༼བ༽༄༅། །པྲཛྙཱཔརམིཏོབདེཤསྱཤཱསཏྲཱབྷིསམཡཱངྐཱརསྱབྲྀཏྟིསནྡྷརྠབྲབྷཱསནཱམབིཧརཏིསྨ།།
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དགོངས་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷ྄ཾ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དགོངས་དོན་རབ་གསལ་ཞེས་བྱ་བ། གཞི་ལམ་འབྲས་བུའི་ཡེ་ཤེས་ཡོངས་སུ་དག་པ་རྒྱལ་ཚབ་རྗེ་བཙུན་ཆོས་ཀྱི་རྗེ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལྷ་ཡི་ལྷ་གྱུར་ཐུབ་དབང་ཤཱཀྱའི་གཙོ། །བདུད་བཞིས་མི་ཕམ་བྱམས་མགོན་ཆོས་ཀྱི་རྗེ། །རྒྱལ་སྲས་ཐུ་བོ་མཆེད་གཉིས་ལ་སོགས་ནས། །ཡོངས་འཛིན་མཆོག་གི་བར་ལ་སྐྱབས་སུ་མཆི། །མཁྱེན་གསུམ་དག་པའི་ནམ་མཁའ་རབ་ཡངས་པར། །སྦྱོར་བཞི་རྟ་ལྗང་མཆོག་གི་བཞོན་པ་ཅན། །སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་རབ་རྒྱས་པ། །འཕྲིན་པས་འོད་སྟོང་ལྡན་ལ་མགོས་ཕྱག་འཚལ། །རྒྱལ་བའི་རྒྱལ་ཚབ་མི་ཕམ་དགོངས་པའི་རྒྱན། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །རྒྱལ་བའི་ཡུམ་མཆོག་མངོན་པར་རྟོགས་པ་ཡི། །རྒྱན་མཆོག་རྒྱན་གྱིས་རྣམ་བཤད་འདི་བརྩམ་མོ། །དེ་ལ་འདིར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོས་འགྲོ་བ་མཐའ་དག་སྡུག་བསྔལ་ལས་བསྒྲལ་ནས་རྣམ་པར་གྲོལ་བ་མཆོག་ལ་འགོད་པའི་སླད་དུ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་དེ། ཐབས་ལ་མཁས་པ་དང་བརྩོན་འགྲུས་དཔག་ཏུ་མེད་པའི་སྒོ་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཉིས་གོམས་པར་མཛད་པའི་སྟོབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་ཏེ། གདུལ་བྱ་རྣམས་ཀྱི་བློའི་རིམ་པ་དང་མཚམས་པར་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་རོ། །དེ་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེའི་དོན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱེད་པ་དབུ་མ་རིགས་པའི་ཚོགས་ལྔ་དང་། ཡུལ་སྟོང་ཉིད་དང་སྦྱར་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པ་མངོན་པར་རྟོགས་པའི་རྒྱན་གཉིས་སོ། །དགོངས་འགྲེལ་གྱི་བསྟན་བཅོས་འདི་གཉིས་ལ་ནི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་ཀྱི་གཞན་ནི་མ་ཡིན་ནོ། །འདིར་ཕྱི་མ་འཆད་པ་ལ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། རྩོམ་བྱེད་དམ་པའི་གཞུང་གི་དོན། བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་གསུམ་མོ། །དང་པོ་ལ་མཚན་གྱི་དོན། འགྱུར་གྱི་ཕྱག་གཉིས་སོ། །དང་པོ་ལ་གསུམ། མཚན་གྱི་ངོ་བོ། དེ་འདོགས་པའི་རྒྱུ་མཚན། དེ་བཏགས་པའི་དགོས་པའོ། །དང་པོ་ལ། མཚན་བསྒྱུར་བ་དང་། མཚན་བཤད་པ་གཉིས། དང་པོ་ལ། མཚན་གཉིས་པོ་སོ་སོའི་ངོ་བོ། གཉིས་པོ་དོན་གཅིག་ཏུ་བསྟན་པའོ། །དང་པོ་ལ། རྒྱ་གར་ནི་འཕགས་པའི་ཡུལ་ཏེ་འདོད་རྒྱལ་བའི་སྒྲའོ། །དེ་ན་སྐད་རིགས་བཞི་ཡོད་པ་ལས་ལེགས་སྦྱར་གྱི་སྐད་དུ་འདི་ལ་ཨ་བྷི་སོགས་སོ། །བོད་ནི་ཁ་བ་ཅན་ཏེ། བོད་དང་བོད་ཆེན་གཉིས་ལས། དེ་རྣམས་ཀྱི་སྐད་དུ། འདི་ལ་ཤེས་རབ་སོགས་སོ། །གཉིས་པ་ནི། འོ་ན་ཚིག་ཐ་དད་པ་ལྟར་དོན་ཡང་ཐ་དད་དམ་ཞེ་ན། དོན་གཅིག་སྟེ། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལངྐཱ་ཀཱ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲཛྙཱ་ནི་ཤེས་རབ། པཱ་ར་མི་ཏ་ནི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག ཤཱ་ས་སཏྲ་ནི་བསྟན་བཅོས་སོ། །གཉིས་པ་མཚན་བཤད་པ་ལ། ཤེར་ཕྱིན་ནི་བརྗོད་བྱ་ལམ་འབྲས་གཉིས་དང་། རྗོད་བྱེད་གཞུང་གསུམ་ལས། དངོས་སུ་ཕྱི་མ་ལ་འཇུག་ཅིང་། དོན་གྱིས་སྔ་མ་ལའང་འཇུག་སྟེ། ཡུམ་རྒྱས་འབྲིང་གསུམ་བཤད་པས་ལམ་འབྲས་གཉིས་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཕྱིར། མན་ངག་ནི་ཤེས་བྱའི་ཡུལ་མྱུར་དུ་ཁོང་དུ་ཆུད་པར་བྱེད་པ་གཉིས་ཏེ། ཚིག་ཉུང་ངུས་དོན་རྒྱ་ཆེན་པོར་སྟོན་པ་དང་། སྦས་དོན་གསལ་བར་བྱེད་པའོ། །བསྟན་བཅོས་ནི། ཤཱ་ས་སཏྲ་ལས་ཤཱ་ས་ནི་འཆོས་པ་སྟེ་སྡེ་སྣོད་གསུམ་གྱིས་གདུལ་བྱའི་སེམས་ཉོན་མོངས་པ་ཅན་ལས་བསླབ་པ་གསུམ་དུ་འཆོས་ཤིང་། ཏཱ་ར་ནི་སྒྲོལ་བའམ་ཏྲ་ཡི་ནི་སྐྱོབ་པ་སྟེ་ཉོན་མོངས་ཀྱི་འབྲས་བུ་ངན་འགྲོ་དང་སྲིད་པའི་དུཿཁ་ལས་སྐྱོབ་པ་སྟེ། དབྱིག་གཉེན་གྱིས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །མཚན་ཉིད་མཚན་གཞི་དབྱེ་བ་གསུམ་ནི་གཞན་དུ་བཤད་དོ། །མངོན་པར་རྟོགས་པ་ནི་ཨ་བྷི་དོན་གཉིས་ལ་འཇུག་ཀྱང་འདིར་མངོན་དུ་ཕྱོགས་པ། ས་མ་ནི་དོན་བཅུ་ལ་འཇུག་ཀྱང་འདིར་ཡང་དག་པར་ངེས་པ། ཨ་ཡ་ནི་རྟོགས་པ་སྟེ། མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བ་བཞིན་ངེས་པར་རྟོགས་པ་ནི་མངོན་པར་རྟོགས་པ་སྟེ་ཤེས་པའམ་ཁོང་དུ་ཆུད་པ་ཞེས་པའི་དོན་ནོ། །རྒྱན་ནི་རྒྱན་དང་འདྲ་བར་དགའ་བ་སྐྱེད་པར་བྱེད་པ་སྟེ་རང་བཞིན་གྱི་རྒྱན་གཟུགས་བཟང་པོ་ལ་མཛེས་བྱེད་གདུ་བུ་ལ་སོགས་པས་སྤྲས་པ་གསལ་བྱེད་མེ་ལོང་ནང་དུ་ཤར་བ་མཐོང་ན་དགའ་བ་སྐྱེ་བར་འགྱུར་བ་ལྟར། ཡུམ་གྱི་མདོའི་གཟུགས་བཟང་པོ་བརྗོད་བྱ་དངོས་པོ་བརྒྱད་དོན་བདུན་ཅུས་སྤྲས་པ། གསལ་བྱེད་བསྟན་བཅོས་ཀྱི་མེ་ལོང་ནང་དུ་སྣང་བས་མཁས་པ་རྣམས་དགའ་བའི་མཆོག་སྐྱེད་པར་བྱེད་པས་ན་རྒྱན་ཏེ། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། ཞེས་སོགས་གསུངས་པ་ལྟར་རོ། །ཞེས་བྱ་བ་ནི་མིང་སྒྲོགས་པ་སྟེ་དེ་སྐད་ཅེས་བྱའོ་ཞེས་པའོ། །གཉིས་པ་ནི། ཤེར་ཕྱིན་དང་མངོན་རྟོགས་ནི་བརྗོད་བྱ་ལས་བཏགས། མན་ངག་དང་བསྟན་བཅོས་དང་རྒྱན་གསུམ་ནི་བྱེད་ལས་ལས་བཏགས། ཚིགས་ལེའུར་བྱས་པ་ནི་རྗོད་བྱེད་ལས་བཏགས་པའོ། །གསུམ་པ་ལ་རྒྱ་སྐད་དང་། བོད་སྐད་དང་། དེ་གཉིས་ཀ་ཀླད་དུ་སྨོས་པའི་དགོས་པ་གཉིས་གཉིས་ལས། དང་པོ་གཉིས་ནི། བསྟན་བཅོས་ཁུངས་བཙུན་པ་དང་། ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་པའོ། །གཉིས་པ་གཉིས་ནི་བསྟན་བཅོས་ཀྱི་བརྗོད་བྱ་རགས་པ་བདེ་བླག་ཏུ་རྟོགས་པ་དང་། ཐ་སྙད་རྟོགས་པའོ། །གསུམ་པ་གཉིས་ནི། སྒྲ་བསྒྱུར་ཕྲ་མོ་ཤེས་པ་དང་། ལོ་པཎ་ལ་བྱས་ཤེས་དྲིན་གཟོ་སྐྱེད་པའོ། །གཉིས་པ་ནི། མ་རིག་བག་ཆགས་དང་བཅས་པའི་སྒྲིབ་པ་སངས་ལ་ཤེས་བྱ་ལ་མཁྱེན་པའི་ཡེ་ཤེས་རྒྱས་པས་སངས་རྒྱས་ཏེ། སྐྱབས་གསུམ་བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨོ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཞེས་སོ། དང་ནི་བསྡུ་བའོ། །བདག་མེད་གཉིས་དང་དོན་གཉིས་དང་ཀུན་བྱང་གི་དོན་ཀུན་དང་མྱང་འདས་ཐོབ་པས་མི་ཟད་པའི་རྟགས་དང་། གདུལ་བྱ་འདུལ་བའི་ཐབས་རྟོགས་པས་ན་བྱང་ཆུབ་སེམས་དཔའ་སྟེ། རྒྱན་ལས། དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང་། །དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང་། །ཐབས་རྣམས་རྟོགས་པར་གྱུར་པའི་ཁྱད་པར་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་འོ། །ཞེས་སོ། དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་ན་ལོ་ཙཱ་བས་སོ། །གཉིས་པ་རྩོམ་བྱེད་དམ་པའི་གཞུང་གི་དོན་ལ། བརྗོད་བྱ་ཤེར་ཕྱིན་ལ་འཇུག་པའི་ཡན་ལག་མཆོད་བརྗོད། རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ལ། སྤྱིར་མཁྱེན་གསུམ་ལ་བསྟོད་པ་བྱེ་བྲག་སངས་རྒྱས་ཀྱི་ཡུམ་ལ་ཕྱག་འཚལ་བའོ། །དང་པོ་ལ་གཞི་ཤེས་ལ། ལམ་ཤེས་ལ། རྣམ་མཁྱེན་ལ་བསྟོད་པའོ། །དང་པོ་ནི། ཁྲིད་པར་མཛད་པ་གང་ཡིན་པ་ལ་བསྟོད་དོ། །གང་ན་ཉན་ཐོས་རྣམས་སོ། །ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱི་དབང་པོ་རྟུལ་བས་སྲིད་པ་ཐ་མའི་ཚེའང་སྒྲ་བཅས་སུ་ཆོས་ཉན་ཅིང་ཐོས་པ་གཞན་ལ་སྒྲོགས་པས་དེ་སྐད་ཅེས་བྱ་སྟེ། བྱང་སེམས་ཀྱི་སྡེ་སྣོད་ལས། ཉན་ཐོས་རྣམས་ནི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །ཞེས་སོ། །དེ་དང་ཐེག་པ་ལ་ཁྱད་པར་ཅུང་ཟད་ལས་མེད་པས་སྲིད་པ་ཐ་མའི་ཚེ་གཞན་གྱིས་བསྟན་པ་ལ་མི་ལྟོས་པའི་རང་རྒྱལ་གྱི་རིགས་ཅན་ཡང་བསྡུའོ། །བསམ་པ་ནི་རྒྱུ་ཉོན་མོངས་དང་འབྲས་བུ་དུཿཁ་ཞི་བའི་ཞི་བ་གཉིས་རང་དོན་དུ་ཚོལ་ཞིང་འདོད་པའོ། །དེ་ལ་དབྱེ་ན། ལྟ་བ་ཁས་ལེན། སྤྲུལ་པའི་ཉན་ཐོས་དང་གཉིས་སོ། །དང་པོ་ནི་རང་རྒྱུད་པ་རྣམས་སོ། །གཉིས་པ་ནི། གཞན་དོན་དུ་ཉན་ཐོས་ཀྱི་ཚུལ་བཟུང་བ་ཤཱ་རིའི་བུ་ལ་སོགས་པའོ། །དེ་དག་ཉན་ཐོས་བཏགས་པ་བ་ཡིན་ཏེ་ཆོས་ཐོས་ནས་སྒྲོགས་པར་འདྲ་བའི་ཕྱིར་ཏེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་སྒྲོགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་སོ། །དགོས་པ་བློ་དམན་དྲང་བའི་དོན་ཏེ། མདོ་ལས། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང་། །འདི་ན་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་སོ། །མདོ་གཞན་དུ། སངས་རྒྱས་སུ་ལུང་བསྟན་ཅིང་བྱང་སེམས་སུ་བཤད་པའི་གནོད་བྱེད་དོ། །ཐབས་གང་གིས་ན་ཕྱི་ནང་གི་ཆོས་ཀུན་བདག་མེད་པར་ཤེས་པ་ཐབས་དང་བཅས་པ་ཉིད་ཀྱིས་སོ། །ཉིད་ཅེས་པ་དངོས་པོའི་རྐྱེན་ཡིན་གྱི་ངེས་བཟུང་གི་ཚིག་ནི་མ་ཡིན་ནོ། །གང་དུ་ན་ཉོན་མོངས་ཉེ་བར་ཞི་བ་ལྷག་བཅས་དང་དུཿཁ་ཉེ་བར་ཞི་བ་ལྷག་མེད་དུའོ། །དེས་ན་ཉན་རང་ཉེར་ཞིར་ཁྲིད་པ་ཆོས་ཅན། ཐབས་ཀུན་ཤེས་ཀྱི་འབྲས་བུ་ཡིན་ཏེ། དེའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། རྗེས་འགྲོ་ནི། དེ་ཡོད་ན་ཕྱི་ནང་ལ་བདག་དང་བདག་གིར་འཛིན་པ་ལྡོག དེ་ལོག་ན་དུག་གསུམ་དང་གསུམ་པོས་ཀུན་ནས་བསླངས་པའི་འཁོར་བར་འཕེན་བྱེད་ཀྱི་ལས་ལྡོག དེ་ལྡོག་ན་འབྲས་བུ་དུཿཁའང་ལྡོག་པའི་ཕྱིར་ཏེ། ཏོག་གཟུངས་ལས། རྟག་ཏུ་ཁམས་གསུམ་པ་དག་མེད་རྫས་མེད་ཅིང་། །བྱེད་པོ་རང་དབང་མེད་པར་རྣམས་བལྟས་ནས། །རྗེས་སུ་མཐུན་པའི་བཟོད་པ་གང་བསྒོམས་པ། །དེ་དག་འགྲོ་བ་ཀུན་ལས་ཐར་བར་འགྱུར། །ཞེས་སོ། །ལྡོག་པ་ནི། ཀུན་ཤེས་མེད་ན་ཆགས་པ་གཉིས་སྐྱེ་ལ་དེ་ལས་དུག་གསུམ་སྐྱེ་བ་སོགས་ཀྱི་ཕྱིར། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་སོ། །གཉིས་པ་ལམ་ཤེས་ལ་བསྟོད་པ་ནི། མཛད་པ་གང་ཡིན་པ་ལ་བསྟོད་དོ། །གང་གིས་མཛད་ན་འགྲོ་བ་སེམས་ཅན་ལ་ཐབས་མཁས་པས་གཏན་དུ་ཕན་པའི་དངོས་པོ་ཕྱིན་དྲུག་དང་བསྡུ་བ་བཞིའི་སྒོ་ནས་མ་འོངས་པའི་མངོན་མཐོ་ངེས་ལེགས་སྒྲུབ་པས་ན། ལོ་ཀའི་ཕ་མ་སོགས་ཀྱིས་ཐབས་མི་མཁས་ཤིང་བསམ་པ་དམན་པ་ཚེ་འདིར་ཕན་པ་ཆུང་ངུ་སྦྱོར་བ་ཞེན་པའི་སྒོ་ནས་བྱམས་ཞིང་ཕན་པ་བས་ཆེས་ཕན་པར་བྱེད་པ་བྱང་སེམས་རྣམས་ཀྱིས་སོ། །དེ་ཡང་རྒྱན་ལས། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཞེས་སོ། དེ་ལ་དབྱེ་ན། རྒྱན་ལས། གཅིག་ནི་མོས་དང་ལྡན་པ་དང་། །ལྷག་པའི་བསམ་པ་དག་པ་གཞན། །མཚན་མ་དང་བཅས་མཚན་མེད་དང་། །མངོན་པར་འདུ་བྱེད་མེད་སྤྱོད་པ། །ལྔ་པོ་འདི་ནི་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ། །ཞེས་པ་ལྟར་རོ། །ཐབས་གང་ལ་བརྟེན་ནས་ན་ལམ་གསུམ་རང་བཞིན་མེད་པར་ཤེས་པ་སྙིང་རྗེ་ལ་སོགས་པའི་ཐབས་དང་བཅས་པ་ཉིད་ཀྱིས་སོ། །དོན་གང་ན་འཇིག་པ་ལ་རྟེན་པའམ་འཇིག་ཅིང་རབ་ཏུ་འཇིག་པ་ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས་བརྟགས་པའི་སེམས་ཅན་ལ་ཕན་པའི་དོན་མངོན་མཐོ་དང་བྱང་ཆུབ་གསུམ་ཇི་ལྟར་འོས་པ་བཞིན་དངོས་བརྒྱུད་ཀྱི་སྒོ་ནས་སྒྲུབ་ཅིང་རྫོགས་པར་རོ། །དེས་ན་བྱང་སེམས་ཀྱིས་ལོ་ཀའི་དོན་སྒྲུབ་པ་ཆོས་ཅན། ཐབས་ལམ་ཤེས་ཀྱི་འབྲས་བུ་ཡིན་ཏེ། དེའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། རྗེས་འགྲོ་ཡོད་དེ། ལམ་གསུམ་ཤེས་ན་བསྟན་ནུས་ལ་སྙིང་རྗེ་སོགས་ཡོད་ན་བསྟན་འདོད་པས་ལམ་བསྟན་པས་བྱང་ཆུབ་ལ་འགོད་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱིས། རང་ལ་ངེས་པ་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་སོ། །ལྡོག་པའང་ཡོད་དེ། རང་གི་ས་ལམ་མ་ཤེས་ན་བསྟན་པར་མི་ནུས་ལ་སྙིང་རྗེ་སོགས་མེད་ན་བསྟན་པར་མི་འདོད་པའི་ཕྱིར་ཏེ། རང་གི་རྟོགས་པའི་རྗེས་འབྲངས་ནས། །ཇི་ཙམ་ཞིག་ནི་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་སོ། གསུམ་པ་རྣམ་མཁྱེན་ལ་བསྟོད་པ་ནི། གསུངས་པ་གང་ཡིན་པ་ལ་བསྟོད་དོ། །གང་གིས་གསུང་ན་བདུད་བཞི་ཐུབ་ཅིང་སྤང་བྱ་ཡང་དག་པར་བསྡམས་པ་ཡོན་ཏན་ཚད་མེད་པ་མངའ་བ་རྣམས་ཀྱིས་སོ། །འདི་ལ་ཡང་བྱང་སེམས་དང་སངས་རྒྱས་གཉིས་ཡོད་དོ། །ཐབས་གང་ལས་ན་རྣམ་པ་སྐྱེ་མེད་དུ་མཁྱེན་པ་གང་དང་ཡང་དག་པར་ལྡན་པས་སོ། །གང་གི་སྒྲས་རྣམ་མཁྱེན་བརྗོད་པ་མི་རིགས་ཏེ། མཁྱེན་གསུམ་གྱི་སྤྱི་སྒྲ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། མཁྱེན་པ་གཞན་གཉིས་ལ་བསྟོད་ཟིན་པའི་ལྷག་མར་གྱུར་པས་རྣམ་མཁྱེན་ལ་གོ་སྟེ་དཀོན་མཆོག་གི་སྒྲས་དགེ་འདུན་ལ་གོ་བ་བཞིན་ནོ། །དོན་གྱི་ཤུགས་ཀྱིས་ཀྱང་རྣམ་མཁྱེན་ལ་གོ་སྟེ་འོངས་སོ་ཞེས་པས་སྐྱེས་བུ་ལ་གོ་བ་བཞིན་ནོ། །ཤཱནྟི་པས། ལྷག་པར་གྱུར་པ་དང་དོན་གྱི་རྣམ་མཁྱེན་དབྱེ་བས་སོ། །ཞེས་སོ། །ཁྱད་པར་ཐུབ་པའི་ཚིག་དང་འབྲེལ་བས་གོ་སྟེ་ལག་ལྡན་ལས་གླང་པོ་གོ་བ་བཞིན་ནོ། །འདིར་ཐབས་གསུམ་འཕགས་པ་སོ་སོའི་མཁྱེན་པ་དང་མངོན་སུམ་དུ་རྟོགས་པ་ཞེས་སྦྱོར་བ་མི་འཐད་པའི་ཚུལ་ངག་ལས་རྟོགས་པར་བྱའོ། །གང་གསུངས་ན་ཐེག་པ་ཆེ་ཆུང་ངམ་སྡེ་སྣོད་གསུམ་མམ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཀུན་དང་ལྡན་པ་ཡུམ་ལ་སོགས་པའི་འཁོར་ལོ་སྣ་ཚོགས་པ་འདིའོ། །ཚུལ་ནི་གདུལ་བྱ་དང་མཚམས་པར་མི་རྟོག་བཞིན་དུའོ། །དེས་ན་ཐུབ་པས་ཆོས་འཁོར་བསྐོར་བ་ཆོས་ཅན། ཐབས་རྣམ་མཁྱེན་གྱི་འབྲས་བུ་ཡིན་ཏེ། དེའི་རྟགས་སྔར་བཞིན། རྟགས་གཉིས་རིམ་བཞིན། རྣམ་མཁྱེན་ཐུགས་རྗེ་ཆེན་པོ་དང་བཅས་པ་ཡོད་ན་བསྐོར་ནུས་པའི་ཕྱིར་ཏེ། མདོ་ལས། རྣམ་མཁྱེན་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་སོ། །དེ་མེད་ན་འདབ་གཤོག་མེད་པའི་བྱ་འཕུར་མི་ནུས་པ་བཞིན་དུ་བསྐོར་མི་ནུས་པའི་ཕྱིར་ཏེ། མདོར། རྣམ་མཁྱེནཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །ཞེས་གསུངས་སོ། །གཉིས་པ་ཕྱག་འཚལ་བ་ནི། ཕྱག་འཚལ་ལོ། །གང་ལ་ན་སངས་རྒྱས་ཀྱི་ནི་སྐྱེད་བྱེད་དང་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་དེ་ལའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ཏེ་དགེ་འདུན་དང་བཅས་པ་སྟེ་ལྷན་གཅིག་པའི་སྤྲུལ་སྐུའོ། །དེས་ན་འདི་ལ་དགོས་པ་གཉིས་ཏེ། ཡུམ་གསུམ་གྱི་བརྗོད་བྱ་ཤེར་ཕྱིན་ལ་དྭང་བའི་སྒོ་ནས་དེ་ལ་འཇུག་པ་དང་། རང་ཉིད་དམ་པར་རྟོགས་ནས་རང་གི་བསྟན་བཅོས་ལ་གཞན་འཇུག་པའི་ཆེད་དེ་གཉིས་ཆར་འགྲེལ་པར་བཤད་དོ། །དཀའ་འགྲེལ་ལས། འདིས་རྒྱན་གྱི་མདོ་བཤད་ཐབས་ཀྱི་མན་ངག་ལྔ་འཆད་པའི་ཚེ་མདོའི་དགོས་པ་བསྟན་པ་བཞེད་ཅིང་སྔ་རབས་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ཞེས་པས་བསྟན་པ་གསུངས་ཀྱང་སྔ་མ་ལེགས་ཚུལ་ངག་ཏུ་གསལ་ལོ། །གཉིས་པ་རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འགྲེལ་འཆད་པ་ནི། དགོས་པ་གཉིས་པ་ལས་འཕྲོས་ནས། བསྟན་བཅོས་འདི་ལ་འཇུག་པར་མི་བྱ་སྟེ། བརྗོད་བྱ་བདེན་པ་དང་མི་ལྡན་པའི་ཕྱིར། བྱ་རོག་སོ་རྟོག་བསྟན་བཅོས་བཞིན་ཞེས། བརྗོད་བྱ་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་དང་། ཡང་བརྗོད་བྱ་དང་ལྡན་ཡང་དེ་བདེ་བླག་ཏུ་རྟོགས་པའི་དགོས་པ་མེད་པའི་ཕྱིར། འཇོག་པོའི་གཙུག་གི་ནོར་བུ་ལེན་པའི་བསྟན་བཅོས་བཞིན་ཞེས་དགོས་པ་ལ་བློ་གསུམ་དང་། དགོས་པ་ཡོད་ཀྱང་ཟབ་མོ་མངོན་སུམ་དུ་རྟོགས་མཐོང་གི་ཉིང་དགོས་མེད་པའི་ཕྱིར། མ་བག་མར་ལེན་པའི་ཀླ་ཀློའི་བསྟན་བཅོས་བཞིན་ཞེས། ཉིང་དགོས་ལ་བློ་གསུམ་དང་། དེ་དག་ཡོད་ཀྱང་དགོས་པ་གཉིས་པོ་བསྟན་བཅོས་ལ་མ་འབྲེལ་བའི་ཕྱིར། མཐོ་རིས་དོན་དུ་སྲོག་གཅོད་བཞིན་ཞེས། འབྲེལ་པ་ལ་མ་རྟོགས་སོགས་བློ་གསུམ་ལས། དེ་དག་སེལ་བ་ལ་བརྗོད་བྱ་སོགས་གསུམ་དངོས་སུ་དང་འགྲེལ་བ་ཤུགས་ལ་སྟོན་པ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཚིགས་བཅད་གཉིས་ཏེ། དང་པོ་གསུམ་གྱིས་བརྗོད་བྱ། དེ་ནས་གསུམ་གྱིས་ཉིང་དགོས། ཐ་མ་གཉིས་ཀྱིས་དགོས་པ་བསྟན་ཏེ། མགོན་པོ་བྱམས་པས་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་ཕྱག་འཚལ་ནས་མཁྱེན་པ་གསུམ་གྱི་རྒྱན་རྩོམ་པར་དམ་བཅས་པ་ན་དེའི་བརྗོད་བྱ་གང་ཡིན་ཞེ་ན། མཆོད་བརྗོད་ཀྱི་བཤད་ཚུལ་ཕྱི་མ་གཉིས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་སའི་མཁྱེན་གསུམ་ལ་རྣམ་མཁྱེན་གྱི་ཐ་སྙད་མཛད་པ་དེ་ཐོབ་བྱའི་འབྲས་བུར་བྱས་ནས་དེ་ཐོབ་བྱེད་ཀྱི་ལམ་མཆོད་བརྗོད་ཀྱི་བཤད་ཚུལ་དང་པོས་བསྡུས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་གང་ཟག་གི་ཆ་རྐྱེན་གྱི་སྒོ་ནས་མངོན་པར་རྟོགས་པ་བརྒྱད་དུ་འགྱུར་བ་དེ་ཉིད་འདིར་བརྗོད་བྱར་བྱེད་པའི་བསྟན་བཅོས་རྩོམ་ཞེས་པའོ། །འོ་ན་དེ་ཉིད་བཀའ་ལ་མ་ལྟོས་པར་རང་སྟོབས་ཀྱིས་བཤད་པ་ཡིན་ནམ་སྙམ་ན། མ་ཡིན་ཏེ་སྟོན་པས་ཤེར་ཕྱིན་གྱི་མདོ་གསུམ་པོ་འདི་ལས་གསུངས་པ་གང་ཡིན་པ་དེ་འདིར་བཤད་པར་བྱ་བ་ཡིན་གྱི་དེ་ལས་ལོགས་སུ་མི་འཆད་ཅེས་པའི་དོན་ཏོ། །འོ་ན་ཤེར་ཕྱིན་གྱི་མདོ་ནས་བཤད་པའི་ཐེག་པ་གསུམ་ཆར་གྱི་ལམ་འདིར་འཆད་དམ་ཞེ་ན། ཤེར་ཕྱིན་གྱི་མདོར་ཐེག་པ་གསུམ་ཆར་གྱི་ལམ་གསུངས་ཀྱང་འདིར་ཐེག་པ་གཞན་གྱིས་ཤེས་རབ་གསུམ་སྐྱེ་བའི་རིམ་པས་མྱོང་བ་མ་ཡིན་པ་བྱང་ཆུབ་སེམས་དཔའ་ཁོ་ནས་ཉམས་སུ་མྱོང་བར་བྱ་བ་དེ་འཆད་ཅེས་པའི་དོན་ཏོ། །རྟོགས་རིགས་ཀྱི་དབང་དུ་བྱས་ན་ནི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་དངོས་སུ་བསྟན་ཏེ། བྱང་སེམས་ཁོ་ནས་ཉམས་སུ་མྱོང་བར་བྱ་བ་དེ་ལ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་ཕྱིར་རོ། །ཐེག་དམན་རང་རྒྱུད་པའི་ལམ་ནི་གཞུང་འདིར་དངོས་སུ་མི་སྟོན་ཏེ། གཞན་གྱིས་མྱོང་བ་མ་ཡིན་ཏེ། ཞེས་དང་། འོག་ཏུ་ཐེག་ཆེན་ལམ་གྱི་རྣམ་གཞག་རེ་རེ་འཆད་པའི་སྐབས་སུ་ཐེག་དམན་གྱི་ལམ་རྣམས་ཤུགས་ལ་བསྟན་པར་གསུངས་པའི་ཕྱིར་རོ། །གཉིས་པ་དགོས་པ་ནི། སྟོན་པས་འདི་ལས་བཤད་པ་གང་། །ཞེས་པ་ལས་འཕྲོས་ནས་སྟོན་པས་བཤད་ཟིན་པས་བསྟན་བཅོས་བརྩམས་པ་ལ་དགོས་པ་མེད་པར་འགྱུར་རོ་སྙམ་ན། དེའི་ལན་ནི་ཚིག་རྐང་ཐ་མ་གཉིས་ཏེ། བསྟན་བཅོས་མ་བརྩམས་ན་སོ་སོ་སྐྱེ་བོ་རྣམས་ཀྱིས་མདོ་དོན་བདེ་བླག་ཏུ་རྟོགས་པར་མི་ནུས་པས་དེས་དོན་དེ་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ཞེས་པའོ། །གསུམ་པ་ཉིང་དགོས་ནི། འོ་ན་སོ་སོ་སྐྱེ་བོས་མདོ་དོན་བདེ་བླག་ཏུ་རྟོགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེའི་ལན་དུ་སོ་སོ་སྐྱེ་བོས་མདོ་དོན་བདེ་བླག་ཏུ་རྟོགས་པ་ལ་བརྟེན་ནས་ཆོས་ལམ་དང་དེའི་སྤྱོད་པ་སྦྱིན་སོགས་ཕར་ཕྱིན་བཅུའི་བདག་ཉིད་ཀྱི་མདོའི་དོན་རྟོགས་པ་བཞིན་དྲན་པའི་ཤེས་པས་བཞག་ནས་ཚོགས་སྦྱོར་གྱི་གནས་སྐབས་སུ་བསྐལ་པ་གྲངས་མེད་གཅིག་ཏུ་བསྒོམས་པའི་སྟོབས་ཀྱིས་ས་དང་པོར་ཆོས་སྤྱོད་བཅུ་མངོན་དུ་འགྱུར་བ་ནི་བསྟན་བཅོས་ཀྱི་ཉིང་དགོས་ཡིན་ཞེས་པའི་དོན་ཏོ། །མདོར་ན་དགོས་འབྲེལ་ངག་གི་ཚིགས་བཅད་གཉིས་པོ་འདིས་རྗོད་བྱེད་མངོན་རྟོགས་རྒྱན་ལ་བརྟེན་ནས། བརྗོད་བྱ་དགོས་པ་ཉིང་དགོས་གསུམ་ལ་འཇུག་པའི་རིམ་པ་འདི་ལྟར་བསྟན་ཏེ། སོ་སོ་སྐྱེ་བོའི་དུས་སུ་མངོན་རྟོགས་རྒྱན་ལ་ཐོས་བསམ་བྱས་པས་ཤེར་ཕྱིན་གྱི་མདོའི་དོན་ངོ་བོ་ཆོས་སྤྱོད་བཅུ་ཡིན་ཀྱང་བསྟན་ཚུལ་སྐབས་བརྒྱད་ཀྱི་སྒོ་ནས་བསྟན་པ་དེ་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འབྱུང་ལ། དེའི་དོན་ཚོགས་སྦྱོར་གྱི་གནས་སྐབས་སུ་ཉམས་སུ་བླངས་པས་ས་དང་པོར་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་མངོན་དུ་འགྱུར་ལ། དེ་ནས་ལམ་ལྷག་མ་རྣམས་ཀྱི་ཉམས་ལེན་བསྟན་བཅོས་ལ་མི་ལྟོས་པར་མདོའི་དོན་ལ་རང་ཉིད་ཀྱིས་འཇུག་པར་བསྟན་ཏེ་གསུང་རབ་མཐའ་དག་གི་དགོངས་པའོ། །བཞི་པ་འབྲེལ་པ་ནི། ཕྱིར་ཞེས་དང་། རྩོམ་པའི་དགོས་པ་ཡིན། ཞེས་པའི་ཤུགས་བསྟན་ཏེ། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་པའི་གཞི་ནི་གཉིས་ལ་གནས། །དེ་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་ལས་ལོགས་ཤིག་མ་བསྟན་ནོ། །ཞེས་སོ། གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ། རྒྱས་པ་ལ་དད་པ་ལ་བརྒྱད་དུ་དབྱེ། བར་པ་ལ་དད་པ་ལ་དྲུག་ཏུ་བསྟན། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའོ། །དང་པོ་ལ་བསྡུས་དོན་ལུས་རྣམ་བཞག་དང་། ཚིག་དོན་ཡན་ལག་རྒྱས་བཤད་གཉིས་སོ། །དང་པོ་ལ། ལུས་མདོར་བསྟན། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ལའང་། བཤད་བྱ་དོན་གཉིས་ཀྱིས་བཤད་པ། འཆད་བྱེད་བརྒྱད་ངོས་བཟུང་བའོ། །དང་པོ་ནི། བཤད་དོ། །གང་ན་ཤེར་ཕྱིན་གསུམ་ནིའོ། །གང་གི་སྒོ་ནས་ན་དོན་གྱི་བརྗོད་བྱ་རྣམས་མཁྱེན་གྱིས་བསྡུས་པའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོབ་བྱེད་ཀྱི་ལམ་དངོས་པོ་བརྒྱད་ཀྱི་སྒོ་ནས། དོན་གྱི་བརྗོད་བྱ་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཟག་གི་ཆ་རྐྱེན་དངོས་པོ་བརྒྱད་ཀྱི་སྒོ་ནས། ཚིག་གི་བརྗོད་བྱ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་བྱ་དངོས་པོ་བརྒྱད་ཀྱི་སྒོ་ནས་སོ། །ཚུལ་ཇི་ལྟར་ན་མདོ་ལས་ཇི་ལྟར་བཤད་པ་ལྟར་སྟོན་པས་ན་ཡང་དག་པར་རོ། །མདོ་ལས་ཇི་ལྟར་བཤད་ཅེ་ན། ལེ་བརྒྱད་མ་ལྟར་ན། གླེང་གཞིའི་མཇུག་ཐོག་ནས་བརྩོམས་ཏེ། རབ་འབྱོར་གྱི་ལེའུས་རྣམ་མཁྱེན། མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས། སྤྱོད་པ་ཁྱད་པར་ཅན་གྱི་ལེའུས་གཞི་ཤེས། དེ་བཞིན་ཉིད་ཀྱི་ལེའུས་རྣམ་ཀུན། བསླབ་པ་ཡོངས་སུ་དག་པའི་ལེའུས་རྩེ་སྦྱོར། རིམ་གྱིས་འཇུག་པ་ལ་བསླབ་པ་ལེའུས་མཐར་གྱིས་པ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་མ། བསླབ་པའི་འབྲས་བུའི་ལེའུས་ཆོས་སྐུ་བཤད་དོ། །གཉིས་པ་ནི། འོ་ན་འཆད་བྱེད་དངོས་པོ་བརྒྱད་གང་ཞེ་ན། བདེན་པ་གཉིས་ཀྱི་རྣམ་པ་ཀུན་ནམ། ངོ་བོ་རྒྱུ་འབྲས་ཀྱི་རྣམ་པ་ཀུན་ནམ། ཐེག་ཆེན་གྱི་ལམ་གྱི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། ཐེག་པ་གསུམ་གྱི་ལམ་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་ཉིད་ཀྱི་ཡེ་ཤེས་དང་། རྟོགས་པའི་རིམ་པའི་དབང་དུ་བྱས་ན་ལམ་ཤེས་ཀྱི་རྗེས་དེ་ནས་ཞེས་པ་རིམ་པ་སྟོན་པ་སྟེ་གཞི་ཕུང་སོགས་ཐམས་ཅད་བདག་མེད་པར་མངོན་སུམ་དུ་ཤེས་པ་ཉིད་དང་། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཀུན་མངོན་དུ་ཕྱོགས་པས་རྫོགས་པའམ་ཡང་དག་པར་རྟོགས་པ་དང་། མཁྱེན་གསུམ་བསྡུས་སྒོམ་རྩེ་མོར་ཕྱིན་པ་སྟེ་རབ་ཏུ་གྱུར་པ་དང་། མཁྱེན་གསུམ་གྱི་རྣམ་པ་རྣམས་སྔ་མའི་རྗེས་སུ་ཕྱི་མ་འབྲེལ་བར་མཐར་ཏེ་རིམ་གྱིས་སྒོམ་པ་དང་། སེམས་ཀྱི་སྐད་ཅིག་མ་གཅིག་ཁོ་ན་ལ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་དང་། ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་ཡན་ལག་བསགས་པའི་ལུས་ཡིན་པས་སྐུ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་བྱེད་པས་སྐུ། རིགས་པའི་རྗེས་སུ་འབྲང་བས་ཐོབ་བྱའམ་རྟོགས་བྱའི་ངོ་བོ་ཡིན་པས་སྐུ། འགྲོ་བ་ཐམས་ཅད་དེའི་ངོ་བོ་ལས་མ་འདས་པས་སྐུ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་བསམ་ཡས་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་ཏེ། དེ་དག་ནི་འཆད་བྱེད་དངོས་པོ་རྣམ་པ་བརྒྱད་དོ། །ཅིའི་ཕྱིར་ཤེར་ཕྱིན་གྱི་ལུས་ལ་བརྒྱད་དུ་ངེས་ཤེ་ན། ངེས་ཏེ་དོན་དུ་གཉེར་བྱའི་བྱང་ཆུབ་ནི་ཤེས་བྱའི་ཡུལ་གསུམ་ཉམས་སུ་ལེན་པའི་སྦྱོར་བ་བཞི་ཐོབ་བྱའི་འབྲས་བུ་དང་བརྒྱད་ཀྱིས་མཐར་ཕྱིན་པར་བྱ་དགོས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་མཐར་ཕྱིན་པ་ལ་འཇུག་ཡུལ་སོགས་གསུམ་དགོས་ཤེ་ན། ཤེས་བྱའི་ཡུལ་མ་རྟོགས་པར་སྦྱོར་བ་ཉམས་སུ་ལེན་མི་ནུས་ཤིང་། སྦྱོར་བ་ཉམས་སུ་མ་བླངས་པར་འབྲས་བུ་མི་ཐོབ་ལ། ཐོབ་བྱའི་འབྲས་བུ་མེད་ན་སྦྱོར་བ་ཉམས་སུ་བླངས་པ་དོན་མེད་པས་སོ། །ཤེས་བྱའི་ཡུལ་ལ་གསུམ་ཅི་དགོས་སྙམ་ན། ཐོག་མར་འབྲས་བུ་ལ་སྤྲོ་བ་བསྐྱེད་ནས་དེའི་རྒྱུ་ལ་ནན་གྱིས་འཇུག་པར་བྱ་དགོས་ཤིང་། དེ་ལ་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་པར་བྱ་དགོས་པས་ཡུལ་ལ་རྣམ་མཁྱེན། ལམ་ཤེས། གཞི་ཤེས་གསུམ་དུ་བསྟན་ཏོ། །ཅིའི་ཕྱིར་ཉམས་ལེན་གྱི་སྦྱོར་བ་བཞིར་བཞག་ཅེ་ན། སློབ་དཔོན་ལྟར་ན། དབང་དུ་བྱ་བའི་ཕྱིར་དུ་བསྒོམ་པ་རྣམ་ཀུན་གྱི་སྦྱོར་བ་མེད་ན་དབང་ཐོབ་པ་རྩེ་མོའི་སྦྱོར་བ་མི་འབྱུང་ཞིང་། དེ་མེད་པར་མི་མཐུན་ཕྱོགས་ཉོན་མོངས་དང་རྣམ་རྟོགས་སྤོང་མི་ནུས་པས་དབང་དུ་བྱེད་པ་རྒྱུ་འབྲས་རྣམ་ཀུན་དང་རྩེ་སྦྱོར་བསྟན་ཏོ། །མི་མཐུན་ཕྱོགས་སྤངས་ཀྱང་བློའི་ནུས་པ་མཐར་ཐུག་པར་བྱ་བའི་ཕྱིར་དུ་སྔར་ཉམས་སུ་མྱོང་བའི་ཡོན་ཏན་རྣམ་གོ་རིམ་མ་འཆོལ་བར་ཡང་དང་ཡང་དུ་མངོན་དུ་བྱེད་པ་མཐར་གྱིས་པའི་སྦྱོར་བ་མེད་ན་སྐད་ཅིག་མ་གཅིག་ལ་ཆོས་ཀུན་མངོན་དུ་བྱེད་ནུས་པ་སྐད་ཅིག་མའི་སྦྱོར་བ་མི་འབྱུང་ལ། དེ་མེད་པར་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་མི་འབྱུང་བས། བརྟན་པ་རྒྱུ་འབྲས་མཐར་གྱིས་པ་དང་སྐད་ཅིག་མའི་སྦྱོར་བ་བསྟན་པས་ན། མངོན་པར་རྟོགས་པ་བརྒྱད་དོ། །འཕགས་པ་ལྟར་ན། རྫོགས་པའི་སངས་རྒྱས་ནི་སྒྲིབ་པ་མ་ལུས་པ་སྤངས་པ་དང་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན་པས། མི་མཐུན་ཕྱོགས་སྤང་བའི་ཕྱིར་དུ་རྣམ་ཀུན་དང་རྩེ་སྦྱོར་གཉིས་དགོས་ཤིང་། ཡོན་ཏན་མངོན་དུ་བྱེད་པའི་ཕྱིར་དུ་མཐར་གྱིས་པ་དང་སྐད་ཅིག་མ་རྣམ་པར་གཞག་གོ །རྩ་བའི་དགོངས་པ་འདི་ཁོ་ནར་སྣང་ངོ་། །བརྒྱད་པོའི་གོ་རིམ་ནི། ཐོག་མར་འཇུག་ཡུལ་ཐོས་བསམ་གྱིས་གཏན་ལ་དབབ་དགོས་པས་མཁྱེན་གསུམ་བསྟན་ལ། དེ་ལ་ཡང་འབྲས་བུ་ལ་དོན་གཉེར་གྱི་བློ་བསྐྱེད་པའི་ཕྱིར་དུ་དང་པོར་རྣམ་མཁྱེན་བསྟན། དེ་ཡང་ལམ་ཤེས་པ་ཉིད་མེད་ན་མི་འབྱུང་བས་དེ་ནས་ལམ་ཤེས་བསྟན། དེ་ཡང་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་ན་མེད་པས་དེ་ནས་གཞི་ཤེས་བསྟན་ཏོ། །ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་སྦྱོར་བས་ཉམས་སུ་ལེན་དགོས་པས་དེ་ནས་སྦྱོར་བ་བཞི་བསྟན་ཏོ། །སྦྱོར་བཞི་སྒོམ་པ་མཐར་ཕྱིན་པ་ན་སངས་རྒྱས་ཐོབ་པས་དེ་ནས་ཆོས་སྐུ་བསྟན་ཏོ། །གཉིས་པ་ཅུང་ཟད་ཕྱེ་སྟེ་བཤད་པ་ལ། ཡུལ། སྦྱོར་བ། འབྲས་བུའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རྣམ་ཀུན་མཁྱེན་ཉིད་ཅེས་པའི་རྣམ་མཁྱེན་གང་ཞེ་ན་འདི་ལ། ཆོས་བཅུའི་རང་བཞིན། གོ་རིམ་ངེས་པ། ཇི་ལྟར་བསྟན་པའི་ཚུལ། ལུས་དང་སྦྱར་བའོ། །དང་པོ་ལ་བསམ་པ་སེམས་བསྐྱེད་པ་དང་། སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་གཉིས། དང་པོ་ནི། ཐེག་ཆེན་གྱི་ལམ་གྱི་རང་བཞིན་སེམས་བསྐྱེད་པའོ། །གཉིས་པ་ལ་ཐེག་ཆེན་གྱི་སྒྲུབ་པ་ཙམ་ལ་འཇུག་ཚུལ་དང་། ཕྱིར་མི་ལྡོག་པའི་སྒྲུབ་པ་ལ་འཇུག་ཚུལ། དེ་གཉིས་ཀའི་ཐུན་མོང་གི་ཆོས་སོ། །དང་པོ་ནི། དེ་སྨིན་ཅིང་དག་པར་བྱེད་པ་གདམས་ངག་གོ །གཉིས་པ་ལ། དེའི་ས་མཚམས། རྟེན། དམིགས་པ། ཆེད་དུ་བྱ་བ་བཞི་ལས། དང་པོ་ནི། གདམས་ངག་གི་འབྲས་བུ་རྣམ་པར་མི་རྟོག་པས་མཐོང་སྤང་ལས་ངེས་པར་འབྱེད་པ་མཐོང་ལམ་གྱི་ཡན་ལག་སྟེ་རྒྱུར་གྱུར་པའོ། །དབྱེ་ན་དྲོད་སོགས་རྣམ་པ་བཞིའོ། །གཉིས་པ་ནི། རང་གི་རྟེན་ཆོས་སྒྲུབ་པ་ཡི་ནི་རྟེན་དུ་གྱུར་པའི་རིགས་ཏེ་ངོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཞེས་པའོ། །གསུམ་པ་ནི། དེ་ལ་བརྟེན་པའི་སྒྲུབ་པའི་དམིགས་པ་དག་ནི་དེས་སྒྲོ་འདོགས་གཅད་པར་བྱ་བའི་གཞིའོ། །བཞི་པ་ནི། དེ་ལ་དམིགས་པའི་སྒྲུབ་པའི་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་སྟེ་སྔར་གྱི་སྒྲུབ་པ་ནི་དམིགས་པ་བདེན་བཞི་ཙམ་དང་ཆེད་དུ་བྱ་བ་རྣམ་མཁྱེན་ཙམ་དུ་བཤད་པ་ལས་ཁྱད་པར་དུ་བྱས་པའོ། །གསུམ་པ་དེ་གཉིས་ཀའི་ཐུན་མོང་གི་ཆོས་ལ་གོ་སྒྲུབ་སོགས་བཞིར་ངེས་ཏེ། མི་མཐུན་ཕྱོགས་ཀྱི་མཚོན་གྱིས་མི་ཚུགས་པའི་གོ་ཆའི་སྒྲུབ་པ་ནི་ཁྱད་པར་བཞི་ལྡན་གང་ཞིག་བསམ་པའི་བརྩོན་འགྲུས་ཀྱི་བྱ་བའོ། །གོ་བགོས་ནས་ཐེག་ཆེན་གྱི་གཡུལ་དུ་འཇུག་པའི་སྒྲུབ་པ་ནི་གང་ཞིག་སྦྱོར་བའི་བརྩོན་འགྲུས་ཀྱི་བྱ་བའོ། །ཞུགས་ཏེ་དཔུང་གི་ཚོགས་བསོག་པའི་སྒྲུབ་པ་ནི་གང་ཞིག་བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའི་བྱ་བའོ། །དཔུང་གི་ཚོགས་བསགས་པས་རྒྱལ་དཀའ་བའི་དགྲ་ལས་རྒྱལ་བ་ཐོབ་པའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་གང་ཞིག་ངེས་པར་འབྱུང་སར་གདོན་མི་ཟ་བར་འབྱུང་བའི་བརྩོན་འགྲུས་སོ། །དེ་ཉིད་སྔ་མ་དགུ་དང་བཅས་པས་ཆོས་བཅུའོ། །དེ་ཡང་འཕགས་པས། གོ་བགོས་པས་ནི་འཇུག་གོ །ཞུགས་པས་ནི་དཔུང་གི་ཚོགས་བསོག་སོ། །དཔུང་གི་ཚོགས་བསགས་པས་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། ཐོག་མར་སེམས་བསྐྱེད་སྟོན་ཏེ་ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་གདམས་ངག་སྟོན་ཏེ་སེམས་བསྐྱེད་ཀྱི་སྐབས་སུ་དམིགས་ཡུལ་དུ་བྱས་པ་དེ་ཐོབ་པའི་ཆེད་དུ་གདམས་ངག་ཉན་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་ངེས་འབྱེད་ཡན་ལག་སྟོན་ཏེ་གདམས་ངག་གི་དོན་ཉམས་སུ་བླངས་པ་ལས་དེ་འབྱུང་བའི་ཕྱིར་རོ། །དེའི་འོག་ཏུ་སྒྲུབ་པའི་རྟེན་སྟོན་ཏེ་དེ་ཐོབ་ནས་སེམས་ཀྱི་ཆོས་དབྱིངས་དེས་ཐེག་ཆེན་གྱི་སྒྲུབ་པ་ཁོ་ནའི་རྟེན་བྱེད་ཀྱི་ཐེག་པ་གཞན་གྱི་སྒྲུབ་པའི་རྟེན་བྱེད་པ་མི་སྲིད་པའི་ཕྱིར་རོ། །དེའི་འོག་ཏུ་དམིགས་པ་སྟོན་ཏེ་ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པ་དེས་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་ཆེད་དུ་བྱ་བ་སྟོན་ཏེ་དམིགས་པ་བདེན་བཞི་ཙམ་ལ་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་མ་ངེས་ཀྱང་དམིགས་པ་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་ངེས་པའི་ཕྱིར་རོ། །དེའི་འོག་ཏུ་སྒྲུབ་པ་རང་གི་ངོ་བོ་སྟོན་ཏེ་བསྒྲུབ་བྱ་གསུམ་ཐོབ་པའི་དོན་དུ་སྒྲུབ་པ་ཉམས་སུ་བླང་དགོས་པའི་ཕྱིར་རོ། །གོ་སྒྲུབ་སོགས་རིམ་པར་སྟོན་པའི་རྒྱུ་མཚན་སྔར་བཤད་ཅིང་འོག་ཏུ་ཡང་འཆད་པར་འགྱུར་རོ། །གསུམ་པ་ནི། ཆོས་བཅུ་པོ་རྣམས་ཀྱིས་ཡུལ་ཅན་རྣམ་མཁྱེན་འཕེན་པའི་ཚུལ་གྱིས་སྟོན་ཏེ། སེམས་བསྐྱེད་ལ་སོགས་པའི་རྣམ་མཁྱེན་རྒྱུ་འབྲས་དང་བཅས་པ་མངོན་སུམ་དུ་མཁྱེན་པ་ནི་རྣམ་མཁྱེན་ནོ་ཞེས་པའི་ཚུལ་དུའོ། །བཞི་པ་ནི་རྣམ་ཀུན་མཁྱེན་པ་ཉིད་ཅེས་པའོ། །སུའི་མཁྱེན་པའམ་རྟོགས་རིགས་ཡིན་ཞེ་ན། ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིའོ། །འོ་ན་ཆོས་བཅུ་པོ་དེ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པའི་རྣམ་པའི་རབ་དབྱེ་ཇི་ལྟ་བུ་ཡིན་ཞེ་ན། ཆོས་བཅུ་པོ་རེ་རེའི་སྐབས་སུ་ཡང་ཐེག་ཆེན་གྱི་ལམ་མཐའ་དག་གམ། འབྲས་བུ་མཐའ་དག་གམ། དེ་གཉིས་ཀ་གཏན་ལ་ཕབ་པའི་ཕྱིར་ན་དེའི་རྣམ་པའི་རབ་དབྱེ་ཞེས་བྱ་སྟེ། དཔེར་ན། ཀུན་བཏུས་སུ། རྫས་ཡོད་སོགས་དྲུག་ཅུ་པོ་རེ་རེའི་སྐབས་སུ་ཡང་ཕུང་པོ་སོགས་མཐའ་དག་གཏན་ལ་ཕབ་པས་ཆོས་གསུམ་གྱི་རྣམ་པའི་རབ་དབྱེར་འཇོག་པ་བཞིན་ནོ། །འོ་ན་ཆོས་བཅུ་པོ་རེ་རེའི་སྐབས་སུ་ལམ་འབྲས་ཇི་ལྟར་གཏན་ལ་ཕབ་ཅེ་ན། ཚིག་འཁྲི་ལྷུར་ལེན་གྱི་ཐལ་ཕྲེང་ཙམ་ལ་སྐྱབས་ནས་བསྟན་བཅོས་འདི་མི་ཤེས་པའི་འཇིགས་པ་ལ་སྐྱོབ་པར་འདོད་པ་རྣམས་ལ་འདྲི་ན་དམུས་ལོང་ལ་གཟུགས་ཀྱི་རྣམ་དབྱེ་དྲིས་པ་ལྟ་བུར་སྣང་བས། ཉན་པའི་ཚེ་ཡོངས་འཛིན་མཁས་པ་ཐུགས་རྗེ་དང་ལྡན་པ་ལས་ཐོས་པ་བསམ་བྱུང་གིས་ངེས་པར་བྱས་ཏེ། འཆད་པའི་ཚེ་བསྟན་པ་དང་སེམས་ཅན་སྙིང་ལ་བཅངས་ཏེ་འགྲོ་བ་བཞིས་ཆོས་ལས་མི་འདའ་བ་དག་གིས་སྟོན་པས་སྣོད་ཀྱི་སྐྱོན་དང་བྲལ་བར་གྱིས་ལ་ཉོན་ཅིག གཉིས་པ་ནི། ལམ་ཤེས་ཉིད་ཅེས་པའི་ལམ་ཤེས་གང་ཞེ་ན། དེ་ལའང་སྔར་ལྟར་བཞི་ལས། དང་པོ་ནི། ཆོས་བཅུ་གཅིག་ཡོད་པ་གཉིས་སུ་འདུས་ཏེ། ལམ་ཤེས་ཀྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་གཉིས། དང་པོ་ནི། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་ལ་སོགས་པའི་རྣམ་སྨིན་གྱི་འོད་མོག་མོག་པོར་བྱེད་པ་ནི་ང་རྒྱལ་བཅོམ་ནས་ལམ་ཤེས་དངོས་སུ་སྐྱེ་བ་དང་། ལ་སོགས་པ་དེ་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་སེམས་བསྐྱེད་དང་ལྡན་པ་དང་། བརྒྱུད་ནས་དེ་སྐྱེ་བས་ཁྱབ་པ་དང་། ཉོན་མོངས་ཀྱི་མིང་ཅན་འདོད་སྲེད་གཉིས་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་དང་། གཞན་དོན་བྱེད་པའི་ལས་ཅན་ཏེ་ལྔའོ། །གཉིས་པ་ལ། གཞན་རྗེས་སུ་འཛིན་པའི་ལམ་དང་། རང་མངོན་དུ་བྱེད་པའི་ལམ་གཉིས་ལས། དང་པོ་ལ། བྱང་ཆུབ་ཐོབ་པ་སློབ་དཔོན་ལ་ངེས་པར་ལྟོས་པ་སློབ་མ་ཉན་ཐོས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བའི་ལམ་གང་ཡིན་པ་དང་། གཅིག་པུར་གནས་པ་བསེ་རུས་མཚོན་པ་རང་རྒྱལ་གྱི་རིགས་ཅན་ལ་བསྟན་པར་བྱ་བའི་ལམ་གང་ཡིན་པ་ཤེས་པ་གཉིས་སོ། །གཉིས་པ་ལ། སྒྲིབ་པ་ཕྱོགས་གཅིག་སྤོང་བ་དང་། མཐའ་དག་སྤོང་བའི་གཉེན་པོ་གཉིས་ལས། དང་པོ་ནི། ཚེ་འདིའི་ཡོན་ཏན་ནད་མེད་པ་སོགས་དང་། སྐྱེ་བ་གཞན་པའི་ཡོན་ཏན་ཕྱིར་མི་ལྡོག་པ་སོགས་ཕན་ཡོན་ཆེ་བ་དང་བཅས་པ་མཐོང་བའི་ལམ་མོ། །གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ལས། དང་པོ་ནི། དེའི་བྱེད་པ་ནི་དེ་སྒོམ་པའི་སྐབས་སུ་ཐོབ་པའི་ཡོན་ཏན་ཏེ། ཀུན་ནས་ཞི་བ་སོགས་སོ་ཤཱནྟི་པས་ཟག་མེད་ཀྱི་བཤད་དོ། །གཉིས་པ་ལ། རྗེས་ཐོབ་དག་པ་ལོ་ཀའི་རང་བཞིན་དང་། མཉམ་གཞག་རྣམ་པར་མི་རྟོགས་པའི་རང་བཞིན་གཉིས་ལས། དང་པོ་ནི། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་སྟེ་མོས་བསྔོ་ཡི་རང་གསུམ་མོ། །དང་པོ་ལའང་གཉིས་ལས་དང་པོ་མོས་པ་དངོས་ནི་བསོད་ནམས་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལས་ཅན། མོས་པའི་ངོ་བོ་ནི་ལུང་རིགས་ཀྱི་རྒྱུ་ལས་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་དད་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་དེའི་ཕན་ཡོན་ནི་དེ་སྒོམ་པའི་བྱང་སེམས་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཡོན་ཏན་བརྗོད་པ་ཆུང་འབྲིང་ཆེན་པོའི་དབྱེ་བས་རང་དོན་མོས་པའི་གནས་སྐབས་ལ་བསྟོད་པ་དང་། གཉིས་དོན་ལ་བཀུར་བ་དང་། གཞན་དོན་ལ་བསྔགས་པ་དགུ་དགུའོ། །གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བར་བྱེད་པའི་མཚན་ཉིད་ཅན་བསྔོ་བ་ཡིད་པ་བྱེད་པ་བླ་ན་མེད་པའི་བྱེད་ལས་ནི་དགེ་བ་མི་ཟད་པར་བྱེད་པའོ། །གསུམ་པ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པ་དག་གི་ངོ་བོ་དགེ་བ་ལ་དགའ་བ་ཡང་དག་པར་སྒོམ་པའོ། །བྱེད་ལས་བསོད་ནམས་ཀྱི་ཚོགས་ཡོངས་སུ་སྤེལ་བའོ། །གཉིས་པ་ལ། ཡོན་ཏན་མངོན་པར་སྒྲུབ་པའི་ལམ་དང་། མི་མཐུན་ཕྱོགས་རྣམ་པར་དག་པའི་ལམ་གཉིས་ལས། དང་པོ་ནི། ཡོན་ཏན་མངོན་པར་སྒྲུབ་པ་ཞེས་བྱ་བའི་སྒོམ་པའི་ལམ་འདི་ནི་མི་མཐུན་ཕྱོགས་སྤོང་བྱེད་དངོས་གཉེན་བར་ཆད་མེད་ལམ་གྱིས་བསྡུས་པའི་སྒོམ་པའི་ལམ་མོ། །གཉིས་པ་མི་མཐུན་ཕྱོགས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་སྒོམ་ལམ་འདི་ནི། མི་མཐུན་ཕྱོགས་སྤངས་པའི་རྣམ་གྲོལ་ལམ་གྱིས་བསྡུས་པའི་སྒོམ་པའི་ལམ་མོ། །གཉིས་པ་ནི། འགལ་རྐྱེན་དང་བྲལ་བའི་རྟེན་གྱིས་སེམས་བསྐྱེད་པ་དང་རིགས་ལ་སོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཐོག་མར་རྒྱུ་ཚོགས་བསྟན་ནས་དེའི་རྗེས་སུ་ལམ་ཤེས་པ་བཤད་དོ། །དེ་ནི་ཤེས་བྱ་ལམ་གསུམ་རྟོགས་པའི་ངོ་བོ་ཡིན་པས་དམིགས་ཡུལ་ཐེག་པ་གསུམ་བསྟན་ནོ། །དེ་དག་ཀྱང་ཐེག་པ་གསུམ་བསྟན་པའི་རིམ་པ་དང་མཐུན་པར་རིམ་པ་ལྟར་བསྟན་ནོ། །དམིགས་ཡུལ་བྱང་སེམས་ཀྱི་ལམ་ནི་བསྐྱེད་རིམ་ལྟར་མཐོང་སྒོམ་རིམ་པ་ལྟར་བཤད་དོ། །སྒོམ་ལམ་ཡང་དགོས་པའི་སྒོ་ནས་བྱེད་པ་དང་བྱེད་པ་ཅན་རིམ་བཞིན་ནོ། །དེ་ཡང་དམན་མཆོག་གི་རིམ་པས་དང་པོར་ཟག་བཅས། དེ་ནས་ཟག་མེད་སྒོམ་ལམ་བསྟན་ནོ། །ཟག་མེད་གཉིས་ནི་སྐྱེ་བའི་རིམ་པ་ལྟར་བཤད་དོ། །གསུམ་པ་བསྟན་ཚུལ་ནི་རྒྱུ་འབྲས་ངོ་བོ་ཅི་རིགས་པའི་སྒོ་ནས་བསྟན་ནོ། །བཞི་པ་ནི། ཆོས་བཅུ་གཅིག་པོ་དེ་བྱང་ཆུབ་སོགས་ནས་དེ་འདྲ་བཤད། རྟེན་ན་མ་རྟོགས་རིགས་ནི། བྱང་ཆུབ་སེམས་དཔའ་ལམ་གསུམ་གྱི་དམིགས་རྣམ་ལ་མཁས་པ་རྣམས་ཀྱི་མངོན་རྟོགས་སྔར་གྱི་ལམ་ཤེས་པ་ཉིད་ནི་ཆོས་བཅུ་གཅིག་པོ་དེ་འདྲར་བཤད་དོ། །གསུམ་པ་གཞི་ཤེས་ལའང་བཞི་ལས། དང་པོ་ལ་འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་མོ། །དང་པོ་ལ་གཞི་ཤེས་གཉིས་ཀྱི་ངོ་བོ། ཉེ་རིང་གི་འཐད་པ། མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་རོ། །དང་པོ་ནི། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ནི། སྲིད་པ་འཁོར་བ་ལ་མི་གནས་ཏེ་ཤེས་རབ་ཀྱིས་དུས་གསུམ་མཉམ་པ་ཉིད་དུ་ཤེས་པས་སོ། །ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་ཏེ་སྙིང་རྗེས་གཞན་དོན་བྱེད་པས་སོ། །བཟློག་པ་ཉན་རང་གི་གཞི་ཤེས་ནི། སྲིད་ཞི་གང་རུང་གི་མཐའ་ལ་གནས་པར་བསྟན་ནོ། །གཉིས་པ་ནི། ཉན་རང་གི་གཞི་ཤེས་ནི་འབྲས་ཡུམ་ལ་རིང་བ་ཡིན་ཏེ་བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་མ་ཡིན་པས་སོ། །བྱང་སེམས་ཀྱི་ནི་རིང་བ་མ་ཡིན་པ་ཉིད་ཡིན་ཏེ་བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་ཉིད་ཀྱིས་སོ། །གསུམ་པ་ནི། ཉན་ཐོས་ཀྱི་ནི་ཐབས་ཤེས་དང་བྲལ་བས་དོར་བྱ་ཡིན་པའི་ཕྱིར་མི་མཐུན་ཕྱོགས་ཡིན་ལ། བྱང་སེམས་ཀྱི་ནི་ཐབས་ཤེས་ཀྱིས་ཟིན་པས་བླང་བྱ་ཡིན་པའི་ཕྱིར་གཉེན་པོའི་ཕྱོགས་དག་ཡིན་ནོ། །གཉིས་པ་འཇུག་པ་སྦྱོར་བ་ལ་དངོས་དང་རྣམ་པའོ། །དང་པོ་ནི། ཡུལ་བཅུ་ལ་སྤྱོད་པ་བཀག་པའི་སྦྱོར་བའོ། །གཉིས་པ་ནི། ཡུལ་དང་ཡུལ་ཅན་དེའི་རྟོགས་པ་ལ་རློམ་པ་བཀག་ནས་མཉམ་པ་ཉིད་དུ་སྒོམ་པའོ། །གསུམ་པ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་བྱང་སེམས་ཀྱི་མཐོང་བའི་ལམ་མོ། །གཉིས་པ་གོ་རིམ་ནི། ཐོག་མར་འཇུག་ཡུལ་ཤེས་པར་བྱ་དགོས་པས་དང་པོར་བསྟན་ཏོ། །དེ་ལ་སྲིད་ཞི་ལ་གནས་མི་གནས་ཀྱི་ངོ་བོ་རྟོགས་ནས་མི་གནས་པ་ལ་འཇུག་དགོས་པས་གཉེན་པོ་དང་མི་མཐུན་ཕྱོགས་དངོས་ཤུགས་ལས་བསྟན་ཏོ། །དེ་ཡང་ཉེ་རིང་གི་འཐད་པས་རྟོགས་པར་བྱ་བས་ན་འཐད་པའི་སྒོ་ནས་ཉེ་རིང་དུ་བསྟན་ཏོ། །དེ་ཉིད་ངེས་པར་བྱ་བའི་ཕྱིར་མི་མཐུན་པ་དང་། གཉེན་པོའི་རབ་དབྱེ་བསྟན་ཏོ། །འཇུག་ཡུལ་ཤེས་ནས་ཉམས་སུ་ལེན་པའི་སྦྱོར་བ་ལ་འཇུག་ཅིང་ཞུགས་པ་ལས་འབྲས་བུ་ཐོབ་པས་སྦྱོར་བ་དང་འབྲས་བུ་མཐོང་ལམ་རིམ་བཞིན་བསྟན་ནོ། །གསུམ་པ་ཇི་ལྟར་བསྟན་ཚུལ་ནི། ཕལ་ཆེར་ངོ་བོའི་སྒོ་ནས་བསྟན་ནོ། །བཞི་པ་ནི། ཆོས་དགུ་པོ་དེ་འདྲ་དེ་ནས་སོགས་ཀྱི་ཀུན་ཤེས་ཉིད་དུ་འདོད། རྟོགས་རིགས་ནི་ཉན་ཐོས་དང་ལ་སོགས་པ་རང་རྒྱལ་གྱིའོ། །འདིར་མཆོད་བརྗོད་ཀྱི་མཁྱེན་གསུམ་དང་རྟོགས་རིགས་གཅིག་པར་ཞེས་པའི་ཕྱིར་རྟེན་གྱི་གང་ཟག་དང་སྦྱོར་བར་མཛད་དོ། །འདི་དག་ནི་སློབ་དཔོན་གྱི་ལུགས་ཡིན་ལ། རྩ་བའི་དགོངས་པ་འོག་ཏུ་འཆད་དོ། །གཉིས་པ་སྦྱོར་བ་ལ་བཞི་ལས། དང་པོ་རྣམ་ཀུན་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དང་པོ་བསྒོམ་བྱའི་རྣམ་པ་ནི་གཞིའི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །དེ་ལ་གསུམ་མམ་བརྒྱ་བདུན་ཅུ་རྩ་གསུམ་མོ། །གཉིས་པ་རྣམ་པ་སྒོམ་པའི་སྦྱོར་བ་ནི་མི་མཐུན་ཕྱོགས་སྤང་བའམ་དབང་དུ་བྱ་བའི་ཕྱིར་རྣམ་པར་བསྡུས་ནས་སྒོམ་པའི་ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་ཏེ་ཉི་ཤུའོ། །བཅས་པ་སྟེ་དེ་དང་ལྷན་ཅིག་པ་དེ་སྒོམ་པ་ལ་སྦྱོར་བ་པོ་ཚོགས་བསགས་པས་ཉན་པ་ལ་སོགས་པའི་སྣོད་དུ་གྱུར་པ་རྣམས་ཏེ་དེ་ལ་བཞིའོ། །གསུམ་པ་སྦྱོར་བའི་ཡོན་ཏན་ནི། དེ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་ཏེ། དེ་ལ་བཅུ་བཞི། བཞི་པ་དེའི་སྐྱོན་ནི། སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས་ཏེ། དེ་ལ་བཞི་བཅུ་རྩ་དྲུག་གོ །ལྔ་པ་དེའི་མཚན་ཉིད་དང་བཅས་པ་སྟེ་ལྡན་པ་ནི། སྔོན་འགྲོའི་ཆོས་གསུམ་མོ། །དེ་ལ་དབྱེ་ན། བྱེད་སྒྲུབ་དང་ལས་སྒྲུབ་ཀྱི་དབང་དུ་བྱས་པ་བཞིའོ། །དྲུག་པ་ཐར་པ་ཆ་མཐུན་ནི། ལས་ཉོན་ཆེས་རགས་པ་མི་ཁོམ་པ་སོགས་སུ་འཕེན་པར་བྱེད་པ་ལས་ཐར་པ་སྦྱོར་ལམ་དེའི་ཆ་སྟེ་ཕྱོགས་གཅིག་མཐུན་པ་སྟེ་ཕན་འདོགས་ཤིང་སྐྱེད་པའོ། །ཡང་ན་ཐར་པ་ནི་ཉོན་མོངས་ཀྱི་ས་བོན་དང་བྲལ་བ་ཡིན་ལ་དེའི་ཆ་ལ་ཕན་འདོགས་པས་ཐར་པ་ཆ་མཐུན་ཏེ། འཕགས་པས། ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ། དེའི་ཆ་ལ་ཕན་པས་ན་ཐར་པའི་ཆ་དང་མཐུན་པའོ། །ཞེས་གསུངས་ཏེ་དད་སོགས་ལྔའམ་རྣོ་རྟུལ་གཉིས་སོ། །བདུན་པ་དེ་ཡོངས་སུ་སྨིན་པ་ངེས་འབྱེད་མཐོང་ལམ་དང་དམིགས་རྣམ་ཆ་མཐུན་པ་ནི། སེམས་ཅན་ལ་དམིགས་པའི་བསམ་སྦྱོར་ཁྱད་པར་ཅན་གཉིས་ཀྱིས་མཚོན་པའི་ལོ་ཀ་བའི་རྟོགས་པའོ། །དེ་ལ་བཞིའམ་བཅུ་གཉིས་སོ། །བརྒྱད་པ་བསླབ་པར་བྱ་བར་ཡོད་པས་ན་སློབ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་ནི། ཕྱིར་མི་ལྡོག་གི་རྟགས་ཐོབ་པའི་སེམས་དཔའ་སྟེ། དེ་ལ་གསུམ་མོ། །དགུ་པ་ཆོས་སྐུའི་རྒྱུ་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་མཉམ་པ་ཉིད་ཀྱི་སྦྱོར་བ་ནི། དེ་གཉིས་རང་བཞིན་མེད་པར་མཉམ་པ་ཉིད་དུ་སྒོམ་པའོ། །དེ་ལ་དངོས་དང་། ཀླན་ཀ་སྤང་བ་གཉིས་སོ། །བཅུ་པ་གཟུགས་སྐུའི་རྒྱུ་སངས་རྒྱས་ཀྱི་ཞིང་དག་པ་བླ་ན་མེད་པ་སྟེ་མཆོག་ཏུ་གྱུར་པའི་སྦྱོར་བ་ནི། སྣོད་བཅུད་ཀྱི་ལོ་ཀའི་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་བསྒོམ་པ་སྟེ། དེ་ལ་སྣོད་བཅུད་དག་པ་གཉིས་སོ། །བཅུ་གཅིག་པ་འཕྲིན་ལས་ཀྱི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བ་ནི། ཡུལ་བཅུ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་པའོ། །དེ་ལ་བཅུའོ། །དེ་དང་བཅས་པའི་ཆོས་བཅུ་གཅིག་པོ་འདི་ནི་ཕལ་ཆེ་བའི་དབང་དུ་བྱས་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཡིན་ནོ། །གཉིས་པ་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། དང་པོ་ནི། རྩེ་སྦྱོར་དེ་ཡི་རྟགས་བཅུ་གཉིས་ཀྱིས་མཚོན་པ་དྲོད་དང་། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གི་མཚོན་པ་རྩེ་མོ་དང་། རང་དོན་རྟོགས་པ་དང་གཞན་དོན་འཕྲིན་ལས་བརྟན་པ་གཉིས་ཀྱིས་མཚོན་པ་བཟོད་པ་དང་། སེམས་ཀུན་ཏུ་གནས་པས་མཚོན་པ་ཆོས་མཆོག་སྟེ་སྦྱོར་ལམ་རྩེ་སྦྱོར་བཞི། དེ་རེ་རེ་ལའང་གསུམ་གསུམ་མོ། །ལྔ་པ་ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བ་ཞེས་བྱ་བའི་ལམ་དང་། དྲུག་པ་དེ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པ་ཞེས་བྱ་བའི་ལམ་ནི་གཉིས་པོ་སོ་སོར་ཏེ་རེ་རེ་ལ་སློབ་དཔོན་ལྟར་ན་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོགས་པ་རྣམ་པ་བཞི་དང་། སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་ཡི་གཉེན་པོ་མཐོང་ལམ་སྦྱོར་འཇུག་གཉིས། སྒོམ་ལམ་སྦྱོར་འཇུག་གཉིས་ཏེ་རྣམ་པ་བཞི་དང་ནི་ཞེས་པའམ། འཕགས་པ་ལྟར་ན། གཉེན་པོ་མཐོང་ལམ་བར་ཆད་མེད་ལམ་རྣམ་པ་བཞི། སྒོམ་ལམ་བར་ཆད་མེད་ལམ་རྣམ་པ་བཞི་དང་ནི་སྟེ་ས་བཅུའི་བར་ཆད་མེད་ལམ་རེ་རེ་ལའང་བཞི་བཞིར་ལྡོག་པའི་སྒོ་ནས་དབྱེའོ། །བདུན་པ་སངས་རྒྱས་ཐོབ་པ་ལ་ཆོས་གཞན་གྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་ནི་རྒྱུན་མཐའི་ཡེ་ཤེས་སོ། །དེ་ལ་དངོས་དང་ཁྱད་པར་རོ། །བརྒྱད་པ་བསལ་བྱ་ལོག་པར་སྒྲུབ་པའི་ངོ་བོ་ནི། བར་ཆད་མེད་པའི་རྩེ་སྦྱོར་འབྲས་བུ་དང་བཅས་པའི་དམིགས་རྣམ་ལ་བདེན་གཉིས་འགལ་བར་རྩོད་པའི་ཀླན་ཀ་དང་ནི་ཀུན་སློང་ལོག་རྟོག་དང་བཅས་པའོ། །འདི་ལ་ཉེ་བ་ལ་ལྟོས་ནས་བཅུ་དྲུག་གོ །དེ་ལྟ་བུ་དང་བཅས་པའི་ཆོས་བརྒྱད་ནི་ཕལ་ཆེ་བའི་དབང་དུ་བྱས་ན་རྩེ་མོའི་མངོན་རྟོགས་སོ། །གསུམ་པ་མཐར་གྱིས་པ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ནི། སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་དང་། བསམ་པ་ཕུན་ཚོགས་རྗེས་དྲན་དྲུག དེ་རྣམས་པར་དག་བྱེད་དངོས་མེད་ངོ་བོ་ཉིད་དུ་རྟོགས་པ་སྟེ། དེ་ལྟར་ན་དཀོན་མཆོག་གསུམ་རྗེས་སུ་དྲན་པ་གསུམ་དང་། ལྷག་མ་རྣམ་པ་བཅུ་སྟེ། དེ་དག་ནི་ངོ་བོའི་སྒོ་ནས་མཐར་གྱིས་པའོ། །བཞི་པ་སྐད་ཅིག་མའི་ངོ་བོ་ནི་རྒྱུན་མཐའི་ཡེ་ཤེས་སོ། །དབྱེ་བ་ནི། ངོ་བོ་གཅིག་ལ་མཚན་ཉིད་མི་འདྲ་བ་ཉིད་ཀྱི་སྒོ་ནས་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པ་མ་ཡིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་རྣམ་པ་བཞིའོ། །རྣམ་པར་སྨིན་པ་ནི་ས་བརྒྱད་པ་ཡན་ཆད་དུ་ཐོབ་པའི་ཟག་མེད་དེ་འབད་རྩོལ་ལ་མི་ལྟོས་པར་ཐོབ་པས་སོ། །དེ་མ་ཡིན་པ་ནི་མ་དག་སའི་ཟག་མེད་དེ་འབད་རྩོལ་གྱིས་བསྒྲུབ་པས་སོ། །ཡོན་ཏན་དེ་གཉིས་ཀྱི་རིགས་མངོན་དུ་བྱེད་པའི་ལྡོག་པ་ལས་སྔ་མ་གཉིས་དང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། དོན་དམ་པར་གཟུང་འཛིན་གཉིས་སུ་མེད་པའི་ལྡོག་པ་ལས་ཕྱི་མ་གཉིས་བཞག་གོ །བཞི་པོ་དེ་ནི་ངོ་བོའི་སྒོ་ནས་དུས་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ནོ། །གསུམ་པ་འབྲས་བུ་ཆོས་སྐུ་ལ་བཞི་ལས། དང་པོ་ནི། རྣམ་པ་བཞིར་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་བརྗོད་དོ། །བཞི་པོ་གང་ན་ཟག་མེད་ཀྱི་ཡེ་ཤེས་དང་དག་པ་གཉིས་ལྡན་གྱི་ཆོས་ཉིད་དབྱེར་མེད་པ་ངོ་བོ་ཉིད་དང་། བྱང་སེམས་འཕགས་པ་ཁོ་ན་དང་ལྷན་ཅིག་ཏུ་ཐེག་ཆེན་གྱི་ཆོས་ཁོ་ན་ལ་རྫོགས་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་བཅས་པ་ནི་ལྡན་པ་སྟེ་སྡེབ་སྦྱོར་རམ། ཡེ་ཤེས་དང་ལྡན་པའོ། །སྐུ་གཉིས་པོ་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ་གཉིས་པོ་ལས་གཞན་པའི་སྐུ་ཡང་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །གཞན་པ་ནི་འགྲོ་བ་དག་མ་དག་སྣ་ཚོགས་ཀྱི་དོན་མཛད་པ་སྤྲུལ་པའི་སྐུ་དང་ནི། མཛད་པ་འཕྲིན་ལས་དང་བཅས་པའོ། །གཉིས་པ་ནི། མཆོག་དམན་གྱི་རིམ་པའོ། །གསུམ་པ་ནི། ཕལ་ཆེར་ངོ་བོའི་སྒོ་ནས་སོ། །བཞི་པ་ནི། ཆོས་སྐུ་ཞེས་པའོ། །གཉིས་པ་ཚིག་དོན་ཡན་ལག་རྒྱས་བཤད་ལ། བརྒྱད་ཡོད་པ་ལས། དང་པོ་རྣམ་མཁྱེན་ལ། དང་པོར་སྟོན་པའི་རྒྱུ་མཚན་དང་། མཚོན་བྱེད་ཀྱི་ཆོས་སོ་སོའི་དོན་གཉིས། དང་པོ་ནི། སྐབས་གཞན་དུ་གཞི་ཤེས་དང་པོར་བཤད་ནས། འདིར་རྣམ་མཁྱེན་དང་པོར་བསྟན་པ་ལ་དགོས་པ་གང་ཞེ་ན། འདིའི་གདུལ་བྱའི་གཙོ་བོ་ཐེག་ཆེན་གྱི་རིགས་ཅན་ཡིན་ལ་དེ་ཉིད་འབྲས་བུ་ལ་སྤྲོ་བ་སྐྱེས་ཏེ་དེའི་རྒྱུ་ལ་ནན་གྱིས་འཇུག་པའི་ཆེད་དུ་ཐོབ་བྱའི་འབྲས་བུ་མཐར་ཐུག་དེ་ཐོག་མར་བསྟན་པ་ཡིན་པའི་ཕྱིར་རོ། །དེས་ན་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ནི་སྐབས་བརྒྱད་ཀྱི་གོ་རིམ་ལ་འཇུག་པའི་ཚེ་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་སངས་རྒྱས་སའི་མཁྱེན་པ་ལ་འཇུག་སྟེ། སངས་རྒྱས་ཀྱི་ཡུམ་ཞེས་པའི་བཞེད་དོན་སྒྲུབ་པའི་ཡུམ་དང་། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པའི་རྣམ་མཁྱེན་དང་དོན་གཅིག་པའི་ཕྱིར་རོ། །འཆད་ཚུལ་ནི་མི་གཅིག་སྟེ། སྔ་མ་གཉིས་ནི་མངོན་པར་རྟོགས་པ་བརྒྱད་ཆར་ལམ་དུ་བྱས་པའི་འབྲས་བུའི་སྒོ་ནས་བཤད་ཅིང་། འདིར་ནི་མངོན་རྟོགས་ཕྱི་མ་བདུན་ལམ་དུ་བྱས་པའི་འབྲས་བུའི་སྒོ་ནས་བཤད་པའི་ཕྱིར་རོ། །ཐོས་བསམ་གྱིས་གཏན་ལ་དབབ་བྱའི་ཡུལ་དུ་གཞག་པའི་ཚེ་ན་ཆོས་བཅུ་པོ་སྐྱེ་མེད་དུ་རྟོགས་པའི་བྱང་སེམས་ཀྱི་མཁྱེན་པ་ལ་འཇུག་གོ །གཉིས་པ་མཚོན་བྱེད་ཀྱི་ཆོས་སོ་སོའི་དོན་ལ། བསམ་པ་སེམས་བསྐྱེད་པ་དང་། སྦྱོར་བ་སྒྲུབ་པ་ལ་འཇུག་པ་གཉིས། དང་པོ་ནི། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུའི་ནང་ནས་སེམས་བསྐྱེད་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །འདི་ལ་ངོ་བོ་དམིགས་པའི་སྒོ་ནས་བཤད། དམིགས་པ་རྒྱས་བསྡུས་མདོ་དང་སྦྱར། རྒྱས་བསྡུས་སྒོ་ནས་དབྱེ་བ་བཤད་པའོ། །དང་པོ་ནི། སེམས་བསྐྱེད་པ་དང་ཞེས་པའི་སེམས་བསྐྱེད་དེ་གང་ཞེ་ན། སེམས་བསྐྱེད་པ་དེའི་མཚན་ཉིད་ནི་ཆེད་དུ་བྱ་བ་གཞན་གྱི་དོན་གྱི་ཕྱིར་དངོས་ཀྱི་དམིགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། འོ་ན་སྔར་སྟོན་པས་འདི་ལས་བཤད་པ་གང་། ཞེས་སོགས་གསུངས་པས་སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་པས་ཤེར་ཕྱིན་གྱི་མདོ་ལས་ཇི་ལྟར་བཤད་དེ་ཉིད་འདིར་བདེ་བླག་ཏུ་རྟོགས་པའི་ཕྱིར་ཇི་ལྟར་བསྟན་སྙམ་ན། དེའི་དམིགས་པ་བྱང་ཆུབ་དེ་དང་གཞན་དོན་དེ་ནི་བརྗོད་དོ། །གང་གི་སྒོ་ནས་ན་བསྡུས་པ་དང་རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་སོ། །ཇི་ལྟར་ན་ཡུམ་གྱི་མདོ་བཞིན་དུའོ། །གང་གིས་ན་རྒྱན་གྱི་ངག་གིས་སོ། །གསུམ་པ་ནི། བསྟན་བཅོས་ཀྱིས་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་པའི་རྒྱན་གྱི་ངག་དེ་ཡང་གང་ཞེ་ན། ས་སོགས་དཔེ་ཉེར་གཉིས་ཀྱིས་འཕངས་པའི་དོན་རྣམ་པ་ཉི་ཤུ་རྩ་གཉིས་སྟོན་པའི་ཚིགས་བཅད་གཉིས་སོ། །དཔེ་ཉེར་གཉིས་པོ་གང་ཞེ་ན་འོག་ཏུ་འབྱུང་བ་ལྟར་རོ། །ཇི་ལྟར་ཞེ་ན། ས་ཞེས་པའི་ངག་གིས་གཉིས་པོ་བསྡུས་ནས་སྟོན་ཏེ། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པས་བྱང་ཆུབ་དང་། བྱང་སེམས་ཆེན་པོ་ཕྱོགས་བཅུའིཾ་ཕྱོགསཾ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལོ་ཀའི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པས་གཞན་དོན་བསྡུས་ནས་བསྟན་པ་ཡིན་ལ། དེ་གཉིས་ཀའི་དོན་ས་ཞེས་པར་བསྡུས་པའི་ཕྱིར་རོ། །ཉིར་སྣང་དུ་མདོ་ཕྱི་མ་བྱང་ཆུབ་རྒྱས་བཤད་ཀྱི་འོག་ཏུ་འབྱུང་བ་ནི། གཞན་དོན་བསྟན་བཤད་སྒྲིགས་པའི་དབང་དུ་མཛད་པ་ཡིན་གྱི་རྒྱན་གྱི་ངག་དང་སྦྱོར་བའི་ཚེ་ས་ཞེས་པ་ལས་གཞན་མེད་དོ། །གསེར་ཟླ་བ་མེ་ཞེས་པ་གསུམ་གྱིས་བྱང་ཆུབ་རྒྱས་པར་བཤད་དེ། དང་པོས་བྱང་ཆུབ་ཀྱི་ངོ་བོ་ཕར་ཕྱིན་དྲུག་དང་། གཉིས་པས་བྱང་ཕྱོགས་སོ་བདུན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། གསུམ་པས་མཁྱེན་པ་གསུམ་དུ་ཕྱེ་ནས་བསྟན་པའི་ཕྱིར། མདོ་གསུམ་ནི་རིམ་བཞིན། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་མི་གནས་པའི་ཚུལ་གྱིས་ཡུམ་ལ་གནས་ཏེ། སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྒྲུབ་པར་བྱའོ། །ལྟུང་བ་དང་མི་ལྟུང་བའི་བྱ་བ་མེད་པའི་ཕྱིར་ཚུལ་ཁྲིམས། འཁྲུགས་པ་མེད་པའི་ཕྱིར་བཟོད་པ། ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས། རོ་མྱང་བ་མེད་པའི་ཕྱིར་བསམ་གཏན། ཤེས་རབ་དང་ཤེས་རབ་འཆལ་བ་མི་དམིགས་པའི་ཕྱིར་ཡུམ་ཡོངས་སུ་སྒྲུབ་པར་བྱའོ་ཞེས་སོགས་དང་། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་སོགས་དང་། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པའི་བྱང་སེམས་ཀྱིས་ཡུམ་བསྒོམ་པར་བྱའོ་ཞེས་སོགས་སོ། །གཏེར་སོགས་ཀྱིས་གཞན་དོན་རྒྱས་པར་བཤད་དེ་གཞན་དོན་དུ་ཤེར་ཕྱིན་ལ་སློབ་ཚུལ་དཔེ་དུ་མའི་སྒོ་ནས་བསྟན་པའི་ཕྱིར་རོ། །མདོ་རྣམས་རིམ་པ་བཞིན་སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པ་རྣམས་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་སེམས་ཆེན་པོས་ཡུམ་ལ་བསླབ་པར་བྱའོ་ཞེས་དང་། ཚུལ་ཁྲིམས་འཆལ་བ་སོགས་དང་། གནོད་སེམས་ཅན་སོགས་དང་། ལེ་ལོ་ཅན་སོགས་དང་། སེམས་རྣམ་པར་གཡེང་བ་སོགས་དང་། ཤེས་རབ་འཆལ་བ་སོགས་དང་། དགེ་བའི་རྩ་བ་སེམས་བསྐྱེད་པ་གཅིག་ཙམ་ཡང་ཐབས་མཁས་པས་རྣམ་མཁྱེན་ཉིད་དུ་ཡོངས་སུ་བསྔོས་པས་མི་ཟད་པར་བྱེད་འདོད་སོགས་དང་། སངས་རྒྱས་ཀྱི་སྐུ་སྒྲུབ་པར་འདོད་སོགས་དང་། ཡོ་བྱད་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་སོགས་དང་། སྦྱིན་པ་འདི་ལྟར་བྱིན་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ནུས་སོ་ཞེས་སོགས་དང་། ཟག་པ་མེད་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བར་འདོད་ཅིང་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱ་བར་འདོད་སོགས་དང་། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བྱང་སེམས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་བསོད་སྙམས་གཅིག་གིས་བྱེད་པར་བྱ་བར་འདོད་སོགས་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཐོབ་པར་འདོད་པ་སོགས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཤད་པ་དང་འཆད་པ་དང་འཆད་པར་འགྱུར་བ་གང་ཇི་སྙེད་པ་འདི་ལྟ་སྟེ། མདོ་དང་ཞེས་པ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མ་ཐོས་པ་གང་ཡིན་པ་དེ་གཟུང་བར་འདོད་པ་སོགས་དང་། སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་ཡང་དག་པར་སྒྲོགས་པར་འདོད་པ་དང་། སེམས་ཅན་དེ་དག་ཡང་དག་པའི་ལྟ་བ་ལ་སྦྱར་བར་འདོད་སོགས་དང་། མུན་པའི་མཐུས་མདོངས་པར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་དག་མིག་གིས་གཟུགས་མཐོང་བར་བྱ་བར་འདོད་སོགས་དང་། ཤཱ་རིའི་བུ་གཞན་ཡང་བྱང་སེམས་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་པར་འདོད་པ་དང་སོགས་ནས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ་ཞེས་སོ། །གསུམ་པ་ནི་སེམས་བསྐྱེད་དེ་ཡང་དབྱེ་གཞི། དབྱེ་ན་རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཇི་ལྟར་ཞེ་ན་དཔེ་ཉེར་གཉིས་ཀྱིས་འཕངས་པའི་དོན་གྱི་དབྱེ་བས་སོ། །དེ་ཡང་གང་ཞེ་ན། རྩི་ཤིང་སོགས་འཕེལ་བའི་རྟེན་བྱེད་པའི་ས་ལྟ་བུ་འདུན་པ་དང་ལྡན་པ་དང་། ལེན་དུ་མ་བསྲེགས་པས་མི་འགྱུར་བའི་གསེར་ལྟ་བུ་བསམ་པ་དང་ལྡན་པ་དང་། ཡར་གྱི་ཟླ་བ་ཚེས་པ་གོང་ནས་གོང་དུ་འཕེལ་བ་ལྟ་བུ་ལྷག་བསམ་དང་ལྡན་པ་དང་། དཔེ་གཉིས་པོ་འདིས་ཚོགས་ལམ་གོང་མ་གཉིས་ནས་དམན་པའི་ལམ་དུ་མི་འཇུག་པར་བསྟན་ནམ་སྙམ་སྟེ་དཔྱད་པར་བྱའོ། །བུད་ཤིང་སྲེག་བྱེད་ཀྱི་མེ་ལྟ་བུ་སྦྱོར་བ་དང་ལྡན་པ་དང་། ཡང་ན་བུད་ཤིང་འཕེལ་བའི་རྐྱེན་གྱིས་མེ་འཕེལ་བ་ལྟར་ཞེས་སྦྱར་རོ། །ནོར་ཟད་མི་ཤེས་པ་འབྱུང་བའི་གཏེར་ལྟ་བུ་སྦྱིན་པ་དང་ལྡན་པ་དང་། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་ཚུལ་ཁྲིམས་དང་ལྡན་པ་དང་། འདོམ་གང་མན་ཆད་ཀྱི་ཆུ་ལ་གཡོ་བ་མེད་པའི་རྒྱ་མཚོ་ལྟ་བུ་བཟོད་པ་དང་ལྡན་པ་དང་། རྫས་ཕལ་པས་མི་ཤིགས་པ་རྡོ་རྗེ་ཕ་ལམ་ལྟ་བུ་བརྩོན་འགྲུས་དང་ལྡན་པ་དང་། རྐྱེན་ཆུང་འབྲིང་སོགས་ཀྱིས་མི་གཡོ་བ་རི་རབ་ལྟ་བུས་བསམ་གཏན་དང་ལྡན་པ་དང་། ནད་ཞི་བར་བྱེད་པའི་སྨན་ལྟ་བུ་ཤེར་ཕྱིན་དང་ལྡན་པ་དང་། བདེ་སྡུག་གི་དུས་ཐམས་ཅད་དུ་ཡལ་བར་མི་འདོར་བ་བཤེས་གཉེན་ལྟ་བུ་ཐབས་མཁས་སམ་ཚད་མེད་བཞི་དང་ལྡན་པ་དང་། དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྨོན་ལམ་མམ་མངོན་ཤེས་ལྔ་དང་ལྡན་པ་དང་། ལོ་ཐོག་སྨིན་བྱེད་ཉི་མ་ལྟ་བུ་སྟོབས་སམ་བསྡུ་དངོས་བཞི་དང་ལྡན་པ་དང་། ཉན་པ་པོ་རྣམས་ཉན་འདོད་ཀྱི་འདུན་པ་གསུམ་དང་ལྡན་པར་འབྱུང་བའི་གླུ་ལྟ་བུ་ཡེ་ཤེས་སམ་སོ་སོ་ཡང་དག་རིག་པ་བཞི་དང་ལྡན་པ་དང་། མཉེས་པར་བྱས་པ་ཆུད་མི་ཟ་བར་ཕན་འདོགས་པ་རྒྱལ་པོ་ལྟ་བུ་རྟོན་པ་བཞིའམ་མངོན་ཤེས་ལྔ་དང་ལྡན་པ་དང་། ནོར་མང་པོའི་མཛོད་ལྟ་བུ་ཚོགས་གཉིས་དང་ལྡན་པ་དང་། མི་རིགས་བཞི་ཆར་འགྲོ་བའི་ལམ་པོ་ཆེ་ལྟ་བུ་བྱང་ཕྱོགས་སོ་བདུན་དང་ལྡན་པ་དང་། ཕྱིན་སར་ཕྱིན་པའི་བཞོན་པ་ལྟ་བུ་སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་དང་། ཆུ་རྙིང་པ་མི་ཟག་པར་འཛིན་ཅིང་གསར་པ་མི་ཟད་པར་འབྱིན་པའི་བཀོད་མའི་ཆུ་ལྟ་བུ་གཟུངས་སྤོབས་དང་ལྡན་པ་དང་། འཕྲིན་ཡིག་སྙན་པའི་སྒྲ་ལྟ་བུ་ཆོས་ཀྱི་སྡོམ་བཞི་བཤད་པ་དང་ལྡན་པ་དང་། ངང་གིས་ཆགས་ཐོགས་མེད་པར་འབབ་པ་ཆུ་བོ་ཆེན་པོའི་རྒྱུན་ལྟ་བུ་བགྲོད་པ་གཅིག་པ་དང་ལྡན་པ་དང་། རྩི་ཤིང་སོགས་སྣོད་ཀྱི་ལོ་ཀའི་འབྱོར་པ་ཐམས་ཅད་འབྱུང་བའི་སྤྲིན་ལྟ་བུ་ཆོས་ཀྱི་སྐུ་དང་ལྡན་པ་རྣམས་སོ། །བགྲོད་པ་གཅིག་པ་ནི་ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་དང་། སྤྲིན་ལྟ་བུ་ནི་ས་བཅུ་པ་ནས་སངས་རྒྱས་སའི་བར་དུ་ཡོད་ཀྱི་སངས་རྒྱས་ཀྱི་མཉམ་རྗེས་ལ་སོ་སོར་འཇོག་པ་ནི་སྒྲུབ་དཀའོ། །གཉིས་པ་སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་ལ་གསུམ་སྟེ། ཐེག་ཆེན་གྱི་སྒྲུབ་པ་ཙམ་ལ་འཇུག་ཚུལ། ཕྱིར་མི་ལྡོག་པའི་སྒྲུབ་པ་ལ་འཇུག་ཚུལ། དེ་གཉིས་ཀའི་ཐུན་མོང་གི་ཆོས་སོ། །དང་པོ་ལ་སེམས་བསྐྱེད་ཀྱི་འོག་ཏུ་གདམས་ངག་སྟོན་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་གདམས་ངག་དངོས་བཤད་པའོ། །དང་པོ་ནི། མདོར། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་པ་སྟེ། དེ་ལྟར་སེམས་བསྐྱེད་པའི་གང་ཟག་དེས་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་ཆོས་ཐམས་ཅད་རྫོགས་པའི་ཆེད་དུ་ཤེར་ཕྱིན་ལ་སྒྲུབ་དགོས་ན་ཇི་ལྟར་སྒྲུབ་པར་བགྱི་ཞེས་དྲིས་པའོ། །ལན་ནི་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་ཆོས་ཐམས་ཅད་རྫོགས་པ་ལ་ཤེར་ཕྱིན་ལ་འཇུག་པའི་སྒྲུབ་པ་ཉམས་སུ་ལེན་དགོས་པས་དེ་བརྗོད་བྱར་སྟོན་པའི་གདམས་ངག་དང་། རྗེས་སུ་གདམས་པ་གཉིས་འཆད་ཅེས་པ་སྟེ། གདམས་ངག་གི་མདོ་རྫོགས་པའི་མཐར། ཡང་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་སྟེ་འདི་ནི་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་བཤད་པ་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་ཡུལ་བཅུ་སྤྱིར་བསྟན། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཤེས་པར་བྱའོ། །གང་ན་སྒྲུབ་པའི་རྒྱུ་གདམས་ངག་ནིའོ། །ཇི་ལྟར་ན་གྲངས་བཅུའི་བདག་ཉིད་དུའོ། །ཅིའི་ཕྱིར་ཞེ་ན་ཡུལ་ལ་བཅུར་ངེས་པའི་ཕྱིར། བཅུ་པོ་གཉིས་སུ་འདུས་ཏེ་སྒྲུབ་པའི་ངོ་བོ་དང་། ཁྱད་པར་རོ། །དང་པོ་ནི། སེམས་བསྐྱེད་ཀྱི་དབྱེ་བས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཡུལ་ལ་མི་དམིགས་པའི་རྣམ་པས་འཇུག་པའི་སྒྲུབ་པའོ། །གཉིས་པ་ནི། སྣང་ཙམ་ལ་སྐུར་པ་མི་འདེབས་ཤིང་དོན་དམ་དུ་མི་དམིགས་པའི་བདེན་གཉིས་ལས་མི་འདའ་བ་ཙམ་གྱིས་སེམས་བསྐྱེད་ཀྱི་དབྱེ་བས་འཕངས་པའི་ཡོན་ཏན་རྣམས་སྒྲུབ་ནུས་སམ་སྙམ་ན། དེ་ལ་ཡང་ཁྱད་ཆོས་ལྔ་ཚང་དགོས་པ་ལས་དང་པོ་དམིགས་པ་ལ་སྒྲོ་འདོགས་གཅོད་པའི་ཁྱད་པར་ནི། བདེན་པ་བཞི་པོ་རྣམས་ལ་སྒྲོ་འདོགས་གཅོད་པའོ། །དང་ནི་ཞེས་པ་ཕྱི་མ་སྡུད་པའི་ཚིག་གོ །འདིར་དམིགས་པ་བདེན་བཞིར་བཤད་པ་ནི་རྟོགས་རིགས་ཐུན་མོང་བ་དང་། ཆོས་ཐམས་ཅད་ལ་བཤད་པ་ནི་རྟོགས་རིགས་ཐུན་མོང་མ་ཡིན་པ་དང་། དངོས་མེད་ལ་བཤད་པ་ནི་མི་རྟོག་ཡེ་ཤེས་ཀྱི་དབང་དུ་བྱས་པའོ་ཞེས་ཀུན་མཁྱེན་ཆེན་པོས་གསུངས་སོ། །གཉིས་པ་འཇིགས་པ་ལས་སྐྱོབ་པ་རྟེན་གྱི་ཁྱད་པར་ནི། སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་བརྟེན་པ་ཡིན་ཏེ་ཚོགས་སྦྱོར་གཉིས་སུ་ཆོས་དང་དགེ་འདུན་ལ་བརྟེན་ནས་དེ་གཉིས་ཐོབ་པ་དང་། ས་ཐོབ་ནས་སངས་རྒྱས་ལ་བརྟེན་ནས་དེ་ཐོབ་པའི་ཆེད་དུ་སྒྲུབ་པ་ཉམས་སུ་ལེན་པའི་ཕྱིར། གསུམ་པ་མི་མཐུན་ཕྱོགས་སེལ་བྱེད་བརྩོན་འགྲུས་ཀྱི་ཁྱད་པར་ནི། ལུས་སོགས་ཀྱི་བདེ་བ་ལ་མ་ཞེན་པ་དང་། ཕྱོགས་བཅུར་ལྟ་ཡང་ཡོངས་སུ་མི་ངལ་བ་དང་། ཡེ་ཤེས་ཀྱིས་ལམ་ནི་ཡོངས་སུ་འཛིན་པའི་བརྩོན་འགྲུས་གསུམ་པོ་སྒྲུབ་པའི་མི་མཐུན་ཕྱོགས་སེལ་བྱེད་ཡིན་ཏེ། རིམ་པ་བཞིན་ལེ་ལོ་གསུམ་སྤངས་ནས་སྒྲུབ་པ་ཁྱད་པར་དུ་འགྲོ་བ་དང་། དེ་སླར་མི་ལྡོག་པ་དང་། དེ་ཐེག་དམན་དུ་མི་ལྟུང་བར་བྱེད་པའི་ཕྱིར། བཞི་པ་གནས་སྐབས་སུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་ནི། ཤ་ལ་སོགས་པའི་སྤྱན་ལྔ་དང་། རྫུ་འཕྲུལ་ལ་སོགས་པའི་མངོན་ཤེས་ཀྱི་ཡོན་ཏན་དྲུག་སྟེ། དང་པོས་རང་དོན་བླང་དོར་ལ་གཞན་གྱི་དྲིང་མི་འཇོག་པར་བྱེད། ཕྱི་མས་གཞན་དོན་རྣམ་མཁྱེན་གྱི་རྒྱུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། ལྔ་པ་མཐར་ཐུག་པར་འགྲོ་བའི་རྒྱུ་ནི་མཐོང་ལམ་དང་། སྒོམ་ལམ་ཞེས་བྱ་བའི་ལམ་ལ་འདོམས་པ་སྟེ། དེ་ལ་སྤང་བྱ་གཉིས་སྤོང་དགོས་པའི་ཕྱིར་རོ། །དེས་ན་སྒྲུབ་པའི་ངོ་བོ་དེས་བསྒྲུབ་བྱ་མཐར་ཐུག་སྒྲུབ་པ་ལ་དགུ་པོ་གང་རུང་ཞིག་མ་ཚང་ན་སྒྲུབ་མི་ནུས་ཤིང་། དགུ་ཆར་ཚང་བས་སྒྲུབ་དགོས་པའི་ཕྱིར་ན། དེའི་ཁྱད་པར་ལ་དགུར་ངེས་སོ། །གོ་རིམ་ནི་བཤད་པའི་འོ། །གཉིས་པ་ལ། ཉན་ཐོས་ཀྱི་མིང་ཅན་དང་། བསེ་རུའི་མིང་ཅན་གཉིས། དང་པོ་ལ་རྒྱུན་ཞུགས་ཀྱི་སྐོར། ཕྱིར་འོང་གི་སྐོར། ཕྱིར་མི་འོང་གི་སྐོར་དང་གསུམ། དང་པོ་ལ་གསུམ་ལས། ཞུགས་པ་གཉིས་ནི། དབང་པོ་རྟུལ་པོ་དད་པས་རྗེས་འབྲང་དང་། རྣོན་པོ་ཆོས་ཀྱི་རྗེས་འབྲང་དག་གོ །འབྲས་གནས་ཙམ་པོ་གཉིས་ནི། རྟུལ་པོ་དད་པས་མོས་པ་དང་། རྣོན་པོ་མཐོང་བས་ཐོབ་པའོ། །ཁྱད་པར་ཅན་ནི། རྒྱུན་ཞུགས་ལྷ་མི་གང་རུང་གི་རིགས་ནས་རིགས་སུ་སྐྱེ་བའོ། །གཉིས་པ་ཕྱིར་འོང་ནི། ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པའོ། །ཕྱིར་མི་འོང་གི་སྐོར་ལ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ་མཐོང་ཆོས་ཞི། ལུས་མངོན་བྱེད་དོ། །དང་པོ་ལ་གསུམ་ལས། དང་པོ་བར་འདའ་བ་ལ། མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། རིང་མོ་ཞིག་ནས་འདའ་བ་གསུམ་མོ། །གཉིས་པ་ལ་སྐྱེས་ཙམ་ནས་འདའ་བ་དང་། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་། དེ་བྱེད་པ་མ་ཡིན་པར་འདའ་བ་དང་གསུམ་ནི་སྐྱེས་འདའ་བའི་དབྱེ་བ་ཡིན་ལ། གསུམ་པ་ལ་གཉིས་ལས་འོག་མིན་འགྲོ་བའི་དབྱེ་བ། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ་མོ། །གཉིས་པ་ནི་སྲིད་རྩེའི་མཐར་ཐུག་འགྲོའོ། །གཉིས་པ་གཟུགས་མེད་ཉེར་འགྲོ་ནི། གཟུགས་ཀྱི་ཆགས་བཅོམ་མོ། །གསུམ་པ་ནི་མཐོང་བ་ཡི་ཆོས་ཚེ་འདི་ལ་ཞི་བ་ཐོབ་པའོ། །བཞི་པ་ནི་རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་ནི་ལུས་ཀྱི་མངོན་སུམ་དུ་བྱེད་པ་སྟེ། དེ་ལྟར་ན་ཉན་ཐོས་ཀྱི་མིང་ཅན་བཅུ་དགུའོ། །གཉིས་པ་ནི་བཅུ་དགུ་པོ་དེ་ཉིད་བསེ་རུ་ལྟ་བུའི་མིང་ཅན་དང་ནི་ལྷན་ཅིག་ཏུ་བགྲངས་པས་བྱང་སེམས་ཀྱི་དགེ་འདུན་ཉི་ཤུའོ། །དངོས་བསྟན་ཉི་ཤུ་འདྲེན་པའི་ཚེ། བར་འདའ་བ་གསུམ་སོ་སོར་བགྲང་བ་ལས་འོས་མེད་དམ་སྙམ་སྟེ་དཔྱད་པར་བྱའོ། །འདི་དག་གི་གོ་དོན་ནི་སྤྱི་དོན་ལས་ཤེས་པར་བྱའོ། །གཉིས་པ་ཕྱིར་མི་ལྡོག་པའི་སྒྲུབ་པ་ལ་འཇུག་ཚུལ་ལ་བཞི་སྟེ། དེའི་ས་མཚམས། རྟེན། དམིགས་པ། ཆེད་དུ་བྱ་བའོ། །དང་པོ་ནི། གདམས་ངག་གི་འོག་ཏུ་ངེས་འབྱེད་ཆ་མཐུན་སྟོན་ཏེ། སེམས་བསྐྱེད་པའི་ལས་དང་པོ་པས་གདམས་ངག་ཉན་ཏེ། དེའི་དོན་ལ་ཐོས་བསམ་གྱིས་འབད་པས་ཇི་སྲིད་སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པར་མ་གྱུར་གྱི་བར་དུ་ནི་ཚོགས་ལམ་ཕལ་པ་ཡིན་ལ། དེ་ལ་མཁས་པའི་ཚེ་རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་ཐར་པ་ཆ་མཐུན་ཡིན་ཞིང་། དེའི་དོན་རྩེ་གཅིག་ཏུ་བསྒོམ་པ་ལས་ཀུན་ནས་ཉོན་མོངས་ཀྱི་བཟུང་བ་རང་བཞིན་མེད་པ་སོགས་བཞི་ལ་གསལ་སྣང་རིམ་པ་བཞིན་ཐོབ་པའི་ཚེ་དྲོད་སོགས་བཞིར་འཇོག་པའི་ཕྱིར་རོ། །འདི་ལ་མདོའི་དོན་ཉན་རང་ལས་ཁྱད་པར་དུ་འཕགས་པའི་སྦྱོར་ལམ་བསྟན་ཚུལ་མདོར་བསྟན། མདོའི་རིམ་པ་ལྟར་ཁྱད་ཆོས་སོ་སོར་བཤད་པ་གཉིས། དང་པོ་ནི། ཁྱད་པར་འཕགས་ཞེས་དྲང་ངོ་། །གང་གིས་ན་དམིགས་པའི་ཁྱད་པར་བདེན་བཞིའི་སྟེང་གི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པ་དང་ནི། རྣམ་པའི་ཁྱད་པར་མངོན་ཞེན་བཀག་པ་སོགས་ཀྱི་རྣམ་པ་དང་། རྒྱུའི་ཁྱད་པར་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་རྒྱུ་ཡིན་པ་དང་། ཡོངས་འཛིན་གྱི་ཁྱད་པར་ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱིས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པ་སྟེ་ཁྱད་ཆོས་བཞི་ཡིས་སོ། །གང་ན་ཆོས་བཞི་ལྡན་གྱི་སྦྱོར་ལམ་མོ། །བཞི་པོ་གང་ཞེ་ན། རྟེན་གྱི་ཁྱད་པར་རང་གི་གཟིགས་པའི་ལམ་གསུངས་པའི་སྒོ་ནས་གཞན་དུཿཁ་རྒྱུ་བཅས་ལས་སྐྱོབ་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ངོ་བོ་དྲོད་སོགས་བཞིའི་བདག་ཉིད་ཡིན་པ་དང་། མཚུངས་ལྡན་ནམ་སྤང་བྱའི་ཁྱད་པར་རིམ་པ་ཇི་ལྟ་བ་བཞིན་དུ་དགག་པའི་རྣམ་རྟོགས་བཞི་པོ་ངོ་བོར་ལྡན་ཞིང་སྒྲུབ་རྟོགས་བཞི་སྤང་བྱར་བསྟེན་པ། དབྱེ་བའི་ཁྱད་པར་བཞི་པོ་རེ་རེ་ལ་ཡང་། ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་གསུམ་དུ་ཡོད་པ་རྣམས་སོ། །སྦྱོར་ལམ་རྗེས་ཐོབ་ལ་ལྡན་པ་དང་མཉམ་གཞག་ལ་བསྟེན་པ་ཞེས་སྦྱོར་བ་ནི་མིན་པ་འདྲ་སྟེ། དངོས་བསྟན་གྱི་སྦྱོར་ལམ་བཞི་ལ་སྦྱར་དགོས་པའི་ཕྱིར་རོ། །གཞན་དུ་ཁྱད་ཆོས་བཞི་ཡང་རྗེས་ཐོབ་ལ་སྦྱར་དགོས་པར་མཚུངས་སོ། །གང་ལས་ན། ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པ་སྟེ་ལྷན་ཅིག་པའི་དྲོད་སོགས་བཞི་པོ་དག་ལས་སོ། །ཁྱད་ཆོས་ལྔར་བྱེད་པ་ནི་རྩ་བའི་དགོངས་པ་མ་ཡིན་ཏེ། མདོ་ལས། རྟོག་པ་ཡོངས་འཛིན་གྱི་གོང་དུ་གསུངས་བཞིན་དུ་འདིར་འོག་ཏུ་དྲངས་ནས་ཡོངས་འཛིན་ཡན་ལ་ཡིས་ཞེས་པའི་བྱེད་ཚིག་སྦྱར་བའི་ཕྱིར་དང་། ཉིར་སྣང་ལས། འདི་དག་ལ་བརྗོད་པར་བྱ་བའི་ཁྱད་པར་ཅི་ཡོད་ཅེ་ན། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞིས་འཕགས་པ་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། དམིགས་རྣམ་རྒྱུ་གསུམ་རྒྱས་པར་བཤད། ལྡན་པ་རྣམ་རྟོག་རྒྱས་པར་བཤད། ཡོངས་སུ་འཛིན་པ་རྒྱས་པར་བཤད་པའོ། །དང་པོ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་དེ་གསུམ་བཤད་པའོ། །དང་པོ་ལ། རྒྱས་བཤད་དང་། དོན་བསྡུ་གཉིས། དང་པོ་ལ་གསུམ་ལས། དང་པོའི་གསུམ་ནི། དུཿཁ་ལ་སོགས་པ་བདེན་པ་བཞིའི་རྟེན་ཅན་མི་རྟག་པ་དང་དུཿཁ་ལ་སོགས་པ་བཅུ་དྲུག་ཆོས་ཅན། དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། ཚུལ་འདིས་དམིགས་པ་འོག་མ་བཅུ་གཅིག་ལའང་སྦྱར་རོ། །གཉིས་པ་ནི། ཆོས་ཉིད་ཀྱི་སྒོ་ནས་མི་རྟག་སོགས་སུ་མངོན་པར་ཞེན་པ་ཆུང་ངུ་དང་། ལ་སོགས་པ་ལྷག་པར་དམིགས་པ་འབྲིང་དང་། ཀུན་ཤེས་པ་ཆེན་པོ་འགོག་པ་སྟེ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཆོས་ཅན། དྲོད་ཆུང་ངུ་དེ་ཡི་ནི་རྣམ་པ་ཡིན་ཏེ། དེས་དམིགས་པ་ལ་སྒྲོ་འདོགས་གཅོད་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། བྱང་སེམས་ཀྱི་དྲོད་ཆུང་ངུ་ཆོས་ཅན། ཉན་ཐོས་ཀྱི་དེ་ལས་དམིགས་རྣམ་གཉིས་ཀྱིས་ཁྱད་པར་དུ་འཕགས་ཏེ། སྔར་གྱི་དམིགས་པ་དེ་ལ་མངོན་ཞེན་གསུམ་བཀག་པའི་རྣམ་པས་དམིགས་པའི་ཕྱིར། ཚུལ་འདི་ཡང་འོག་མ་རྣམས་ལ་སྦྱར་རོ། །གསུམ་པ་ནི། དྲོད་ཆུང་ངུ་ཆོས་ཅན། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་འཐོབ་པའི་རྒྱུ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་གྱི་རྒྱུ་ཡིན་པའི་ཕྱིར། འདི་དྲོད་ཆུང་ངུ་ལ་སྦྱར་བ་ནི། ཆུང་ངུ་ཡང་རྒྱུ་ཡིན་ན་གཞན་སྨོས་ཅི་དགོས་ཞེས་པའོ། །འབྲིང་གི་གསུམ་ལས། དམིགས་པ་ནི་གཟུགས་སོགས་འདུ་བ་སྟེ་སྒྲུབ་པ་དང་འགོད་པ་སྟེ་དགག་པ་དང་བྲལ་བའི་ཁྱད་པར་རོ། །རྣམ་པ་ནི་ཆོས་ཉིད་ཀྱི་སྒོ་ནས་གནས་ནི་འདིས་གནས་ཤིངཾ་ཐ་དཾད་བྱེད་ཾཔཾ་མིང་། བྲལ་བ་ནི་དེ་མེད་པ་སྟེ་རྒྱུན་མི་འདྲ་བ། གནས་ནི་རྒྱུན་འདྲ་བ་སྟེ་དེ་དག་དོན་ལ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །འདིའི་བྲལ་བ་དང་འོག་གི་མེད་གཉིས་དོན་གཉིས་གཉིས་ལ་སྙེགས་སོ། །ཆེན་པོའི་དམིགས་པ་ནི་ཆོས་ཐམས་ཅད་བརྡའམ་ཐ་སྙད་བཏགས་པ་ཙམ་མོ། །རྣམ་པ་ནི་དོན་དམ་པར་དགེ་སོགས་གང་དུ་ཡང་བརྗོད་དུ་མེད་པར་རྟོག་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་བསྡུ་བ་ནི། དེ་ལྟར་དྲོ་བར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱར་ཏེ་སྔར་བཤད་པ་དེ་ལྟར་དམིགས་རྣམ་རྒྱུ་གསུམ་དང་ལྡན་པའི་དྲོད་ཆུང་ངུ་དང་འབྲིང་དང་ཆེན་པོ་ཆོས་ཅན། དྲོ་བར་གྱུར་པ་ཞེས་ནི་བརྗོད་དུ་རུང་བ་ཡིན་ཏེ། མཐོང་སྤང་གི་བུད་ཤིང་སྲེག་བྱེད་མི་རྟོག་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་ཡིན་པའི་ཕྱིར། གཉིས་པ་རྩེ་མོ་ལ། རྒྱས་པ་དང་། བསྡུ་བ་གཉིས། དང་པོ་ལ་གསུམ་ལས། དང་པོ་སློབ་དཔོན་ལྟར་ན། རྩེ་མོ་ཆུང་ངུའི་དམིགས་པ་ནི་གཟུགས་སོགས་ལ་དོན་དམ་པར་མི་གནས་པའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པས་གཟུགས་སོགས་དེ་དག་ནི་གཟུགས་སོགས་དེ་ཡི་ངོ་བོར་གྱུར་པའི་རང་བཞིན་དང་། མེད་པ་སྟེ་བྲལ་བའི་ཕྱིར། རྣམ་པ་ནི་གཟུགས་སོགས་དེ་ལ་མི་རྟག་པ་དང་རྟག་པ་ལ་སོགས་པར་ཞེན་པའི་ཚུལ་གྱིས་མི་གནས་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ཅིའི་ཕྱིར་མི་གནས་ཞེ་ན། གཟུགས་སོགས་དང་སྟོང་ཉིད་དེ་དག་གཅིག་གི་རང་བཞིན་གཅིག་ཡིན་པའི་ཕྱིར། གཉིས་པ་འབྲིང་གི་དམིགས་པ་ནི་མི་རྟག་སོགས་དང་སྟོང་ཉིད་ཕན་ཚུན་བདག་ཉིད་གཅིག་པའོ། །གཉིས་པོ་དེ་དག་ཆོས་ཅན། བདག་ཉིད་གཅིག་ཡིན་ཏེ། གཅིག་གི་རང་བཞིན་གཅིག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་རྣམས་ཁྱོད་དེའི་ངོ་བོས་སྟོང་པའི་ཕྱིར། རྣམ་པ་ནི་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་རང་གིར་མི་འཛིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གང་ཡིན་པའོ། །གསུམ་པ་ཆེན་པོའི་དམིགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར། གཟུགས་སོགས་དེ་དག་ལ་དོན་དམ་པར་སྔོན་པོ་སོགས་ཆོས་ཐམས་ཅད་ཀྱི་རྒྱུའི་མཚན་མར་མི་མཐོང་བའོ། །རྣམ་པ་ནི་ཤེས་རབ་ཀྱིས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་པའི་དམིགས་སུ་མེད་པར་ཡོངས་སུ་རྟོགས་པའོ། །འཕགས་པ་ལྟར་ན། རྩེ་མོ་ཆུང་ངུའི་དམིགས་རྣམ་ལ་གཉིས་ཏེ། བདེན་བཞི་སོ་སོར་མ་ཕྱེ་བ་དང་། སོ་སོར་ཕྱེ་བའོ། །དང་པོ་ནི། གཟུགས་སོགས་ལ་དོན་དམ་པར་མི་གནས་པ་སྟེ་གནས་བྱར་མེད་པའོ། །ཅིའི་ཕྱིར་མེད་ཅེ་ན། མེད་དེ། གཟུགས་སོགས་དེ་དག་ནི་དོན་དམ་པར་གཟུགས་སོགས་དེ་ཡི་ངོ་བོ་རང་བཞིན་མེད་པས་སོ། །རྣམ་པ་ནི་གཟུགས་སོགས་དང་། དེ་དག་གི་སྟོང་ཉིད་གཉིས་གཅིག་གི་རང་བཞིན་གཅིག་གི་རང་བཞིན་དུ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་ལ་སྡུག་བསྔལ་བདེན་པའི་དབང་དུ་བྱས་པའི་དམིགས་པ་ནི་གཟུགས་སོགས་དེ་དག་དོན་དམ་པར་མི་རྟག་པ་དང་དུཿཁ་ལ་སོགས་པར་མི་གནས་པའོ། །ཅི་སྟེ་ཞེ་ན། གཟུགས་སོགས་དེ་རྣམས་དོན་དམ་པར་མི་རྟག་སོགས་དེ་ཡི་ངོ་བོས་སྟོང་པའི་ཕྱིར་རོ། །རྣམ་པ་ནི་མི་རྟག་པ་སོགས་དང་དེ་དག་གཅིག་གི་རང་བཞིན་གཅིག་གི་དེ་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །བདེན་པ་གཞན་གསུམ་གྱི་དབང་དུ་བྱས་པའི་དམིགས་རྣམས་ནི་སོགས་པས་སྡུད་དོ། །འབྲིང་གི་དམིགས་པ་ནི་གཟུགས་སོགས་ཆོས་རྣམས་མཚན་མར་མི་འཛིན་པ་སྟེ་གཟུང་བྱར་མེད་པ་གང་ཡིན་པའོ། །རྣམ་པ་ནི་ཆོས་དེ་དག་ལ་ཐོབ་བྱ་དང་མངོན་པར་རྟོགས་བྱའི་མཚན་མར་མི་མཐོང་བའི་ཕྱིར་ན་དེ་ལྟར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ཆེན་པོའི་དམིགས་པ་ནི་ཆོས་རྣམས་ལ་འདིའི་ངོ་བོ་ནི་གང་མཚན་ཉིད་ནི་ཅི་ཞིག་ཅེས་ཡང་དག་པའི་ཤེས་རབ་ཀྱིས་ནི་ཡོངས་སུ་རྟོགས་པ་སྟེ་བརྟགས་པའི་ཁྱད་པར་རོ། །རྣམ་པ་ནི་དེ་ལྟར་བརྟགས་པ་ན་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་ནི། དེ་ལྟར་རྩེ་མོར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱར་ཏེ། སྔར་བཤད་པ་དེ་ལྟར་དམིགས་རྣམ་རྒྱུ་གསུམ་དང་ལྡན་པའི་རྩེ་མོ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཆོས་ཅན། རྩེ་མོར་གྱུར་པ་ཞེས་བྱ་བ་ཡིན་ཏེ། དགེ་བའི་རྩ་བ་མི་མཐུན་ཕྱོགས་ཀྱིས་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར། གསུམ་པ་བཟོད་པའི་དམིགས་རྣམས་ལ། རྒྱས་བཤད་དང་། བསྡུ་བ་གཉིས། དང་པོ་ལ་གསུམ་ལས། ཆུང་ངུའི་དམིགས་པ་ནི་གཟུགས་སོགས་སྤྱི་དང་ཁྱད་པར་སོགས་ངོ་བོ་ཉིད་མེད་པ་ཉིད་དོ། །རྣམ་པ་ནི་སྤྱི་དང་ཁྱད་པར་གྱི་དངོས་པོ་དེ་མེད་པ་ནི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་སོགས་ཀྱི་ངོ་བོ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། བདེན་གཉིས་ཀྱིའོ། །འབྲིང་གི་དམིགས་པ་ནི། གཟུགས་སོགས་དེ་དག་ལ་དོན་ལ་སྐྱེ་བ་འཁོར་བ་མེད་ངེས་འབྱུང་སྟེ་འགག་པ་མྱང་འདས་མེད་པའོ། །རྣམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་པ་སྒོ་གསུམ་སངས་རྒྱས་ཀྱི་སར་རྣམ་པར་དག་པའི་རྒྱུར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། རྒྱུའི་སྒོ་ནས་སོ། །དེ་གསུམ་ནི། སྐུ་མཚན་དཔེ། གསུང་གསུང་དབྱངས་ཡན་ལག་དྲུག་ཅུ། ཐུགས་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །ཞེས་ལོ་ཙཱ་བ་གསུང་ངོ་། །ཇི་ལྟར་ན་ཡང་དག་པར་འདའ་བ་གསུམ་གྱིས་ཏེ་རྣམ་སྨིན་ལས་འདའ་བ་ནི་སྒོ་གསུམ་གྱི་ལས་བཅུ་ཡོངས་སུ་དག་པས་སྒོ་གསུམ་རྣམ་པར་དག་གོ །མཚན་སོ་གཉིས་གནས་ན་གནས་པ་དང་གསལ་བ་དང་རྫོགས་པས་དག་གོ །སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པས་དག་གོ །ངན་འགྲོའི་རྒྱུད་ལས་འདའ་བ་ནི་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེ་བ་ལ་སོགས་པའོ། །ཡོངས་སུ་ཉམས་པ་ལས་འདའ་བ་ནི་རྟག་ཏུ་རྫུས་ཏེ་སྐྱེ་བའོ་ཞེས་བུ་གསུང་ངོ་། །ཆེན་པོའི་དམིགས་པ་ནི་གཟུགས་སོགས་དེ་དག་ལ་དོན་དམ་པར་རང་སྤྱིའི་མཚན་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་རྟག་མི་རྟག་སོགས་ཀྱི་མཚན་མ་མེད་པའོ། །རྣམ་པ་ནི་རང་བཞིན་གྱིས་སྟོང་པས་གཟུགས་སོགས་དེ་ཡི་མཚན་མར་མི་རྟེན་པ་སྟེ་རྟེན་མེད་པའམ་མངོན་ཞེན་མེད་པས་མོས་མིན་ཏེ་མོས་པ་ཡིད་བྱེད་ཀྱིས་སྤྱིའི་རྣམ་པས་མི་མོས་ཤིང་། འདུ་ཤེས་མེད་པ་སྟེ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་མངོན་སུམ་དུ་མི་མོས་པ་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་ནི། དེ་ལྟར་བཟོད་པར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱར་ཏེ། སྔར་བཤད་པ་དེ་ལྟར་དམིགས་རྣམ་རྒྱུ་གསུམ་དང་ལྡན་པའི་བཟོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ཆོས་ཅན། བཟོད་པར་གྱུར་པ་ཞེས་བྱ་བ་ཡིན་ཏེ། འདི་ཐོབ་ནས་ལས་ཉོན་གྱིས་ངན་འགྲོར་འགྲོ་བ་མེད་པས་སྐྱེ་མེད་ཀྱི་དོན་ལ་བཟོད་པའི་ཕྱིར། བཞི་པ་ཆོས་མཆོག་ལ། རྒྱས་བཤད། བསྡུ་བ་གཉིས། དང་པོ་ལའང་གསུམ་ལས། དང་པོ་ཆུང་ངུའི་དམིགས་པ་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་པའོ། །རྣམ་པ་ནི་ཏིང་ངེ་འཛིན་དེ་ཡི་བྱེད་པ་འཚང་རྒྱ་བའམ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་ཉིད་ཅེས་བྱ་བར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །འགྲེལ་པར་འདི་ལ། ཡུལ་གང་དུ། ཚུལ་ཇི་ལྟར། རྒྱུ་གང་གིས་ཞེས་པ་གསུམ་བཤད་དོ། །འབྲིང་གི་དམིགས་པ་ནི་ལུང་སྟོན་པའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་ནོ། །ལུང་སྟོན་པ་ས་བརྒྱད་པར་ཐོབ་པ་མ་ཡིན་ནམ་ཞེ་ན། དེ་ནི་མིང་དང་འཁོར་དང་མཚན་ལ་སོགས་པའི་སྒོ་ནས་དུས་ངེས་པ་ཅན་དུ་ལུང་སྟོན་པས་མངོན་སུམ་དུ་ལུང་སྟོན་པ་ཞེས་བྱ་ལ། འདིར་ནི་དུས་ངེས་པ་མེད་པས་ལྐོག་ཏུ་ལུང་སྟོན་པ་ཞེས་བྱའོ། །རྣམ་པ་ནི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་སྤྲོས་བྲལ་དུ་རྟོགས་པ་ལ། སྦྱོར་དངོས་རྗེས་གསུམ་དུ་བདག་ནི་མཉམ་པར་འཇོག་གོ་གཞག་གོ་བཞག་པར་གྱུར་ཏོ་སྙམ་པའི་རློམ་པ་ཟད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ་ཆོས་ཉིད་ཀྱི་སྒོ་ནས་སོ། །ཆེན་པོའི་དམིགས་པ་ནི་བྱང་སེམས་དང་། ཏིང་ངེ་འཛིན་དང་། ཡུམ་གསུམ་པོ་ཕན་ཚུན་ངོ་བོ་གཅིག་པའི་ཕྱིར་སོ་སོར་བསྟན་མི་ནུས་པའོ། །རྣམ་པ་ནི་ཏིང་ངེ་འཛིན་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ནི་མཐོང་ལམ་སྐྱེ་བའི་ཐབས་དམ་པར་རྟོག་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ་ཆོས་ཉིད་ཀྱི་སྒོ་ནས་སོ། །གཉིས་པ་ནི། དེ་ལྟར་འཇིག་རྟེན་ཆོས་མཆོག་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱར་ཏེ་སྔར་བཤད་པ་དེ་ལྟར་དམིགས་རྣམ་རྒྱུ་གསུམ་དང་ལྡན་པའི་ཆོས་མཆོག་ཆུང་ངུ་དང་འབྲིང་དང་ཆེན་པོ་ཆོས་ཅན། ཆོས་ཀྱི་མཆོག་ཅེས་བྱ་བ་ཡིན་ཏེ། འཇིག་རྟེན་པའི་ཆོས་ཀུན་གྱི་མཆོག་ཡིན་པའི་ཕྱིར། གཉིས་པ་ལྡན་པ་རྣམ་རྟོག་ལ། འོ་ན་སྤང་བྱར་རྟེན་པའི་རྣམ་རྟོག་བཞི་པོ་དེ་གང་ཞེ་ན། འདི་ལ་གཟུང་རྟོག་དང་། འཛིན་རྟོག་གཉིས། དང་པོ་ནི། གཟུང་བར་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་ན་རྣམ་པ་གཉིས་ཏེ། གཞིའི་རྟེན་ཅན་དང་། དེའི་གཉེན་པོའི་རྟེན་ཅན་གཉིས་ཡོད་པའི་དབྱེ་བ་ཡིས་སོ། །འདིར་གཞི་ཞེས་པ་འཕགས་པས་དངོས་པོ་ཙམ་དང་། སློབ་དཔོན་གྱིས་ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་སྦྱར་བ་གཉིས་ལས་སྔ་མ་རྩ་བའི་དོན་ནོ། །གཉིས་པོ་དེ་ནི་དབྱེ་གཞི། སོ་སོར་ཏེ་རེ་རེ་ལའང་རྣམ་པ་དགུ་དགུ་སྟེ། རིམ་བཞིན། རྨོངས་པ་སྟེ་མ་རིག་པ་སོགས་དང་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུ་ཡོད་པའི་བྱེ་བྲག་གིས་སོ། །འདིར་དངོས་བསྟན་གྱི་གཟུང་རྟོག་དང་པོའི་དགུ་པ་དང་། གཉིས་པའི་ལྔ་པ་དྲུག་པ་སྟེ་གསུམ་ཐེག་ཆེན་གྱི་སྤང་བྱའི་རིགས་དང་། ལྷག་མ་རྣམས་རང་རྒྱལ་གྱི་སྤང་བྱའི་རིགས་ཁོ་ན་ཡིན་ཏེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་པའི་གཟུང་རྟོག་གི་མཚན་གཞིར་འདིར་བསྟན་པའི་མ་རིག་པ་སོགས་ལ་དམིགས་པའི་རྟོག་པ་ལ་ཤེར་སྒྲོན་ནས་དངོས་སུ་བཤད་ཅིང་། སྐབས་བཞི་པར་བཤད་པའི་ལམ་བདེན་གྱི་ལམ་གསུམ་པའི་རྣམ་པ་དྲུག་གིས་སྤངས་བྱའི་ཤེས་སྒྲིབ་གཉིས་དང་འདིར་བསྟན་པའི་རང་རྒྱལ་གྱི་སྤང་བྱའི་རིགས་གཉིས་དོན་གཅིག་པའི་ཕྱིར། དཀའ་འགྲེལ་ལས། འོན་ཀྱང་རྟེན་གྱི་གང་ཟག་ནི་བྱང་སེམས་ཁོ་ནའི་རྒྱུད་ལ་ཡོད་དོ། །ཞེས་གསུངས་པ་འདིར་བསྟན་རྟོག་པ་བཞི་པོ་བྱང་སེམས་ཀྱི་སྦྱོར་ལམ་རྗེས་ཐོབ་ལ་ལྡན་པ་ལ་དགོངས་ཏེ་དཔྱད་དོ། །གཉིས་པ་ནི། དེར་མ་ཟད་འཛིན་པའི་རྣམ་པར་རྟོགས་པའང་དབྱེ་གཞི། དབྱེ་ན་རྣམ་པ་གཉིས་སུ་འདོད་དེ། གང་ཟག་རྫས་སུ་ཡོད་པའི་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཉིས་ཡོད་པ་ཉིད་ཀྱིས་སོ། །གཉིས་པོ་རེ་རེ་ལའང་དགུ་དགུ་སྟེ། རང་དབང་ཅན་གྱི་བདག་དང་། གཅིག་པུ་ལ་སོགས་པའི་བདག་གི་ངོ་བོ་སོགས་དང་། ཕུང་པོ་དང་སྐྱེ་མཆེད་སོགས་ལ་བརྟེན་པ་སྟེ་ཡུལ་དགུ་དགུ་ཡོད་པ་ལས་ཕྱེ་བས་སོ། །དཔེར་ན་གཟུང་རྟོག་གཉིས་ཡུལ་གྱིས་དགུ་དགུར་ཕྱེ་བ་དེ་བཞིན་ནོ། །དངོས་བསྟན་དང་པོ་དགུ་ནི་ཉན་ཐོས་ཀྱི་སྤང་བྱའི་རིགས་ཁོ་ན་སྟེ། གང་ཟག་ལ་བདེན་འཛིན་ཡིན་པས་ཉོན་སྒྲིབ་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་ཀྱི་དེའོ། །བཞི་ཀའང་དམན་ལམ་སྔོན་དུ་མ་སོང་ན་ཐེག་ཆེན་གྱི་དུཿཁ་ཆོས་བཟོད་ཁོ་ནས་སྤོང་བས་སྒོམ་སྤང་མེད་པ་དང་། སྒྲུབ་རྟོག་ཡིན་པ་དང་། ཐེག་པ་གསུམ་ཀའི་སྤང་བྱའི་རིགས་ཡོད་པ་དང་། ལྡན་རྟེན་གྱི་ཚུལ་རྣམས་ངག་ཏུ་གཞན་དུ་ཤེས་པར་བྱའོ། །གསུམ་པ་ཡོངས་སུ་འཛིན་པ་རྒྱས་པར་བཤད་པ་ནི་ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ་ཡིན་ན། གནས་སྐབས་ཐེག་དམན་དུ་ལྟུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡོངས་འཛིན་གཉིས་ཀྱིས་དེར་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པའི་ཕྱིར། གཉིས་པོ་གང་ཞེ་ན། འདི་ལ་ནང་གི་ཡོངས་འཛིན་ཐབས་མཁས། ཕྱི་ཡི་དེ་དགེ་བཤེས། དེའི་མི་མཐུན་ཕྱོགས་བོར་བ་གསུམ་མོ། །དང་པོ་ནི། ཡོངས་འཛིན་ཡིན་ཞེས་དྲང་ངོ་། །གང་ན་སྦྱོར་ལམ་པའོ། །གང་གིས་ན་སྤྲོས་བྲལ་སྟོང་པ་ཉིད་སོགས་ལ་སེམས་མི་འགོང་བ་ཉིད་དེ་རྒྱུན་དུ་འཇིགས་པ་མེད་པ་དང་ལ་སོགས་པ་གནས་མིན་པ་ལ་འཇིགས་པ་དང་དངངས་པ་དང་འཇིགས་པ་ངེས་པར་གྱུར་པ་སྐྲག་པ་སྟེ་དེ་དག་མེད་པའི་ཐབས་མཁས་ཀྱིས་སོ། །ཇི་ལྟར་ན་སྐྲག་པ་སོགས་ལས་རྣམ་པ་ཀུན་ཏུའོ། །གཉིས་པ་ནི། ཡོངས་འཛིན་ཡིན་ཞེས་དྲང་ངོ་། །གང་ན་སྦྱོར་ལམ་པའོ། །གང་གིས་ན་ཕན་པ་ཐོབ་པའི་དོན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཤེས་རབ་དང་སོགས་པ་སེམས་བསྐྱེད་དང་བསྔོ་བ་ལ་སོགས་པའི་ཐབས་སྟོན་པར་བྱེད་པ་དང་། མི་ཕན་པ་སྤང་བའི་དོན་དུ་བདུད་ལ་སོགས་པ་སྟོན་པར་བྱེད་པའོ། །ཇི་ལྟར་ན་ཐབས་ཤེས་དང་མི་ལྡན་པ་ལས་རྣམ་པ་ཀུན་ཏུའོ། །གསུམ་པ་ལ་ཕྱི་ནང་གི་མི་མཐུན་ཕྱོགས་བོར་བ་གཉིས་ལས། དང་པོ་ནི། ཐབས་མཁས་དེ་ཡི་མི་མཐུན་ཕྱོགས་རང་དོན་དུ་སྒོམ་པ་དང་རློམ་སེམས་དང་དངངས་པ་སོགས་བོར་བའོ། །གཉིས་པ་ནི། དགེ་བཤེས་དེ་ཡི་མི་མཐུན་ཕྱོགས་མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་སྟེ་མཉན་པར་མི་བྱའོ། །ཞེས་སོགས་གཞུང་སྤང་བ་དང་། ཕར་ཕྱིན་དྲུག་ལས་བཟློག་ཅིང་མོས་པ་མེད་པར་བྱེད་པ་སོགས་ལམ་སྤོང་བ་དང་། ཉན་ཐོས་ཀྱིས་མངོན་དུ་གྱིས་ཤིག་བླ་མེད་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་བྱ། ཞེས་སོགས་འབྲས་བུ་སྤོང་བའི་སྡིག་གྲོགས་རྣམས་བོར་བའོ། །དེ་དག་ནི་འཕགས་པའི་བཤད་ཚུལ་ཡིན་ལ། སློབ་དཔོན་ནི་ཕྱིའི་ཡོངས་འཛིན་དགེ་བཤེས་ཁོ་ན་བསྟན་པར་བཞེད་ཀྱང་སྔ་མ་དགོངས་པའོ། །དེ་དག་གི་ངེས་འབྱེད་ཡན་ལག་རྣམ་བཞི་དང་། ཞེས་པའི་བཤད་ཟིན་པས་དེའི་འོག་ཏུ་གཉིས་པ་ནི། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་པའི་རིགས་སྟོན་ཏེ། ངེས་འབྱེད་ཡན་ལག་ཐོབ་ནས་སྒྲུབ་པ་བཅུ་གསུམ་གྱི་རྟེན་རིགས་འཇོག་དགོས་པའི་ཕྱིར། ཉིར་སྣང་ལས་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ན་སེམས་བསྐྱེད་ཀྱི་དང་པོར་རིགས་བསྟན་པར་བྱ་བ་ཡིན་ཡང་འདིར་འབྲས་བུའི་རྗེས་སུ་རྒྱུ་སྟོན་པ་རྟོགས་པའི་རིམ་པར་གསུངས་སོ། །འདི་ལ་རིགས་ཀྱི་དབྱེ་བ། རྩོད་པ་སྤང་བའོ། །དང་པོ་ནི། སངས་རྒྱས་ཀྱི་རིགས་ཞེས་བྱའོ། །གང་ལ་ན་སྒྲུབ་པ་བཅུ་གསུམ་གྱི་རྟེན་དུ་གྱུར་པའི་ཆོས་དབྱིངས་ལའོ། །སྒྲུབ་པ་བཅུ་གསུམ་ལ་བསྡུ་བ། གོ་རིམ་གཉིས། དང་པོ་ནི། རྟོགས་པའི་ཆོས། ལམ་གྱི། ཡོན་ཏན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་གསུམ་ལས། དང་པོ་ནི། དྲོད་ཀྱི་རྟོགས་པ་ཡི་ནི་ཆོས་ནས། རྩེ་མོ། བཟོད་པ། ཆོས་མཆོག མཐོང་ལམ། ས་བདུན་པ་མན་གྱི་སྒོམ་ལམ་གྱི་ཆོས་དེ་ལྟར་ན་སྤྱིར་སྒོམ་པའི་ལམ་གྱི་རྟོགས་པ་ཡི་ནི་ཆོས་ཏེ་དྲུག་དང་། གཉིས་པ་ལ་སྦྱོར་བའི། བར་ཆད་མེད་པའི། རྣམ་པར་གྲོལ་བའི་ལམ་མོ། །དང་པོ་ནི། སྤོང་བྱའི་གཉེན་པོ་སྐྱེ་བའི་སྒྲུབ་པ་སྦྱོར་བའི་ལམ་དང་། གཉིས་པ་ནི། དེ་ཡི་ས་བོན་དངོས་སུ་སྤོང་བ་བར་ཆད་མེད་པའི་ལམ་དང་། གསུམ་པ་ནི། གཉེན་པོ་དང་མི་མཐུན་ཕྱོགས་ཀྱི་རྣམ་རྟོག་དེ་དག་ཡོངས་སུ་གཏུགས་པ་སྟེ་སྤངས་པའི་རྣམ་གྲོལ་ལམ་དང་། གསུམ་པ་ལ་བཞི་ལས། དང་པོ་ནི། སྲིད་ཞི་ལ་མི་གནས་པའི་རྒྱུ་ཤེས་རབ་སྙིང་བརྩེར་བཅས་པ་སྟེ་ལྷན་ཅིག་པའི་སྒྲུབ་པ་ནི་ས་བརྒྱད་པའི་ཁྱད་པར་གྱི་ལམ་ལའོ། །གཉིས་པ་ནི། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་སྒྲུབ་པ་ནི། ས་དགུ་པ་ལའོ། །གསུམ་པ་ནི། གཞན་གྱི་དོན་དགེ་ལེགས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་གོ་རིམ་གྱི་སྒྲུབ་པ་ནི་ས་བཅུ་པ་ལའོ། །བཞི་པ་ནི། སེམས་ཅན་གྱི་དོན་ལ་མཐོང་ཆོས་ལ་བདེར་གནས་ཀྱི་ཡེ་ཤེས་རྩོལ་བ་མི་མངའ་བ་སྟེ་ལྷུན་གྲུབ་ཏུ་འབྱུང་བ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ལ་དེ་ལ་དངོས་སུ་འཇུག་པའི་སྒྲུབ་པ་ནི་རྒྱུན་མཐའ་ནའོ། །འདིར་གཉེན་པོའི་སྒྲུབ་པ་དང་སྤོང་བའི་སྒྲུབ་པ་བར་ཆད་མེད་ལམ་གཅིག་དང་། སྤོང་གཏུགས། རྣམ་གྲོལ་ལམ་གཅིག་ལ་ལྡོག་པས་ཕྱེ་བ་མ་ཡིན་པར་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་ལ་འཇོག་པ་དགོངས་པ་སྟེ། མདོར་ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་ཚེ་མུན་པའི་གནས་མེད་དོ། །ཞེས་དང་། བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་དོ། །ཞེས་གསུང་ཞིང་། རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པའི་དཔེས་བསྟན་པའི་ཕྱིར། གཉིས་པ་གོ་རིམ་ནི། ཕལ་ཆེར་སྐྱེ་བའི་རིམ་པ་ཡིན་གྱི་རྟོགས་པའི་རིམ་པ་ཡིན་གསུངས་པ་ལ་གོ་བ་མ་རྙེད་དོ། །གཉིས་པ་རྩོད་སྤོང་ལ། འཕགས་པའི་ལུགས་དང་། སློབ་དཔོན་གྱི་ལུགས་གཉིས། དང་པོ་ལ་དོན་ཐོབ་ཀྱི་རྩོད་ལན། དངོས་བསྟན་གྱི་རྩོད་ལན་གཉིས། དང་པོ་ནི། གལ་ཏེ་ཆོས་དབྱིངས་རིགས་ཡིན་ན། སེམས་ཅན་ཐམས་ཅད་འདིར་བསྟན་རིགས་ལ་གནས་པར་འགྱུར་ཏེ། དེ་ནི་སེམས་ཅན་ཐམས་ཅད་ལ་སྤྱིར་གནས་པ་ཡིན་པའི་ཕྱིར་ཞེ་ན། བྱང་སེམས་ཀྱི་རྒྱུད་ཀྱི་སྒྲུབ་པས་ཆོས་དབྱིངས་ལ་དམིགས་པ་ན་ཆོས་དབྱིངས་དེ་འཕགས་པའི་ཆོས་སྟོབས་སོགས་ཀྱི་རྒྱུར་འགྱུར་བའི་ཆ་ནས་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཡིན་པར་བརྗོད་པས་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་སེམས་ཅན་ཐམས་ཅད་གནས་པར་ཐལ་བའི་སྐྱོན་མེད་དོ། །གཉིས་པ་ནི། དེ་ལྟ་ན་ཡང་ཆོས་ཀྱི་དབྱིངས་ཆོས་ཅན། ཁྱོད་ལ་ཐེག་པ་གསུམ་གྱི་རིགས་ནི་ཐ་དད་པ་གསུམ་དུ་དབྱེར་རུང་བ་མ་ཡིན་པར་ཐལ། ཁྱོད་ལ་རྣམ་པར་དབྱེར་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ་བརྟེན་པའི་ཆོས་སྒྲུབ་པ་ཐ་དད་པ་གསུམ་གྱི་བྱེ་བྲག་གིས་རྟེན་རིགས་དེའི་དབྱེ་བ་གསུམ་ཡོངས་སུ་བརྗོད་པའི་ཕྱིར། གཉིས་པ་འགྲེལ་པར་གསལ་ལོ། །སྒྲུབ་པའི་རྟེན་བཤད་ཟིན་ནས་དེའི་འོག་ཏུ། གསུམ་པ་སྒྲུབ་པའི་དམིགས་པ་འཆད་དེ། རིགས་སད་པའི་གང་ཟག་གིས་དམིགས་པ་ལ་སྒྲོ་འདོགས་བཅད་ནས་སྒྲུབ་པ་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །འདི་ལ་འཕགས་པས་རྐང་པ་དང་པོ་གཉིས་ཀྱིས་བསྟན། ལྷག་མས་བཤད། སློབ་དཔོན་ལྟར་ན་མདོར་བསྟན། ཅུང་ཟད་བཤད། རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་ཆེན་སྒྲུབ་པའི་དམིགས་པ་ནི་ཤེས་བྱའི་ཆོས་རྣམས་ཐམས་ཅད་ཡིན་ཏེ། ཞི་ལྷས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སོ། །གཉིས་པ་ནི། ཆོས་དེ་ཡང་ཅུང་ཟད་ཕྱེ་ན་བླང་བྱ་དགེ་བ་དང་། ལ་སོགས་པ་དོར་བྱ་མི་དགེ་བ་དང་། བཏང་སྙོམས་སུ་གཞག་བྱ་ལུང་མ་བསྟན་དང་གསུམ་ཡིན་ནོ། །གསུམ་པ་ལ། རབ་ཏུ་དབྱེ་བ། ཚུལ་ཇི་ལྟར་ངེས་པ། གྲངས་ངེས་པ། གོ་རིམ་ངེས་པའོ། །དང་པོ་ལ་ལམ་གྱི་དབང་དུ་བྱས་པ། སྤང་གཉེན་གྱི། བདེན་གཉིས་ཀྱི། འབྲས་བུའི་དབང་དུ་བྱས་པ་བཞི་ལས། དང་པོ་ནི། སོ་སྐྱེས་བསྡུས་པ་འཇིག་རྟེན་པའི་རྟག་པ་ཞི་རགས་ཀྱི་རྣམ་པ་ཅན་དང་། འཕགས་པས་བསྡུས་པ་གང་དག་འཇིག་རྟེན་ལས་འདས་པ་བདེན་པའི་རྣམ་པ་ཅན་དུ་འདོད་དོ། །གཉིས་པ་ནི། ཟག་པའི་སྒོ་དྲུག་དང་འབྲེལ་པ་ཟག་པ་དང་བཅས་པ་སྤང་བྱ་དང་། དེ་དང་མ་འབྲེལ་བ་ཟག་པ་མེད་པའི་ཆོས་གཉེན་པོ་དང་། གསུམ་པ་ནི། ཆོས་གང་དག་རྐྱེན་རྣམས་ཚོགས་ཤིང་འདུས་ནས་བྱས་པ་དང་། སྐྱེ་འཇིགས་གནས་འགྱུར་བཞི་དང་བྲལ་བ་འདུས་མ་བྱས་སོ། །བཞི་པ་ནི། སློབ་མ་སྟེ་ཉན་རང་འཕགས་པ་སོགས་ཀྱི་རྒྱུད་ལའང་འབྱུང་བ་ཐུན་མོང་གི་ཆོས་དྲན་པ་ཉེ་བཞག་ལ་སོགས་པ་རྣམས་དང་། ཆོས་གང་དག་ཐུབ་པ་སངས་རྒྱས་ཁོ་ནའི་ཐུན་མོང་མིན་པ་སྟོབས་སོགས་སོ། །དོན་ནི་ཆོས་ཐམས་ཅད་དགེ་སོགས་གསུམ་དུ་བསྡུས་ནས་དེ་དག་གི་རྣམ་གྲངས་ལ་འཇིག་རྟེན་པ་ལ་སོགས་པར་སྒྲོ་འདོགས་གཅོད་པ་ཡིན་ཏེ། གཙོ་བོར་ཚོགས་ལམ་དུ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དང་། སྦྱོར་ལམ་དུ་འཇིག་རྟེན་པའི་སྒོམ་བྱུང་གིས་སྒོམ་པའི་དམིགས་པ་ཡིན་ཏེ། ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས། ཞེས་གསུང་པ་དང་མཐུན་ནོ། །གཉིས་པ་ནི། མདོར་བྱང་སེམས་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བྱའོ། །ཆོས་ཐམས་ཅད་ཀྱི་ཡོད་པར་མ་གྱུར་པ་ཉིད་ལ་བསླབ་པར་བྱའོ། །ཞེས་གསུངས་པས་ན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཆོས་ཁ་ཅིག་ནི་བླང་བྱ། ཁ་ཅིག་ནི་དོར་བྱ། ཁ་ཅིག་ནི་རྒྱུད་ལ་བསྐྱེད་པར་བྱ་བ། ཁ་ཅིག་ནི་ཐོབ་པར་བྱ་བ་ལ་སོགས་པར་དེ་དག་གི་མཚན་ཉིད་ཇི་ལྟར་གནས་པ་བཞིན་རྟོགས་པར་བྱེད་ལ། དོན་དམ་པའི་བདེན་པ་ལ་བརྟེན་ནས་དེ་དག་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པར་བྱེད་པའི་ཚུལ་གྱིས་དམིགས་སོ། །གསུམ་པ་ནི། སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཐམས་ཅད་ནི་འདིར་འདུས་པས་འདི་ལས་མང་བ་མི་དགོས་ལ། འདི་ལས་གང་རུང་ཞིག་མ་ཚང་ན་ཡང་སྒྲོ་འདོགས་གཅོད་ཚུལ་མ་འདུས་པར་འགྱུར་བས་འདི་ལས་ཉུང་བ་ཡང་མ་ཡིན་པས་ན་བཅུ་གཅིག་ཏུ་གྲངས་ངེས་སོ། །བཞི་པ་ནི། རང་གི་ངོ་བོའི་སྒོ་ནས་གོ་རིམ་རྣམ་པར་གཞག་པ་མེད་ཀྱང་། རྟོགས་བྱེད་ཀྱི་བློ་ལ་ལྟོས་ནས་གོ་རིམ་ངེས་པ་ཡོད་དེ། བྱང་ཆུབ་དུ་སེམས་བསྐྱེད་པའི་གང་ཟག་གི་བདག་གིས་ཆོས་ཐམས་ཅད་ལ་བསླབ་དགོས་ན། བླང་བར་བྱ་བ་ནི་གང་། དོར་བྱ་ནི་གང་། རེ་ཞིག་བཏང་སྙོམས་སུ་གཞག་བྱ་ནི་གང་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་དགེ་མི་དགེ་ལུང་མ་བསྟན་གསུམ་རིམ་པ་བཞིན་བཞག་གོ །དེ་ནས་མི་དགེ་བ་དང་ལུང་མ་བསྟན་བཏང་སྙོམས་སུ་བཞག་སྟེ། དགེ་བ་ཉིད་ལ་ཡང་དང་པོར་བླང་བར་བྱ་བ་གང་། ཕྱིས་བླང་བར་བྱ་བ་གང་སྙམ་པའི་བློ་ལ་ལྟོས་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་བཞག་གོ །དེ་ནས་ཡང་འཇིག་རྟེན་པ་བཏང་སྙོམས་སུ་བཞག་སྟེ། འཇིག་རྟེན་ལས་འདས་པའི་སྤང་བྱ་ནི་གང་། གཉེན་པོ་ནི་གང་ཡིན་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་བཞག་གོ །དེ་ནས་ཡང་ཟག་བཅས་བཏང་སྙོམས་སུ་བཞག་སྟེ། ཟག་མེད་ཀྱིས་རྟོགས་པར་བྱ་བའི་ཡུལ་དེ་གང་ཡིན་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་འདུས་བྱས་ཀུན་རྫོབ་ཀྱི་བདེན་པ་དང་། འདུས་མ་བྱས་དོན་དམ་པའི་བདེན་པ་གཉིས་གཞག་གོ །དེ་ནས་ཡང་འདུས་བྱས་བཏང་སྙོམས་སུ་བཞག་སྟེ། འདུས་མ་བྱས་རྟོགས་པའི་འབྲས་བུ་གང་ཡིན་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་དེའི་འབྲས་བུ་སློབ་མ་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་བཞག་སྟེ། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གསུངས་པ་དང་ཤིན་ཏུ་མཐུན་ནོ། །སྔ་མ་སྔ་མ་བཏང་སྙོམས་སུ་བཞག་པ་ནི། གནས་སྐབས་དེ་དང་དེར་གནས་ནས་སྒྲོ་འདོགས་གཅོད་པའི་བྱ་བ་རྫོགས་པའོ། །སྒྲུབ་པའི་དམིགས་པ་བསྟན་ཟིན་ནས་དེའི་འོག་ཏུ་བཞི་པ་དེའི་ཆེད་དུ་བྱ་བ་བསྟན་ཏེ། དམིགས་པ་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་པའི་སྒྲུབ་པ་དེ་ཡང་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་དོན་དུ་འབད་དགོས་པའི་ཕྱིར་རོ། །ཤེས་པར་བྱ་ཞེས་དྲང་ངོ་། །གང་ན་ཆེད་དུ་བྱ་བ་འདིའོ། །གང་གིས་ན་རང་ཉིད་སངས་རྒྱས་སུ་འབྱུང་བར་འགྱུར་བའི་བྱང་སེམས་རྣམས་ཀྱིས་ཞེས་པའམ། ཡང་ན་རང་བྱུང་ནི་སངས་རྒྱས་ཡིན་ལ་བྱང་སེམས་ནི་དེ་ཐོབ་པའི་སྐལ་བ་ཅན་ཡིན་པས་དེ་དག་གིས་ཏེ་རྒྱུ་ལ་འབྲས་བུའི་མིང་ངོ་། །གང་གི་སྒོ་ནས་ན་ཆེན་པོ་གསུམ་གྱི་སྒོ་ནས་སོ། །གསུམ་གང་ཞེ་ན། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སྡེ་ཆེན་པོ་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་ཆོས་སེམས་དང་། དེར་བྱེད་པའི་ཆོས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་སྤོང་བ་དང་། དེ་ལྟར་བྱེད་པའི་ཆོས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་རྟོགས་པའི་རྟོགས་པ་དང་། གསུམ་པོ་ལ་ཆེན་པོ་གསུམ་ཞེས་བྱའོ། །སྒྲུབ་པའི་ཆེད་དུ་བྱ་བ་བསྟན་ཟིན་ནས་དེའི་འོག་ཏུ། གསུམ་པ་དེ་གཉིས་ཀའི་ཐུན་མོང་གི་ཆོས་སྒྲུབ་པ་རང་གི་ངོ་བོ་བསྟན་ཏེ་ཆེད་དུ་བྱ་བ་དེ་ཡང་སྒྲུབ་པ་རང་གི་ངོ་བོས་སྒྲུབ་དགོས་པའི་ཕྱིར་རོ། །འདི་ལ་བཞི་ལས་དང་པོ་གོ་སྒྲུབ་སྟོན་པ་ནི་བཤད་ཅེས་དྲང་ངོ་། །གང་ན་གོ་ཆའི་སྒྲུབ་པ་གང་ཡིན་པ་དེའོ། །ཇི་ལྟར་ན་མདོ་ཇི་ལྟ་བ་བཞིན་དུའོ། །གང་གིས་ན་དྲུག་ཚན་དྲུག་གིས་སོ། །དེ་གང་ཞེ་ན་བསྡུས་པ་ཡིན་ནོ། །གང་ན་ཕྱིན་དྲུག་དེ་དག་གོ །གང་དུ་ན་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་ཏུའོ། །ཇི་ལྟར་ན་སོ་སོར་ཏེ་རེ་རེ་ལ་དྲུག་དྲུག་ཚང་བའི་ཚུལ་དུའོ། །དེ་ཡང་མཚན་བཞི་ཆོས་ཀྱི་སྦྱིན་པ་ལྟ་བུ་ལ་མཚོན་ན། ཆོས་སྦྱིན་དེ་ཉིད་སྦྱིན་པའི་སྦྱིན་པ། དེ་ཉིད་ཀྱི་ཚེ་ཉན་ཐོས་སོགས་ཀྱི་ཡིད་ལ་བྱེད་པ་སྤོང་བ་སྦྱིན་པའི་ཚུལ་ཁྲིམས། དེ་ཉིད་ཀྱི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་བཟོད་པ་ནི་དེའི་བཟོད་པ། དེ་ཉིད་ཀྱི་ཚེ་འདུན་བསྐྱེད་པ་ནི་དེའི་བརྩོན་འགྲུས། དེ་ཉིད་ཀྱི་ཚེ་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ནི་དེའི་བསམ་གཏན། དེ་ཉིད་ཀྱི་ཚེ་དགེ་རྩ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ནི་དེའི་ཤེས་རབ་སྟེ་སྦྱིན་པའི་གོ་ཆ་དྲུག་ཡིན་ལ། དེ་བཞིན་དུ་ཤེས་རབ་ཀྱི་བར་རེ་རེ་ལ་ཡང་དྲུག་དྲུག་སྦྱར་རོ། །ཉིར་སྣང་ལས་དང་པོ་གཉིས་དང་ལྔ་པ་འདྲ་བ་ལ་རྣམ་མཁྱེན་གྱི་ཆོས་རྣམས་འདོད་པ་དང་ཉེ་བར་རྟོགས་པ་ནི་བཟོད་པ། དགེ་རྩ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ནི་བརྩོན་འགྲུས། སྒྱུ་མའི་འདུ་ཤེས་ཉེ་བར་གནས་པས་འཁོར་གསུམ་མི་དམིགས་པ་ནི་ཤེས་རབ་ཏུ་བཤད་དོ། །འོ་ན་སྡུད་བྱེད་དང་བསྡུ་བྱའི་སྦྱིན་པ་ལ་ཁྱད་པར་ཅི་ཞེ་ན། སྦྱིན་པ་ཙམ་གྱི་ཆ་དང་པོའི་མཚན་གཞི། ཆོས་སྦྱིན་ལྟ་བུ་གཉིས་པ་ཡིན་ནོ། །འདི་ལ་ཕྱིན་དྲུག་གི་སྦྱིན་པ་དྲུག་སྦྱིན་པར་ཆོས་མཐུན་ཞེས་པ་དང་། སྦྱིན་པའི་བསྡུ་བྱ་དྲུག་སྦྱིན་པར་ཆོས་མཐུན་ཞེས་པའི་ལུགས་གཉིས་ལས་ཕྱི་མ་འཐད་དེ། འདིར་སྡུད་བྱེད་ཀྱི་གོ་ཆ་དྲུག་པོ་དེ་ཉིད་གོ་སྒྲུབ་ཏུ་འཇོག་ཅིང་། དེ་རེ་རེ་ལ་དྲུག་དྲུག་ཏུ་ཕྱེ་བའི་ཚེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་ནི། སྐབས་དོན་ཡིན་པའི་ཕྱིར་རོ། །གཉིས་པ་འཇུག་སྒྲུབ་ནི། གོ་སྒྲུབ་བསྟན་ནས། དེའི་འོག་ཏུ་འཇུག་སྒྲུབ་བསྟན་ཏེ། བསམ་པས་གོ་བགོས་པ་ལས་སྦྱོར་བས་འཇུག་པ་དེ་འབྱུང་བས་སོ། །འདི་ལ་འཇུག་ཡུལ་ཐེག་ཆེན། ཡུལ་ཅན་འཇུག་སྒྲུབ་བོ། །དང་པོ་ལ། ངོ་བོ་དང་དབྱེ་བ་གཉིས། དང་པོ་ནི། དམིགས་པ་ཆེ་བ་སོགས་ཁྱད་པར་བདུན་ལྡན་ཏེ། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་མངོན་པར་བརྗོད། །ཅེས་སོ། །གཉིས་པ་ལ་བསྡུ་བ། གོ་རིམ་ངེས་པ་གཉིས་ལས། དང་པོ་ནི། དགུ་ཡོད་པ་གཉིས་སུ་འདུས་ཏེ། འདིས་བགྲོད་པ་རྒྱུའི་ཐེག་པ་དང་། འདིར་བགྲོད་པ་འབྲས་བུའི་ཐེག་པའོ། །དང་པོ་ལའང་གསུམ་སྟེ། ལོ་ཀ་པའི་དག་པ་ཐོབ་བྱེད། འདས་པའི་དག་པ་ཐོབ་བྱེད། དེ་གཉིས་ཁྱད་པར་དུ་བྱེད་པའི་ལམ་མོ། །དང་པོ་ནི། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཚོར་བས་ངེས་པར་འབྱུང་བ་བསམ་གཏན། འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་དོ། །གཉིས་པ་ལ་རང་དོན། གཞན་དོན་གཉིས་ལས། དང་པོ་ལ། སྤྱོད་པའི་ངོ་བོ། དྲི་མ་སེལ་བྱེད་གཉེན་པོའི་ལམ་མོ། །དང་པོ་ནི། ཚོགས་གཉིས་ཀྱི་ངོ་བོ་སྦྱིན་སོགས་དྲུག་གོ །གཉིས་པ་ནི། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་མཐོང་བ་ལ་སོགས་པའི་ལམ་མོ། །གཉིས་པ་ལ་གཞན་དོན་ཀྱི་ངོ་བོ་བྱམས་པ་དང་ལ་སོགས་པ་སྙིང་རྗེ་སོགས་ཚད་མེད་བཞི་དང་། དེའི་འཆིང་བ་གཅོད་བྱེད་དམིགས་པ་མེད་པ་དང་ལྡན་པ་དང་ངོ་། གསུམ་པ་དེ་གཉིས་ཁྱད་པར་དུ་བྱེད་པའི་ལམ་ལ། རྟོགས་པའི་ཁྱད་པར་བྱ་བྱེད་ལས་གསུམ་ལ་འཁོར་གསུམ་རྣམ་པར་དག་པ་དང་། དོན་དུ་གཉེར་བའི་ཁྱད་པར་ཆེད་དུ་བྱ་བ་ཆེན་པོ་གསུམ་དང་། མཐུའི་ཁྱད་པར་མངོན་ཤེས་དྲུག་དང་གསུམ་མོ། །ཡང་ན་རང་དོན། གཞན་དོན། གཉིས་དོན་གྱི་དབང་དུ་བྱས་པ་གསུམ་སྟེ། རེ་རེ་ལ་གསུམ་གསུམ་མོ། །གཉིས་པ་ནི། འབྲས་བུའི་གཙོ་བོ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཀུན་མཁྱེན་པའོ། །གཉིསཾ་པཾ་གོཾ་རིམཾ་ནིཾ། དང་པོར་སེམས་བརྟན་པར་བྱ་བའི་དོན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་འཇུག་གོ །དེ་གཉིས་བསྒོམས་པས་སེམས་བརྟན་ཞིང་ལས་སུ་རུང་བ་ཐོབ་པ་ན་ཚོགས་གཉིས་བསོག་དགོས་པས་སྦྱིན་སོགས་དྲུག་ལ་འཇུག་གོ །ཚོགས་གཉིས་བསགས་པའི་སྟོབས་ཀྱིས་མཐོང་སྒོམ་གྱི་ལམ་སྐྱེ་བས་ལམ་ལ་འཇུག་གོ །འདིར་སློབ་དཔོན་གྱིས་མི་སློབ་པ་དང་ཁྱད་པར་གྱི་ལམ་ཡང་ཡང་གསུངས་པ་ནི་དག་པ་སའི་དབང་དུ་བྱས་པའོ། །དེ་གསུམ་གྱིས་རང་དོན་གྲུབ་པར་བྱས་ཟིན་ནས་དེའི་འོག་ཏུ་གཞན་དོན་གྱི་རྒྱུ་ཚད་མེད་བཞི་ལ་འཇུག་གོ །དེ་ནས་ཡང་གང་ཟག་དང་ཆོས་ཀྱི་བདག་ཏུ་དམིགས་པ་དང་བཅས་པས་གཞན་དོན་བྱེད་མི་ནུས་པས་གང་ཟག་དང་ཆོས་ཀྱི་བདག་ཏུ་དམིགས་པ་མེད་པའི་ཤེས་རབ་ལ་འཇུག་གོ །གང་ཟག་དང་ཆོས་ཀྱི་བདག་ཏུ་དམིགས་པ་མེད་ཀྱང་འཁོར་གསུམ་རྣམ་པར་རྟོགས་པའི་བློ་མ་སྤངས་ན་གཞན་དོན་བྱེད་མི་ནུས་པར་དེ་ནས་འཁོར་གསུམ་མི་དམིགས་པ་ལ་འཇུག་གོ །འཁོར་གསུམ་རྣམ་པར་དག་པའི་སྤྱོད་པ་དང་ལྡན་པ་དེས་རང་དོན་ཆེད་དུ་བྱ་བ་གསུམ་སྒྲུབ་དགོས་པས་དེ་ནས་ཆེད་དུ་བྱ་བ་ལ་འཇུག་གོ །དེ་ཡང་གནས་སྐབས་ཀྱི་ཆེད་དུ་བྱ་བའི་དབང་དུ་བྱས་པ་ཡིན་ལ། དེ་ནས་རྣམ་མཁྱེན་གྱི་རྒྱུ་མངོན་པར་ཤེས་པ་དྲུག་ལ་འཇུག་གོ །རྣམ་མཁྱེན་གྱི་རྒྱུ་ཚོགས་པས་རྣམ་མཁྱེན་ཐོབ་པར་འགྱུར་བས་དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་གོ །གཉིས་པ་ཡུལ་ཅན་འཇུག་སྒྲུབ་ནི་ཤེས་པར་བྱ་ཞེས་དྲང་ངོ་། གང་ན་འཇུག་པའི་སྒྲུབ་པའོ། །ཇི་ལྟར་ན་དང་པོར་དེ་ལྟ་བུའི་ཐེག་པའི་ཚུལ་དགུ་ལ་ནི་འཇུག་པ་ཡིན་ལ་ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པས་ཐེག་ཆེན་དགུ་ལ་འཛེགས་པ་ཡིན་པར་རོ། །དེ་དག་གིས་འཇུག་སྒྲུབ་བསྟན་ཟིན་ནས། དེའི་འོག་ཏུ་གསུམ་པ་ཚོགས་སྒྲུབ་སྟོན་ཏེ། སྦྱོར་བས་ཞུགས་པ་ལས་ཚོགས་སྐྱེ་བས་སོ། །འདི་ལ་ཚོགས་བཅུ་བདུན་སྤྱིར་བསྟན། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སྒྲུབ་པའི་རིམ་པ་དང་། ཚོགས་སུ་འགྱུར་ཚུལ་གཉིས་ལས། དང་པོ་ནི། ཤེས་པར་བྱ་ཞེས་དྲང་ངོ་། །གང་ན་བརྩེ་བ་ནས་གཉེན་པོའི་བར་རོ། །ཇི་ལྟར་ན་ཚོགས་ཀྱི་སྒྲུབ་པ་ཡི་རིམ་པ་ཡིན་པར་རོ། །རིམ་པ་ནི་ཚོར་བ་གསུམ་ཀ་དུཿཁར་མཉམ་པར་རྟོགས་པ་དང་སེམས་ཀྱི་སྙིང་བརྩེ་བ་དང་ཡོངས་སུ་སྐྱོབ་པ་དང་འཚེ་བ་སྤངས་པ་དང་བདག་གཞན་སྙིང་རྗེ་གསུམ་མི་དམིགས་པ་དང་མི་སྐྱེ་བའི་ཆོས་ལ་བཟོད་པའི་ཕྱིར་ན་བརྩེ་བ་སྟེ་དེ་མངོན་དུ་བྱས་ནས་གཞན་དོན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དྲུག་ལ་རིམ་པས་འཇུག་གོ །དེ་ནས་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་འཇོག་པའི་ཚུལ་གྱིས་གཞན་དོན་དང་ཕར་ཕྱིན་ལ་རྩེ་གཅིག་པའི་ཞི་གནས་ལ་ཞུགས་ཏེ། ལྷག་མཐོང་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བཅས་པ་སྐྱེད་དོ། །སྟོང་ཉིད་རྟོགས་པ་ཙམ་གྱིས་སངས་རྒྱས་མི་ཐོབ་པས་དེས་ནས་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ལམ་གང་ཡིན་པ་ལ་སློབ་བོ། །གཉིས་པོ་ལ་བསླབས་པས་གཞན་དོན་བྱེད་པའི་ཐབས་ལྔ་པོ་ལ་མཁས་པ་གང་ཡིན་པ་དེ་འཐོབ་བོ། །ལྔ་པོ་གང་ཞེ་ན། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང་། །སེམས་ཅན་རྣམ་ཡོངས་སྨིན་བྱ་དང་། །མྱུར་ཐོབ་བྱ་བ་འགྲུབ་པ་དང་། །ལམ་རྒྱུན་མི་གཅོད་ལ་མཁས་པ། །བྱང་ཆུབ་སེམས་དཔའི་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ། །ཐབས་མཁས་དེ་ལ་བརྟེན་ནས་ནི། །དེ་དག་དོན་ཀུན་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། །དེ་ལས་སྟོང་ཉིད་རྟོགས་པའི་ཡེ་ཤེས་སྐྱེ་ཞིང་ཡེ་ཤེས་ལས་ནི་བསོད་ནམས་ཀྱི་འབྲས་བུ་ཅན་གྱི་ཏིང་ངེ་འཛིན་སྐྱེའོ། །ཚོགས་གཉིས་གོམས་པར་བྱས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་དོན་དུ་མཐོང་བ་ལ་སོགས་པའི་ལམ་ལ་འཇུག་ཅིང་། ལམ་ཐོབ་པ་ལས་ནི་མི་བརྗེད་པའི་གཟུངས་བཞི་ཐོབ་པར་འགྱུར་རོ། །དེ་ལས་ས་བཅུ་རིམ་བཞིན་ཐོབ་ནས་གནས་སྐབས་དེ་དག་ཏུ་གཉེན་པོ་གཉིས་མངོན་དུ་བྱེད་དོ། །གཉིས་པ་ནི། འཕགས་པ་ལྟར་ན་ཚོགས་དང་པོ་བཅོ་ལྔ་ཆོས་མཆོག་ཆེན་པོར་ཅིག་ཆར་ཚོགས་པས་མཐོང་སྤང་ལ་གཡུལ་འགྱེད་པར་བྱེད། སའི་ཚོགས་ལ་དང་པོའི་ཡོངས་སྦྱོང་ནི་དང་པོའི་རྗེས་ཐོབ་ཏུ་ཚོགས་པས་མཐོང་སྤང་གི་གནས་ངན་ལེན་སྦྱོང་བར་བྱེད། ས་ལྷག་མ་རྣམས་ཀྱི་ཚོགས་ས་དེ་དང་དེའི་རྗེས་ཐོབ་ཏུ་ཚོགས་པས་སྔར་གྱི་བར་ཆད་མེད་ལམ་གྱིས་སྤངས་པའི་གནས་ངན་ལེན་སྦྱོང་བར་བྱེད། གཉེན་པོའི་ཚོགས་ལ་གཉིས་ལས། དང་པོ་ནི། མཐོང་ལམ་བར་ཆད་མེད་ལམ། གཉིས་པ་ནི། སྒོམ་ལམ་བར་ཆད་མེད་ལམ་དུ་ཚོགས་པས་སྤང་བྱ་དེ་དང་དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའོ། །སློབ་དཔོན་ལྟར་ན་ཚོགས་དང་པོ་བཅོ་ལྔ་སྦྱོར་ལམ་ཆོས་མཆོག་ཏུ་ཅིག་ཆར་ཚོགས་པས་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་ཆེན་པོའི་རྒྱུའི་ནུས་པ་ཚོགས་པ་ཡིན་གྱི་སའི་ཚོགས་དང་གཉེན་པོའི་ཚོགས་སྔ་མ་རྣམས་ལ་ནི་གློ་བུར་གྱི་དྲི་མ་ཕྱོགས་རེ་དང་བྲལ་བའི་ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་བྱང་ཆུབ་ཆེན་པོ་དང་ཐ་མ་ནི་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་བྱང་ཆུབ་ཆེན་པོའི་རྒྱུའི་ནུས་པ་ཚོགས་པའོ་ཞེས་བཞེད་དོ། །གཉིས་པ་ལ་ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་བཤད། སའི་ཚོགས་བྱེ་བྲག་ཏུ་བཤད། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འགྲེལ་ཆེན་དུ་སྟོང་པ་ཉིད་འདི་གསུམ་ནི་མོས་པས་སྤྱོད་པའི་ས་ལ་ཡིན་ནོ་ཞེས་ཡེ་ཤེས་ཉི་ཤུའི་དང་པོ་གསུམ་ཚོགས་ལམ་གསུམ་དང་། འདི་ནི་སྦྱོར་བའི་ལམ་ལའོ་ཞེས་བཞི་པ་སྦྱོར་ལམ་དང་། འདི་ནི་ཀུན་ཏུ་འགྲོ་བའི་དོན་གྱིས་ན་ས་དང་པོ་ལའོ་ཞེས་ས་དང་པོ་ནས་བདུན་པའི་བར་ལ་རེ་རེ་དང་། དག་པ་ས་གསུམ་ལ་གཉིས་གཉིས་དང་། སྟོང་པ་ཉིད་འདི་གསུམ་ནི་གོ་རིམ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་། རང་བྱུང་ཉིད་ཡིན་པའི་དོན་གྱིས་ན་སངས་རྒྱས་ཀྱི་ས་ལ་ཡིན་པར་ཤེས་པར་བྱའོ་ཞེས་ཡེ་ཤེས་ཕྱི་མ་གསུམ་སངས་རྒྱས་ཀྱི་ས་ལ་འཇོག་པར་གསུངས་པ་ཉིད་ལེགས་ཏེ། ཡེ་ཤེས་ཉི་ཤུ་པོ་འདིས་ཚོགས་ལམ་ནས་སངས་རྒྱས་སའི་བར་གྱི་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་ཚུལ་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་དང་འདྲ་བར་བཞེད་པའི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། ས་ཙམ་གྱི་མཚན་ཉིད་རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའོ། །སྐབས་དོན་བྱང་སེམས་ཀྱི་སའི་མཚན་ཉིད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་སྒོ་ནས་རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའི་ཉམས་ལེན་ཁྱད་པར་ཅན་ཏེ། འཇུག་འགྲེལ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ནས་ཞེས་བྱའི་མིང་ཐོབ་སྟེ། ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་ལ་སྤྱིའི་སྒྲ་དོན་དང་། སོ་སོའི་སྒྲ་དོན་གཉིས་མདོ་སྡེ་རྒྱན་དུ་གསུངས་སོ། །གསུམ་པ་ནི། ས་ཙམ་ལ་དབྱེ་ན་ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་ས་དང་གསུམ། དང་པོ་ལ་བརྒྱད། གཉིས་པ་ལ་དབྱེ་བ་མི་སྣང་ཞིང་། གསུམ་པ་ལ་མོས་སྤྱོད། བྱང་སེམས། སངས་རྒྱས་ཀྱི་ས་དང་གསུམ་མོ། །བར་པ་ལ་ཡང་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་བཅུ་ཡོད་དེ། རིན་ཆེན་ཕྲེང་བར། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་སོ། །འདི་ལ་ས་དགུ་ཡོངས་སྦྱོང་གི་སྒོ་ནས་བསྟན་པ་དང་། ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པའོ། །དང་པོ་ལ་དགུ་ལས། ས་དང་པོའི་ཡོངས་སྦྱོང་ལ། སྦྱོང་བྱེད་ཐབས་དང་། སྦྱོང་ཚུལ་ཤེས་རབ་གཉིས། དང་པོ་ནི། ཐོབ་འགྱུར་ཏེ་ཞེས་དྲང་ངོ་། །གང་ནས་ནི་དང་པོའོ། །གང་གིས་ན་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་སོ། །བཅུ་པོ་ཡང་། དབྱིག་གཉེན་གྱིས་གསུམ་དུ་འདུས་པར་བཤད་དེ། བསམ་པ། སྦྱོར་བ། བསྔོ་བ་ཕུན་སུམ་ཚོགས་པའོ། །དང་པོ་ལ་རང་དོན། གཉིས་དོན། གཞན་དོན་གྱི་བསམ་པའོ། །དང་པོ་ནི་དགེ་བ་སྒྲུབ་པའི་ལྷག་བསམ་དང་། གཉིས་པ་ནི། རང་གཞན་ལ་ཕན་པའི་དངོས་པོ་ཐེག་ཆེན་གྱི་ཆོས་འཛིན་པ་ཉིད་དང་། གསུམ་པ་ནི། སེམས་ཅན་རྣམས་ལ་སེམས་ཉེ་རིང་མེད་པར་མཉམ་པ་ཉིད་ཀྱིས་ཚད་མེད་བཞི་སྒྲུབ་པའོ། །སྦྱོར་བ་ལ་གཞན་དོན་དང་། རང་དོན་གྱི་སྦྱོར་བའོ། །དང་པོ་ལ་ཟང་ཟིང་གིས་དང་། ཆོས་ཀྱིས་སྡུད་པའི་སྦྱོར་བའོ། །དང་པོ་ནི། འཁོར་གསུམ་མི་དམིགས་པའི་སྦྱིན་པ་གཏོང་བའོ། །གཉིས་པ་ནི། གདུལ་བྱ་དང་འཚམས་པར་སྨིན་བྱེད་ཀྱི་ཆོས་སྟོན་པའོ། །རང་དོན་ལ་ཆོས་སྡུད་པ་དང་། རང་ཉིད་ཀུན་ཏུ་སྲུང་བའོ། །དང་པོ་ནི། ཐེག་ཆེན་དགེ་བའི་བཤེས་གཉེན་བརྟེན་པ་དང་། བརྗོད་བྱ་ཐེག་པ་གསུམ་དུ་རྟོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་ཚོལ་བའོ། །གཉིས་པ་ནི། སྐྱོན་རིགས་པས་རྟག་ཏུ་ཁྱིམ་ནས་ཁྱིམ་མེད་པར་ངེས་པར་འབྱུང་བའི་སེམས་ཉིད་དང་། དམ་བཅའ་རྫོགས་པར་བྱེད་པ་བདེན་པ་ཡི་ཚིག་སྨྲ་བའོ། །གསུམ་པ་བསྔོ་བ་ནི། སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་ཅིང་ཐོབ་ན་དགའ་བ་ཡིད་ལ་བྱེད་པའོ། །འདི་ནི་གཞུང་ལས་བསྟན་པའི་ཡོངས་སྦྱོང་གི་བཅུ་པ་ཡིན་པར་འདོད་དོ། །གཉིས་པ་ནི། བཅུ་པོ་འདི་དག་རང་རང་གི་རང་བཞིན་མི་དམིགས་པ་ནམ་མཁའ་འམ་སྒྱུ་མ་ལྟར་རྟོགས་ཏེ་བསྒོམས་པས་ས་དང་པོའི་སྐྱོན་ཡོངས་སུ་སྦྱོང་ཞིང་ཡོན་ཏན་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །འོ་ན་ས་ཐོབ་ཟིན་སྦྱོང་ངམ་མ་ཐོབ་པ་སྦྱོང་ཞེ་ན། འགྲེལ་བཤད་གཉིས་ལས་མ་ཐོབ་པ་སྦྱོང་སྟེ། བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ས་བཅུ་པའི་ཡོན་ཏན་རྣམས་དགུ་པར་སྦྱོང་བར་བཤད་པའི་ཕྱིར་ཞེས་འདོད། འགྲེལ་ཆེན་ལས་ཡོངས་སྦྱོང་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ་རྫོགས་ནས་ས་གཞན་ཡིན་པར་བཤད་དོ། །དོན་ནི་སྦྱོར་བའི་གནས་སྐབས་སུ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྦྱོང་ལ། དངོས་གཞིའི་སྐབས་སུ་ནི་ཡོངས་སྦྱོངས་དེར་གཏོགས་པས་མི་འགལ་ལོ། །ས་གཉིས་པའི་ཡོངས་སྦྱོང་ལ། སྦྱོང་བྱེད་ཐབས་དང་། སྦྱོང་ཚུལ་ཤེས་རབ་གཉིས། དང་པོ་ནི། ཡོངས་སུ་སྦྱོང་བ་རྣམ་བརྒྱད་ཀྱིས། །ས་ནི་གཉིས་པ་འཐོབ་འགྱུར་ཏེ་ཞེས་སྦྱར་རོ། །གང་ཞེ་ན། བརྒྱད་ཡོད་པ་གསུམ་དུ་འདུས་ཏེ་གཞི་ཚུལ་ཁྲིམས། བསམ་པ་ཁྱད་པར་ཅན། སྦྱོར་བ་ཁྱད་པར་ཅན་ནོ། །དང་པོ་ནི། ཚུལ་ཁྲིམས་གསུམ་ལ་གཙོ་བོར་སྤྱོད་པའོ། །གཉིས་པ་ནི། དེ་བྱམས་པས་སྤེལ་བས་ཕན་པ་ཅུང་ཟད་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དང་། སེམས་ཅན་གྱི་ཉེས་པ་ལ་མི་ལྟ་བས་གནོད་པ་ཆེན་པོ་བྱས་པ་བཟོད་པ་དང་། སེམས་ཀྱི་རྒྱུད་སྣོད་དུ་རུང་བའི་ཕྱིར་གཞན་དོན་ལ་རབ་ཏུ་དགའ་བ་དང་། དེ་ཐམས་ཅད་ཀྱི་རྩ་བ་སེམས་ཅན་ལ་སྙིང་བརྩེ་ཆེ་བའོ། །གསུམ་པ་ནི། གུས་པ་བསྐྱེད་པའི་ཕྱིར་བླ་ན་ཡོད་པ་ལ་བཀུར་སྟི་གདན་སྟོབ་པ་སོགས་དང་། ཡོན་ཏན་གྱིས་ལྕི་བས་བླ་མ་ལ་ཆོས་གུས་པས་ཉན་ཅིང་དོན་སྒྲུབ་པ་དང་། ཚུལ་ཁྲིམས་ནས་བགྲངས་པའི་གྲངས་བརྒྱད་པ་ཚོགས་རྫོགས་པའི་ཕྱིར་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་བརྩོན་པའོ། །གཉིས་པ་ནི། འདི་དག་རང་བཞིན་མི་དམིགས་པས། །ཞེས་སོགས་སྦྱར་རོ། །གསུམ་པའི་ཡོངས་སྦྱོང་ལའང་སྔར་ལྟར་གཉིས་ལས། དང་པོ་ནི། ཡོངས་སུ་སྦྱོང་བ་རྣམ་ལྔ་ཡིས། །ས་ནི་གསུམ་པ་འཐོབ་འགྱུར་ཏེ། །ཞེས་སྦྱར་རོ། །དེ་གང་ཞེ་ན་ལྔ་པོ་བཞིར་འདུས་ཏེ། རང་བཞིན་གྱི་ཤེས་རབ་སྦྱོང་བ། ཞིང་སྦྱོང་བ། བྱ་དཀའ་བའི་སྤྱོད་པ་སྦྱོང་བ། ཐེག་པ་མཆོག་གི་སེམས་སྦྱོང་བའོ། །དང་པོ་ནི། དམ་པའི་ཆོས་ཐོས་པས་ངོམས་མི་ཤེས་པ་ཉིད་དང་། ཟང་ཟིང་གི་རྙེད་པ་འདོད་པ་མེད་པར་ཆོས་སྦྱིན་པའོ། །གཉིས་པ་ནི། རང་གི་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་གི་སྐྱོན་ཀུན་སྦྱོང་བའོ། །གསུམ་པ་ནི། འཁོར་བའི་ཉེས་པ་ཕན་ལན་དུ་གནོད་པ་བྱེད་པ་སོགས་ཀྱིས་གཞན་དོན་ལ་ཡོངས་སུ་མི་སྐྱོ་བའོ། །བཞི་པ་ནི། རང་ལ་ལྟོས་ནས་མི་དགེ་བ་མི་བྱེད་པ་ངོ་ཚ་ཤེས་པ་དང་། གཞན་ལ་ལྟོས་ནས་དེ་མི་བྱེད་པ་ཁྲེལ་ཡོད་ཅེས་བྱ་བ་རྣམས་ལ་རློམ་པ་མེད་པའི་བདག་ཉིད་དེ། དེ་ལྟར་ན་རྣམ་པ་ལྔའོ། །འདིའི་རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱ་སྙམ་པའི་བསམ་པ་ཆོས་ཉིད་ཀྱིས་སྐྱེ་ཞིང་། དེ་ལ་ཐབས་སྒྲིབ་མེད་ཀྱི་ཡེ་ཤེས་དགོས། སྒྲིབ་པ་སྤང་བའི་རྒྱུར་ཤེས་རབ་དགོས། དེའི་རྒྱུར་ཏིང་ངེ་འཛིན་དགོས། དེ་ལ་ཏིང་ངེ་འཛིན་གྱི་རབ་དབྱེ་ཤེས་དགོས། དེ་ལ་ཡང་གསུང་རབ་ཐོས་པ་ཅིག་དགོས་པས་ཐོས་པ་མཆོག་ཏུ་རྟོགས་ཤིང་། དེའི་ཚེ་ཚིག་བཞི་པ་གཅིག་ཙམ་གྱི་དོན་དུ་ཡང་སྟོང་གསུམ་མེ་ལྕེ་གཅིག་ཏུ་གྱུར་པ་ལས་ཀྱང་རྒལ་བར་བྱེད་དོ། །རློམ་མེད་བདག་ཉིད་ཅེས་པ་ནི་མངོན་ཞེན་མེད་པའི་དོན་ཏེ་རྗེས་ཐོབ་ཀྱི་མཁྱེན་པ་རྟོགས་བཅས་སུ་འདོད་པ་བཀག་གོ །ཡོངས་སྦྱོང་དང་པོ་གསུམ་ནི་འདིར་རྗེས་ཐོབ་ཏིང་ངེ་འཛིན་གྱི་བསླབ་པ་སྦྱོང་བ་དང་། བཞི་པ་ནི་བཟོད་པའི་ཕར་ཕྱིན་ལྷག་པའི་དོན་ནོ། །གཉིས་པ་ནི། འདི་དག་ཅེས་རྐང་པ་གཉིས་སྦྱར་རོ། །ས་བཞི་པའི་ཡོངས་སྦྱོང་ལ་གཉིས་ལས། དང་པོ་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་བཞི་པ་འཐོབ་འགྱུར་ཏེ། །ཞེས་སྦྱར་རོ། །བཅུ་པོ་གང་ཞེ་ན། དེ་ཡང་དྲུག་ཏུ་འདུས་སྟེ། སེམས། སྤྱོད་པ། ཡིད་བྱེད། འཕྲིན་ལས། གཏོང་བ། རྣལ་འབྱོར་རྣམ་དག་གོ །དང་པོ་ནི། རང་དོན་ཡིད་བྱེད་ཀྱིས་དབེན་པའི་ནགས་ཏེ་དགོན་པར་གནས་པ་དང་། རང་དོན་དུ་བྱང་ཆུབ་ཀྱང་མི་འདོད་པས་འདོད་པ་ཆུང་བ་དང་། རྙེད་པ་ཐོབ་པ་ལ་ལྷག་པར་དོན་དུ་གཉེར་བ་མེད་པས་ཆོག་ཤེས་པའོ། །གཉིས་པ་ནི། སྦྱངས་པའི་ཡོན་ཏན་དང་རྟོག་པ་ཡང་དག་པར་སྡོམ་པ་ཆོས་ལ་ངེས་རྟོག་གི་བཟོད་པ་མི་སྟོང་པར་རྟེན་པ་དང་། བསླབ་པ་གསུམ་བླངས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བའོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། ཟས་ཀྱི་དབང་དུ་བྱས་པ་གསུམ། གོས་ཀྱི་དབང་དུ་བྱས་པ་གསུམ། གནས་ཀྱི་དབང་དུ་བྱས་པ་བཞི། སྤྱོད་ལམ་གྱི་དབང་དུ་བྱས་པ་གཉིས་སོ། །གསུམ་པ་ནི། འདོད་པའི་ཡོན་ཏན་རྣམས་ལ་ཉེས་དམིགས་སུ་ལྟ་བས་སྨོད་པའོ། །བཞི་པ་ནི། གདུལ་བྱའི་བློ་དང་འཚམས་པར་མྱ་ངན་ལས་འདས་པ་ལ་གཞོལ་བའོ། །ལྔ་པ་ནི། ཕྱི་ནང་གི་བདོག་པ་ཀུན་གཏོང་བའོ། །དྲུག་པ་ནི། དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་པ་དང་། དངོས་པོར་ལྟ་བ་མེད་པའོ། །ཡང་ན་སེམས་ཀྱི་བསླབ་པ་སྦྱོང་བ་དང་པོ་གསུམ། ཚུལ་ཁྲིམས་ཀྱི་དེ་སྦྱོང་བ་བར་པ་ལྔ། ཤེས་རབ་ཀྱི་དེ་སྦྱོང་བ་ཕྱི་མ་གཉིས་དང་སྦྱར་རོ། །གཉིས་པ་ནི། འདི་དག་ཅེས་རྐང་པ་གཉིས་འོག་མ་ཀུན་ལ་སྦྱར་རོ། །ས་ལྔ་པའི་ཡོངས་སྦྱོང་ནི་འཐོབ་ཅེས་དྲང་ངོ་། །གང་ལས་ལྔ་པ་ནིའོ། །ཇི་ལྟར་ན་ཡང་དག་པར་ཏེ་རྫོགས་པར་རོ། །གང་གི་ཚེ་ན་སྤང་བྱ་བཅུ་པོ་འདི་ནི་རྣམ་པར་སྤངས་པ་ནའོ། །བཅུ་པོ་བཞིར་འདུས་ཏེ། བསམ་སྦྱོར་མ་དག་པ། གནས་མ་དག་པ། ཉེས་པར་སྤྱོད་པ། རྩ་བའི་ཉོན་མོངས་སོ། །དང་པོ་ནི། རྙེད་བསྐུར་སོགས་ཀྱི་དོན་དུ་རབ་བྱུང་ཁྱིམ་པ་སོགས་དང་འདྲིས་ཤིང་འགྲོགས་པ་དང་། གཞན་ལ་དད་པ་ཅན་གྱི་ཁྱིམ་ཉེ་བར་མི་སྟོན་ཅིང་དེ་ནས་རྙེད་པ་ཐོབ་པ་ལ་འཁྲེན་པ་སྟེ་སེར་སྣ་བྱེད་པ་དང་། གཉིས་པ་ནི། འཁོར་བའི་འདུ་འཛིར་གྱུར་པའི་གནས་སྐྱེ་བོ་མང་པོའི་གྲོང་དང་རང་དོན་གྱི་འདུ་འཛིར་གྱུར་པའི་གནས་ཉན་རང་གི་ཡིད་ལ་བྱེད་པ་དང་ངོ་། །གསུམ་པ་ནི། རྙེད་སོགས་ཀྱི་ཕྱིར་བདག་གི་ཡོན་ཏན་བརྗོད་དེ་བསྟོད་པ་དང་ཕྲག་དོག་གིས་གཞན་ལ་སྐྱོན་བརྗོད་དེ་བརྙས་པ་དང་སྲོག་གཅོད་སོགས་མི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ་གཞི་མཐུན་གྱི་བསྡུ་བའོ། །བཞི་པ་ནི། ཐོས་སོགས་ཀྱིས་མཁས་ཤིང་ཚུལ་ཁྲིམས་ཀྱིས་བཙུན་པར་རློམ་པས་ཁེངས་པ་དང་། བླང་དོར་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། བློ་གྲོས་ངན་པ་ནི་ཡིད་གཉིས་སུ་མདོར་བཤད་ཅིང་། སློབ་དཔོན་གྱིས་ལྟ་བར་བཤད་དོ། །ཉོན་མོངས་པ་དུག་གསུམ་བཟོད་ཅིང་འདོད་པའོ། །ས་དྲུག་པའི་ཡོངས་སྦྱོང་ནི་འཐོབ་ཅེས་དྲང་ངོ་། །གང་ན་ས་ནི་དྲུག་པའོ། །ཇི་ལྟར་ན་ཡང་དག་པར་ཏེ་རྫོགས་པར་རོ། །གང་གིས་ན་གཉེན་པོ་དྲུག་རྫོགས་ཤིང་དེའི་རྒྱུས་སྤང་བྱ་དྲུག་སྤངས་པས་སོ། །དང་པོ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་ཕྱིན་དྲུག་རབ་ཏུ་རྫོགས་པས་སོ། །གཉིས་པ་ལ། བྱང་ཆུབ་ཀྱི་གེགས། སྤྱོད་པ་རྗེས་སྒྲུབ་ཀྱི་གེགས་སོ། །དང་པོ་ནི། སློབ་མ་ཉན་ཐོས་དང་ནི་བསེ་རུ་རང་རྒྱལ་གྱི་ས་ལ་དགའ་བའི་སེམས་སྤང་བའོ། །གཉིས་པ་ལ་དང་པོར་འཇུག་པའི་གེགས། བར་དུ་སྒྲུབ་པའི་གེགས། ཐ་མར་མཐར་ཕྱིན་པའི་གེགས་སོ། །དང་པོ་ནི། སྟོང་པ་ཉིད་ལ་སྐྲག་པའི་སེམས་སྤངས་པ་དང་། མགོ་སོགས་བསླངས་ན་མི་ཞུམ་པའོ། །གཉིས་པ་ནི། ཕྱི་ནང་གི་བདོག་པ་ཀུན་བཏང་ཡང་མི་དགའ་མེད་པའོ། །གསུམ་པ་ནི། རང་ཉིད་དབུལ་ཡང་སློང་བ་པོ་ལག་སྟོང་དུ་མི་སྤོང་བ་སྟེ་དྲུག་གིས་སོ། །བུས་སྤང་གཉེན་སོ་སོར་སྦྱར་ཏེ་རང་དོན་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་དང་། གཞན་དོན་ལ་རྩེ་ཅིག་པའི་བསམ་གཏན་རྫོགས་པའི་སྤང་བྱ་དང་པོ་གཉིས། ཆོས་ཟབ་མོ་ལ་བཟོད་པའི་ཕར་ཕྱིན་རྫོགས་པས་སྤངས་བྱ་གསུམ་པ། སྦྱིན་པའི་ཕར་ཕྱིན་རྫོགས་པས་བཞི་པ། སྦྱིན་པ་ལ་སྤྲོ་དགའ་བའི་བརྩོན་འགྲུས་རྫོགས་པས་ལྔ་པ། ཐབས་མཁས་ཀྱི་ཡུམ་རྫོགས་པས་དྲུག་པ་སྤོང་ཞེས་གསུང་ངོ་། །ཊཱི་ཀར་ཕྱིན་དྲུག་རྫོགས་པས་སྤང་བྱ་དྲུག་སྤོང་ཞེས་པའི་དོན་ཡིན་གྱིས་སོ་སོར་སྦྱོར་བ་ནི་དགོངས་པ་མིན་ཞེས་གསུང་ངོ་། །བདུན་པའི་ཡོངས་སྦྱོང་ལ། སྤང་བྱ་སྤངས་པ་དང་། སྤོང་བྱེད་གཉེན་པོ་གཉིས། དང་པོ་ནི། འཐོབ་ཅེས་དྲང་ངོ་། །གང་ནས་ནི་བདུན་པའོ། །གང་གིས་ན་འཛིན་པ་ཞེས་པ་དང་པོ་བཅུ་བཞི་དང་ཕྱི་མ་གཉིས་ལ་སྦྱར་ཏེ། ང་རྒྱལ་གྱི་གཞིར་གྱུར་པས་ན་བདག་དང་། ཞུམ་པའམ་འཇིགས་པའི་བདག་ཉིད་ཅན་ཡིན་པས་ན་སེམས་ཅན་དང་། སྐལ་བ་མཉམ་པའི་རིས་མཐུན་ཡོངས་སུ་རྫོགས་པའི་བར་གནས་པས་ན་སྲོག་དང་། ཡང་དང་ཡང་དུ་འགྲོ་བ་རྣམས་སུ་བསྟེན་པས་ན་གང་ཟག་དང་། སྔར་བྱུང་བ་ད་ལྟར་མེད་པའི་ཆད་པ་དང་། ཡོད་པ་མེད་པར་མི་འགྱུར་བས་ན་རྟག་པ་དང་། འཁོར་འདས་ལ་བླང་དོར་རམ་གཟུགས་སོགས་ཀྱི་མཚན་མ་དང་། རྒྱུ་རིགས་ཐ་དད་དང་། མིང་གཟུགས་སོགས་ཀྱི་ཕུང་པོ་དང་། ཉེར་སྤྱོད་འཛིན་པས་ན་ཁམས་ཅིག་ཆར་ཐ་དད་དུ་དང་། སྐྱེ་སྒོ་འབྱེད་པས་སམ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དག་ཐ་དད་དུ་དང་། ཁམས་གསུམ་པོ་ལ་རྟོག་པས་བདེན་པ་འཛིན་ཅིང་གནས་པ་དང་། དེ་ལ་བླང་དོར་དུ་འཛིན་ཅིང་ཆགས་པ་དང་། རྣམ་མཁྱེན་ཐོབ་མི་ནུས་ཞེས་སེམས་ནི་ཀུན་ཏུ་ཞུམ་པ་དང་། གཟུགས་སྐུ་ལ་དཀོན་མཆོག་གསུམ་གྱི་ནང་ནས་སངས་རྒྱས་དེར་དང་། གསུང་རབ་ཡན་ལག་བཅུ་གཉིས་ལ་ཆོས་དེར་དང་། ཟུང་བཞི་ཡ་བརྒྱད་ལ་དགེ་འདུན་དེར་དང་། འཆལ་ཚུལ་གྱི་གཉེན་པོ་དགེ་བ་རྒྱུན་ཆགས་ལ་ཚུལ་ཁྲིམས་དེར་ལྟ་བའི་མངོན་ཞེན་དང་། ཆོས་ཐམས་ཅད་སྟོང་ཉིད་ལ་ཡིན་མིན་ཐེ་ཚོམ་ཟ་བས་རྩོད་པ་དང་། སྟོང་པ་ཉིད་དེ་དང་མངོན་སུམ་དུ་མཐོང་བ་འགལ་བར་འཛིན་པ་སྟེ་དེ་ལྟ་བུའི་ཉེས་པ་ནི་ཉི་ཤུ་བྱང་སེམས་གང་གི་རྒྱུད་ལ་རྣམ་པར་ཆད་པ་སྟེ་སྤངས་པ་དེ་ཡིས་སོ། །ཉི་ཤུ་པོ་ཡང་གསུམ་དུ་འདུས་ཏེ། སོ་སྐྱེ་དང་ཐུན་མོང་བ། ཉན་རང་དང་ཐུན་མོང་བ། བྱང་སེམས་ལས་དང་པོ་པ་དང་ཐུན་མོང་བའོ། །དང་པོ་ནི་སྔ་མ་དྲུག གཉིས་པ་ནི་བར་པ་བཅུ་གཉིས། གསུམ་པ་ནི་ཐ་མ་གཉིས་སོ། །བོ་དོང་པ་བརྩོན་འགྲུས་རྡོ་རྗེས། དང་པོ་དྲུག་ཉོན་སྒྲིབ། ཕྱི་མ་རྣམས་ཤེས་སྒྲིབ་ཡིན་གསུང་བ་མི་འཐད་དེ། དང་པོ་བཞི་ལ་བདེན་པར་འཛིན་པ་དང་བཏགས་པ་ཙམ་དུ་འཛིན་པ་གཉིས་ལས། སྔ་མ་བཞིན་གང་ཟག་གི་བདག་འཛིན་ཡིན་པས་ཉོན་སྒྲིབ་ཡིན་ཀྱང་། བཏགས་པ་ཙམ་དུ་འཛིན་པ་ལ་ཀུན་བཏགས་ཀྱི་ཆ་མཐོང་སྤང་། ལྷན་སྐྱེས་ཀྱི་ཆ་སྒོམ་སྤང་ཤེས་སྒྲིབ་ཡིན་པའི་ཕྱིར་དང་། ཕྱི་མ་རྣམས་ལའང་བདེན་འཛིན་གྱི་ཆ་དང་། བཏགས་པ་ཙམ་དུ་འཛིན་པ་ལ་ཀུན་བཏགས་ཀྱི་ཆ་མཐོང་སྤང་ཡིན་ལ་ལྷན་སྐྱེས་ཀྱི་ཆ་སྒོམ་སྤང་ངོ་། །དེས་ན་ཉོན་སྒྲིབ་དང་མཐོང་སྤང་གི་ཆ་དུཿཁ་ཆོས་ཤེས་ནས་སྤངས་ཀྱང་འདིར་དེ་དག་གི་གནས་ངན་ལེན་སྦྱོང་བའམ་ཐག་སྲིངས་པའི་གཉེན་པོའོ། །གཞན་དུ་ན་སྤང་བྱ་ཕྱི་མ་གཉིས་པོའང་བྱང་འཕགས་ལ་མངོན་གྱུར་རམ་ས་བོན་ཡོད་པར་འགལ་ལོ། །ཚུལ་འདི་ནི་སའི་ཡོངས་སྦྱོང་སྔ་མ་རྣམས་སུའང་ཤེས་པར་བྱའོ། །གཉིས་པ་སྤོང་བྱེད་གཉེན་པོ་ནི། རྣམ་ཐར་སྒོ་གསུམ་གྱི་ནང་ནས་རང་གི་ངོ་བོས་སྟོང་པ་དང་། རྒྱུའི་མཚན་མ་མེད་པ་དང་། འབྲས་བུ་ལ་སྨོན་པ་མེད་པ་ཤེས་པ་དང་། འཁོར་གསུམ་རྣམ་པར་དག་པའི་དགེ་བ་བཅུ་སྒོམ་པ་ཡོངས་སུ་རྫོགས་པ་ཉིད་དང་། སོ་སྐྱེ་ཀུན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་ནི། བྱམས་པ་རྫོགས་པས་རློམ་པའམ་སྙེམས་པ་མེད་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པ་མཉམ་པ་ཉིད་དུ་ཤེས་པ་དང་། མཐར་ཐུག་ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་ཤེས་པ་དང་། མིང་གཟུགས་སོགས་མི་སྐྱེ་བར་ཤེས་པ་དང་། ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལ་བཟོད་པ་ཤེས་པ་དང་། ཕྱི་ནང་གི་ཆོས་རྣམས་ཐེག་ཆེན་གྱི་ཐབས་གཟུང་འཛིན་གཉིས་མེད་པར་རྣམ་པ་གཅིག་ཏུ་སྟོན་པ་དང་། གཟུང་འཛིན་གྱི་རྟོག་པ་ཀུན་ཏུ་འཇོམས་པ་དང་། མཚན་མར་འདུ་ཤེས་པ་དང་ལྟ་བ་ཉོན་མོངས་ཅན་ལྔ་དང་ཉོན་མོངས་ཆགས་སོགས་སྤོང་བ་གསུམ་པོ་གཅིག་ཏུ་བྱས་པ་དང་། རྣམ་མཁྱེན་ལ་རྩེ་གཅིག་པའི་ཞི་གནས་ངེས་པར་སེམས་པ་དང་། རྣམ་མཁྱེན་བདེན་མེད་དུ་ཤེས་པའི་ལྷག་མཐོང་ལ་ནི་མཁས་པ་དང་། རྟོག་པའི་སེམས་དུལ་བ་འགོག་ལམ་ཤེས་པའམ་ཡང་ན་ཁམས་གསུམ་ལ་དགའ་བ་མེད་པའི་ཞེས་སྦྱར་རོ། །སངས་རྒྱས་ཀྱི་སྤྱན་ཐོབ་པས་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། སེམས་བསྐྱེད་དྲུག་གི་བཏང་སྙོམས་ཐོབ་པས་ཆགས་ཤིང་ཞེན་པའི་སའམ་གནས་མ་ཡིན་པར་ཤེས་པ་དང་། རང་ཉིད་གལ་ཏེ་ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་ནི་མཉམ་དུ་སྟེ་ཅིག་ཆར་འགྲོ་བ་དང་། ཞིང་ཀུན་ཏུ་བདག་གི་ངོ་བོ་སྟེ་ལུས་ནི་གདུལ་བྱ་དང་འཚམས་པར་སྤྲུལ་ཞིང་སྟོན་པ་ཉིད་དང་གྲངས་ཉི་ཤུའོ་སྟེ་གཉེན་པོ་རེ་རེས་སྤང་བྱ་རེ་རེ་ནས་སྤོང་ངོ་། །ས་བརྒྱད་པའི་ཡོངས་སྦྱོང་བརྒྱད་ནི། སེམས་གཅིག་གིས་སེམས་ཅན་ཀུན་གྱི་ཡིད་ཀྱི་སྤྱོད་པ་འདོད་ཆགས་སོགས་ཤེས་པ་དང་། མངོན་པར་ཤེས་པ་དང་པོས་སངས་རྒྱས་ཀྱི་ཞིང་དེ་ལྟ་བའི་ཆེད་དུ་འགྲོ་བས་རྩེ་ཞིང་རོལ་ཡང་སངས་རྒྱས་ཀྱི་འདུ་ཤེས་ཀྱང་མི་འབྱུང་བ་དང་། སངས་རྒྱས་ཀྱི་སྣོད་ཀྱི་ཞིང་བཟང་པོ་སྒྲུབ་པའི་ཕྱིར་སྟོང་གསུམ་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སྟོང་གསུམ་དབང་ཡང་རློམ་པ་མེད་པ་དང་། སློབ་དཔོན་ནི་གསེར་སོགས་ཀྱི་ས་བཞི་ལ་བཻ་ཌཱུརྻས་སྤྲས་པར་འཆད། སེམས་ཅན་ཀུན་ལ་ཕན་པའི་ཆེད་དུ་ཆོས་ལ་ཡོངས་སུ་བརྟག་ཅིང་བསྙེན་བཀུར་བའི་ཕྱིར་སངས་རྒྱས་བསྟེན་པ་སྟེ་བཞི་ཚན་གཅིག་གོ །ཡང་ན་རྣམ་པ་ཐམས་ཅད་དུ་ཆོས་ལ་ཡོངས་སུ་བརྟག་པའི་ཕྱིར་ཏེ་དེའི་སྒོ་ནས་སངས་རྒྱས་བསྟེན་ཞེས་གསུངས་སོ། །སྟོབས་བཅུ་རྗེས་སུ་མཐུན་པ་ཐོབ་པས་སེམས་ཅན་ཀུན་གྱི་དབང་པོ་དང་ཁམས་སོགས་རྫོགས་པར་ཤེས་པ་དང་། མི་དམིགས་པའི་ཚུལ་གྱིས་སེམས་ཅན་གྱི་སེམས་སྦྱོང་བས་རྒྱལ་བ་ཡི་བཅུད་ཀྱི་ཞིང་སྦྱོང་བ་དང་། བྱ་བ་ཐམས་ཅད་བྱེད་ཀྱང་གང་ལ་ཡང་སེམས་མི་འཇུག་པས་སམ་བདེན་མེད་རྟོགས་པས་གནས་སྐབས་ཐམས་ཅད་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་དང་། སེམས་ཅན་ཇི་ལྟར་སྨིན་པར་གྱུར་པ་དེ་ལྟར་བསམ་བཞིན་ཏེ་བློ་སྔོན་དུ་བཏང་བས་སྲིད་པར་ལུས་ལེན་པ་བཞི་ཚན་གཉིས་པ་སྟེ་ཡོངས་སྦྱོང་གི་ལས་ནི་རྣམ་པ་འདི་བརྒྱད་མདོ་རུ་དང་ཁོ་བོས་བཤད་དོ། །མདོར་བཞི་ཚན་གཉིས་སུ་བཅད་པ་ནི་བཞི་ཚན་གཉིས་པོ་གང་རུང་སྦྱོངས་པས་ཆོག་པའི་དོན་དུ་འཕགས་པས་གསུངས་སོ། །བརྒྱད་པོའང་བཞིར་འདུས་ཏེ། སེམས་ཅན་སྨིན་བྱེད་ཀྱི་ཡན་ལག་བཞི། ཞིང་སྦྱོང་བའི་ཡན་ལག་གཉིས། སངས་རྒྱས་ལ་ལོག་པར་མི་འཇུག་པའི་ཡན་ལག་གཅིག ཏིང་ངེ་འཛིན་སྦྱོང་བའི་ཡན་ལག་གཅིག་གོ །དང་པོ་ནི། དང་པོ་གཉིས་པ་ལྔ་པ་བརྒྱད་པའོ། །གཉིས་པ་ནི། གསུམ་པ་དྲུག་པའོ། །གསུམ་པ་ནི། བཞི་པའོ། །བཞི་པ་ནི་ལྷག་མའོ་ཞེས་བོ་དོང་པས་བཤད་དོ། །ས་དགུ་པའི་ཡོངས་སྦྱོང་བཅུ་གཉིས་ཡོད་པ་ལྔར་འདུས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ། ཆོས་སྟོན་པའི་རྒྱུ། བདག་པོ་ཕུན་སུམ་ཚོགས་པ། ཉེར་སྤྱོད་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཕྱིན་དྲུག་རྫོགས་པས་སྨོན་ལམ་དག་ནི་ཇི་ལྟར་བཏབ་པ་འགྲུབ་པས་མཐའ་ཡས་པ་དང་། འདི་ནི་ས་བརྒྱད་པ་ལ་སྨོན་ལམ་གཙོ་བོར་གསུངས་པས་དེའི་འབྲས་བུའོ། །གཉིས་པ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའམ་ཚིག་ལ་དབང་ཐོབ་པས་ལྷ་ལ་སོགས་པའི་འགྲོ་བ་ཀུན་གྱི་བརྡ་སྐད་ཤེས་པ་དང་། སྤོབས་པ་སོ་སོ་ཡང་དག་པ་རིག་པ་ཐོབ་པས་སམ་ཟིལ་གྱིས་མི་ནོན་པས་སྤོབས་པ་ཆུ་བོའི་རྒྱུན་ལྟ་བུར་མི་ཆད་པ་དང་སྟེ། ཕྱི་མ་གཉིས་གསུངས་པས་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའང་མཚོན་ཏེ། མཛོད་དུ། མ་ཚང་བར་དེ་ཐོབ་པ་མེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ལ་ལུས་དག་པ་དང་། དག་པའི་ཕྱོགས་འཛིན་པ་གཉིས་ལས། དང་པོ་ནི། ཚེ་རབས་ཐམས་ཅད་དུ་རྫུས་ཏེ་སྐྱེ་བ་དང་བུད་མེད་ཀྱི་སྐྱོན་སོ་གཉིས་དང་བྲལ་བའི་མའི་མངལ་དུ་འཇུག་པ་མཆོག་དང་ནི། རིགས་ཆེན་པོར་སྐྱེ་བས་རིགས་ཕུན་སུམ་ཚོགས་པ་དང་། རྒྱལ་པོ་དང་བྲམ་ཟེ་ལ་སོགས་པར་སྐྱེ་བས་རུས་དང་། སྔོན་བྱང་སེམས་བྱུང་བའི་རྒྱུད་དུ་འཁྲུངས་པས་ཆོ་འབྲང་དང་། བྱང་ཆུབ་ལ་རང་གིས་བཞག་པའམ་བསྒོ་བ་ཉན་པའི་འཁོར་དང་། སྐྱེས་མ་ཐག་ལོ་ཀའི་ཁམས་སྣང་བས་བཀང་ཞིང་དེ་རྣམ་པ་དྲུག་ཏུ་གཡོ་བར་བྱེད་པའམ་མངལ་ནས་མི་སྐྱེ་བའི་སྐྱེ་བ་དག་གོ །གཉིས་པ་ནི། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་ལྷན་ཅིག་རབ་ཏུ་བྱུང་ཞིང་དེ་རྣམས་ཐེག་པ་གསུམ་ལ་འགོད་པའམ་སངས་རྒྱས་བྱང་སེམས་སོགས་ཀྱིས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཞེས་སོགས་ཀྱིས་བསྐུལ་ཏེ་ངེས་པར་འབྱུང་བའོ། །བཞི་པ་ནི། མངོན་པར་བྱང་ཆུབ་པའི་རྟེན་གྱི་ཤིང་རྩ་བ་གསེར་ལས་བྱས་པ་ལྷུནཾ་བཻ་ཌཱུརྻ་རུ་འདུག་པ་ཡལ་ག་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། ལོ་མ་དང་མེ་ཏོག་རིན་པོ་ཆེ་ཀུན་ལས་གྲུབ་པ། དེའི་དྲི་ཞིམ་པོ་དང་འོད་བཟང་པོས་ལོ་ཀའི་ཁམས་དུ་མ་རྒྱས་པར་འགེངས་པ་སྟེ། སྟོན་པ་འདིའི་ཨ་ཤྭདཐ་དང་། བྱམས་པའི་ཀླུ་ཤིང་ལ་སོགས་པ་རྣམས་སོ། །ལྔ་པ་ནི། སེམས་ཅན་སྨིན་པར་བྱས་པ་དང་ཞིང་དག་པར་བྱས་པའི་ཡོན་ཏན་ནམ། ཡང་ན་སྟོབས་སོགས་ཀྱི་ཡོན་ཏན་ཏེ་དེ་རྣམས་ཕུན་སུམ་ཚོགས་པ་ཡིན་ནོ། །གཉིས་པ་འབྲས་བུའི་ངོ་བོ་ནི་ཤེས་པར་བྱ་ཞེས་དྲང་ངོ་། །གང་དུ་ན་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་རོ། །གང་ན་ས་དགུ་ལས་འདས་ནས་སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་རྒྱ་བའི་སྦྱོར་བ་ཤེས་པའམ། མངོན་པར་ཤེས་པ་ཆེན་པོས་ལས་ལ་དབང་བའི་ཡེ་ཤེས་ནི་གང་གིས་སངས་རྒྱས་ཀྱི་སར་བཏགས་པའི་ཆོས་ཀྱི་སྤྲིན་ལ་གནས་པ་དེ་ནིའོ། །ཅིའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱ་ཞེ་ན། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་གཉིས་ཀྱིས་ཐོས་པའི་ཆོས་ཀྱི་རྟེན་ལ་གནས་པ་ནམ་མཁའ་ལྟ་བུ་ལ་ཁྱབ་ཅིང་ཆོས་ཀྱི་ཆར་འབེབས་པས་སོ། །འདོགས་པའི་རྒྱུ་མཚན། སྤངས་རྟོགས་ཉེ་ཞིང་གཞན་ངོར་འཕྲིན་ལས་འདྲ་བས་ཏེ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །ལོ་ཀ་ན་ནི་མཉམ་པ་ཉིད། །ཅེས་སོ། །དགོས་པ་ནི། ས་དགུ་ཡོངས་སྦྱོང་གི་སྒོ་ནས་བསྟན་པ་ན་བྱང་སེམས་ལས་དང་པོ་པ་ཁ་ཅིག་དེ་ལ་འཇུག་མི་ནུས་སོ་སྙམ་དུ་སེམས་ཞུམ་པར་འགྱུར་བས་མཐར་ཐུག་ཏུ་མ་ཟད་གནས་སྐབས་སུ་ས་བཅུ་པ་ལ་ཡང་འབྲས་བུ་འདི་ལྟར་ཡོད་དོ་ཞེས་སྤྲོ་བ་སྐྱེད་པའི་ཆེད་དོ། །དངོས་ལ་གནོད་བྱེད་ནི། སྤངས་རྟོགས་མ་རྫོགས་ཏེ། དེ་ཉིད་ལས། འོན་ཀྱང་ས་གཞི་རྡུལ་ཕྲན་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་སོ། །འོ་ན་འདས་ས་ས་དགུ་གང་སྙམ་ན། ཉས་ཐོས་ཀྱི་ས་བདུན། རང་རྒྱལ་གྱི་ས་གཅིག ཇི་སྐད་བཤད་པའི་ས་དགུ་ལ་བྱང་སེམས་ཀྱི་ས་ཞེས་གཅིག་ཏུ་བཞག་པ་རྣམས་སོ། །ཉན་ཐོས་ཀྱི་སར་བཞག་པའི་ཞུགས་པ་གསུམ་ནི། འབྲས་བུ་གོང་མ་གསུམ་གྱི་གེགས་ཀྱི་གཙོ་བོ་སྤོང་བའི་སྦྱོང་བའི་ལམ་ཐོབ་པ་ལ་འཇོག་པ་འཕགས་སེང་གཉིས་ཀྱི་དགོངས་པ་ཡིན་ཏེ། ཆོས་མངོན་པ་གོང་འོག་ཏུ་ཞུགས་པ་ཕྱི་མ་གསུམ་ལ་འདོད་ཉོན་ལྔ་པ་སྤངས་པ་དང་། བདུན་པ་དང་བརྒྱད་པ་སྤངས་པ་དང་། སྲིད་ཉོན་བརྒྱད་པ་སྤངས་པ་ཞེས་གསུངས་པ་ཉིར་སྣང་དང་འགྲེལ་ཆེན་དུ་ཚིག་རིས་བཀོད་པའི་ཕྱིར་དང་། གཞན་དུ་ན་ཚོགས་ལམ་ནས་མི་འཇོག་པ་དང་། རྒྱུན་ཞུགས་ཞུགས་པ་ལ་མཐོང་སྤང་ཉོན་མོངས་ཀྱི་སྦྱོར་བ་ཐོབ་དགོས་པའི་ཤེས་བྱེད་ཅུང་ཟད་ཀྱང་མེད་དོ། །གསུམ་པ་གཉེན་པོའི་ཚོགས་ལ། དབྱེ་གཞི་ནི། ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བ་དང་མཐོང་ཟིན་གོམས་པའི་སྒོམ་པའི་ལམ་དག་གོ །དབྱེ་ངོ་ནི། དེ་ལ་སྤང་བྱའི་གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་བར་ཤེས་པར་བྱའོ། །གྲངས་ངེས་པའི་རྒྱུ་ནི། གཟུང་བའི་རྣམ་རྟོག་བཞི་དང་འཛིན་པའི་རྣམ་རྟོག་བཞི་སྟེ་བརྒྱད་ཡོད་པས་དེ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་སྒོམ་པའི་གཉེན་པོ་བརྒྱད་ཡོད་པའི་ཕྱིར་རོ། །འདི་གཉིས་ནི་བདེན་པ་གཉིས་ཀ་ལ་བརྟེན་པའི་ལན་གྱིས་གསུང་སྟེ། ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་ཞེས་སོགས་དྲིས་པའི་ལན་གྱིས་ངེས་པར་འབྱུང་ས་འབྱུང་བྱེད་འབྱུང་ཚུལ་རྣམས་ཁས་བླངས་པའི་ཀུན་རྫོབ་ཀྱི་ལན་གྱི་སྒོ་ནས་མཐོང་སྤང་གཉེན་པོའི་ཚོགས། དོན་དམ་པར་དེ་དག་མི་དམིགས་པའི་ལན་གྱིས་ཕྱི་མ་གསུངས་སོ། །སློབ་དཔོན་གྱིས་སྒོམ་སྤང་ལ་རྫས་འཛིན་རྟོག་པ་ཡོད་པར་གསུངས་ཀྱང་རྩ་བའི་དགོངས་པ་མ་ཡིན་ནོ། །བཞི་པ་ངེས་འབྱུང་སྒྲུབ་པ་ནི་ཤེས་པར་བྱ་ཞེས་དྲང་ངོ་། །གང་ན་ཡུལ་གྱི་དབྱེ་བས་རྣམ་པ་བརྒྱད་ཀྱི་བདག་ཉིད་འདིའོ། །གང་དུ་ན་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་རོ། །བརྒྱད་པོ་གང་ཞེ་ན། ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་དམིགས་པ་མེད་པར་ངེས་པར་འབྱུང་བ་དང་། ཤེས་རབ་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་དུ་མཉམ་པ་ཉིད་དུ་རྟོགས་པའི་ངེས་འབྱུང་དང་། སྙིང་རྗེས་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་བྱེད་པའི་ངེས་འབྱུང་དང་། ལྷུན་གྱིས་གྲུབ་པས་འབད་པ་མེད་པའི་དང་། འཁོར་འདས་སམ་རྟག་ཆད་ཀྱི་མཐའ་ལས་འདས་པར་ངེས་འབྱུང་དང་། འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པའི་རིགས་ཐོབ་པ་གཏན་དུ་བའི་མཚན་ཉིད་ཅན་གྱི་ངེས་འབྱུང་དང་། ཤེས་བྱ་དང་ཤེས་པ་རོ་ཅིག་ཏུ་གྱུར་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་འབྱུང་དང་། རྣམ་མཁྱེན་ཐོབ་པར་བྱེད་པའི་ལམ་གྱི་སྤྱོད་ཡུལ་ཅན་གྱི་ངེས་འབྱུང་སྟེ། དམིགས་མེད་ཅེས་པ་ཕྱི་མ་བདུན་ལའང་སྦྱར་རོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ཞེས་བྱ་བ་ལས་སྐབས་དང་པོའི་ལེགས་བཤད་དོ།། ༈ །།གཉིས་པ་ལམ་ཤེས་ལ་རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་ལམ་ཤེས་དངོས་སོ། །དང་པོ་ལ་དོན་འབྲེལ་དང་། ཚིག་འབྲེལ་གཉིས། དང་པོ་ནི། འབྲས་བུ་རྣམ་མཁྱེན་ཐོབ་པ་ལ་རྒྱུ་ལམ་ཤེས་དགོས་པས། འབྲས་བུ་རྟོགས་པའི་བློས་རྒྱུ་རྟོགས་པའི་བློ་དྲངས་པ་རྟོགས་པའི་རིམ་པའོ། །གཉིས་པ་ལ། གསར་དུ་ལྷགས་པ་དང་། སྔ་ན་གནས་པའི་འཁོར་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རྣམ་མཁྱེན་གྱི་མདོ་རྫོགས་པའི་རྗེས་སུ། རྒྱལ་ཆེན་རིས་བཞི་ནས་འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་ལྷགས་པ་ན། དེ་དག་ལ་སྔར་གྱི་རྣམ་མཁྱེན་གྱི་སྐབས་ཀྱི་རྟོགས་པ་དེ་སྒྲུབ་དགོས་པས་སྔ་མ་དེ་ཉིད་བརྗོད་ན་སྔ་ན་གནས་པའི་འཁོར་རྣམས་བརྙས་པ་སྐྱེ་བར་འགྱུར་བས། ལམ་ཤེས་འདིས་སྔར་གྱི་རྣམ་མཁྱེན་དེ་ཐོབ་པར་འགྱུར་རོ་ཞེས་དགོངས་ཏེ། རྒྱུའི་ཚུལ་གྱིས་གསུངས་པའོ། །གཉིས་པ་ནི། སྔ་ན་གནས་པའི་འཁོར་ཁ་ཅིག་སྔར་བསྟན་པའི་ཆོས་བཅུ་པོ་དེ་དག་ནི་སངས་རྒྱས་ཁོ་ནས་རྟོགས་པར་བྱ་བ་ཡིན་གྱི་བྱང་སེམས་ཀྱི་རྟོགས་པར་བྱ་བ་མེད་དམ་སྙམ་པའི་དོགས་པ་ཡོད་པས། རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བྱང་སེམས་ཀྱིས་རྟོགས་བྱར་བསྟན་པའོ། །གཉིས་པ་ལ་ཆོས་བཅུ་གཅིག་ཡོད་པ་གཉིས་སུ་འདུས་ཏེ། ལམ་ཤེས་ཀྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་གཉིས། དང་པོ་ལ་རྒྱུའི་ཡན་ལག རང་བཞིན་གྱི་ཡན་ལག བྱེད་ལས་ཀྱི་ཡན་ལག་གོ །དང་པོ་ལ་དངོས་རྒྱུ་དང་། བརྒྱུད་རྒྱུའོ། །དང་པོ་ལ་གཉིས་ལས། འགལ་རྐྱེན་མེད་པའི་རྒྱུ་ནི། མཛད་ཅེས་དྲང་ངོ་། །གང་གིས་ན་དེ་བཞིན་གཤེགས་པའི་འོད་ཀྱིས་སོ། །ཇི་ལྟར་མཛད་ན་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་རྣམ་སྨིན་གྱི་འོད་མོག་མོག་པོར་རོ། །གང་གི་དོན་དུ་ན། ལྷའི་བུ་རྣམས་ལ་ལམ་ཤེས་དངོས་སུ་སྐྱེ་རུང་བར་བྱ་བའི་ཕྱིར་དུའོ། །འདིས་ཡོངས་གཅོད་ལ་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་དེས་ང་རྒྱལ་གྱིས་མཚོན་པའི་ཉོན་མོངས་མངོན་གྱུར་པ་བཅོམ་པས་ལམ་ཤེས་དངོས་སུ་སྐྱེ་རུང་བར་བསྟན། རྣམ་བཅད་ལ་ལོ་ཀའི་ལམ་གྱིས་ཆགས་བྲལ་དེས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་པ་བཅོམ་ཀྱང་སྲིད་རྩེའི་དེ་མ་བཅོམ་པས་དེར་མི་རུང་བར་བསྟན་ནོ། །གཉིས་པ་མཐུན་རྐྱེན་ཚང་བའི་རྒྱུ་ནི། འོ་ན་ཉོན་མོངས་མངོན་གྱུར་པ་བཅོམ་པ་ཐམས་ཅད་ལ་ལམ་ཤེས་དངོས་སུ་སྐྱེ་རུང་ངམ་སྙམ་ན། དེ་ནི་འགལ་རྐྱེན་མེད་པ་ཙམ་ཡིན་གྱི། དེའི་སྟེང་དུ་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡོད་མེད་ཀྱི་བྱེ་བྲག་གིས་ལམ་ཤེས་དངོས་སུ་སྐྱེ་མི་སྐྱེའི་ཡུལ་སོ་སོར་ངེས་པ་ཡིན་ནོ། །འདིས་ཡོངས་གཅོད་ལ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་ལ་གེགས་ང་རྒྱལ་མངོན་གྱུར་པ་བཅོམ་པའི་སྟེང་དུ་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་ཡོད་པས་དེ་དངོས་སུ་སྐྱེ་རུང་དུ་བསྟན་ནས། རྣམ་བཅད་ལ་ཉན་རང་དགྲ་བཅོམ་པས་གེགས་ཉོན་མོངས་མ་ལུས་པར་སྤངས་ཀྱང་། མཐུན་རྐྱེན་སེམས་བསྐྱེད་པ་མེད་པས་དེ་དངོས་སུ་སྐྱེ་མི་རུང་བར་བསྟན་ནོ། །གཉིས་པ་བརྒྱུད་རྒྱུ་ནི། འོ་ན་ལོག་པའི་ལམ་གྱི་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པ་དང་། ཉན་རང་དགྲ་བཅོམ་ལ་ལམ་ཤེས་གཏན་ནས་མི་སྐྱེའམ་སྙམ་ན། མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པའི་དེ་དག་གིས་ཀྱང་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ཐོབ་པར་བྱ་བའི་ཕྱིར་ལམ་ཤེས་བསྒོམ་པས་ཁྱབ་པ་ཡིན་ནོ། །ཁྱབ་པའི་དོན་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ལ་འཆད་པ་མི་འཐད་དེ། ཉིར་སྣང་ལས། ཁྱབ་པ་ནི་ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་ཤིང་། སློབ་དཔོན་གྱིས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། ཡན་ལག་སྔ་མ་གཉིས་ཀྱི་རྟེན་དང་འདིའི་རྟེན་མི་གཅིག་པའི་དོན་མ་རྟོགས་པའི་ཕྱིར་རོ། །གཉིས་པ་རང་བཞིན་གྱི་ཡན་ལག་ནི། འོ་ན་ལམ་ཤེས་དངོས་སུ་སྐྱེ་བ་ལ་ང་རྒྱལ་གྱིས་མཚོན་པའི་ཉོན་མོངས་ཐམས་ཅད་བཅོམ་དགོས་ན། ལམ་ཤེས་དེས་འདོད་སྲེད་ཀྱིས་བསྡུས་པའི་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་ངམ་སྙམ་ན། མི་སྤོང་སྟེ་དེ་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་དགོས་པས། དེ་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལམ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོ་ན་ཉོན་མོངས་དེ་གང་ཞེ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་སེམས་ཅན་ལ་དམིགས་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ་བསམ་བཞིན་དུ་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པར་འདོད་པའི་འདུན་པའམ་སྲེད་པ་སྟེ། བློ་གྲོས་རྒྱ་མཚོའི་མདོར། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་བརྒྱད་གསུངས་པའི་གཅིག་ཡིན་ནོ། །འདི་ཕྱིན་ཅི་མ་ལོག་པར་ཤེས་པར་འདོད་ན། ཁོ་བོའི་ཡོངས་འཛིན་མཆོག་གི་ལེགས་བཤད་ན་བཞུགས་པས་དེར་ཕྲག་དོག་སྤངས་ཏེ་བལྟོས་ཤིག