག་ན་ལྷག་མར་འགྱུར་རོ་ཞེས་དང་། ཊཱི་ཀར་དང་། རོ་མ་ཉམས་པ་ལ་ན་སྨད་པ་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཚིལ་བྱེད་པ་ལ་ཡུལ་རྟེན་གཉིས་ཀའི་ལུས་མ་ཉམས་པ་ཡན་ལག་ཏུ་དགོས་སོ། །གསར་དུ་མ་ཉམས་པ་ཁོ་ན་ལ་འགྱུར་རམ་ཞེ་ན། སེན་མོ་དང་། སོ་དང་། ཤ་མེད་པའི་རུས་པ་དང་། མཆན་ཁུང་ལྟ་བུའི་སྤུ་དག་ནི་མ་ཉམས་པ་ལས་གཞན་ཉམས་པ་དང་ལྡན་པའམ་འདྲ་བ་ཉིད་ཡིན་ནོ། །གཉིས་པ་ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བའི་ཡན་ལག་ནི། བརྫུན་དུ་སྨྲ་བ་སོགས་ལ་གང་ཡན་ལག་ཏུ་འགྱུར་བ་ཡིན་ཞེ་ན། བརྫུན་དུ་སྨྲ་བའི་ལྟུང་བ་སོགས་ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་དངོས་གཞི་བསྐྱེད་པ་ལ་ཡུལ་མིའི་འགྲོ་བ་ཡན་ལག་ཏུ་དགོས་སོ། །མི་གང་ཡང་རུང་བས་བསྐྱེད་དམ་ཞེ་ན། མི་ཡིན་ཡང་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་པ་ལ་ནི་མ་ཡིན་ནོ། །དཔེར་ན་གོ་བྱའི་ཡུལ་སྨྱོན་པ་ལ་དགེ་སློང་ཕ་རོལ་པོ་ལ་ཕམ་པས་སྐུར་པ་བཏབ་ན་སྦོམ་པོར་འགྱུར་བ་བཞིན་ནོ། །མ་ནིང་དང་མཚན་གཉིས་ནི་ཉམས་པ་དེ་དང་ལྡན་པའི་འདྲ་བ་ཉིད་ཡིན་པས། དེ་ཡུལ་དུ་བྱས་ནས་གོས་སློང་བ་སོགས་བྱས་ན་ཉེས་བྱས་སུ་འགྱུར། ཆགས་པ་དགག་བྱར་བྱས་པའི་ཕོ་མོ་ཡུལ་དུ་བྱེད་པའི་ལྟུང་བ་ཐམས་ཅད་འདིར་མི་སྐྱེད་དེ། མ་ནིང་མོ་དང་མ་ནིང་ཕོ། །སྤྲུལ་པ་མོ་ལ་ཡང་ངོ་ཞེས་དང་། རྣམ་པ་དེ་ལྟ་བུ་ལ་ནི་མཚན་གཅིག་ཤོས་དོན་མེད་དོ་ཞེས་གསུངས་པའི་ཕྱིར། སྤགས་པ་སློང་བ་ལྟ་བུ་མ་ནིང་མཚན་གཉིས་པ་ལས་རྫོགས་པར་མི་སྐྱེད་དེ། གདོན་གྱིས་བརླམས་པ་དང་འདྲ་བར་ཤེས་པས་རང་གཞན་མི་གསལ་ཞིང་། ལུས་ཀྱང་རོ་དང་འདྲ་བར་དོར་བར་བྱ་བ་ཡིན་པའི་ཕྱིར། ཟ་མ་ནི་མ་གཏོགས་ཏེ། དེ་ལ་མི་ཁྱད་པར་ཅན་གྱི་ཐ་སྙད་ཐོབ་པའི་ཕྱིར། དཔེར་ན་ལྟ་ཤིང་ལྟ་བུའོ། །རང་བཞིན་གྱི་མ་ནིང་ངམ་སྐྱེས་ནས་མ་ནིང་ནི་འགྲེལ་པར་མཚན་གཉིས་ཀ་ཡོད་པ་ལ་བཤད་ཀྱང་། མཛོད་ཀྱི་འགྲེལ་བཤད་གཉིས་ལས་མཚན་གང་ཡང་མེད་པ་ལ་བཤད་ཅིང་། མེ་ཏོག་ཕྲེང་རྒྱུད་ལས། གང་སྐྱེས་ཉིད་ནས་མཚན་མ་ནི། །གཉིས་ཀ་མེད་པ་མཚན་མེད་ཡིན། །ཞེས་གསུངས་པ་ལྟར་འཐད་པར་མངོན་ནོ། །རེག་པའི་ཕམ་ལྷག་གི་ཡན་ལག་མ་ཚང་བ་ཇི་ལྟ་བུ་ཞེ་ན། རེག་པའི་ཕམ་ལྷག་ནི་ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བ་དང་འདྲ་བར་ཏེ། མི་མ་ཡིན་པ་ཡུལ་དུ་བྱས་པ་བཞིན་དུ་མི་རང་བཞིན་ཉམས་པ་ཡུལ་དུ་བྱས་ན་སྦོམ་པོ་འགྱུར་རོ། །གསུམ་པ་ཁྱིམ་པས་བསྐྱེད་པའི་ལྟུང་བའི་ཡན་ལག་ནི། ཁྱིམ་པ་ཡུལ་དུ་དགོས་པའི་ལྟུང་བ་རྣམས་ལ་གང་ཡན་ལག་ཏུ་འགྱུར་བ་ཡིན་ཞེ་ན། ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། སྡོམ་པ་བླངས་ཀྱང་མ་ཆགས་པ་དང་། ཕམ་པས་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པར་གྱུར་པ་ཡིན་པས་ཁྱིམ་པ་ཡུལ་དུ་བྱེད་དགོས་ཀྱི་སྐབས་སུ་དེ་རྣམས་ཡུལ་དུ་བྱས་ནས་སྤགས་པ་སློང་བ་སོགས་བྱེད་པ་ལ་ཉེས་བྱས་སུ་འགྱུར་བ་བཞིན་ནོ། །བཞི་པ་བསྙེན་པར་རྫོགས་པས་བསྐྱེད་པའི་ལྟུང་བའི་ཡན་ལག་ཞར་བྱུང་དང་བཅས་པ་ནི། དགེ་སློང་ཕ་མ་ཡུལ་དུ་བཞག་པའི་ལྟུང་བ་རྣམས་ལ་གང་ཡན་ལག་ཏུ་འགྱུར་བ་ཡིན་ཞེ་ན། བསྙེན་པར་རྫོགས་པ་བྱས་ཤིང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པ་ཅན་ཕམ་པས་མ་ཉམས་པ་ཉིད་ནི་དགེ་སློང་དང་། དགེ་སློང་མ་ཡུལ་དུ་གཞག་པའི་བསླབ་པའི་ལྟུང་བ་རྣམས་ཀྱི་དངོས་གཞི་བསྐྱེད་པ་དག་ལ་ཡན་ལག་ཡིན་པས་བསླབ་པ་བྱིན་པ་དང་མ་འབྲེལ་བའི་ཕམ་པ་བྱུང་བ་དང་། ཕྱི་རོལ་པའི་རབ་བྱུང་དང་སྡོམ་པ་མ་སྐྱེས་པའི་རྟགས་ཅན་དང་། མ་རྫོགས་པའི་རབ་ཏུ་བྱུང་བ་གསུམ་པོ་ཡུལ་དུ་བྱས་ནས་བརྡེག་གཟས་སོགས་བྱས་ན་ན་སྨད་དུ་འགྱུར་རོ། །དམིགས་བསལ་ནི་བསླབ་པ་མ་བྱིན་པའི་ཕམ་པ་འཆབ་མེད་བྱུང་བ་ཡུལ་དུ་བྱས་ནས་སྐུར་འདེབས་དངོས་གཞི་གསུམ་དང་། གནས་ངན་ལེན་བརྗོད་འཆབ་གཉིས་དང་ལྔ་རྫོགས་པར་བསྐྱེད་དོ། །དེའི་ནང་གསེས་ཀྱི་ཁྱད་པར་བསྟན་པའི་ཕྱིར་བཤད་པ་ནི། མཚན་མཐུན་པ་དང་ལྟ་བ་ཁས་བླངས་པ་སྟེ་ལྟ་བ་མཐུན་པ་དག་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་སྟེ་རང་གི་ཕྱོགས་སུ་གཅིག་པ་ཡིན་པས་རང་ཕྱོགས་ལ་བརྟེན་པའི་ལྟུང་བ་རྣམ་པར་བཞག་པའི་དངོས་གཞི་བསྐྱེད་པ་ལ་མཚན་དང་ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་སོ། །གཞན་ཕྱོགས་དགེ་སློང་མ་ཡུལ་དུ་གཞག་པའི་དགེ་སློང་ལ་ལྟུང་བ་བསྐྱེད་པ་ལ་ལྟ་མཐུན་ཡན་ལག་ཏུ་དགོས་སོ། །དམིགས་བསལ་ནི། སྐུར་འདེབས་ཀྱི་དངོས་གཞིའི་ལྟུང་བ་གསུམ་ནི། མཚན་མི་མཐུན་ཡན་ལག་ཏུ་བྱས་པས་ཀྱང་སྐྱེད་ལ། སྐུར་འདེབས་དངོས་གཞི་གསུམ། དབྱེ་ན། དེར་རྗེས་ཕྱོགས། སྡིག་ལྟ་མི་གཏོང་བ། སྤངས་པའི་རྗེས་ཕྱོགས་དང་བདུན་ནི། ལྟ་བ་མི་མཐུན་པ་ཡུལ་དུ་བྱས་པས་ཀྱང་རྫོགས་པར་བསྐྱེད་དེ། འོ་ན་བསྙེན་པར་རྫོགས་པ་ཡུལ་དུ་བྱེད་དགོས་ཀྱི་སྐབས་སུ། ཁྱིམ་པ་ཡུལ་དུ་བྱས་ན་ཅིར་འགྱུར་ཞེ་ན། བསྙེན་པར་རྫོགས་པ་ཡུལ་དུ་བྱེད་དགོས་ཀྱི་དངོས་གཞི་འདིར་གཏོགས་པ་ལ་ཁྱིམ་པ་ཡུལ་དུ་བྱས་པ་ནི་རྟགས་ཅན་ཡུལ་དུ་བྱས་པ་ཉིད་ཀྱི་བས་ན་སྨད་སྟེ་ཆེས་ན་སྨད་པ་འགྱུར་སྟེ། དཔེར་ན་རྟགས་ཅན་ལ་བརྡེབ་གཟས་སོགས་བྱས་ན་ཉེས་བྱས། ཁྱིམ་པ་ལ་དེ་བྱས་ན་ཕྲ་མོར་འགྱུར་བ་ལྟ་བུའོ། །གཉིས་པ་སེམས་ཅན་མ་ཡིན་པ་ལས་གྱུར་པ་ནི། རབ་ཏུ་བྱུང་བའི་རྫས་ཀྱིས་བསྐྱེད་པའི་ལྟུང་བ་རྣམས་ལ་གང་ཡན་ལག་ཏུ་འགྱུར་བ་ཡིན་ཞེ་ན། རབ་ཏུ་བྱུང་བའི་རྫས་ཀྱིས་བསྐྱེད་པའི་ལྟུང་བའི་དངོས་གཞི་དག་བསྐྱེད་པ་ལ་ནི་རྫས་དེ་རུང་བ་ཉིད་དང་ཚད་དང་ལྡན་པས་བསྐྱེད་ཅིང་། ལ་སོགས་པ་ཞེས་པས་ནི་ཚད་བས་ཆེ་བས་ཀྱང་བསྐྱེད་པར་སྟོན་ཏོ། །འདིར་ཁ་ཅིག་གོས་ལ་ནག་པོ་མ་ཡིན་པའི་ཁ་དོག་རུང་བ་དང་། ཟླུམ་པོ་སོགས་མ་ཡིན་པའི་དབྱིབས་རུང་བ་དགོས་ཟེར་བ་མི་འཐད་དེ། བལ་ནག་པོ་འབའ་ཞིག་ལ་སྟན་བྱས་པས་སྤང་ལྟུང་མི་བསྐྱེད་པར་ཐལ། ནག་པོ་ཁ་དོག་མི་རུང་བ་ཡིན་པའི་ཕྱིར། ཁོ་ན་རེ་སྤང་ལྟུང་དེ་ཁ་དོག་མི་རུང་བས་གཞག་པ་ཡིན་ནོ་ཞེ་ན། འོ་ན་བལ་ནག་པོ་མོད་ཅིང་རིན་ཆུང་། དཀར་པོ་དཀོན་ཞིང་རིན་ཆེ་བའི་ཚེ་དཀར་པོ་འབའ་ཞིག་ལ་སྟན་བྱེད་པ་ལ་སྤང་ལྟུང་དུ་མི་འགྱུར་བར་ཐལ། ཁས་ལེན་དེའི་ཕྱིར། དབྱིབས་ཀྱང་དེ་ལྟར་མི་འཐད་དེ། ལྷུང་བཟེད་ལ་ཁ་གཡོགས་ཟླུམ་པོར་མི་རུང་བའི་ཤེས་བྱེད་མེད་པའི་ཕྱིར། རང་ལུགས་ནི། གོས་ལ་རྒྱུ་རུང་བ་དགོས་ཤིང་། སྣོད་ལ་ལྷུང་བཟེད་ལྕགས་སམ་ས་ལས་བྱས་པ་ཁ་དོག་ནག་པོ་ས་ལྷུང་ཚོས་པ་དགོས་ལ། ཕོར་པ་ཡང་རིན་པོ་ཆེ་ལས་མ་བྱས་པ་དགོས་སོ། །ཟས་ལ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བ་དང་གསོག་འཇོག་གི་ལྟུང་བ་རྫོགས་པར་བསྐྱེད་པ་ལ་གཞི་གཞན་ལ་བརྟེན་པའི་རུང་བ་དགོས་ལ། བསོད་པ་སློང་བའི་ལྟུང་བ་རྫོགས་པར་བསྐྱེད་པ་ལ་ཟས་རུང་བ་དགོས་སོ། །འདིར་རབ་ཏུ་བྱུང་བའི་རྫས་ཞེས་སྨོས་པ་ནི་སྡེ་ལྔ་ཆར་གྱི་ཡོ་བྱད་གང་ཡང་རུང་བ་སྦས་ཀྱང་ལྟུང་བྱེད་དུ་འགྱུར་བར་ངེས་པའི་ཆེད་ཡིན་ལ། འདིར་ཊཱི་ཀར་ལྷུང་བཟེད་ཚད་ལྷག་སྡུད་ཅེས་འབྱུང་བར་འགྱུར་སྐྱོན་ཡིན་ནམ། ཆེ་བ་དང་དཀར་བ་ཞེས་ཀྱང་བཤད་པས་དཔྱད་པར་བྱའོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ནི་རང་དོན་དུ་བྱེད་པའི་ལྟུང་བ་རྣམས་ལ་རང་གཞན་གཉིས་ཀའི་དོན་བྱེད་ན་རང་དོན་དུ་བྱེད་པ་ཡོད་པས་ལྟུང་བ་རྫོགས་པར་འགྱུར་རམ་ཞེ་ན། འཁྲིག་ཚིག་སྨྲ་བ་དང་། བསྙེན་བཀུར་བ་སྔགས་པ་སོགས་རང་དོན་དུ་བྱེད་པའི་ལྟུང་བའི་དངོས་གཞི་བསྐྱེད་པ་ལ་རང་ཁོ་ནའི་དོན་ཉིད་དུ་བྱེད་པ་གཙོ་ཆེར་ཡོད་པ་སྟེ། ཡན་ལག་ཏུ་དགོས་པས་རང་གཞན་གཉིས་ཀའི་དོན་ནམ། གཞན་ཁོ་ནའི་དོན་དུ་དེ་དག་བྱེད་ན་ལྟུང་བ་ན་སྨད་དུ་འགྱུར་རོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། ཐ་སྙད་ཀྱིས་བསྐྱེད་པའི་ལྟུང་བ་མིའི་འགྲོ་བས་བསྐྱེད་ན་རང་བཞིན་ཉམས་པ་མ་ཡིན་པའི་མི་གང་ཡང་རུང་བས་བསྐྱེད་དམ་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱིས་བསྐྱེད་པའི་ལྟུང་བ་རྣམས་ལ་ནི་ཡུལ་དོན་གོ་བ་ཡན་ལག་ཏུ་དགོས་པས་དོན་མི་གོ་བ་ལ་འཁྲིག་ཚིག་དང་བསྙེན་བཀུར་བསྔགས་པ་སྨྲས་ཀྱང་ན་སྨད་དུ་འགྱུར་བ་བཞིན་ནོ། །དོན་གོ་བ་གང་ཞེ་ན། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། ངག་སྨྲ་ནུས་པ་ཉིད་ལ་ཡོད་པའི་དོན་གོ་བ་ནི་ཡན་ལག་ཡིན་ནོ། །ཐམས་ཅད་དགོས་སམ་ཞེ་ན། གསོད་པ་དང་རང་གི་དོན་དུ་རྐུ་བ་སྟེ་དེ་མ་བྱིན་ལེན་གྱི་ཕམ་པ་མ་གཏོགས་དེ་དག་ལས་གཞན་པའི་ལྟུང་བའི་ཡན་ལག་ཡིན་གྱི། དེ་གཉིས་ནི་སྨྲ་མི་ཤེས་པའི་དོན་གོ་བས་ཀྱང་འགྲུབ་བོ། །ངག་གི་རིག་བྱེད་ཀྱིས་བསྐྱེད་པ་གཞན་ལ་སྨྲ་ཤེས་དོན་གོ་དགོས་སམ་ཞེ་ན། སྡོམ་པའམ་ཡི་དམ་ཡང་དག་པར་ལེན་པར་བྱེད་པ་དག་ལ་ནི། སྨྲ་ཤེས་དོན་གོ་དགོས་པ་དེར་མ་ཟད་པ་སྟེ། སྨྲ་མི་ཤེས་པའི་དོན་གོ་བས་ཀྱང་གྲུབ་པ་ཡོད་དོ། །བོད་སྔ་མ་ཁ་ཅིག་རྟེན་གྱི་དབང་དུ་བྱས་པ་ཡིན་གསུངས་ཡང་ཁ་སྐོང་བྱེད་པའི་ཡུལ་གྱི་དབང་དུ་བྱས་པ་ཡིན་ནམ་དཔྱད་པར་བྱའོ། །འོ་ན་མཐོལ་བཤགས་བྱ་བ་ཡང་སྨྲ་མི་ཤེས་པའི་དོན་གོ་བས་འགྲུབ་བམ་ཞེ་ན། སྨྲ་ཤེས་ལ་ཡོད་པའི་དོན་གོ་བ་དེ་ནི་མཐོལ་བཤགས་བྱ་བའི་སྣོད་དམ་རྟེན་ཡིན་པས་སྨྲ་མི་ཤེས་པ་ལ་མཐོལ་བཤགས་བྱས་ཀྱང་བྱས་པར་མི་འགྱུར་ཞིང་། དེ་ལ་མ་མཐོལ་ཀྱང་འཆབ་པའི་ཉེས་པར་མི་འགྱུར་རོ། །འདིར་ཊཱི་ཀར་མཐོལ་བ་གཅིག་པུ་ལ་དངོས་སུ་བཤད་པ་ནི་མཚོན་པ་ཙམ་སྟེ། མཐོལ་བཤགས་གཉིས་ཀ་ལ་སྦྱར་རོ། །འོ་ན་ངག་གིས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་དོན་ལུས་ཀྱི་རིག་བྱེད་ཀྱིས་ཀྱང་གོ་ནུས་ཤིང་ལག་ཡིག་དང་འཕྲིན་ཡིག་གིས་ཀྱང་གོ་ནུས་པས་དེ་རྣམས་ཀྱིས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དམ་ཞེ་ན། སྨྲ་བའི་ཕམ་པ་སོགས་ཀྱིས་བསྐྱེད་པའི་ལྟུང་བ་རྣམས་ལ་ངེས་པར་ངག་གི་རིག་བྱེད་ཀྱིས་བསྐྱེད་དགོས་སོ། །གཞན་གྱིས་སྨྲས་པས་འགྱུར་རམ་ཞེ་ན། རང་གི་ངག་ཁོ་ནས་བསྐྱེད་དགོས་སོ། །གཞན་ལ་སྙད་བཏགས་པས་འགྲུབ་བམ་སྙམ་ན། བདག་ཉིད་དང་འབྲེལ་པ་སྟེ་རང་ངོས་ནས་སྨྲས་པ་ངེས་པར་དགོས་སོ་གཞན་བྱེད་དུ་བཅུག་པས་བསྐྱེད་པའི་ལྟུང་བ་རྣམས་ལ་རང་གི་བཅོལ་བ་དེས་བརྒྱུད་ནས་གཞན་ལ་བཅོལ་བས་ཀྱང་འགྲུབ་བམ་ཞེ་ན། རང་གིས་དངོས་སུ་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་པས་བསྐོས་པ་དེས་བཅོལ་ཡང་རང་ལ་ལྟུང་བ་མི་རྫོགས་ལ། འོན་ཀྱང་སྲོག་གཅོད་དང་མ་བྱིན་ལེན་གཉིས་ནི་མ་གཏོགས་སོ། །དེ་དག་གིས་ནི་རྣམ་པར་འབྱེད་པའི་ཞུ་བར་གཏོགས་པ་ཕལ་ཆེ་བ་སྟེ། ལུང་གཞན་ནས་འབྱུང་བ་ཡང་ཡོད་ཅེས་པ་དོན་གྱིས་བསྟན་ཏེ། བསླབ་པའི་གཞི་ཐམས་ཅད་སྤྱིར་བསྟན་པའི་མདོ་རྣམས་རྫོགས་པར་བཤད་ཟིན་ཏོ།།  །།འདིར་ཉེ་བར་མཁོ་བའི་སྡོམ་ཚིགས་བསྟན་པར་བྱ་སྟེ། མཚན་གྱུར་གྱི་སྐབས་སུ་མཚན་ཉིད་ཅི་འདྲ་བའི་སྡོམ་ནི་བཤད་ཟིན་ལ། རྗེས་སུ་མཐུན་པའི་རབ་དབྱེ་གསུམ་ལས། མཚན་མཐུན་ཡན་ལག་ཏུ་དགོས་པ་ནི། བསྒོ་གྱུར་གཞི་དང་འཕྲོག་པ་དང་། །བསྔོས་བསྒྱུར་སྐྱོན་དང་ཕྲ་མ་དང་། །སྐྱོ་སྔོགས་གནས་ངན་ལེན་ཤེས་ངོ་། །ཁྱད་གསོད་འཕྱ་བསྒོ་ཁྲི་དང་གདིང་། །ཕྱིས་གནོད་འབྱུང་བ་སྤངས་པ་སྟོབས། །འདུས་ཟ་བརྡེག་གཟས་གནས་ངན་ལེན། །བདེ་དང་འདུན་པ་ཆོས་དང་སྨྲ། །དགེ་ཚུལ་འགྱོད་པ་སོ་མོ་སྔངས། །ཉེས་འཇོག་ཉན་རྣ་མ་སྨྲས་འགྲོ། །མ་གུས་ཟས་བཅས་ད་གདོད་ཁྲི། །བརྡལ་དང་སེངྒེ་ལས་གྱུར་ཏེ། །དེ་ལྟར་བཞི་བཅུ་ཐམ་པའོ། །མཚན་མི་མཐུན་ཡན་ལག་ཏུ་དགོས་པ་ནི། འཁྲུར་འཇུག་པ་དང་ལེན་པ་དང་། །ཁྱིམ་པ་མོ་ལ་ཆོས་སྟོན་དང་། །དེ་དང་ལམ་འགྲོ་བུད་མེད་ཉལ། །དེ་ལྟར་དེ་ནི་ལྔ་ཡིན་ནོ། །ཆོ་ག་འཇིག་པ་ནི། འབྲལ་བ་སྤངས་པ་ཟ་བ་དང་། །གསོག་འཇོག་བྱེད་དང་ཟ་བ་བཞི། །འཕྲོ་ཟིན་པ་ལ་ཉེས་བྱས་སུ་འགྱུར་བ་བཅུ་དགུ་ནི། ཁང་པ་ཁང་ཆེན་འཁྲུར་འཇུག་དང་། །སྲིན་བལ་འབའ་ཞིག་ཆ་གཉིས་དང་། །རིན་ལྷག་བཟོ་བྱེད་ཁབ་རལ་བདུན། །བུད་མེད་ཡན་ལག་ཏུ་དགོས་པའི་ལྟུང་བ་ཉེར་བཞི་ནི། རེག་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །འཁྲུ་ལེན་བལ་རྨེལ་ཆོས་སྟོན་དང་། །མ་བསྐོས་སོགས་དང་ཉལ་ཤོམ་གཉིས། །ཉལ་འགྲོ་སོར་བཤགས་དང་པོ་གཉིས། །ཐ་སྙད་སྦྱིན་བསྐྱེད་བཅུ་གཉིས་ནི། །གཉེན་གྱི་སྤྲད་བྱའི་བདག་པོ་དང་། །ཁང་པའི་བཙལ་བྱ་ཁང་ཆེན་ཕྱེ། །མི་ཆོས་བླ་མ་སྐུར་འདེབས་གསུམ། །ཁྱིམ་སུན་ཤེས་བཞིན་བཤེས་དོ་དང་། །ཟས་ཅུང་སྡིག་ལྟ་བརྗོད་པ་ཡི། །གོ་བྱའི་ཡུལ་ཕྱིས་བཅུ་གཉིས་སོ། །མ་རྫོགས་པ་སྤྱིས་བསྐྱེད་པ་ནི། །འདོན་དང་གནས་ངན་ལེན་དང་ཆོས། །ནུབ་ལྷག་མ་ལེན་པ་དང་ལྔ། །བུད་མེད་སྤྱིས་བསྐྱེད་པ་ནི། འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །དབེན་པར་འདུག་དང་ཉལ་དང་དྲུག །ཁྱིམ་པས་བསྐྱེད་པ་སོ་ལྔ་དང་། །རྐུ་གསོད་ལྔ་པོ་མ་གཏོགས་པ། །བཅོལ་རྫོགས་ཕོ་ཉ་རྣམས་ཞེས་སྦྱར། །ཁྱིམ་པས་བསྐྱེད་པ་སོ་ལྔ་ལ། །ཁྱིམ་པ་ཕོ་ཡིས་བསྐྱེད་པ་ནི། །ཉལ་ཤོམ་གཉིས་དང་དམག་གསུམ་དང་། །རྐུན་མ་དང་འགྲོ་དྲུག་ཡིན་ནོ། །ཁྱིམ་པ་མོ་ཡིས་བསྐྱེད་པ་ནི། །ཆོས་སྟོན་པ་དང་ཉལ་ཤོམ་གཉིས། །ལམ་དུ་འགྲོ་དང་རྣམ་པ་བཞི། །གང་ཡང་རུང་བས་བསྐྱེད་པ་ནི། །ཁྱིམ་སུན་འབྱིན་དང་སློང་སོགས་ལྔ། །མངོན་མཚན་ཉོ་ཚོང་ལྷུང་བཟེད་ཚོལ། །འཐག་གཉིས་རས་ཆེན་བདག་གིར་བྱེད། །སྦྱོར་བཅུག་ཡང་ཡང་ཟ་བ་དང་། །འདུག་གནས་ཕྱེ་དང་གསོད་པ་དང་། །ཟན་གཅོད་འགྲོན་གཉེར་མ་སྨྲས་འགྲོ། །གྲོང་རྒྱུ་ཕོ་བྲང་འགྲོ་བ་དང་། །སོར་བཤགས་བཞི་སྟེ་ཉི་ཤུ་བདུན། །དགེ་སློང་ཕ་མས་བསྐྱེད་པ་ལ། །དགེ་སློང་ཕ་ཡིས་བསྐྱེད་པ་ནི། །མཚན་མཐུན་དགོས་པ་བཞི་བཅུ་སྟེ། །སྐྲོད་དང་ཟས་ཅུང་གདེང་མ་ལེན། །གྲལ་རིམ་ནགས་བརྟགས་བཞི་བཅུ་དྲུག །དགེ་སློང་མ་ཡིས་བསྐྱེད་པ་ནི། །འཁྲུ་དང་ལེན་དང་རྨེལ་བ་དང་། །མ་བསྐོས་སོགས་དགུ་འདུག་མ་གཏོགས། །སོ་སོར་བཤགས་པ་དང་པོ་གཉིས། །དེ་ལྟར་དེ་ནི་གཞི་བཅུ་བཞིའོ། །རྫོགས་པ་སྤྱིས་བསྐྱེད་སྐུར་འདེབས་གསུམ། །རབ་བྱུང་སྤྱིས་བསྐྱེད་རྣམ་གཉིས་ཏེ། །སྦེད་དང་མ་སྨྲས་འགྲོ་བའོ། །དགེ་ཚུལ་སྤྱིས་བསྐྱེད་བསྙིལ་བའོ། །རྫས་དང་ཡོ་བྱད་ཀྱིས་བསྐྱེད་པ་ལ། གོས་ཀྱིས་བསྐྱེད་པ་སོ་དྲུག་ནི། །འཆང་ནས་རྨེལ་འཇུག་བར་བཅུ་བདུན། །འཐག་ནས་དངོས་བསྒྱུར་བར་བདུན་དང་། །བཤེས་ངོར་ཁྲི་དང་ཆོས་གོས་གཉིས། །ཁ་དོག་སྦེད་པ་གདེང་མེད་དང་། །བརྡལ་ལ་སོགས་པ་རྣམ་ལྔའོ། །བསྐུར་དང་གཏད་པ་དངོས་བསྒྱུར་དང་། །བཤེས་ངོར་ལྷུང་བཟེད་མཚུངས་གསུང་མོད། །འཕྲོག་པ་སྦེད་པ་ཡོ་བྱད་ཙམ། །ཡིན་ལ་ཁྲི་ནི་ཁྲི་ལས་དང་། །སྣོད་སྤྱད་ལ་བརྟེན་དེ་གསུམ་དང་། །ལྷུང་བཟེད་གཉིས་དང་གདིང་བ་དང་། །རྩ་དབྱུང་ཁས་རལ་ཁྲི་རྐང་དགུ། །ཟས་ལ་བརྟེན་པ་ཉེར་གཅིག་སྟེ། །གསོག་འཇོག་སྦྱོར་བཅུག་ཡང་ཡང་གསོག །གཅེར་བུ་བདེ་དང་མགྲོན་གཉེར་དང་། །ཆང་དང་ཟས་བཅས་སོར་བཤགས་བཞི། །བྱེ་བྲག་ཚད་དང་ལྡན་པ་དགོས་པ་ནི། འབྲལ་བ་འཁྲུར་འཇུག་སློང་སོགས་བཞི། །སྲིན་བལ་ལ་སོགས་རྣམ་པ་དྲུག །དགོས་པ་རས་ཆེན་ཁྲི་གོས་བྱེད། །སྦེད་པ་གདེང་མེད་བརྡལ་སོགས་ལྔ། །དེ་ལྟར་ཉི་ཤུ་རྩ་ལྔའོ། །ཀུན་སློང་རང་ཁོ་ནའི་དོན་དུ་དགོས་པ་ནི། བླ་མ་འཁྲིག་ཚིག་བསྙེན་བཀུར་དང་། །འབྲལ་བ་གཉིས་དང་བྱིན་འཕྲོག་དང་། །གཏད་པ་མ་གཏོགས་ཉི་ཤུ་དྲུག །བླ་མ་འཕྱ་བ་སྦྱོར་བཅུག་དང་། །ཡང་ཡང་འདུག་ནས་ཕྱེ་དང་ནི། །གསོད་པ་མེད་དང་མགྲོན་གཉེར་དང་། །ཁབ་རལ་བདལ་ལ་སོགས་པ་ལྔ། །སོ་སོར་བཤགས་བཞི་གཞི་བཅུ་བརྒྱད། །མཐར་ཐུག་དོན་གོ་དགོས་པ་ནི། །བླ་མ་འཁྲིག་ཚིག་བསྙེན་བཀུར་དང་། །གཞི་མེད་བག་ཙམ་ཤེས་བཞིན་བཅུ། །འཕྱ་བ་བསྒོ་བ་ཕྱིས་གནོན་དང་། །མ་བསྐོས་ཉི་ནུབ་ཟས་ཅུང་དང་། །སྟོབ་པ་བདེ་དང་འདུན་པ་སྨྲ། །དགེ་ཚུལ་འགྱོད་པ་སྔངས་བྱེད་དང་། །གཞི་མེད་བསླབ་པ་ཉན་རྣ་དང་། །མ་གུས་ད་གདོད་སུམ་ཅུ་གསུམ། །སྦྱོར་བ་ངག་ཁོ་ནས་བྱེད་པ་ཅན་ནི། དེ་ལས་ཕྱིས་གནོན་སྤངས་པ་གཉིས། །སྡངས་བྱེད་ཉན་རྣ་མ་གུས་པ། །མ་གཏོགས་ཉི་ཤུ་རྩ་བདུན་དང་། །བསྒོ་གྱུར་བཞི་དང་འཁྲུ་བ་ནས། །སོ་སོའི་བར་དྲུག་རྨེལ་བ་དང་། །མངོན་མཚན་ཉོ་ཚོང་ལྷུང་བཟེད་ཚོལ། །རས་ཆེན་ཚོལ་དང་སྡིག་ལྟ་དང་། །མ་ལོན་པ་སྟེ་བཞི་བཅུ་བཞི། །ལུས་ངག་གང་རུང་གིས་བྱེད་པ་ཅན་ནི། བསྐུར་པ་བརྟད་པ་དངོས་བསྒྱུར་དང་། །ཕྱིས་གནོན་གོས་སྟེར་བཤམས་དཀྲུགས་དང་། །སྤངས་པ་ཉིད་དང་མ་གུས་པའོ། །ལུས་ངག་གཉིས་ཀ་དགོས་པ་ནི། །དེ་གསུམ་གསོད་སློང་ཟས་ལེན་པའོ། །བཅོལ་ཡང་རྫོགས་པ་ནི། རྐུ་དང་གསོད་པ་གཞི་དང་སྨྱན། །ཁང་པ་ཁང་ཆེན་སྲིན་བལ་དང་། །འབའ་ཞིག་ཆ་གཉིས་དྲུག་དང་གསེར། །འཐག་གཉིས་བྱིན་འཕྲོག་ས་བོན་སྤྲོད། །རིམ་ལྷག་མེ་རེག་རིན་ཆེན་རེག །ཆུ་དང་སྔངས་བྱེད་སྦེད་པ་དང་། །ས་བརྐོ་ཁབ་རལ་ལ་སོགས་བདུན། །སུམ་ཅུ་གཉིས་སྟེ་ཁྲི་གདེང་གི །འདིངས་པ་སོར་བཤགས་ཐ་གསུམ་གྱི། །ཟས་ལེན་བཅོལ་ཡང་འགྲུབ་པ་ཡིན། །ཞེས་པའོ། །གཉིས་པ་ཉམས་སུ་བླང་བའི་བསླབ་པ་ལ་གཉིས་ཏེ། སྤྱིའི་དོན་དང་། སོ་སོའི་དོན་ནོ། །དང་པོ་ལ་ལྔ་སྟེ། དབྱེ་བ་དང་། སྒྲ་འཇུག་པའི་རྒྱུ་མཚན་དང་། བསྡུ་བ་དང་། གྲངས་ངེས་དང་། གོ་རིམ་ངེས་པའོ། །དང་པོ་ནི། གཞི་བཅུ་བདུན་ཏེ་ལུང་གཞིར་སྡོམ་ནི། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽ་ཤམྦཱི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་གཞག་པ་དང་། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་གསུངས་སོ། །འོ་ན་གཞུང་དམ་པར་གཞི་བཅོ་བརྒྱད་དུ་བཤད་པ་དང་འགལ་ཞེ་ན། འདིའི་ལན་དུ་འགྲེལ་ཆུང་ལས་རབ་བྱུང་གི་གཞི་ལ་རབ་བྱུང་དང་བསྙེན་རྫོགས་དང་། གནས་ཀྱི་སྐབས་གསུམ་ཐ་དད་དུ་བྱེད་པ་ཡིན་ཞེས་པ་མི་འཐད་དེ། དེ་ལྟར་ན་གཞི་བཅུ་དགུར་འགྱུར་བའི་ཕྱིར་དང་། དེ་ལྟར་བཤད་པ་མེད་པའི་ཕྱིར། རང་ལུགས་ནི་ཀཽ་ཤམྦཱིའི་གཞི་ལ། ཕྱིར་བཅོས་ཀྱི་གཞི་དང་། ལས་བྱེད་པའི་གཞི་གཉིས་སུ་ཕྱེ་བ་ཡིན་ཏེ། ཀཽ་ཤམྦཱིའི་གཞིའི་སྡོམ་ལ། ཀཽ་ཤམ་བར་གྱི་འཐབ་ཀྲོལ་གྱིས། །དགེ་སློང་རྩོད་པ་སྣ་ཚོགས་དང་། །ཁྲིའུ་དང་རྩོད་པར་བྱེད་པ་དང་། །རིང་པོ་ལེན་གྱི་སྤྱོད་པ་དང་། །ངན་སྤོང་ལན་ཚྭ་ཁང་པ་དང་། །བསྲུང་དང་ཚལ་སྡུག་གླང་ཆེན་དང་། །མ་འགགས་པས་ནི་དེ་བྱས་དང་། །མཉན་ཡོད་དུ་ནི་ཞི་བར་བྱས། །ཞེས་པའི་སྡོམ་གྱི་རིང་པོ་ལེན་གྱི་ནས། མ་འགགས་པས་ནི་དེ་བྱས་ཀྱི་བར་ལུང་བར་མར་ཁ་འཕངས་ཏེ། དགེ་སློང་དག་སྔོན་བྱུང་བ་ཡུལ་ཀ་ཤའི་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་དང་། ཡུལ་ས་ལའི་རྒྱལ་པོ་རིང་པོ་ལེན་གཉིས་ཕན་ཚུན་རྩོད་པར་འགྱུར་ཏེ། རྒྱས་པར་ནི་ལུང་བར་མའི་ཏིང་ངེ་འཛིན་དང་ལྡན་པའི་ལེའུ་ལས་རིང་པོར་ལེན་གྱི་མདོ་འབྱུང་བ་བཞིན་ནོ། །ཞེས་བཤད་པས། དེར་ཁ་འཕངས་པ་བསྡུས་པ་ནི་ཕྱིར་བཅོས་ཀྱི་གཞི་དང་། སྡོམ་ལྷག་མ་རྣམས་ཀྱིས་བསྡུས་པ་ནི་ལས་བྱེ་བའི་གཞི་ཡིན་ལ། ད་ལྟ་ལུང་ན་དེ་ལས་མེད་ཀྱང་ཁ་འཕངས་རྣམས་ཕྱིར་བཅོས་ཀྱི་བྱེ་བྲག་ཡིན་པས་དམར་སེར་ཅན་གྱི་གཞི་དང་གཉིས་གཅིག་ཏུ་བསྡོམས་ནས་ཕྱིར་བཅོས་ཀྱི་གཞི་ཞེས་བཏགས་པ་སྟེ། རྒྱ་ཆེར་འགྲེལ་ལས། ཀཽ་ཤམྦཱི་བ་དང་དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་ཀྱི་གཞི་ཞེས་བྱ་བའི་མིང་གཞན་དུ་བྱ་སྟེ་ཕྱིར་བཅོས་པར་བྱ་བར་གང་ཟག་གི་བྱེ་བྲག་ཐམས་ཅད་བསྟན་པའི་ཕྱིར་རོ། །འཐབ་ཀྲོལ་བྱེད་པ་ལ་སོགས་པའི་གང་ཟག་ཇི་སྙེད་ཕྱིར་བཅོས་པར་བྱ་བ་དེ་དག་ཐམས་ཅད་དེ་གཉིས་ཀྱིས་ཕྱིར་བཅོས་པར་གསུངས་པས་དེའི་ཕྱིར་དོན་དང་མཐུན་པའི་མིང་བསྟན་པར་བྱ་བའི་ཕྱིར་དེ་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཞན་དུ་བྱ་སྟེ། དེས་ན་མིང་བརྗོད་པ་ཁོ་ནས་བརྡ་འཕྲོད་སླ་བར་འགྱུར་རོ་ཞེས་གསུངས་སོ། །སྲ་བརྐྱང་གི་གཞིའི་མིང་དོན་ཡན་ཆད་བརྡ་འཕྲོད་པ་སླ་ལ། ཀཽ་ཤམྦཱིའི་དགེ་སློང་གིས་ཡངས་པ་ཅན་པའི་དགེ་སློང་ལ་གནས་དབྱུང་བྱས་པས་རྩོད་པ་ཆེན་པོར་གྱུར་ནས་ལས་བྱེ་བར་གྱུར་པ་ལ་ཀཽ་ཤམྦཱིའི་གཞི་ཞེས་བཏགས་སོ། །དམར་སེར་ཅན་གྱི་གཞི་ནི། དམར་སེར་ཅན་འཐབ་ཀྲོལ་བྱེད་པ་ལ་བསྡིགས་པ་ནན་ཏུར་བྱ་བ་དང་། དེ་བཞིན་དུ་སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་ནན་ཏུར་དང་། མ་མཐོང་བར་གནས་ནས་དབྱུང་། ཕྱིར་མི་འཆོས་པ་གནས་ནས་དབྱུང་། སྡིག་ལྟ་ཅན་གནས་ནས་དབྱུང་། སྤོ་བ་དང་གཞི་ནས་སྤོ་བ་དང་། ཡང་གཞི་ནས་བསླང་བའི་སྤོ་བ་དང་། མགུ་བ་དང་དབྱུང་བའི་ཆོ་ག་རྣམས་བསྟན་པ་ལ་ཐོག་མའི་མིང་ནས་སྨོས་ཏེ། དམར་སེར་ཅན་གྱི་གཞི་ཞེས་བཏགས་སོ། །གང་ཟག་གི་གཞི་ནི། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་མ་བཅབས་པ་དང་། གང་ཟག་གཞན་ཞིག་ལྟུང་བ་གཉིས་བྱུང་ནས་ཟླ་བ་གཉིས་སུ་མ་ཤེས། ཤེས་ནས་ཟླ་བ་གཉིས་སུ་བཅབས་པ་ལ་སོགས་པ་བཅབས་པ་དང་། མ་བཅབས་པའི་བྱེ་བྲག་མང་པོ་བྱུང་བའི་ཁྱད་པར་གཏན་ལ་འབེབས་པ་ལ་གང་ཟག་བྱེ་བྲག་པའི་མིང་མ་སྨོས་པར་གང་ཟག་འབའ་ཞིག་ཅེས་སྨོས་ནས་བསྟན་པས་ན་གང་ཟག་གི་གཞི་ཞེས་བཏགས་སོ། །སྤོ་བ་དང་གཞི་ནས་སྤོ་བ་དང་། ཡང་གཞི་ནས་བསླངས་ཏེ་སྤོ་བ་དང་། མགུ་བ་སྤྱོད་ཚུལ་སྟོན་པ་ལ་ཕྱོགས་གཅིག་གི་མིང་བཏགས་ནས་སྤོ་བའི་གཞི་ཞེས་བཏགས་སོ། །གསོ་སྦྱོང་བཞག་པའི་གཞི་སྡོམ་ནི། མ་དག་གསོ་སྦྱོང་དགེ་སློང་དག །མཽའུ་འགལ་བུ་ཡིས་ཉམས་པ་དང་། །དེ་ནས་སྟོན་པས་སྨད་པ་དང་། །དགེ་འདུན་གྱིས་བོར་གསོ་སྦྱོང་ངོ་། །ཞེས་པའི་སྡོམ་གྱི་ཚིགས་སུ་བཅད་པ་འདི་ནི་ཡུལ་ཙམ་པར་གསོ་སྦྱོང་གི་མདོ་རྒྱས་པར་གསུང་སྟེ། གསོ་སྦྱོང་གི་མདོ་དེ་ཡང་ལུང་བར་མ་ཡང་དག་འགྲོ་བའི་ལེའུ་ལས་འབྱུང་ངོ་ཞེས་ཁ་འཕངས་པ་རྣམས་དང་། ལུང་འདི་ན་ཡོད་པ་ལ་ལྟུང་བ་གླེང་པའི་ཕྱིར་སྐབས་འབྱེད་གཞུག་པ་དང་། མི་འབྱེད་ན་མི་སྨྲ་བ་དང་། གདམས་ངག་གཞག་པ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་ཆོས་དང་ལྡན་མི་ལྡན་གྱི་རྣམ་གཞག་རྒྱས་པར་སྟོན་པ་ལ་གསོ་སྦྱོང་གཞག་པའི་གཞི་ཞེས་ཕྱོགས་གཅིག་ནས་མིང་བཏགས་པའོ། །གནས་མལ་གྱི་གཞི་ལ་སོགས་པའི་ཚིག་གི་དོན་ནི་རྟོགས་པར་སླའོ། །གཉིས་པ་ནི། དེ་རྣམས་ལ་གཞི་ཞེས་བྱ་བ་ནི། གཞིའི་སྐད་དོད་ཝསྟུ་ཞེས་བྱ་བ་དོན་ལྔ་ལ་འཇུག་པར་བཤད་ཀྱང་། འདིར་དེ་དང་དེའི་རྟེན་བྱེད་པས་ན་གཞི་ཞེས་བྱ་སྟེ། བརྗོད་བྱ་དེ་སྟོན་པས་ན་རྗོད་བྱེད་ལ་ཡང་གཞིར་གདགས་ཏེ། གཞི་འགྲེལ་ལས། གཞི་ཞེས་བྱ་བ་ནི་རྟེན་ཏེ་དེའི་རབ་ཏུ་བྱུང་བ་ལ་སོགས་པའི་རྟེན་དུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་རབ་ཏུ་བྱུང་བའི་གཞི་ལ་སོགས་པའི་སྒྲར་གསུངས་སོ། །ཞེས་སོ། །གསུམ་པ་ནི། མདོ་འདི་ཐར་པ་དོན་དུ་གཉེར་བའི་གང་ཟག་རྣམས་ལ་མྱ་ངན་ལས་འདས་པའི་གཞིར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དགོས་ཤིང་། དེ་ལེན་པ་དང་། བསྲུང་བ་དང་། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་བསྟན་ཚུལ་སྔར་བཤད་ཟིན་ཏོ། །བཞི་པ་ནི་དོན་དེ་བསྟན་པ་ནི་དེ་ཙམ་གྱི་གྲུབ་པའི་ཕྱིར་རོ། །ལྔ་པ་ནི་ཕལ་ཆེར་ལུང་ལས་བཤད་པའི་གོ་རིམ་ཡིན་ལ། དབྱར་དགག་གཉིས་ནི་རྒྱུ་འབྲས་ཀྱི་རིམ་པ་ཡིན་ལ། གོས་དང་སྨན་ནི་གོས་ཡོ་བྱད་ཀྱི་གཙོ་བོ་ཡིན་ལ་སྨན་གཙོ་བོ་མ་ཡིན་པ་དང་། གོས་གཞི་གསུམ་སྲ་བརྐྱང་རྒྱུ་ལྟ་བུ་དང་། དགག་དབྱེ་དང་དུས་འབྲེལ་བའི་ཕྱིར་དང་པོར་བསྟན་ལ། གཉིས་པོ་ཡང་གོས་སྤྱིར་བསྟན་ལྟ་བུ་ཡིན་ལ་ཀོ་ལྤགས་དམིགས་བསལ་ཡིན་པའི་ཕྱིར་རོ། །ལས་ཀྱི་གཞི་ནི་ཐམས་ཅད་ལ་དགོས་པའི་ཕྱིར་དབུས་སུ་བསྟན་ནོ། །རྩོད་པའི་གཞི་གསུམ་བརྗོད་བྱ་མཐུན་པས་ཕྱོགས་གཅིག་ཏུ་བསྟན་ལ་འཁོར་ལོ་བྱེ་བ་རྗོད་བྱ་ཉུང་བའི་ཕྱིར་རྩོད་གཞིའི་གོང་དུ་བསྟན་ནོ། །གནས་མལ་ནི་ཐམས་ཅད་བྱ་བའི་རྟེན་ཡིན་པས་ཐ་མར་བསྟན་ནོ། །གཉིས་པ་སོ་སོའི་དོན་ལ་ལྔ་སྟེ། བསླབ་པ་ཡོངས་སུ་སྦྱོང་བའི་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་དང་། བྱ་བའི་ཐབས་ལས་ཀྱི་དང་། གསོ་བ་ཕྱིར་བཅོས་པའི་དང་། དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞིའོ། །དང་པོ་ལ་གསུམ་སྟེ། གསོ་སྦྱོང་གི་སྒོ་ནས་དང་དབྱར་གྱི་སྒོ་ནས་དང་། དགག་དབྱེའི་སྒོ་ནས་བསླབ་པ་ཡོངས་སུ་སྦྱོང་བའོ། །དང་པོ་ལ་གཉིས་ཏེ། ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་ངོ་། །དེ་སྐད་དུ་ཡང་ཀརྨ་ཤ་ཏམ་ལས། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་དག་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང་། ཞི་གནས་ཀྱི་གསོ་སྦྱོང་ངོ་ཞེས་སོ། །ཞི་གནས་ཀྱི་གསོ་སྦྱོང་ལ་ལྔ་སྟེ། གང་དུ་སྒྲུབ་པའི་གནས། གང་གིས་སྒྲུབ་པའི་རྟེན། གང་བསྒྲུབ་པའི་དངོས་པོ། ཇི་ལྟར་སྒྲུབ་པའི་ཚུལ། དེ་ལྟར་བསྒྲུབས་པའི་དགོས་པའོ། །དང་པོ་ནི། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་། མཚན་མོ་སྒྲའི་རླག་ཅོར་དང་གཅན་ཟན་དང་ཆོན་རྐུན་པ་ལ་སོགས་པས་གནོད་པ་མེད་ཅིང་། ལོག་འཚོ་དང་བྲལ་བའི་ཡོ་བྱད་མོད་ཅིང་རྣལ་འབྱོར་དང་མཐུན་པའོ། །གཉིས་པ་ནི། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་ཞིང་སྡེ་སྣོད་ལ་ཐོས་བསམ་གྱིས་རྒྱུད་སྦྱངས་པ། ལུས་འདུ་འཛི་ལས་བསྲིང་བ་དང་སེམས་རྣམ་རྟོག་ལས་བསྲིང་བ་གཉིས་དང་ལྡན་པ། འདོད་པ་ཆུང་ཞིང་། ཆོག་ཤེས་པ། ཐར་པ་དོན་དུ་གཉེར་བའོ། །ཇི་སྐད་དུ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ། །གསུམ་པ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཡིན་ལ། དེ་ཡང་དང་པོ་ཞི་གནས་སྒྲུབ་དགོས་ཏེ། ཞི་གནས་དང་ལྡན་པའི་ལྷག་མཐོང་ནི། ཉོན་མོངས་པ་སྤོང་བ་ལ་མཐུ་ཆེ་བ་ཡིན་པའི་ཕྱིར། འདི་ལ་དགོངས་ནས། སྤྱོད་འཇུག་དུ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་སོ། །ཞི་གནས་སྒོམ་པ་ལ་གཉིས་ཏེ། འདོད་ཆགས་ཤས་ཆེ་བའི་གང་ཟག་གིས་མི་སྡུག་པ་དང་། རྣམ་རྟོག་ཤས་ཆེ་བའི་གང་ཟག་གིས་དབུགས་དབྱུང་རྔུབ་སྒོམ་ཚུལ་གཉིས་མཛོད་ལས་བཤད་ལ། དེ་རེ་རེ་ཡང་སེམས་གནས་པའི་ཐབས་དགུ་དགུའི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། སེམས་གནས་དགུ་པའི་ཚེ་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་སྐྱེས་པའི་ཞི་གནས་མཚན་ཉིད་པ་ཐོབ་པར་མདོ་སྡེ་རྒྱན་ལས་བཤད་པ་ལྟར་ཁས་བླང་བར་བྱའོ། །ལྷག་མཐོང་སྒོམ་པའི་ཚུལ་ནི། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་ཞི་གནས་གྲུབ་ནས་ལྷག་མཐོང་དྲན་པ་ཉེར་གཞག་ལ་སོགས་པ་བྱང་ཕྱོགས་སོ་བདུན་ལ་འཇུག་སྟེ། དེ་ཡང་། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་སོགས་ཡིད་བྱེད་བདུན་གྱི་སྒོ་ནས་འཇུག་སྟེ། ཟད་པ་ཤེས་པ་ཐོབ་པའི་ཚེ་སྦྱོར་བ་མཐའི་འབྲས་བུ་ཡིད་ལ་བྱེད་པ་སྐྱེས་པ་ཡིན་པས་ཐར་པ་ཐོབ་པ་ཡིན་ནོ། །ལྔ་པ་ནི། དེ་ལྟ་བུའི་ཚུལ་གྱིས་སྤང་བྱ་རྣམས་སྤངས་ནས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བའོ། །འདིར་སྤོང་བ་པའི་ཞལ་ཏ་བས་བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་། །ཞེས་བཤད་པའི་གཎྜིའི་རྒྱུ་དང་ཚད་ལ་སོགས་པ་ཇི་ལྟ་བུ་ཞེ་ན། རྒྱུ་ནི། གཎྜིའི་མདོ་ལས། ཙནྡན་བིལ་བ་པ་ལ་ཤ །ཨ་ཤྭད་ཐ་དང་ཙནྡན་དམར། །རྒྱ་སྟར་ཧ་ལ་ཀིངྴུ་ཀ །ཤིཾ་ཤ་པ་དང་ཧ་མ་ལ། །ཨ་སྨྲ་སྟར་བུ་སྐྱུ་རུ་ར། །ཏནྟི་ས་ར་ཨ་ཤྭ་ཀམ། །འདི་དག་ཐམས་ཅད་མེད་ན་ཡང་། །ཝོ་སེ་ལ་ནི་འབད་དེ་བྱ། །ཞེས་དང་། ཚད་ཡང་། ཚད་ནི་ཆུ་རུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་དྲུག་བྱ་བ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་རྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལས་འབད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ །ཆང་གཟུང་ཚད་ཀྱང་དེ་བཞིན་ནོ། །ཤིན་ཏུ་འཇམ་དང་རྩིབས་མཉམ་པར། །ཞེས་སོ། །གཎྜི་དེ་བརྡུང་བའི་གནས་ནི། ཁང་སྟེང་གིས་མཚོན་པའི་ས་ཕྱོགས་མཐོ་བ་ནས་སོ། །གྲངས་ཇི་ཙམ་ཞེ་ན། ཚོགས་པ་ཆེན་པོའི་ཚེ། དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་རྒྱུད་དེ་སྙེད་ཀྱི་ཏོག་སྟེ་རྒྱུད་གསུམ་ཏོག་གསུམ་མོ། །དེ་ཡང་རྒྱུད་གསུམ་ནི། ཐོག་མར་གཅིག་ནས་བཟུང་སྟེ་བཅོ་བརྒྱད་ཀྱི་བར་དུ་སྒྲ་ཇེ་ཆེར་གཏོང་། དེ་ནས་བཅུ་བདུན་གྱི་བར་སྒྲ་ཇེ་ཆུང་དུ་གཏོང་བ་ནི་རྒྱུད་གཅིག་ཡིན་ལ། རྒྱུད་གཉིས་པ་དང་གསུམ་པ་ནི་དེ་དང་འདྲའོ། །དེ་ལྟར་ན་རྒྱུད་རེ་རེ་ལ་སུམ་ཅུ་རྩ་ལྔ་རྩ་ལྔ་སྟེ་བརྒྱ་དང་ལྔ། མཇུག་གི་ཏོག་གསུམ་བསྣན་པས་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །གཎྜི་བརྡུང་ཚུལ་ཐམས་ཅད་ཀྱི་ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་། ཤངས་འཚལ་ལན་གསུམ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །མཇུག་ཏུ་སྒྲ་ཆེན་པོ་གསུམ་རྒྱུད་གསུམ་པོ་དེའི་ཏོག་དང་འདྲ་བ་ཡིན་པས་ན་ཏོག་ཅེས་བྱ་སྟེ་མཆོད་རྟེན་གྱི་ཏོག་བཞིན་ནོ། །ཏོག་ཅེས་པ་སྒྲའི་གདངས་ལ་འདོད་པ་ནི་ཤིན་ཏུ་ནོར་ཏེ། བོད་ཡིག་གི་བརྡ་དག་ཀྱང་འཁྲུག་འདུག་པའི་ཕྱིར་རོ། །ཏོག་མེད་པའི་རྒྱུད་རྣམས་ལ་བྱི་བོ་ཞེས་བྱ་སྟེ། ཏོག་མེད་ཀྱི་མཆོད་རྟེན་ལ་མཆོད་རྟེན་བྱི་བོ་ཞེས་གྲགས་པ་བཞིན་ནོ། །ལུང་ཁ་ཅིག་ལས་སྔར་བཤད་པའི་རྒྱུད་གསུམ་དང་ཏོག་གཉིས་ཞེས་བཤད་དོ། །ཚངས་པར་མཚུངས་པ་ཤི་བ་ལ་འཕྲག་པ་སྟེ་ཕུང་པོ་དབྱུང་བའི་དོན་དུ་རྒྱུད་གཅིག་ཏོག་མེད་པའི་བྱི་བོའོ། །ལུང་ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གི་ཞེས་བཤད། སྤོང་བ་པ་བསྡུ་བའི་དོན་དུ་འཁར་གསིལ་ལོ། །ལུང་ཁ་ཅིག་ལས་ནི་དེའི་དོན་དུ་གཎྜི་ཆུང་ངུ་བརྡུང་ཞེའོ། །སེར་བ་ལ་སོགས་པའི་གནོད་པ་བྱུང་བ་ལ་ནི། གནོད་པ་སེལ་བ་ལ་ཇི་ཙམ་གྱིས་ཆོག་པ་བརྡུང་ངོ་། །དགེ་འདུན་ཟས་ཀྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་བ་གཉིས་ཀ་བརྡུང་ངོ་། །ཇི་ལྟར་ཞེ་ན་དེ་གཉིས་བར་དུ་བཅད་དེའོ། །ཇི་ཙམ་དུ་ཞེ་ན། རྒྱང་པ་སྟེ་ཐོག་མར་ཆུང་ངུ་བརྡུང་སྟེ་ཁང་སྐྱོང་དང་གཙང་སྦྱོར་ལ་སོགས་པས་སངས་རྒྱས་མཆོད་པ་དང་། ལྷུང་བཟེད་བཀྲུ་བ་ལ་སོགས་པའི་ལས་བྱས་ཟིན་པ་ཙམ་དེའི་འོག་ཏུ་ཆེན་པོ་བརྡུང་བའོ་ལྷག་མ་ནི་གོ་བར་ཟད་དོ། །གཎྜི་ཆུང་ངུ་ནི་རྒྱུད་གཅིག་ཏོག་གཅིག་པ་ཡིན་ལ། ཆེན་པོ་ནི་རྒྱུད་གསུམ་ཏོག་གསུམ་པ་ཡིན་ནོ་ཞེས་བླ་མ་གསུང་ངོ་། །ཐེག་ཆེན་གྱི་སྡེ་སྣོད་ལས་ནི་གཎྜི་ལ་ཡུམ་ཆེན་མོའི་འདུ་ཤེས་ཉེ་བར་གཞག་པ་དང་། ཕན་ཡོན་ཡང་། རྒྱལ་པོ་གང་ཚེ་ཡུལ་འཁོར་དུ། །གཎྜི་འདི་ནི་གྲག་གྱུར་པ། །དེར་ནི་དཔལ་དང་གྲགས་པ་དང་། །འདོད་པ་འདི་ནི་ལོངས་སྤྱོད་འགྱུར། །ཞེས་སོགས་རྒྱས་པར་གསུངས་སོ། །གཉིས་པ་མཐུན་པའི་གསོ་སྦྱོང་ལ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་དང་། གནོད་པ་ལས་བཟློག་པའི་དང་། དགེ་འདུན་བྱེ་བ་འདུམས་པའི་གསོ་སྦྱོང་ངོ་། །འདི་དག་ལ་བཞི་ལས། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། གང་དག་བྱ་བའི་ཚོགས་པ། ཇི་ལྟར་བྱ་བའི་ཆོ་གའི་ཁྱད་པར་རོ། །དང་པོ་ནི། ལས་ཐམས་ཅད་མཚམས་ཀྱི་ནང་དུ་བྱ་དགོས་ལ། དེ་ཡང་གནས་ལ་བློ་མཐུན་བྱས་ལ་མ་ཞིག་པ་གཅིག་དགོས་ཏེ། གཞན་དུ་ན་མི་ཆགས་པའི་ཕྱིར། གསོ་སྦྱོང་ལྟ་བུ་གཅིག་ལ་གནས་ལ་བློ་མཐུན་བྱས་ལ་མ་ཞིག་པ་གཅིག་ཡིན་ན། དེར་ལས་གཞན་བྱ་བ་ལ་ཡང་བློ་མཐུན་བྱ་མི་དགོས་ཏེ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མཚམས་ལ་ལས་ཀྱི་མཚམས་དང་། རང་བཞིན་གྱི་མཚམས་གཉིས། དང་པོ་ལ་མཚམས་པོ་ཆེ་དང་། མཚམས་བུ་ཆུང་དཀྱིལ་འཁོར་བ་གཉིས་ཡོད་ལ། རང་བཞིན་གྱི་མཚམས་ནི་རྩིག་པ་ལ་སོགས་པས་བསྐོར་བའོ། །གཉིས་པ་ནི། བཅོ་ལྔ་པ་དང་བཅུ་བཞི་པ་བྱ་བའི་དུས་གཉིས་བཤད་པར་བྱ་སྟེ། ཕྱི་མ་གསུམ་གྱི་དུས་ནི་སྐབས་སུ་བབ་པའི་དུས་དེ་དང་དེར་བྱ་བ་གོ་སླ་བའི་ཕྱིར་རོ། །སྤྱིར་ལོ་གཅིག་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་དོ། །དགེ་སློང་གི་ལོ་དྲི་བར་གསོ་སྦྱོང་དུ་ཡོད། ཉི་ཤུ་རྩ་བཞི་སྟེ་དགུན་ཟླ་འབྲིང་པོ་དང་། དཔྱིད་ཟླ་རྭ་བ་དང་། ཐ་ཆུང་དང་། དབྱར་ཟླ་འབྲིང་པོ་དང་། སྟོན་ཟླ་རྭ་བ་དང་ཐ་ཆུང་རྣམས་ཀྱི་མར་གྱི་ངོའི་གསོ་སྦྱོང་རྣམས་ནི་བཅུ་བཞི་པའོ། །ལྷག་མ་རྣམས་ནི་བཅོ་ལྔ་པའོ། །ཞེས་གསུངས་ཏེ། ཕྱེད་ཚེས་པའི་ལུགས་ཡིན་ནོ། །མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་པ་དང་། འདིར་ཡང་དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་དང་། རྒྱལ་སྲས་སུ་གསུང་རབ་ལས་ནི་དུས་གསུམ་ཁོ་ན་ཡིན་གྱི། འཇིག་རྟེན་པའི་ལྟར་དྲུག་ནི་མ་ཡིན་ཏེ། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །སོ་ཀ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བཤད། སྟོན་ནི་ཆར་འབབ་ཏུ་འདྲ་བའི་ཕྱིར་དབྱར་དག་ཡིན་ནོ་ཞེས་གསུངས་ཏེ། དེ་དག་གི་དོན་ནི། འདིར་དུས་ཚིགས་གསུམ་སྟེ། དགུན་དང་། དཔྱིད་དང་། དབྱར་གྱི་དུས་སོ། །དང་པོ་ལ་དགུན་དང་དགུན་སྟོད་གཉིས། གཉིས་པ་ལ་དཔྱིད་དང་སོས་ཀ་གཉིས། གསུམ་པ་ལ་དབྱར་དང་སྟོན་གྱི་དུས་གཉིས་སུ་ཕྱེ་ནས་དེ་དག་གི་ཟླ་བ་ཕྱེད་དང་གཉིས་འདས་ནས་ཟླ་བ་ཕྱེད་ལུས་པ་ན་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་བསྟན་ཏེ། ཟླ་བའི་ངོས་འཛིན་ཡང་ཚིག་ལེར། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་དང་། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་ཏེ། སྟོན་ཟླ་ཐ་ཆུང་སྨིན་དྲུག་གིས་ཉ་བའི་ཚེས་བཅུ་དྲུག་ནི་མར་ངོ་སྔོན་འགྲོའི་དབང་དུ་བྱས་པའི་དགུན་ཟླ་རྭ་བ་མགོའི་ཟླ་བའི་ཚེས་གཅིག་ཡིན་ལ། དེ་ནས་ཟླ་བ་ཕྱེད་དང་གཉིས་འདས་ནས་ཟླ་བ་ཕྱེད་ལུས་པའི་དུས་ནི་རྒྱལ་གྱི་ཟླ་བའི་གནམ་སྟོང་ཡིན་པས་དེར་ཞག་མི་ཐུབ་གཅིག་འབྱུང་ཞིང་། དེ་ནས་ཟླ་བ་ཕྱེད་དང་གཉིས་འདས་ནས་ཕྱེད་ལུས་པའི་དུས་ནི་དབོའི་ཟླ་བའི་གནམ་སྟོང་ཡིན་པས། ཞག་མི་ཐུབ་འབྱུང་བ་སོགས་རིགས་པས་དཔྱད་པས་འགྲུབ་སྟེ།                   རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*