གསུམ་པ་བྱེད་ལས་ནི། འོ་ན་འཁོར་བར་སྐྱེ་བ་བླངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ཡི་དགོས་པ་ནི་གཞན་དོན་གྱི་ལས་བྱེད་པའི་ཆེད་དོ། །འོ་ན་ཡུལ་གང་ལ། ཚུལ་ཇི་ལྟར། ལམ་གང་བསྟན་པའི་སྒོ་ནས་བྱེད་ཅེ་ན། ཡུལ་ནི་རིགས་ཅན་གསུམ་མོ། །ཚུལ་ནི་སེམས་ཅན་འཁོར་དུ་མ་བསྡུས་པ་རྣམས་བསྡུས་པ་སོགས་ཀྱིས་སོ། །ལམ་ནི་ཐེག་པ་གསུམ་གྱི་ལམ་མོ། །ཡང་ན་རང་བཞིན་དེ་ལྟར་ཡིན་ན། དེའི་བྱེད་པ་གང་སྙམ་ན། དེའི་བྱེད་ལས་ནི་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་ལ་སོགས་པའི་ལས་ཅན་ནོ། །བསྡུས་པ་སོགས་ཀྱི་ངོ་བོ་གང་སྙམ་ན། ཐེག་པ་རང་རང་གི་ལམ་ལྔ་པོ་དེ་དང་དེ་ལ་བཀོད་པ་ལ་ལས་སྦྱར་རོ། །གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ནི། འོ་ན་ཡན་ལག་དེ་ལྟ་བུ་དང་ལྡན་པའི་ལམ་ཤེས་དེ་གང་སྙམ་ན། འདི་ལ་གསུམ་ལས། དང་པོ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ་ལམ་ཤེས་དངོས་དང་། རྒྱུ་ངེས་འབྱེད་ཆ་མཐུན་གཉིས། དང་པོ་ནི། ཤེས་པར་བྱ་ཞེས་དྲང་ངོ་། །གང་ན་ཉན་ཐོས་ཀྱི་ལམ་འདིའོ། །སྐབས་གང་དུ་ན་ལམ་ཤེས་པ་ཉིད་ཀྱི་ཚུལ་འཆད་པའི་སྐབས་ལ་ནིའོ། །གང་གི་སྒོ་ནས་ན་དུཿཁ་ལ་སོགས་པ་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་མི་རྟག་པ་ལ་སོགས་པ་བཅུ་དྲུག་པོ་རྣམས་རྟོགས་རིགས་ཐུན་མོང་མ་ཡིན་པ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ནིའོ། །འདིས་བྱང་འཕགས་ཀྱི་རྒྱུད་ལ། འདི་ནི་ཉན་ཐོས་ཀྱི་ལམ་གྱི་དམིགས་པའོ། །འདི་ནི་རྣམ་པའོ་སྙམ་པའི་བློ་ཡོད་སྲིད་པས་དེ་ལམ་ཤེས་མ་ཡིན་པར་བསྟན་པས་ལམ་ཤེས་ལ་རྟོགས་པ་ཡོད་པར་འདོད་པ་རྣམས་གཟབས་འཚལ་ལོ། །དེས་ན་མི་དམིགས་པའ་ིརྣམ་པས་མ་ཟིན་པར་མངོན་ཞེན་ཅན་གྱི་བྱང་འཕགས་ཀྱི་རྒྱུད་ཀྱི་ཉན་ཐོས་ཀྱི་རྟོགས་རིགས་ནི་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ཀྱང་དེ་ཤེས་པའི་ལམ་ཤེས་མ་ཡིན་ལ། མི་དམིགས་པའི་རྣམ་པ་ཅན་གྱི་རྟོགས་རིགས་ནི་གཉིས་ཀ་ཡིན་ནོ། །འོན་ཀྱང་ལྡོག་པ་ནི་སོ་སོར་ཡོད་དེ། བློ་གཅིག་གི་སྟེང་གི་ཉན་ཐོས་ཀྱི་རྟོགས་རིགས་ནི་ཤེས་བྱའི་ལམ་དང་། མི་དམིགས་པའི་རྣམ་པ་ཅན་ནི་ཡུལ་ཅན་ལམ་ཤེས་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་ལུས་རྣམ་གཞག་གི་གཞུང་རྣམས་ཀྱིས་ཤེས་བྱའི་ལམ་གསུམ་ངོས་གཟུང་ནས། གསུམ་པོ་དེ་ཉིད་ལམ་ཤེས་ཉིད་ནི་དེ་འདྲར་བཤད་ཅེས་གསུངས་ཞིང་། ཡན་ལག་རྒྱས་བཤད་དུ་ལྡོག་ཆ་གཉིས་པ་ལ་ལམ་ཤེས་སུ་གསུངས་སོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ནི། ཉན་ཐོས་ཀྱི་རྟོགས་རིགས་དེ་ཉིད་དོན་སྤྱིའི་ཚུལ་གྱི་ཤེས་པ་ཙམ་གྱིས་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་མི་ནུས་པས་མངོན་སུམ་དུ་ཤེས་དགོས་ལ། དེ་ལ་སྦྱོར་ལམ་དུ་རྒྱུན་ལྡན་དུ་སྒོམ་དགོས་པས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ཉན་ཐོས་ཀྱི་རྟོགས་རིགས་མི་དམིགས་པའི་སྒོ་ནས་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་སྟོན་པ་ནི། འཕགས་པ་གསུམ་གྱི་ནང་ནས་ཉན་ཐོས་ཀྱི་སྦྱོར་ལམ་ལ་བཞི་ལས། དང་པོ་ནི། བྱང་སེམས་ཀྱི་གཟུགས་སོགས་དང་སྟོང་པ་ཉིད་དབྱེར་མེད་པར་རྟོགས་ནས་སྒོམ་པས་དྲོ་བའོ། །དབྱེར་མེད་པ་ཅི་ཞེ་ན། གཟུགས་ལ་སོགས་པ་རང་གི་ངོ་བོས་སྟོང་པའི་ཕྱིར། འདི་སློབ་དཔོན་གྱིས་བར་པ་གཉིས་ཀྱི་སྒྲུབ་བྱེད་དུའང་སྦྱར་རོ། །གཉིས་པ་ནི། གཟུགས་སོགས་དེ་དག་གི་རང་གི་ངོ་བོ་དོན་དམ་པར་ཅིར་ཡང་མི་དམིགས་པར་རྟོགས་པས་རྩེ་མོར་གྱུར་པ་གསུམ་པོ་དག་ཏུ་འདོད་དོ། །གསུམ་པ་ནི། གཟུགས་སོགས་དེ་ལ་ཁྱད་པར་རྟག་པ་དང་མི་རྟག་པ་ལ་སོགས་པར་དམིགས་པའི་ཚུལ་གྱིས་གནས་པ་བཀག་པས་བཟོད་པ་གསུམ་པོ་རྣམས་སོ། །བཞི་པ་ནི། བྱང་སེམས་ཀྱི་ས་དང་པོ་ལ་སོགས་པ་བཅུ་པོ་དག་ལས་བརྩམས་ནས་ནི་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་མི་གནས་པའི་ཚུལ་རྒྱས་པར་བསྟན་པ་ཡིས་ཆོས་ཀྱི་མཆོག་ཏུ་འགྱུར་བར་མདོ་ལས་བཤད་དེ། གནས་པར་མི་བྱ་བ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་ནས་གནས་བྱའི་ཆོས་རྣམས་བདེན་པ་མ་གཟིགས་པའི་ཕྱིར། ས་བཅུ་ནི་བརྒྱད་སྟོང་པར་བརྒྱད་པ་སོགས་ལ་བཤད་ཀྱང་ཡུམ་གཞན་གཉིས་ལས་སྔར་བཞིན་བཤད་དོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་ལམ་ཤེས་དངོས་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་དོན་གཉིས་ཀྱི་ཁྱད་པར་དང་། སྤང་བྱ་དང་རྟེན་གྱི་ཁྱད་པར་གཉིས། དང་པོ་ལ་དངོས་དང་། རྩོད་སྤོང་གཉིས། དང་པོ་ནི། ཉན་རང་གཉིས་ཀྱི་མི་སློབ་ལམ་ལ་ཁྱད་པར་མེད་ན་སློབ་ལམ་ལ་ཡང་ཁྱད་པར་མེད་པས། ལམ་ཤེས་སོ་སོར་བསྟན་པ་ལ་དོན་མེད་ཅིང་། ཁྱད་པར་ཡོད་ན་ཇི་ལྟ་བུ་ཞེ་ན། རང་དོན་ལམ་བགྲོད་ཚུལ་དང་། གཞན་དོན་ཆོས་སྟོན་ཚུལ་གཉིས་ཀྱི་སྒོ་ནས་ཁྱད་པར་སྟོན་པ་ནི། བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་ཆོས་ཅན། སྲིད་པ་ཐ་མའི་ཚེ་ཉན་ཐོས་ཀྱི་མི་སློབ་ལམ་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཟབ་པ་ཉིད་དུ་མངོན་པར་བརྗོད་དེ། ཁྱོད་ནི་སྲིད་པ་ཐ་མའི་ཚེ་གཞན་གྱིས་བསྟན་མི་དགོས་ལ། ཉན་ཐོས་ཀྱི་མི་སློབ་ལམ་ནི་དེའི་ཚེ་གཞན་གྱིས་བསྟན་པ་ལ་ལྟོས་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རང་བྱུང་གི་རིགས་ཅན་བདག་ཉིད་ཀྱི་སྨོན་ལམ་སོགས་ཀྱི་མཐུས་དབེན་པར་བསྟེན་པ་ཙམ་གྱིས་བྱང་ཆུབ་རྟོགས་པའི་ཕྱིར། དེར་མ་ཟད་ཡང་དེ་ཆོས་ཅན་བྱང་ཆུབ་ཐོབ་པའི་ཚེ་ཆོས་སྟོན་ཚུལ་གྱི་སྒོ་ནས་ཀྱང་ཟབ་སྟེ། ཁྱོད་ཀྱིས་ཆོས་སྟོན་པ་སྒྲ་ལ་མི་ལྟོས་ལ། ཉན་ཐོས་ཀྱི་དེ་ནི་གཞན་ལ་ཆོས་སྟོན་པ་སྒྲ་དང་བཅས་པ་ལ་ལྟོས་པའི་ཕྱིར། འདི་ནི་ཡང་གི་དོན་ནོ། །གཉིས་པ་རྩོད་སྤོང་ནི། སྒྲ་མེད་པ་དང་ཆོས་སྟོན་པ་འགལ་ལོ་ཞེ་ན། མི་འགལ་བར་སྟོན་པ་ནི། སྣང་ཞེས་དྲང་ངོ་། །གང་ལ་ན་བདེན་པ་བཞི་ལ་དམིགས་ནས་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག དགེ་སྡིག་ལ་དམིགས་ནས་རྣམ་པ་བླང་དོར། རྟེན་འབྲེལ་ལ་དམིགས་ནས་རྣམ་པ་ལུགས་འབྱུང་ལུགས་བཟློག་རྟོགས་པར་དོན་གཉེར་གྱི་སློབ་མ་གསུམ་པོ་གང་དང་གང་། དམིགས་ཡུལ་གྱི་དོན་ནི་གསུམ་པོ་གང་དང་གང་ལ། གསུམ་པོ་ཇི་ལྟ་ཇི་ལྟར་ཉན་ཅིང་རང་གིས་རྟོགས་པར་འདོད་པའི་གང་ཟག་གསུམ་པོ་དེ་དང་དེ་ལའོ། །གང་ན་དམིགས་ཡུལ་གསུམ་པོའི་དོན་དེ་དང་དེའོ། །ཇི་ལྟར་ན་ངག་གི་སྒྲ་མེད་ཀྱང་ལུས་ལ་བརྟེན་ནས་ཇི་ལྟར་རྟོགས་པར་འདོད་པ་དེ་དང་དེ་ལྟར་རོ། །གཉིས་པ་སྤང་བྱ་དང་རྟེན་གྱི་ཁྱད་པར་ནི། ཤེས་པར་བྱ་ཞེས་དྲང་ངོ་། །གང་ན་བསེ་རུ་ལྟ་བུའི་ལམ་མོ། །སྐབས་གང་དུ་ན་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནིའོ་ཞེས་སྦྱར་རོ། །ཇི་ལྟར་ན་ཁྱད་པར་གསུམ་གྱིས་ཡང་དག་པར་བསྡུས་པ་ཡིན་པར་རོ། །གསུམ་པོ་གང་ཞེ་ན། བསེ་རུ་ལྟ་བུའི་སློབ་ལམ་ཆོས་ཅན། ཉན་ཐོས་ཀྱི་སློབ་ལམ་ལས་ཁྱད་པར་འཕགས་ཏེ། རང་གི་སྤང་བྱའི་རིགས་གཟུགས་སོགས་གཟུང་བའི་དོན་སོགས་ལ་རྟོག་པ་སྤོང་བའི་ཕྱིར། འདིར་བསྟན་གཟུང་རྟོགས་ཤེས་སྒྲིབ་ཁོ་ནར་འདོད་པ་ནི། མདོ་དང་འགྲེལ་པ་དང་འགལ་ཏེ། མདོར་གཟུགས་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཅེས་པས་རིམ་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་བསྟན་ཅིང་། འགྲེལ་པར་གཉེན་པོ་གཉིས་བཤད་པའི་ཕྱིར་དང་། ཤེར་སྒྲོན་དུ། ཇི་སྐད་བཤད་པའི་བདེན་པ་སྒོམ་པ་ཁོ་ན་དང་། དོན་ཇི་ལྟ་བ་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམས་པས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས་ཏེ། མ་རིག་པ་དང་། ཕུང་པོ་དང་། བདག་ལ་སོགས་པ་ལ་མངོན་པར་ཞེན་པ་རབ་ཏུ་སྤོང་བ་ཉིད་དེ། ཞེས་གསུངས་པའི་ཕྱིར་ན། ཤེས་སྒྲིབ་ཀྱང་ཕྱི་དོན་ལ་བདེན་འཛིན་གཅིག་པུར་འདོད་པ་ནི་མ་ཤེས་པ་ཡིན་ནོ། །ཐེག་ཆེན་ལས་དམན་ཏེ། འཛིན་པའི་རྣམ་རྟོག་མི་སྤོང་བའི་ཕྱིར། འདི་ཡི་འཛིན་རྟོག་ནི་ཐེག་ཆེན་གྱི་སྤང་བྱའི་རིགས་སུ་གནས་པའི་ཞེན་ཆ་ཐམས་ཅད་ཡིན་གྱི། གཟུང་རྟོག་གིས་བཟླས་ཕྱེ་བའི་འཛིན་པ་ལ་འདོད་པ་ནི་གད་པོའི་གནས་སོ། །ཡང་ཉན་ཐོས་ལས་ཁྱད་ཞུགས་ཏེ། གཟུང་མེད་རྟོགས་པའི་རྟེན་རིགས་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། འདིའི་རྟེན་ཡང་རིགས་ཉིད་ཡིན་པ་དགོངས་པ་སྟེ། ཉིར་སྣང་ལས། རྟོགས་པའི་རྟེན་རིགས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་ལ་སོགས་པ་ཞེས་སོགས་དང་། དངོས་པོར་གྱུར་པའི་རྟེན་མེད་པར་རྟོགས་པའི་ཆོས་ཐོབ་པར་སྟོན་པར་བྱེད་པ་སྤྲུལ་པའི་མེ་ཏོག་གི་རྣམ་པ་ཉེ་བར་འགོད་པ་དང་ཞེས་གསུངས་པའི་ཕྱིར། དེས་ན་མདོ་སྔ་མས་བྱང་སེམས་དེ་དག་གི་རྒྱུད་ཀྱི་ཆོས་ཉིད་ནི་རང་རྒྱལ་གྱི་རྟོགས་རིགས་ཀྱི་ཆོས་ཉིད་རིགས་ཀྱི་རྟེན་དང་། ཕྱི་མས་ཆོས་ཉིད་ཡིན་ཡང་རྟེན་དུ་རུང་བའི་སྒྲུབ་བྱེད་སྟོན་པ་ཡིན་ནོ། །ཁྱད་ཆོས་འདི་དག་ཀྱང་མདོ་དང་བསྟན་བཅོས་ཀྱི་དགོངས་པ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་རིགས་ཀྱི་ཁྱད་པར་ཡིན་ཏེ། གང་གི་ཤེས་བྱ་ཉན་ཐོས་ཀྱི་ལམ་དེ་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་སོགས་གསུམ་གྱིས་ཟིན་པར་བཤད་པས་བྱང་སེམས་ཀྱི་རྟོགས་པར་བྱེད་དགོས་ཤིང་དེ་དང་རྒྱུ་མཚན་མཚུངས་པ་དང་། རྟེན་གྱི་ཁྱད་པར་འཆད་པའི་ཚེ་བྱང་སེམས་དང་རྒྱལ་སྲས་ཀྱི་ལྡོག་པ་ནས་གསུངས་པ་དང་། སྐབས་དེར་སྒོམ་ལམ་མ་བཤད་པ་ལ་རྒྱུ་མཚན་ཡོད་པ་དང་། གཞན་དུ་ན་སྒོམ་ལམ་ཡང་འཆད་རིགས་པར་ཐལ། རང་རྒྱལ་གྱི་སྒོམ་ལམ་ལའང་ཁྱད་ཆོས་གསུམ་པོ་ཡོད་པའི་ཕྱིར་རོ། །གཉིས་པ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནི། རང་རྒྱལ་གྱི་རྟོགས་རིགས་དེ་ཡང་དོན་སྤྱིའི་ཚུལ་གྱིས་ཤེས་པ་ཙམ་གྱིས་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་མི་ནུས་པས་མངོན་སུམ་དུ་ཤེས་དགོས་ལ། དེ་ལ་ཡང་སྦྱོར་ལམ་དུ་རྒྱུན་ལྡན་དུ་སྒོམ་དགོས་པས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་རང་རྒྱལ་གྱི་རྟོགས་རིགས་རྒྱུན་ལྡན་དུ་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་སྟོན་ནོ། །སྦྱོར་ལམ་དེའི་དམིགས་རྣམ་ཇི་ལྟ་བུ་ཞེ་ན། དམིགས་པ་ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་ལ་དམིགས་ནས། རྣམ་པ་དོན་དམ་པར་གཟུགས་སོགས་སུ་བཏགས་པས་སྟོང་པའི་ཆོས་ཉིད་དང་མི་འགལ་བར་སྟོན་པའི་རྣམ་པ་ཅན་ནི་དྲོ་བར་གྱུར་པའོ། །རྩེ་མོར་གྱུར་པ་ནི་དམིགས་པ་གཟུགས་ལ་སོགས་པ་ལ་དམིགས་ནས། རྣམ་པ་དོན་དམ་པར་ཉོན་མོངས་འགྲིབ་པ་མེད་པ་དང་། ལ་སོགས་པ་རྣམ་བྱང་འཕེལ་བ་མེད་པར་རྟོགས་པས་རབ་ཏུ་ཕྱེའོ། །དམིགས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་དམིགས་ནས། རྣམ་པ་ནང་སྟོང་པ་ཉིད་དང་ལ་སོགས་པ་ཕྱི་སྟོང་པ་ཉིད་ལ་སོགས་པ་ཡི་སྒོ་ནས་ཅིར་ཡང་གཟུང་དུ་མེད་པ་ལ་བློས་ཀྱང་ཅིར་ཡང་མི་འཛིན་པའི་ཕྱིར་བཟོད་པའོ། །དམིགས་པ་གཟུགས་སོགས་ལ་དམིགས་ནས། རྣམ་པ་དོན་དམ་པར་སྐྱེ་བ་མེད་པ་དང་སོགས་པ་འགག་པ་མེད་པའི་རྣམ་པ་ཅན་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ །འདིར་བྱང་སེམས་ཀྱི་ལམ་ཤེས་ཀྱི་རྒྱུ་སྦྱོར་ལམ་མ་གསུངས་པ་ནི་སྐབས་དང་པོར་བསྟན་ཟིན་པ་ལ་དགོངས་སོ། །གསུམ་པ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བའི་ལམ་ཤེས་འདིར་བསྟན་ཚུལ་ནི། ཤེས་བྱ་བྱང་སེམས་ཀྱི་ལམ་ནི། གདུལ་བྱ་གཞན་ལ་བསྟན་པར་བྱ་བ་ཡང་ཡིན་ལ། རང་ཉིད་ཀྱིས་རྒྱུན་ལྡན་དུ་བསྒོམ་པར་བྱ་བ་ཡང་ཡིན་པས་ཡན་ལག་རྒྱས་བཤད་དུ་ཤེས་པར་བྱ་ཞེས་པའི་ཚིག་གི་ཁྱད་པར་མ་སྨོས་པར་རང་གི་ངོ་བོས་སྒོ་ནས་བསྟན་ཞིང་། རྟོགས་རིགས་སྔ་མ་གཉིས་ནི་རང་ཉིད་ཀྱིས་རྒྱུན་ལྡན་དུ་བསྒོམ་པ་མ་ཡིན་པས་ཤེས་པར་བྱ་ཞེས་ཚིག་གི་ཁྱད་པར་གསུངས་སོ། །ཡང་ན་ཤེས་བྱ་བྱང་སེམས་ཀྱི་ལམ་དང་དེ་ཤེས་པའི་ལམ་ཤེས་གཉིས་རྟོགས་རིགས་གཅིག་པས་ཚིག་གི་ཁྱད་པར་དེ་མ་གསུངས་པར་ངོ་བོ་མཐོང་སྒོམ་གཉིས་སུ་གསུངས་ལ། རྟོགས་རིགས་སྔ་མ་གཉིས་དང་། དེ་ཤེས་པའི་ལམ་ཤེས་གཉིས་རྟོགས་རིགས་ཐ་དད་པས་ཚིག་གི་ཁྱད་པར་དེ་གསུངས་ཤིང་། མི་དམིགས་པའི་རྣམ་པས་ཟིན་པའི་ཚེ། ཤེས་བྱ་ཤེས་བྱེད་ངོ་བོ་གཅིག་པས་ལུས་རྣམ་གཞག་ཏུ་གསུམ་ཆར་ལ་ཚིག་གི་ཁྱད་པར་དེ་མ་གསུངས་སོ། །དེས་ན་འདི་ལ་མཐོང་ལམ་དང་། སྒོམ་ལམ་གཉིས། དང་པོ་ལ། ཡེ་ཤེས་མདོར་བསྟན། རྣམ་པ་རྒྱས་པར་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། བཤད་དོ་ཞེས་དྲང་ངོ་། །གང་ན་ཐེག་ཆེན་གྱི་མཐོང་བའི་ལམ་འདིའོ། །ཇི་ལྟར་ན་ཚེ་འདི་ཕྱིའི་ཕན་ཡོན་གཉིས་དང་བཅས་པར་རོ། །སྐབས་གང་དུ་ན་ལམ་ཤེས་པ་ཉིད་ལའོ། །གང་གི་སྒོ་ནས་ན་སྡུག་ཀུན་བདེན་པ་དང་འགོག་ལམ་བདེན་པ་སྟེ། བཞི་པོ་རེ་རེ་ལ་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཞི་བཞིར་ཕྱེ་བ་ཡི་སྒོ་ནས་སོ། །སྐབས་གཞན་དུ་ཡོན་ཏན་གྱི་ལྡོག་པ་གཞན་གྱི་སྒོ་ནས་བཤད་ཀྱང་། འདིར་འདི་ཕྱིའི་ཕན་ཡོན་གྱི་ལྡོག་པ་ནས་བསྟན་པ་ནི་སྐབས་འདིར་གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པ་དང་། རང་ཉིད་རྒྱུན་ལྡན་དུ་བསྒོམ་པ་གཉིས་ཀྱི་སྒོ་ནས་བསྟན་པ་གང་ཞིག དེ་གཉིས་ཀ་ལ་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་དགོས་པའི་ཕྱིར་རོ། །གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་བཞི་ལས་དང་པོ་ནི། དུཿཁའི་དེ་བཞིན་ཉིད་དང་དེ་རྟོགས་པའི་སངས་རྒྱས་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ནི། འདིར་དངོས་སུ་བསྟན་པའི་དུཿཁ་ཆོས་བཟོད་ཀྱི་ངོ་བོ་ཡིན་ནོ། །ངེས་པ་རང་སྟོབས་ཞེས་སོགས་ཕྱི་མ་རྣམས་ལ་ཡང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། གཉིས་པོ་དག་ཕན་ཚུན་གཅིག་ལ་གཅིག་རྟེན་དང་བརྟེན་པར་མེད་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོས་ཆེན་པོ་ཡིན་པ་ལ་ཞེས་སོགས་སོ། །གསུམ་པ་ནི། དུཿཁའི་ཆོས་ཉིད་གཞལ་བར་བྱ་བ་ལས་འདས་པས་འཇལ་བྱེད་ཀྱི་ཚད་མ་མེད་པ་དང་བཅས་པ་ལ་ཞེས་སོགས་སོ། །བཞི་པ་ནི། ཆོས་ཉིད་གཟུགས་ཅན་གྱི་ཚད་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པ་ལ་བརྟེན་པའི་དབྱིབས་སམ་དེ་མིན་གྱི་ཚད་ནི་སྐད་ཅིག་སྟེ་ཚད་དེ་དག་མེད་པ་ལ་ཞེས་སོགས་སོ། །སློབ་དཔོན་གྱིས་ཕྱི་མ་གསུམ་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པ་སྒྲུབ་བྱེད་དུ་བཀོད་དོ། །གཉིས་པ་ཀུན་འབྱུང་གི་བཞི་ལས་དང་པོ་ནི། རྒྱུར་གྱུར་པའི་གཟུགས་སོགས་ཀྱི་ཆོས་ཉིད་རྟག་ཆད་དམ་སྔོན་དང་ཕྱི་མའི་མཐའ་དང་དབུས་མེད་པས་ཀུན་འབྱུང་གི་རྣམ་པ་བཞི་བཀག་པ་ལ་ཞེས་སོགས་སམ། ཡང་ན་མེད་པ་ལ་ཞེས་སོགས་སྦྱར་རོ། །གཉིས་པ་ནི། དེའི་ཡུམ་དེར་གནས་པའི་རྣལ་འབྱོར་པ་ནི་གཟུགས་ལ་སོགས་པའི་ཆོས་ཉིད་ལ་ཞེས་པའམ། ཡང་ན་དེའི་གཟུགས་ལ་སོགས་པ་ལ་གཞན་གྱིས་སངས་རྒྱས་ཉིད་དུ་ངེས་པར་འཛིན་པ་ལ་ཞེས་སོགས་སོ། །འགྲེལ་པར་སྔ་མ་སྣང་ཡང་མདོར་ཕྱི་མ་གསལ་ཏེ་བདག་ཅག་གིས་བྱང་སེམས་ཆེན་པོ་ཡུམ་འདི་དང་མ་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་བཟུང་བར་བགྱིའོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཆོས་ཉིད་བླང་བ་མེད་པ་དང་དོར་བ་མེད་པ་དང་སོགས་པས་སྐྱེ་འགག་མེད་པ་ལ་ཞེས་སོགས་སོ། །བཞི་པ་ནི། ཤེས་རབ་ཀྱིས་ཟིན་པའི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་རྣལ་འབྱོར་སྲུང་བའི་ཚད་མེད་བཞི་བསྒོམས་པ་ལ་ཞེས་སོགས་སོ། །དེ་ལྟར་བསྒོམ་དགོས་ཏེ། མ་བསྒོམས་ན་སྡུག་ཀུན་གྱི་སྐྱོན་དང་འགོག་པའི་ཡོན་ཏན་རིག་ནས་སྐད་ཅིག་དགུ་པར་འགོག་པར་ལྟུང་བ་ལས་འདིས་འཛིན་པར་འཕགས་པས་བཤད་དོ། །གསུམ་པ་འགོག་པའི་བཞི་ལས་དང་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་ལ་ཞེས་སོགས་སོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་དང་མཉམ་པའི་དགེ་བ་ཐོབ་ཅིང་བསྔོས་པས་རང་གིས་སངས་རྒྱས་ཉིད་ནི་འཐོབ་པའམ་ཡང་ན་རང་ཉིད་སངས་རྒྱས་ཉིད་དུ་སྤྲུལ་པའི་ནུས་པ་འཐོབ་པ་ལ་ཞེས་སོགས་སོ། །འདི་མདོར་བཞུགས་སོ། །གསུམ་པ་ནི། དེའི་ལམ་དུ་རྣམ་པར་བྱང་བ་སྦྱིན་སོགས་ཀུན་ཡོངས་སུ་བསྡུས་པ་ལ་ཞེས་སོགས་སོ། །བཞི་པ་ནི། འདིར་རྣམ་བྱང་གི་ཆོས་ཀུན་ཕལ་ཆེར་འདུས་པས་ཕྱིའི་འཚེ་བ་མི་ལ་སོགས་པའི་ཉམ་ང་བ་དང་ནང་གི་འཚེ་བ་ནད་གདོན་སོགས་ཀུན་སེལ་བའི་ཕན་ཡོན་ལ་ཞེས་སོགས་སོ། །བཞི་པ་ལམ་བདེན་གྱི་བཞི་ལས། དང་པོ་ནི། ཡུམ་བསྒོམས་པས་མྱ་ངན་ལས་འདས་པ་དང་ཆགས་སོགས་ལ་ཡང་བདེན་འཛིན་ཞི་བ་ཉིད་ཅེས་སོགས་སོ། །གཉིས་པ་དེའི་རྟོགས་པ་ལ་ཞུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ལྷས་བྱས་པའི་གནོད་པ་ལས་བསྲུང་བ་དང་ལ་སོགས་པ་འབྱུང་བ་ལས་གྱུར་པའི་དེ་ལས་བསྐྱབ་པ་དང་། ནང་གི་དེ་ལས་སྦ་བ་དག་གམ། ཡང་ན་མཐོང་བའི་ཆོས་ལ་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་མི་དགེ་བ་ལས་བྱུང་བའི་འཚེ་བ་བཟློག་པས་རིམ་བཞིན་བསྲུང་བ་ལ་སོགས་སོ། །གསུམ་པ་ནི། རྗེས་ཐོབ་ཏུ་སྲོག་མི་གཅོད་པ་ལ་སོགས་པ་དགེ་བཅུ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་ནས་བཟུང་སྟེ་རྣམ་པ་ཀུན་མཁྱེན་པའི་ཚུལ་ཏེ་ཐེག་པ་ལ་ནི་བདག་ཉིད་གནས་ཏེ་སེམས་ཅན་གཞན་དག་ཀྱང་དེ་ལ་འགོད་པའི་ནུས་པ་ཐོབ་པ་ལ་ཞེས་སོགས་སོ། །བཞི་པ་ནི། དེར་སྦྱིན་པ་ལ་སོགས་པའི་དགེ་བ་གཞན་དོན་དུ་མི་དམིགས་པའི་ཚུལ་གྱིས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ནུས་པ་ཐོབ་པ་ལ་ཞེས་སོགས་སོ། །གཉིས་པོ་འདི་དང་ཀུན་འབྱུང་གི་རྣམ་པ་བཞི་པའི་ཚིག་ཙམ་ལ་བརྟེན་ནས་སྤྱིར་མཐོང་ལམ་ལ་རྗེས་ཐོབ་ཡོད་པ་དང་། བྱེ་བྲག་མཉམ་རྗེས་སྤེལ་ནས་སྐྱེ་བར་འདོད་པ་ནི། རྩ་འགྲེལ་གྱི་དགོངས་པ་ཕྱིན་ཅི་ལོག་ཏུ་བཤད་པ་གཞན་དུ་དགག་གོ །འོ་ན་འདི་དག་སྦྱོར་དངོས་རྗེས་གསུམ་པོ་གང་གི་རྣམ་པ་ཡིན་ཞེ་ན། སློབ་དཔོན་རྗེས་འབྲང་དང་བཅས་པས་དང་པོར་བཞེད་དེ། འགྲེལ་ཆེན་ལས། སྐད་ཅིག་རེ་རེའི་མཇུག་ཏུ་རྣམ་པ་དེ་དང་དེས་ཆོས་ཐམས་ཅད་ལ་དམིགས་ནས་བཟོད་ཤེས་ཀྱི་སྐད་ཅིག་མ་དེ་དང་དེ་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ལོཙྪ་བས་གསུམ་པར་བཞེད་ཀྱང་། མཉམ་གཞག་གི་རྣམ་པ་ཡིན་ཏེ། རྗེས་ཐོབ་ཏུ་ཕན་ཡོན་གྱིས་མཚོན་ནས་གསུངས་པ་ནི་མཉམ་གཞག་ཏུ་དེ་དང་དེའི་ནུས་པ་ཐོབ་པ་སྟེ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་བ་བཞིན་ནོ། །ཞེས་མཁས་པ་རྣམས་གསུངས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་རྣམ་པ་ནི་སྔར་བཤད་པ་དེ་ལྟར་རོ། །གཉིས་པ་སྒོམ་ལམ་ལ། དེའི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ་དྲུག་ཡོད་པ་གསུམ་དུ་འདུས་ཏེ། སྐྱེས་བུ་བྱེད་པ་དང་། རྣམ་སྨིན་དང་། བདག་འབྲས་སོ། །དང་པོ་ལ་ནང་དང་ཕྱིའི་ཉེར་འཚེ་ཞི་བ་གཉིས། དང་པོ་ལ་གཉིས་ལས། གནས་སྐབས་ཀྱི་འབྲས་བུ་གཉིས་ནི། སྒོམ་སྤང་ཉོན་མོངས་ཀུན་ནས་དུལ་བའམ་ཞི་བ་སྟེ་སེམས་ལས་སུ་རུང་བར་བྱེད་པའོ། །ང་རྒྱལ་སྤངས་པས་སྐྱེ་བོ་བླ་མ་ཐམས་ཅད་ལ་ཕར་འདུད་པའོ། །འདིས་སེམས་ཙམ་པ་ལས་ཁྱད་པར་དུ་བྱས་པས་ས་དང་པོར་ཉན་རང་གི་སྤངས་རྟོགས་ཀྱི་རིགས་རྫོགས་པར་བསྟན་ཏོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། སྒོམ་སྤང་ཉོན་མོངས་ལས་རྒྱལ་བ་སྟེ་ཚུར་མི་ཚུགས་པའོ། །གཉིས་པ་ཕྱིའི་ཉེར་འཚེ་ཞི་བ་ནི། བྱད་དང་མེ་ཆུ་མཚོན་སོགས་ཀྱི་གནོད་པས་སྒོམ་པ་ལ་རྫི་བ་མེད་པ་ཉིད་དེ་བྲལ་འབྲས་སོ་ཞེས་བུ་གསུང་ངོ་། །གཉིས་པ་རྣམ་སྨིན་ནི། རྫོགས་པའི་བྱང་ཆུབ་ཐོབ་པའོ། །གསུམ་པ་ནི། སྒོམ་ལམ་གྱི་རྟེན་བྱང་སེམས་དང་ཡུམ་གླེགས་བམ་གནས་པའི་ས་ཕྱོགས་ཀྱང་མཆོད་པར་བྱ་བ་ཉིད་དུ་བྱེད་པའོ། །གཉིས་པ་ལ་ཟག་བཅས་སྒོམ་ལམ་དང་། ཟག་མེད་དོ། །དང་པོ་ལ་གསུམ་ལས། དང་པོ་མོས་པ་ལའང་དངོས་དང་། ཕན་ཡོན་གཉིས་སོ། །དང་པོ་ལ་དབྱེ་བས་རྒྱས་པར་བཤད། གྲངས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཟག་བཅས་སྒོམ་ལམ་གྱིས་བསྡུས་པའི་མོས་པ་དབྱེ་གཞི། ལུས་ཀྱི་དབྱེ་བ་ནི། རང་གི་དོན་དང་ནི། རང་གཞན་གཉིས་ཀའི་དོན་དང་། གཞན་དོན་གྱི་མོས་པ་དང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །ཡན་ལག་གི་དབྱེ་བ་ནི། གསུམ་པོ་དེ་ཡང་ནི་སོ་སོར་ཏེ་རེ་རེ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་རྣམ་པ་གསུམ་གསུམ་དུ་འདོད་དོ། །ཉིད་ལག་གི་དབྱེ་བ་ནི། དགུ་པོ་དེ་ཡང་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་དབྱེ་བ་ཡིས་རྣམ་པ་གསུམ་གསུམ་མོ། །གཉིས་པ་ནི། མོས་པ་གསུམ་པོ་རེ་རེ་ལ་དགུ་དགུ་ཡོད་པ་དེ་ལྟར་ན་མོས་པ་རྣམ་པ་ཉི་ཤུ་བདུན་དུ་འདོད་དོ། །འདིར་མོས་པ་གསུམ་པོས་མཚམས་ཀྱི་རབ་དབྱེ་ནི། བཤད་པ་འོག་མ་གཉིས་ལའང་སྦྱར་རོ། །ས་མཚམས་ཀྱི་དབྱེ་བ་ཇི་ལྟ་བུ་སྙམ་ན། གསུམ་པོ་རེ་རེ་ལ་དགུ་དགུར་ཡོད་པའི་ཆུང་ངུའི་ཆུང་ངུ་གསུམ་ས་གཉིས་པའི་རྗེས་ཐོབ་ན་ཡོད་པ་ནས། ཆེན་པོའི་ཆེན་པོ་གསུམ་ས་བཅུ་པའི་རྗེས་ཐོབ་ན་ཡོད་པའི་བར་རོ། །དེ་བཞིན་དུ་འོག་མ་གཉིས་ཀྱང་ཤེས་པར་བྱའོ། །གཉིས་པ་ཕན་ཡོན་ནི། བྱ་བའི་ཡུལ་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་དོན་མོས་པའི་གནས་སྐབས་དགུ། གཉིས་དོན་གྱི་དགུ། གཞན་དོན་གྱི་དགུ་པོ་རྣམས་ལ་ནི། བྱེད་པ་པོ་བསྟོད་པ་ཙམ་དགུ། བཀུར་བ་ཙམ་དགུ། བསྔགས་པ་ཙམ་དགུ་སྟེ། དགུ་ཚན་གསུམ་གྱིས། བྱ་བའི་ངོ་བོ་གནས་སྐབས་དང་པོ་ལ་བསྟོད་པ་དང་། གཉིས་པ་ལ་བཀུར་བ་དང་། གསུམ་པ་ལ་བསྔགས་པ་བྱས་པར་འདོད་དོ། །གཉིས་པ་བསྔོ་བ་སྒོམ་ལམ་ལ། དབྱེ་གཞི་ནི་བྱང་སེམས་ཀྱི་ཟག་བཅས་སྒོམ་ལམ་གྱི་ངོ་བོ་ཡོངས་སུ་བསྔོ་བའོ། །དེ་བཅུ་གཉིས་ཡོད་པ་ལྔར་འདུས་ཏེ་སྤྱིའི་རང་བཞིན། མངོན་ཞེན་འགོག་པ། ཟུང་འཇུག་གི་རྣམ་པ། མི་མཐུན་ཕྱོགས་དང་བྲལ་བ། རྣམ་པའི་དབྱེ་བའོ། །དང་པོ་ནི། མོས་པས་བསགས་པའི་དགེ་བ་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཉན་རང་ལས་ཁྱད་པར་ཅན་གྱི་བསྔོ་བ་ནི། བླ་མེད་བྱང་ཆུབ་ལ་མ་དམིགས་པའི་ཚུལ་གྱིས་དམིགས་པའོ། །བསྔོ་བ་དེ་ཡི་བྱེད་པ་ཐེག་པ་གསུམ་གྱི་ལམ་སྟོན་པ་དང་སངས་རྒྱས་ཀྱི་རྒྱུར་འགྱུར་བས་མཆོག་ཡིན་ནོ། །གཉིས་པ་ལ་དངོས་པོར་དང་། དངོས་མེད་དུ་མངོན་ཞེན་འགོག་པ་གཉིས། དང་པོ་ལ་ལྔ་ལས། དང་པོ་བསྔོ་བྱའི་རྫས་ལ་མངོན་ཞེན་འགོག་པ་ནི། བྱེད་པ་ཅན་གྱི་བསྔོ་བ་དེ་ནི་བསྔོ་བྱའི་རྫས་དམིགས་མེད་དུ་རྟོགས་པའི་རྣམ་པ་ཅན་ནོ། །བསྔོ་བྱེད་ཀྱི་སེམས་ལ་ཞེན་པ་འགོག་པ་ནི། སེམས་དེ་ལ་འདུ་ཤེས་དང་། ལྟ་བ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་ནོ། །བསྔོ་བར་བྱེད་པ་པོའི་ཞེན་པ་འགོག་པ་ནི། བསོད་ནམས་བྱ་བའི་དངོས་པོ་དེ་ཕུང་སོགས་སམ་བྱ་བྱེད་ཀྱིས་དབེན་པར་ཤེས་པའོ། །བདག་དང་སངས་རྒྱས་ཀྱི་དགེ་བ་ཐ་དད་དུ་ཞེན་པ་འགོག་པ་ནི། སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་ཀུན་རྫོབ་ཏུ་སྐྱེ་ཞིང་དོན་དམ་པར་སྐྱེ་འགག་མེད་པའི་ཆོས་ཉིད་དུ་དྲན་པའི་སྤྱོད་ཡུལ་ཅན་ནོ། །ཕྱིན་དྲུག་ལ་བཟང་ངན་དུ་ཞེན་པ་འགོག་པ་ནི། ཕྱིན་དྲུག་རྗེས་སུ་སྒྲུབ་ཀྱང་སེམས་བསྐྱེད་ཀྱིས་ཟིན་པའི་ཐབས་དང་ཟླའོ་ཤེས་རབ་དང་བཅས་པའོ། །གཉིས་པ་ནི། དགག་པ་དང་སྒྲུབ་པའམ་སྟོང་ཉིད་ཀྱི་མཚན་མར་འཛིན་པ་མེད་པ་སྟེ། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། ཞེས་སོ། །གསུམ་པ་ནི། ལམ་ཐམས་ཅད་ཀུན་རྫོབ་ཏུ་སྣང་ཆ་མ་དོར་ཞིང་དོན་དམ་དུ་མི་དམིགས་པས་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བྱིན་པའོ། །བཞི་པ་ནི། ཁམས་གསུམ་མི་དམིགས་པར་ཤེས་པས་བསྔོ་བ་དེར་གཏོགས་པ་མ་ཡིན་པ་དང་། དེས་མཚོན་ནས་ཉན་རང་ཡང་མ་ཡིན་པའོ། །ལྔ་པ་ནི། སྔར་བཤད་པ་དགུ་ལས་གཞན་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡི་བསྔོ་བ་ནི་རྣམ་པ་གསུམ་པོ་སྟེ་གསུམ་ཆར་ཡང་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དོ། །དང་པོ་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་སྤྱན་ལྔ་ཐོབ་པ་བས་དེ་མི་དམིགས་པའི་དམིགས་པས་ཡི་རང་སྔོན་དུ་འགྲོ་བའི་བསྔོ་བའོ། །གཉིས་པ་ནི། འབྲས་བུ་ལྔ་ལ་གནས་པ་ལ་མཆོད་པ་བས་དེ་མི་དམིགས་སོགས་ཀྱི་བསྔོ་བའོ། །གསུམ་པ་ནི། བླ་ན་མེད་པའི་བྱང་ཆུབ་ལ་གནས་པ་ལ་མཆོད་པ་བས་དེ་མི་དམིགས་སོགས་ཀྱི་བསྔོ་བའོ། །འདིར་བསྔོ་བ་སྒོམ་ལམ་བྱེད་པ་དང་མི་དམིགས་པའི་རྣམ་པས་གསུངས་པ་དེ་གོང་འོག་གཉིས་ལ་སྦྱར་ན་མོས་པ་སྒོམ་ལམ་དེ་ཡང་བྱེད་པ་གནས་སྐབས་སུ་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུ་བྱེད་པ་དང་། མཐར་ཐུག་ཤེར་ཕྱིན་ཐོབ་པའི་བྱ་བ་བྱེད་ཅིང་། རྣམ་པ་མི་དམིགས་པའི་རྣམ་པ་ཅན་དང་། རྗེས་སུ་ཡིད་རང་སྒོམ་ལམ་ཡང་བྱེད་པ་རང་གཞན་གྱི་དགེ་རྩ་མཉམ་པར་ཐོབ་པའི་བྱ་བ་བྱེད་ཅིང་། རྣམ་པ་མི་དམིགས་པའི་རྣམ་པ་ཅན་ཡིན་ནོ་ཞེས་པའི་སྒོ་ནས་སོ། །གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་ནི། བརྗོད་དོ་ཞེས་དྲང་ངོ་། །གང་དུ་ན་ལམ་ཤེས་འཆད་པའི་སྐབས་འདིར་རོ། །གང་ཡིན་པར་ན་ཟག་པ་དང་བཅས་པའི་སྒོམ་པའི་ལམ་ཡིན་པར་རོ། །ཇི་ལྟར་ན་དམིགས་ཡུལ་སྐྱེ་འཕགས་གཉིས་ཀྱི་དགེ་བའི་རྩ་བ་ལ། རྣམ་པ་ཀུན་རྫོབ་ཏུ་ཡུལ་དང་ངོ་བོ་ལ་སོགས་པ་དམིགས་པའི་ཐབས་དང་། དོན་དམ་པར་མི་དམིགས་པར་རྟོགས་པས་ཟིན་པ་དག་གི་སྒོ་ནས་སོ། །གང་ན་བློའི་ངོ་བོ་ཡི་རང་བ་སྟེ། དྭང་བའི་དད་པ་ཡིད་བྱེད་དང་ལྡན་པས་ཨ་རེ་ལེགས་སྙམ་དུ་དགའ་བ་སྒོམ་པའོ། །དེའི་མིང་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་སོ། །འདི་ཐབས་ཤེས་ཟུང་འཇུག་གིས་བསྟན་པ་སྔ་མ་གཉིས་ལ་སྦྱོར་ཚུལ་ནི། སྔ་མ་གཉིས་ཀྱང་མི་དམིགས་པའི་རྣམ་པ་ཅན་ཁོ་ན་མ་ཡིན་པར་སྣང་ཆ་མ་དོར་བའི་ཐབས་དང་ཟུང་འཇུག་ཡིན་ནོ་ཞེས་པའི་སྒོ་ནས་སོ། །དེ་ལྟར་ན་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་བསྟན་ཟིན་ནས། གཉིས་པ་ཟག་མེད་ནི། མཉམ་གཞག་ཡེ་ཤེས་ཀྱི་ཚོགས་ཀྱི་ལྡོག་པ་ནས་བསྟན་དགོས་པས་མཉམ་གཞག་འཆད་དོ། །དེ་ལ་རང་གི་ངོས་སྐལ་གྱིས་སྒྲིབ་པ་སྤང་བའི་གཉེན་པོ་དང་། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཉིས་སུ་ངེས་པས་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གཉིས་སུ་བསྟན་ལ། དེ་ལ་དང་པོར་སྒྲུབ་པ་སྒོམ་ལམ་སྟོན་པ་ལ། ངོ་བོ། ཁྱད་པར། རྣམ་པ། བྱེད་པའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་སུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པའི་བར་ཆད་མེད་ལམ་ནི་དེའི་ངོ་བོ་ཉིད་དོ། །གཉིས་པ་ནི། ཡུམ་གྱིས་མ་ཟིན་པའི་སྦྱིན་སོགས་ཀྱིས་སངས་རྒྱས་མི་ཐོབ་ཅིང་། ཟིན་ན་ཐོབ་པས་སྦྱིན་སོགས་གཞན་ལས་མཆོག་ཉིད་དེ། གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་ན། །ཞེས་སོགས་སོ། །གསུམ་པ་ནི། གཟུགས་སོགས་ཀྱི་ཆོས་ཀུན་ལ་སྐྱེ་མེད་དུ་སྦྱོར་བས་ན་མངོན་པར་འདུ་མི་བྱེད་པའོ། །བཞི་པ་ལ་གཉིས་ལས། གནས་སྐབས་ཀྱི་བྱེད་པ་ནི། ལམ་གྱི་ཆོས་རྣམས་ཅིར་ཡང་དམིགས་སུ་མེད་པར་རྒྱུད་ལ་གཏོད་ཅིང་སྐྱེད་པར་བྱེད་པའོ། །མཐར་ཐུག་གི་བྱེད་པ་ནི། དེས་དོན་ཆེན་པོ་སངས་རྒྱས་ཉིད་ཐོབ་པའོ། །དེ་ལྟ་བུའི་སྒྲུབ་པ་སྒོམ་ལམ་དེ་ཡང་མཐུན་རྐྱེན་རྒྱུ་ཚོགས་ཚང་ཞིང་འགལ་རྐྱེན་བར་ཆད་སྤོང་བའི་སྒོ་ནས་སྐྱེད་དགོས་པས། དང་པོ་མཐུན་རྐྱེན་ནི། རྒྱུ་དག་ཡིན་ཞེས་དྲང་ངོ་། །གང་ན་ཕྱིའི་མཐུན་རྐྱེན་སངས་རྒྱས་མང་པོ་མཉེས་པར་བྱས་ཤིང་བསྙེན་བཀུར་ཏེ་བརྟེན་པ། ནང་གི་མཐུན་རྐྱེན་ལའང་བསོད་ནམས་ཀྱི་ཚོགས་ནི་སྦྱིན་སོགས་དྲུག་ལ་སྤྱོད་པ། ཡེ་ཤེས་ཀྱི་ཚོགས་ནི་ཡུམ་གྱི་རྣལ་འབྱོར་ལ་མཉམ་པར་འཇོག་པའི་རྒྱུ་ཞི་གནས་སམ། ཡང་ན་དབང་པོའི་རིམ་པས་རྣམ་པར་ཕྱེ་སྟེ་ལུང་སྟོན་པ་སོགས་ཀྱི་ཐབས་ལ་མཁས་པ་གང་ཡིན་པའོ། །གང་གི་ན་ཡུམ་འདི་ལ་མོས་པའི་འོ། །གཉིས་པ་འགལ་རྐྱེན་ལ་ཆོས་ཀྱིས་ཕོངས་པའི་ལས་ཀྱི་ངོ་བོ་ནི། ཡུམ་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ་བདུད་དང་ཤེས་རབ་འཆལ་བས་བྱས་པའོ་ཞེས་སྤོང་བའོ། །དེའི་རྒྱུ་དག་ནི་ཕྱིའི་རྐྱེན་སྔོན་དགེ་བ་མ་བསགས་པས་བདུད་ཀྱིས་ཐིབས་ཏེ་ཟིལ་གྱིས་ནོན་པ་དང་། སྔོན་གྲོགས་ངན་བསྟེན་པས་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་སྟེ་དབང་དུ་སོང་བ་གཉིས་སོ། །ནང་གི་རྐྱེན་གཉིས་ནི། ཐེག་ཆེན་གྱི་རིགས་མ་སད་པས་ཟབ་མོའི་ཆོས་ཐེག་ཆེན་ལ་མ་མོས་པ་དང་། སྔོན་བདག་མེད་ལ་བློ་མ་སྦྱངས་པས་ཕུང་པོ་ལ་སོགས་ལ་བདེན་པར་མངོན་པར་ཞེན་པའོ། །འདི་རྣམ་དག་སྒོམ་ལམ་ལ་སྦྱོར་བ་དང་། སྔ་མ་ལ་སྦྱོར་བ་དོན་གཅིག་སྟེ། མཐུན་རྐྱེན་ཚང་བ་དང་འགལ་རྐྱེན་སྤོང་བ་ནི་དེ་གཉིས་ཆར་གྱི་སྔོན་དུ་འགྲོ་དགོས་ཀྱི། སྒོམ་ལམ་གཉིས་པོའི་བར་དུ་འབྱུང་བ་མ་ཡིན་པའི་ཕྱིར་ཞེས་དཀའ་འགྲེལ་ལས་གསུངས་ཤིང་། སློབ་དཔོན་གྱིས་མར་སྦྱོར་བར་མཛད་པ་ནི། རྒྱུད་བླར། དེ་ནི་རང་བཞིན་དག་པ་དང་། །བག་ཆགས་སྤངས་ཕྱིར་གཙང་བ་ཉིད། །ཅེས་སངས་རྒྱས་ཀྱི་རྣམ་དག་གསུངས་ཤིང་། དེའི་རྒྱུ། དག་རྒྱུ་ལྷག་པར་མོས་ལ། སོགས་པའི་ཆོས་ནི་རྣམ་པ་བཞི། །ཞེས་ཏེ། བཞི་ནི་རྒྱན་དུ། ཆོས་ལ་མོས་པ་ས་བོན་དང་། །ཞེས་སོགས་གསུངས་ལ། ཆོས་སྐུ་གཙང་བ་དེ་དང་རྗེས་སུ་མཐུན་ཞིང་དེའི་རྒྱུ་རྣམ་དག་སྒོམ་ལམ་གྱིའང་རྒྱུ་བཞི་པོ་ཉིད་ཡིན་པ་ལ་དགོངས་སོ། །གཉིས་པ་ལ། སྤྱིར་བསྟན་ཁྱད་པར་དུ་བཤད་པའོ། །དང་པོ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམ་གྲོལ་ལམ་བཅུ་བདུན་ཆོས་ཅན། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མས་དག་པ་ན། ཁྱོད་ཀྱིས་ཡུལ་གཟུགས་ལ་སོགས་པའི་གནས་ཚུལ་མཐོང་བ་ལའང་དེས་དག་པ་ཉིད་དེ་ཁོ་ན་ཡིན་ཏེ། དེ་རྒྱུ་མཚན་གང་གི་ཕྱིར་ན། དེ་ལྟ་བུའི་དག་པ་གཉིས་རང་གི་མཚན་ཉིད་ཐ་དད་པ་མ་ཡིན་པས་རྫས་ཐ་མི་དད་ཅིང་སྤྱིའི་མཚན་ཉིད་ཐ་དད་མ་ཡིན་པས་ལྡོག་པ་སོ་སོར་བཅད་དུ་མེད་པས་སོ། །དེས་ན་འབྲས་བུ་རྣམ་པར་དག་པས། གཟུགས་རྣམ་པར་དག་པར་བརྗོད་དོ། །གཉིས་པ་ལ་འཕགས་པ་བཞིའི་རྣམ་དག་གི་དབྱེ་བ། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་སྒྲུབ་པ། སྒྲུབ་བྱེད་ལ་ཀླན་ཀ་སྤང་བའོ། །དང་པོ་ནི། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་མོངས་པའི་སྒྲིབ་པ་ཉམས་པས་རབ་ཏུ་ཕྱེ་བའི་ཕྱིར་ན་སློབ་མ་ཉན་ཐོས་རྣམས་ཀྱི་རྣམ་དག་དང་། དེ་དང་ཤེས་བྱའི་སྒྲིབ་པ་གཟུང་རྟོགས་ཙམ་ཉམས་པས་རབ་ཏུ་ཕྱེ་བའི་ཕྱིར་ན་བསེ་རུ་ལྟ་བུའི་རྣམ་པར་དག་པ་དང་། ཉན་རང་གི་ལམ་དང་ཐེག་ཆེན་གྱི་མཐོང་བའི་ལམ་སྟེ་གསུམ་གྱི་སྤང་བྱ་ཉམས་པས་རབ་ཏུ་ཕྱེ་བའི་ཕྱིར་ན་རྒྱལ་སྲས་རྣམས་ཀྱི་རྣམ་དག་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པའི་རྣམ་པ་ཀུན་སྤངས་པའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་ནོ། །འདིར་རྣམ་དག་སྒོམ་ལམ་འཆད་པའི་སྐབས་ཡིན་པས། འཕགས་བཞིའི་རྣམ་དག་འཆད་པ་སྐབས་སུ་མ་བབ་བོ་ཞེ་ན། བརྗོད་བྱའི་གཙོ་བོ་རྣམ་དག་སྒོམ་ལམ་གྱི་སྤངས་པའི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་ཆེད་དུ་འཕགས་བཞིའི་རྣམ་དག་བསྟན་དགོས་པས་དེའི་དབང་དུ་བྱས་པའོ། །འོ་ན་རྣམ་དག་སྒོམ་ལམ་དེ་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་སྤངས་པའི་སྒོ་ནས་བསྟན་པའི་དགོས་པ་ཅི་ཞེ་ན། གོང་དུ་ཤེས་བྱའི་ལམ་ལ་གསུམ་དུ་ཕྱེ་ནས་རྣམ་དག་སྒོམ་ལམ་ནི་ཕྱི་མར་བསྟན་པ་ན། སྤང་བྱ་ཡང་བྱང་སེམས་ཀྱི་སྤང་བྱའི་རིགས་ཁོ་ན་སྤངས་ཤིང་། རྟོགས་པ་ཡང་བྱང་སེམས་ཀྱི་རྟོགས་རིགས་ཁོ་ན་ཡིན་ནམ་ཞེ་ན། མ་ཡིན་ཏེ་ལམ་གསུམ་གྱི་སྤང་བྱའི་རིགས་སྤངས་ཤིང་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་ཡིན་ནོ་ཞེས་བསྟན་པའི་ཆེད་དོ། །གཉིས་པ་ནི། སློབ་དཔོན་ལྟར་ན། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང་གཞན་གསུམ་ཤིན་ཏུ་བ་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན་ཞེས་པའམ། རྩ་བ་ལྟར་ན་སངས་རྒྱས་ཀྱི་རྣམ་དག་དེས་སྒྲིབ་པའི་རྣམ་པ་ཀུན་སྤངས་པའི་རྒྱུ་མཚན་ཅི་ཞེ་ན། དང་པོ་ལྟར་ན་དེ་ཡིན་ཏེ། ས་དགུ་ལ་བརྟེན་པའི་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་དང་ལ་སོགས་པ་ཆུང་ངུའི་འབྲིང་པོ་སོགས་ནི་ཁམས་གསུམ་ས་དགུ་པོ་རེ་རེ་ལ་ནི། སྒོམ་སྤང་ཆེན་པོ་ཡི་ཆེན་པོ་དང་ལ་སོགས་པ་ཆེན་པོའི་འབྲིང་སོགས་དྲི་མ་མ་ལུས་པའི་གཉེན་པོ་ཡིན་པས་སྤངས་བྱའི་རྣམ་པ་ཀུན་རྣམ་པར་དག་བྱེད་ཡིན་ཞིང་། ཅིག་ཤོས་དེ་ལས་བཟློག་པའི་ཕྱིར། གཉིས་པ་ལྟར་ན། སངས་རྒྱས་ཀྱི་རྣམ་དག་ཆོས་ཅན། སྤང་བྱའི་རྣམ་པ་ཀུན་རྣམ་པར་དག་པ་ཡིན་ཏེ། ས་དགུ་པོ་རེ་རེ་ལ་ནི་ཆེན་པོ་ཡི་ཆེན་པོ་ལ་སོགས་པ་དྲི་མ་དགུ་ཡི་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ལམ་དགུ་ནི་རྫོགས་པར་ཐོབ་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། གསུམ་པ་ནི། སློབ་དཔོན་ལྟར་ན་ཀླན་ཀ་བསལ་བ། དེས་བསལ་བས་གྲུབ་པའི་དོན་ནོ། །དང་པོ་ནི། ས་དགུ་ལ་ནི་ཞེས་སོགས་སུ་བཤད་པའི་སྤང་གཉེན་གྱི་རིམ་པ་དེ་ལ། གཉེན་པོ་དང་པོར་སྐྱེས་པ་རྣམས་རྩོལ་བ་ཆེན་པོས་བསྐྱེད་བྱ་ཡིན་པས་ཆེན་པོ་ཕྱི་མ་རྣམས་དེ་ཆུང་ངུས་བསྐྱེད་པས་ཆུང་ངུ་ཡིན་པའི་ཕྱིར་དང་། སྤང་བྱ་དང་པོ་རྣམས་ནི་སྤངས་སླ་བས་ཆུང་ངུ་དང་ཕྱི་མ་རྣམས་དེ་ལས་བཟློག་པའི་ཕྱིར་ཞེས་པའི་ཀླན་ཀ་ནི། གོས་ལ་ཆགས་པའི་དྲི་མ་རགས་པ་འབད་པ་ཆུང་ངུས་སེལ་ཞིང་། ཕྲ་མོ་སེལ་བ་ལ་ཁྲུས་མཁན་འབད་པ་ཆེན་པོ་བྱེད་པའི་དཔེས་སྤངས་པ་ཡིས་སྔར་གྱི་སྤང་གཉེན་གྱི་རིམ་པ་འཐད་པར་གྲུབ་བོ། །གཉིས་པ་ནི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དགུ་ནི་ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་གཉེན་པོ་ཉིད་དུ་འདོད་པ་རིགས་པ་ཡིན་ཏེ། དེས་འཇལ་བྱེད་ཤེས་པ་དང་། གཞལ་བྱ་ཤེས་བྱ་དག རང་བཞིན་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་དེ་ཉིད་ཀྱིས་སོ། །དེ་ཡང་། མདོར་དོན་དམ་དུ་སྤང་གཉེན་སོགས་མ་གྲུབ་པའི་ལན་དངོས་སུ་དང་། ཀུན་རྫོབ་ཀྱི་ལན་ཤུགས་ལ་བསྟན། རྒྱན་དུ། དེ་ལས་བཟློག་སྟེ་གསུངས་པའི་དོན་ནོ། །ཉིར་སྣང་དུ། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །དེ་ལ་ཀླན་ཀ་སྤངས་པ་ཡིས། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་བསྟན་པས། རྩོད་པའི་ཡུལ་ནི། ས་དགུ་ལ་ནི་ཞེས་སོགས་སུ། སྤང་གཉེན་གྱི་རྣམ་གཞག་གསུངས་པ་དང་། འཇལ་དང་གཞལ་བྱ་མཉམ་པ་ཉིད། །ཅེས་བཤད་པ་ལའོ། །རྩོད་ཚུལ་ནི། འཇལ་དང་གཞལ་བྱ་མཉམ་པ་ཉིད་ཡིན་པར་མི་འཐད་པར་ཐལ། སྤང་གཉེན་གཉིས་སུ་རྟོགས་པའི་སྒོ་ནས་སྤང་བྱ་ཆེ་རིམ་ནས་འགག་ཅིང་གཉེན་པོ་ཆུང་རིམ་ནས་སྐྱེ་བའི་ཕྱིར་ཞེ་ན། དེའི་ལན་དུ་དོན་དམ་པར་སྤང་གཉེན་མ་གྲུབ་པས་དེར་རྟོགས་པར་མི་འགྱུར་ཞེས་སོགས་སོ། །ཀླན་ཀའི་རིམ་པ་གསུམ་དང་། ལན་གྱི་རིམ་པ་གསུམ་ལས། དངོས་བསྟན་དོན་དམ་གྱི་ལན་རྣམས་ཀྱིས་གཉེན་པོ་སྒོམ་ལམ་ཡུལ་གྱི་གནས་ཚུལ་ལ་ཞུགས་པར་བསྟན་ཅིང་། ཤུགས་བསྟན་ཀུན་རྫོབ་ཀྱི་ལན་རྣམས་ཀྱིས་ཀུན་རྫོབ་ཏུ་སྤང་གཉེན་འཐད་པར་བསྟན་པས། ཐེག་ཆེན་གྱི་སྒོམ་ལམ་དེ་ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་གཉེན་པོར་གྲུབ་ཅེས་དོན་བསྡུ་བ་ནི་རྐང་པ་ཐ་མའོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་གཉིས་པའི་རྣམ་པར་བཤད་པའོ།། ༈ །།སྐབས་གསུམ་པ་གཞི་ཤེས་ལ། སློབ་དཔོན་གྱིས་བཀྲལ་བའི་ཚུལ་གནད་ཀྱི་དོན་ངོས་གཟུང་བ་དང་བཅས་བཤད་པ་ལ་གཉིས་ཏེ། གཞི་ཤེས་ཀྱི་རང་བཞིན་མཁྱེན་གསུམ་གྱི་མཇུག་བསྡུ་བ་གཉིས། དང་པོ་ནི། གཞི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་པ་མེད་པར་ལམ་ལེགས་པར་ཤེས་པ་མེད་པས་ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པ་ཡིན་ལ། དེ་ལ་ཡང་འཇུག་ཡུལ་གཞི་ཤེས་དང་། འཇུག་པ་སྦྱོར་བ་དང་། ཞུགས་འབྲས་མཐོང་ལམ་དང་གསུམ། དང་པོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཚིགས་བཅད་གཅིག་གིས་དངོས་སུ་བྱང་སེམས་ཀྱི་གཞི་ཤེས་དང་། ཤུགས་ལ་ཐེག་དམན་གྱི་གཞི་ཤེས་བསྟན། དེ་ལྟར་གཉིས་ལས། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་དེ་མཚན་མར་དམིགས་པའི་རྒྱུ་མཚན་གྱིས་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པས་འབྲས་ཡུམ་ལ་རིང་བ་དང་། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་དེ་མཚན་མར་མི་དམིགས་པའི་རྒྱུ་མཚན་གྱིས་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པས་འབྲས་ཡུམ་ལ་ཉེ་བ་ཡིན་ནོ་ཞེས་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ཡང་ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་དེ་གཞི་ལམ་འབྲས་གསུམ་ལ་མཚན་མར་དམིགས་པས་མི་མཐུན་ཕྱོགས་སུ་སྟོན་པ་ལ། གཞི་ལ་མཚན་འཛིན་ཡིན་པ་ནི། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་བསྟན། ལམ་ལ་མཚན་འཛིན་ཡིན་པ་ནི། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པས་བསྟན། འབྲས་བུ་ལ་མཚན་འཛིན་ཡིན་པ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་བསྟན། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་དེས་གཞི་ལམ་འབྲས་གསུམ་རང་བཞིན་མེད་པར་རྟོགས་པས་གཉེན་པོ་ཡིན་པར་སྟོན་པ་ལ། གཞི་ལ་མཚན་འཛིན་གྱི་གཉེན་པོ་ཡིན་པ་ནི། འོག་འཇུག་པ་སྦྱོར་བའི་སྐབས་སུ་བསྟན་པ་ལ་དགོངས་ནས་འདིར་དངོས་སུ་མ་བསྟན་ཏོ། །ལམ་ལ་མཚན་འཛིན་གྱི་གཉེན་པོ་ཡིན་པ་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་སོགས་རྐང་པ་གསུམ་གྱིས་བསྟན་ཏོ། །འབྲས་བུ་ལ་མཚན་འཛིན་གྱི་གཉེན་པོ་ཡིན་པ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཞེས་སོགས་ཚིགས་རྐང་གཉིས་ཀྱིས་བསྟན། འབྲས་བུ་ལ་མཚན་འཛིན་མི་མཐུན་ཕྱོགས་ཡིན་པའི་སྒྲུབ་བྱེད་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །ཞེས་སོགས་ཚིགས་རྐང་པ་གཉིས་ཀྱིས་བསྟན། ཟབ་པའི་སྒྲུབ་བྱེད་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །ཞེས་སོགས་ཀྱིས་བསྟན། རྟོགས་དཀའ་བའི་སྒྲུབ་བྱེད་ནི། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །ཞེས་སོགས་ཀྱིས་བསྟན། དེ་ལྟར་གཉིས་ལས། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་གཉེན་པོ་ཡིན་པ་དང་། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་མི་མཐུན་ཕྱོགས་ཡིན་པའི་དོན་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གཉིས་པ་འཇུག་པ་སྦྱོར་བ་ལ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ལ་འཇུག་པ་སྦྱོར་བ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། ཞེས་སོགས་ཀྱིས་དངོས་སུ་བསྟན། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་ལ་འཇུག་པའི་སྦྱོར་བ་ནི་ཤུགས་ལ་བསྟན། སྦྱོར་བའི་མཉམ་ཉིད་ལའང་དེ་དང་འདྲའོ། །གསུམ་པ་ཞུགས་འབྲས་མཐོང་ལམ་ལ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ཀྱི་སྦྱོར་བ་བསྒོམས་པའི་འབྲས་བུ་བྱང་སེམས་ཀྱི་མཐོང་ལམ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་སོགས་ཀྱིས་དངོས་སུ་བསྟན། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་སྦྱོར་བ་བསྒོམས་པའི་འབྲས་བུ་ཐེག་དམན་གྱི་མཐོང་ལམ་ནི་དེའི་ཤུགས་ལ་བསྟན་ཏོ། །འདི་བཞིན་བཤད་ན་འཇུག་ཡུལ་ལ། གཞི་ཤེས་གཉིས་ཀྱི་ངོ་བོ། ཉེ་རིང་གི་འཐད་པ། མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བའོ། །དང་པོ་ནི། བྱང་སེམས་ཀྱི་གཞི་ཤེས་ཀྱི་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན། ཚུ་རོལ་འཁོར་བའི་མཐའ་དང་། ཕ་རོལ་མྱང་འདས་ཀྱི་མཐའ་ལ་གནས་པ་མིན་ཞིང་། དེ་དག་གི་བར་སློབ་ལམ་ན་ཡང་མཚན་མར་འཛིན་པས་མི་གནས་པ་ཡིན་པར་འདོད་དེ། དུས་གསུམ་གྱི་ཆོས་རྣམས་མཉམ་པ་ཉིད་དུ་མངོན་དུ་ཤེས་ཤིང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །འཁོར་བ་ལ་ཚུ་རོལ་གྱི་མཐའ་ཞེས་བྱ་སྟེ། སོ་སྐྱེས་བསྒྲོད་ཅིང་མཐོང་བས་ཉེ་བར་གྱུར་པའི་ཕྱིར། མྱང་འདས་ལ་ཕ་རོལ་གྱི་མཐའ་ཞེས་བྱ་སྟེ། སྙིང་རྗེས་གཞན་དོན་བྱེད་པའི་སོ་སྐྱེས་བསྒྲོད་མི་ནུས་པ་སོགས་ཀྱི་ཕྱིར་རོ། །གཉིས་པ་ཉེ་རིང་གི་འཐད་པ་ནི། ཐེག་དམན་གྱི་གཞི་ཤེས་དེ་ནི་འབྲས་ཡུམ་ལ་རིང་བ་ཡིན་ཏེ། འཁོར་འདས་བར་གསུམ་ལ་བླང་དོར་སོགས་ཀྱི་མཚན་མར་དམིགས་པའི་སྒོ་ནས་དང་། ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་སེམས་བསྐྱེད་དང་སྙིང་རྗེ་སོགས་ཀྱི་ཐབས་མཁས་དང་ལྡན་པ་མ་ཡིན་པས་སོ། །འདིས་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་རིང་བར་བསྟན་ཏོ། །བྱང་སེམས་ཀྱི་གཞི་ཤེས་དེ་ནི་ཡང་དག་པར་འབྲས་ཡུམ་ལ་ཉེ་བ་ཉིད་དུ་བཤད་དེ། འཁོར་འདས་བར་གསུམ་ལ་བླང་དོར་སོགས་ཀྱི་མཚན་མར་མི་དམིགས་པའི་སྒོ་ནས་དང་། ཐེག་ཆེན་སྟོན་པའི་དགེ་བཤེས་བསྟེན་པ་སོགས་ཀྱི་ཐབས་ལ་མཁས་པ་ཡིས་སོ། །འདིས་ལྟ་སྤྱོད་གཉིས་ཀྱིས་ཉེ་བར་བསྟན་ནོ། །ཡང་ན་བྱང་སེམས་ཀྱི་གཞི་ཤེས། དེ་ནི་རྗེས་ཐོབ་ཏུ་མཚན་མར་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་མཁས་པ་མ་ཡིན་པས་དེ་ལ་རིང་བ་སྟེ། དེ་ནི་རྗེས་ཐོབ་ཏུ་མཚན་མར་མི་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པ་ཡིན་ན་ཡང་དག་པར་དེ་ལ་ཉེ་བ་ཉིད་དུ་བཤད་དོ། །འདི་ནི་རྒྱན་ལས། བླ་མ་རིང་དང་མཚན་མ་དང་། །ཞེས་སོགས་ཀྱི་དོན་ཏེ། བཤད་ཚུལ་གཉིས་ཆར་ཡང་དགོངས་པར་སོང་ཚུལ་ངག་ལས་ཤེས་སོ། །གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ་ལ། བཤད་པ་དང་། བསྡུ་བའོ། །དང་པོ་ལ། ལྟ་སྤྱོད་ལ་མཚན་འཛིན་གྱི་སྤང་གཉེན། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་ནོ། །དང་པོ་ལ་སྤང་བྱ་དང་། གཉེན་པོའོ། །དང་པོ་ནི། གཟུགས་ལ་སོགས་པའི་ཕུང་པོ་མུ་སྟེགས་པས་བཏགས་པའི་བདག་གིས་སྟོང་པའི་སྟོང་ཉིད་དང་། དུས་གསུམ་དུ་གཏོགས་པའི་ཆོས་རྣམས་ཐ་དད་དུ་དང་། སྦྱིན་སོགས་ཟག་པ་དང་ཟག་པ་མེད་པ་གཉིས་ཀ་རྣམས་ལ་སྒྲུབ་པའི་དང་བྱང་ཆུབ་ཕྱོགས་མཐུན་རྣམས་ལ་སྤྱོད་པའི་འདུ་ཤེས་ནི་རིམ་བཞིན། གང་ཟག་གི་བདག་ཏུ་འཛིན་པ་དང་། དུས་གསུམ་གཅིག་ཏུ་འཛིན་པ་དང་། སེར་སྣ་སོགས་ཀྱི་གཉེན་པོ་ཡིན་ཡང་། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། དེས་སྤངས་བྱ་ཡིན་པའི་ཕྱིར། དེ་ཡང་རྐང་པ་དང་པོས་གཞིའི་ཆོས་ཉིད་ལ་དང་། གཉིས་པས་དེའི་ཆོས་ཅན་ལ་དང་། གསུམ་པས་སྤྱོད་པ་ལ་མཚན་འཛིན་བསྟན་ནོ། །གཉིས་པ་ནི། སྦྱིན་པ་དང་ལ་སོགས་པ་ཚུལ་ཁྲིམས་ནས་རྣམ་མཁྱེན་གྱི་བར་ལ་འཁོར་གསུམ་དུ་ངར་འཛིན་མེད་པར་རང་སྤྱོད་པ་དང་། གཞན་དག་སྦྱིན་སོགས་དེ་ལ་རྨོངས་པ་ལ་གདམས་ངག་སྟོན། བག་མེད་པ་ལ་གཉེན་པོ་ལེན་དུ་འཇུག ཞུམ་པ་ལ་གཟེངས་བསྟོད། ལེགས་པར་ཞུགས་པ་ལ་དགའ་བའི་སྒོ་ནས་སྦྱོར་ཞིང་འཇུག་པར་བྱེད་པ་དེ་ནི་ཆོས་ཅན། གཞི་ལམ་ལ་མཚན་འཛིན་གྱི་གཉེན་པོ་ཡིན་ཏེ། དེ་ལ་ཆགས་ཤིང་མཚན་མར་འཛིན་པའི་མཐའ་སྟེ་ཆ་མ་ལུས་པ་འགོག་ནུས་པས་སོ། །མཐའ་ནི་ཆ་སྟེ་རྣམ་བཤད་རིགས་པར། མཐའ་ནི་ཟད་དང་འཇུག་བྱ་དང་། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་སོགས་སོ། །གཉིས་པ་ལ་སྤང་བྱ། གཉེན་པོ། ཡུལ་ཟབ་པར་བཤད་པའོ། །དང་པོ་ལ་མི་མཐུན་ཕྱོགས་སུ་བསྟན། དེ་སྒྲུབ་པའོ། །དང་པོ་ནི། མཚན་མར་དམིགས་ཏེ་རྒྱལ་བ་ཡིད་ལ་བྱེད་པ་དང་ལ་སོགས་པ་དགེ་རྩ་རྫོགས་བྱང་དུ་བསྔོ་བ་སོགས་ཆོས་ཅན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། ཆགས་པ་ལ་དེར་རྟོགས་དཀའ་བས་ཆགས་པ་ཕྲ་མོ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཇི་ལྟར་མི་མཐུན་པའི་ཕྱོགས་ཡིན་ཞེ་ན་ཡིན་ཏེ། དེ་བཞིན་གཤེགས་པ་ཟབ་མོ་སྤྲོས་བྲལ་ཡིན་པ་ལ་མཚན་མར་བཟུང་བའི་ཕྱིར། ཡུལ་ཟབ་པ་ཅིས་འགྲུབ་ཅེ་ན། སངས་རྒྱས་ཀྱི་ཆོས་ཀྱི་ལམ་མམ་རང་བཞིན་དེ་དོན་དམ་པར་ཟབ་པ་ཉིད་དེ། དོན་དམ་པར་རང་བཞིན་གྱིས་ཏེ་གློ་བུར་དུ་བྱས་པ་མ་ཡིན་པར་དབེན་པའི་ཕྱིར་རོ། །གཉིས་པ་གཉེན་པོ་ནི། འོ་ན་གཉེན་པོས་ཇི་ལྟར་སྤོང་ཞེ་ན། གཉེན་པོ་གཞི་ཤེས་ཆོས་ཅན། འབྲས་བུ་ལ་མཚན་འཛིན་གྱི་ཆགས་པ་སྤང་ནུས་པ་ཡིན་ཏེ། གཟུང་འཛིན་གྱིས་བསྡུས་པའི་ཆོས་རྣམས་རང་བཞིན་མེད་པར་རང་བཞིན་གཅིག་པར་ནི་མངོན་སུམ་དུ་ཤེས་པས་སོ། །གསུམ་པ་ཡུལ་ཟབ་པར་བཤད་པ་ལ། རྟོགས་དཀའ་བར་དང་། བསམ་གྱིས་མི་ཁྱབ་པར་བཤད་པའོ། །དང་པོ་ནི། ཡང་ཇི་ལྟར་ན་ཆོས་རང་བཞིན་གྱིས་ཟབ་པ་ཡིན་ཞེ་ན། ཆོས་ཀྱི་རང་བཞིན་དེ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། དོན་དམ་དུ་རྟོགས་པར་དཀའ་བ་སྟེ་མི་ནུས་པར་བཤད་པའི་ཕྱིར་ཏེ། དོན་དམ་དུ་མིག་གིས་མཐོང་བར་བྱ་བ་ལ་སོགས་པ་ནས་ཡིད་ཀྱིས་ཤེས་པར་བྱ་བའི་བར་བཀག་པ་ཡིས་སོ། །འདི་དང་ས་དགུ་ལ་ནི་ཞེས་སོགས་ཀྱི་སྔ་འགྲེལ་ལ་དཔྱད་པར་རིགས་སོ། །གཉིས་པ་ནི། ཡང་དེ་ལྟར་རྟོགས་དཀའ་བ་ཉིད་ཅི་ཡིན་ཞེ་ན། ཆོས་ཀྱི་རང་བཞིན་དེ་ནི་རྟོགས་པར་དཀའ་སྟེ། བསམ་གྱིས་མི་ཁྱབ་པར་འདོད་པའི་ཕྱིར་ཏེ། དོན་དམ་དུ་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་ངོ་བོར་མི་ཤེས་པའི་ཕྱིར། གཉིས་པ་བསྡུ་བ་ནི། ཤེས་པར་བྱ་ཞེས་དྲང་ངོ་། །གང་ན་མི་མཐུན་པ་དང་དེའི་གཉེན་པོའི་ཕྱོགས་དག་གི་རྣམ་པར་ཕྱེ་བ་མ་ལུས་པ་རྣམས་སོ། །གང་དུ་ན། ཀུན་ཤེས་ཉིད་ཀྱི་ལུགས་ལ་སྟེ། སྐབས་འདིར་རོ། །ཇི་ལྟར་ན་སྔར་ཇི་སྐད་བཤད་པ་དེ་ལྟར་རོ། །ཡང་ན་ཉེ་རིང་གི་ཁྱད་པར་ཡང་མི་མཐུན་ཕྱོགས་དང་གཉེན་པོའི་སྒོ་ནས་རྟོགས་དགོས་པས། མི་མཐུན་ཕྱོགས་ནི་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་དང་། གཉེན་པོ་ནི་དེའི་རྒྱུད་ཀྱི་མཚན་མེད་རྟོགས་པའི་བློ་ཡིན་པའི་ཁྱད་པར་སྟོན་པ་ལ། བཏགས་པ་ཙམ་གྱི་གང་ཟག་ལ་དམིགས་པའི་མཚན་འཛིན་དང་། དེའི་གཉེན་པོ་གཉིས། བཏགས་པ་ཙམ་གྱི་ཆོས་ལ་དམིགས་པའི་མཚན་འཛིན་དང་། དེའི་གཉེན་པོ་གཉིས་ཏེ་བཞི་ལས། དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ་སྤྱོད་པ་པོ་ངའོ་སྙམ་པའི་འདུ་ཤེས་ནས། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྤྱོད་པ་པོ་ངའོ་སྙམ་པའི་འདུ་ཤེས་ཀྱི་བར་ནི་མཚན་འཛིན་དངོས་ཡིན་པས་བྱང་སེམས་ཀྱི་མི་མཐུན་ཕྱོགས་སུ་སྟོན་པ་ནི་གཟུགས་སོགས་ཞེས་སོགས་སོ། །གཉིས་པ་ནི། བཏགས་པ་ཙམ་གྱི་ངར་འཛིན་བཀག་པའི་མཚན་མེད་རྟོགས་པའི་ཤེས་རབ་དེ་རང་གིས་བསྒོམས་ན་རང་རྒྱུད་ཀྱི་ཆགས་པའི་མཐའ་འགོག་ནུས། གཞན་ལ་བསྟན་ན་གཞན་རྒྱུད་ཀྱི་དེ་འགོག་ནུས་པས་གཉེན་པོ་ཡིན་ནོ་ཞེས་པ་ནི། སྦྱིན་ལ་ཞེས་སོགས་སོ། །གསུམ་པ་རྒྱལ་བ་ནི་འབྲས་བུ་ཡིན་ལ་སོགས་ཀྱིས་གཞི་དང་ལམ་བསྡུས་ཏེ། གཞི་ལ་དམིགས་བྱར། ལམ་ལ་ཉམས་སུ་བླང་བྱར། འབྲས་བུ་ལ་ཐོབ་བྱར་ཞེན་པའི་བློ་ནི་ཆགས་པ་ཕྲ་མོ་ཡིན་པས་མི་མཐུན་ཕྱོགས་ཡིན་ནོ་ཞེས་པ་ནི། རྒྱལ་ཞེས་སོགས་སོ། །དེ་ཡིན་པའི་སྒྲུབ་བྱེད་ནི། ཆོས་ཀྱི་ཞེས་སོགས་སོ། །བཞི་པ་ནི། གསུམ་པོ་རང་བཞིན་གཅིག་ཏུ་ཤེས་པས་གསུམ་པོ་ལ་དེ་དང་དེར་ཞེན་པའི་བློ་སྤོང་ནུས་སོ་ཞེས་པ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply