ཆོས་རྣམས་ཞེས་སོ། །རང་བཞིན་གཅིག་ཚུལ་ཇི་ལྟར་ཞེ་ན། དེ་རྟོགས་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་ཅེས་པ་ནི། མཐོང་བ་ཞེས་སོགས་དང་། གཟུགས་ལ་ཞེས་སོགས་སོ། །དེ་ལྟ་བུའི་སྤང་གཉེན་གྱི་དོན་བསྡུ་བ་ནི། དེ་ལྟར་ཞེས་སོགས་སོ། །ཞེས་དཀའ་འགྲེལ་ལས་བཤད་དོ། །གཉིས་པ་འཇུག་པ་སྦྱོར་བ་ལ། སྦྱོར་བའི་དབྱེ་བ་དང་། དེའི་མཉམ་ཉིད་གཉིས། དང་པོ་ལ་སྦྱོར་བའི་ཡུལ་དང་། ངོ་བོའོ། །དང་པོ་ནི། ལ་ཞེས་པ་ཀུན་གྱི་མཇུག་ཏུ་སྦྱར་ཏེ། ཞེན་སྤྱོད་འགོག་པའི་ཡུལ་བཅུའོ། །གཉིས་པ་ནི། ཡུལ་དེ་དག་ལ་མངོན་པར་ཞེན་པའི་སྤྱོད་པ་བཀག་པ་སྟེ་ཞེན་པ་མེད་པའི་སྦྱོར་བའོ། །གཞིའི་ངོ་བོ་གཟུགས་དང་ལ་སོགས་པ་རྣམ་མཁྱེན་གྱི་བར་ལ་ཞེན་སྤྱོད་བཀག་ནས་མི་དམིགས་པར་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཏེ། འོག་མ་རྣམས་ལའང་སྦྱར་རོ། །གཞིའི་ཁྱད་པར་གཟུགས་སོགས་དེ་མི་རྟག་པ་དང་སོགས་པ་རྟག་པ་དང་ཞི་མ་ཞི་སོགས་ལའོ། །གཟུགས་སོགས་དེའི་མཚན་ཉིད་ཀྱི་དབྱེ་བ་མ་རྫོགས་པ་ཀུན་བཏགས་དང་། ཡོན་ཏན་གྱི་ཚོགས་དང་ལྡན་པ་རབ་ཏུ་རྫོགས་པ་ཡོངས་གྲུབ་དང་། དེ་དག་གིས་མཚོན་པའི་གཞན་དབང་ལའོ། །གཟུགས་སོགས་དེ་ལ་ཆགས་པ་མེད་པ་གཉེན་པོ་དང་། དེ་ལ་ཆགས་བཅས་ཏེ་སྤང་གཉེན་གྱི་དབྱེ་བ་ཉིད་ལའོ། །ཆོས་ཉིད་ཚིག་གིས་བསྟན་མ་བསྟན་གྱིས་འཕེལ་འགྲིབ་ཏུ་མི་འགྱུར་བ་ལའོ། །ཆོས་ཉིད་ཆགས་སྡང་གི་བྱེད་པ་པོར་མེད་པ་ཉིད་ལའོ། །རྣམ་མཁྱེན་དོན་དམ་པར་ངོ་བོས་སྟོང་ཡང་ཐོབ་པར་བྱ་དགོས་པས་ཆེད་དུ་བྱ་བ་དང་། ལམ་ཤེས་ཉམས་སུ་བླང་དགོས་པས་སྦྱོར་བ་དང་། གཞི་ཤེས་གཞན་ལ་བསྟན་དགོས་པས་བྱེད་པ་བྱ་དཀའ་བ་རྣམ་པ་གསུམ་ལ་སྦྱོར་བ་ལའོ། །གཞི་ཤེས་ཀྱི་ཡུམ་རིགས་ཅན་གསུམ་གྱི་བསྒོམས་པ་ལས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་པས་འབྲས་བུ་ཡོད་པར་འདོད་པ་དེ་ལ་དང་ནིའོ། །ཡུམ་དོན་དམ་དུ་སྲུང་བྱ་སྲུང་བྱེད་དང་བྲལ་ཡང་གང་ཞིག་ཀུན་རྫོབ་ཏུ་ཡུམ་སྒོམ་པ་ནི་སྲུང་བ་ཆེན་པོ་ཡིན་པས་སྲུང་བྱེད་གཞན་ལ་རགས་ལས་པ་མེད་པ་གང་ཡིན་པ་ལའོ། །སྣང་བའི་ཆོས་ཐམས་ཅད་བདེན་མེད་དུ་ཤེས་པར་བྱེད་པ་རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བདུན་ལའོ། །ཡང་ན་སྦྱོར་བའི་དབྱེ་བ་ལ་འཕགས་སེང་གཉིས་ཀྱིས་སྦྱོར་བ་བཅུར་བྱས་ནས་ཞེན་སྤྱོད་བཀག་པ་སྦྱོར་བ་བཅུ་ཆར་ལ་སྦྱོར་བ་བཞེད་ཅིང་། དེའི་དོན་སྔ་རབས་པ་རྣམས་ཀྱིས་དང་པོ་བཞི་རང་བཞིན་གྱི་སྦྱོར་བ་དང་། ཕྱི་མ་དྲུག་གནས་སྐབས་ཀྱི་སྦྱོར་བར་བཞེད་ཀྱང་ཤེས་བྱེད་མ་མཐོང་ངོ་། །དེས་ན་དང་པོ་བཞི་ལོགས་སུ་བཅད་ནས་ཞེན་སྤྱོད་བཀག་པར་རྩ་བར་གསུངས་པའི་དོན་ནི་བདེན་བཞིའི་སྟེང་གི་ཁྱད་ཆོས་ལ་ཞེན་སྤྱོད་བཀག་པས་ན། ཉན་ཐོས་ཀྱི་རྟོགས་རིགས་ལ་ཞེན་སྤྱོད་བཀག་པར་མངོན་ཏེ། གཟུགས་སོགས་ཞེས་པས་བདེན་བཞི་བསྟན། དེ་མི་རྟག་སོགས་ཞེས་པས་སྡུག་བསྔལ་བདེན་པའི་ཁྱད་ཆོས་བསྟན། དེ་མ་རྫོགས་དང་ཞེས་པའི་ཀུན་འབྱུང་བདེན་པའི་ཁྱད་ཆོས་བསྟན། རབ་རྫོགས་དང་ཞེས་པས་འགོག་བདེན་གྱི་ཁྱད་ཆོས་བསྟན། དེ་ལ་ཆགས་པ་མེད་ཉིད་ཅེས་པས་ལམ་བདེན་གྱི་ཁྱད་ཆོས་བསྟན་ཏེ། དེ་དག་ལ་ཞེན་སྤྱོད་བཀག་ནས་བསྒོམས་པའི་འབྲས་བུ་ལ་མཐོང་ལམ་གྱི་གནས་སྐབས་སུ་བདེན་བཞིའི་སྟེང་གི་རྟག་མི་རྟག་སོགས་ཀྱི་སྤྲོས་པ་སོ་གཉིས་དང་བྲལ་བའི་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་འབྱུང་བའི་ཕྱིར། ཕྱི་མ་དྲུག་གིས་ནི་རང་རྒྱལ་གྱི་རྟོགས་རིགས་ལ་ཞེན་སྤྱོད་བཀག་པ་བསྟན་ཏེ། དང་པོ་ལྔས་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་རང་བཞིན་མེད་པར་རྟོགས་པ་སོགས་བསྟན་ཅིང་། ཐ་མས་གཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པ་བསྟན་པའི་ཕྱིར་ཏེ། ཉིར་སྣང་དུ་ཐམས་ཅད་ཤེས་པ་ཉིད་ལ་ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ནས་དཔེའི་དོན་འཐད་པར་བྱས་པས་གང་གསུངས་པ་ཡིན་ནོ་ཞེས་པ་ནི། ཡོངས་འཛིན་མཆོག་གི་ལེགས་བཤད་དོ། །གཉིས་པ་ནི། གཟུགས་ལ་སོགས་པ་དངོས་པོའི་དོན་དང་། ལ་སོགས་པ་མཚན་མ་དང་དབྱེ་བའི་སྤྲོས་པ་དང་རྟོགས་པ་ལ་རློམ་པ་མེད་པ་རྣམ་པ་བཞི་ནི་སྦྱོར་བ་དེ་ཡི་མཉམ་པ་ཉིད་དོ། །གསུམ་པ་ཞུགས་འབྲས་མཐོང་ལམ་ལ་དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། སྦྱོར་བའི་མཉམ་ཉིད་སོ་སོར་རྟོགས་ནས་མཐོང་ལམ་སྐྱེ་ཞིང་སྐྱེས་ནས་སྒོམ་དགོས་པས་མཐོང་ལམ་འཆད་དོ། །འདི་ལ་བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི་བཤད་དོ། །གང་ན་མཐོང་བའི་ལམ་མོ། །དེ་གང་ཞེ་ན། སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་འདིའོ། །བཅུ་དྲུག་གང་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་ལ་སོགས་པའི་བདེན་པ་བཞི་པོ་རེ་རེ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ། བཞི་བཞིར་ཕྱེ་བའོ། །གང་དུ་ན་ཀུན་ཤེས་ཚུལ་ལ་སྟེ་སྐབས་སུའོ། །ཇི་ལྟར་ན་སངས་རྒྱས་སྟོང་དཔང་པོར་བྱས་ནས་བཅུ་དྲུག་ལས་གཞན་མེད་པར་ཤེས་པའི་ཕྱིར་དུ་བཅུ་དྲུག་པོ་ཉིད་མཐོང་བའི་ལམ་ཡིན་པར་རོ། །གཉིས་པ་བཤད་པ་ནི། བདེན་པ་བཞིའི་ཡུལ་ཅན་གྱི་རྣམ་པ་བཅུ་དྲུག་གང་ཞེ་ན། འདི་ལ་བཞི་ལས། དང་པོ་ནི། འབྲས་བུར་གྱུར་པའི་གཟུགས་སོགས་ཀྱི་ཆོས་ཉིད་རྟག་པ་མ་ཡིན་མི་རྟག་པའང་མ་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་། དེ་རྟག་ཆད་ཀྱི་མཐའ་ལས་འདས་པར་རྟོགས་པའི་དང་། དེ་རྣམ་པར་དག་པར་རྟོགས་པའི་དང་། དེ་མ་སྐྱེས་ཞིང་མ་འགགས་པ་དང་ཀུན་བྱང་ལ་སོགས་མེད་པར་རྟོགས་པའི་དང་བཞི་ནི་དུཿཁའི་རྣམ་པའོ། །རྒྱུར་གྱུར་པའི་གཟུགས་སོགས་ཀྱི་ཆོས་ཉིད་ནམ་མཁའ་དང་འདྲ་བར་རྟོགས་པའི་དང་། དེ་རྟོགས་པས་མཐོང་སྤང་གི་ཆགས་པས་མཚོན་ནས་ཉོན་མོངས་སྤངས་པར་ཤེས་པའི་དང་། དེ་ཡོངས་སུ་འཛིན་ཞིང་རང་གིར་བྱེད་པ་ལས་གྲོལ་བར་རྟོགས་པའི་དང་། དེ་ངོ་བོ་ཉིད་ཀྱིས་ཅིར་ཡང་བརྗོད་དུ་མེད་པར་རྟོགས་པའི་དང་བཞི་ནི་ཀུན་འབྱུང་གིའོ། །གློ་བུར་དྲི་བྲལ་གྱི་ཆོས་ཉིད་འདི་ནི་དོན་སོ་སོར་རང་གི་རིག་པར་བྱ་བ་ཙམ་ཡིན་གྱི་སྒྲར་བརྗོད་པ་ཡིས་རྒྱུད་གཞན་ལ་སྦྱིན་དུ་མེད་པར་རྟོགས་པའི་སྟེ། གང་གི་ཕྱིར་ན་འགོག་པ་ཡིན་མིན་གྱིས་སྟོང་པའི་ཕྱིར་རོ་ཞེས་དང་། དེ་རྣམ་པ་གང་གིས་དམིགས་པར་བྱེད་པ་མེད་པར་རྟོགས་པའི་དང་། དེ་མཐའ་ཐམས་ཅད་ཀྱིས་ཤིན་ཏུ་རྣམ་པར་དག་པར་རྟོགས་པའི་དང་། དེ་མཉམ་གཞག་ཏུ་རྟོགས་པས་རྗེས་ཐོབ་ཏུ་ནད་མི་འབྱུང་བ་ལ་ངེས་ཤེས་རང་སྟོབས་ཀྱིས་འདྲེན་པའི་དང་བཞི་ནི་འགོག་པའིའོ། །ལམ་གྱི་ཆོས་རྟོགས་པས་གནས་སྐབས་ཀྱི་འབྲས་བུ་ངན་སོང་ཆད་པའི་ཕན་ཡོན་གྱི་རྣམ་པ་ཅན་དང་། དེ་འབྲས་བུ་ནི་མངོན་དུ་བྱ་བའི་ཐབས་ལ་མི་རྟོག་པ་ཉིད་དང་། ཆོས་ཀུན་གྱི་མཚན་མ་དག་དང་མ་འབྲེལ་བ་སྟེ་མ་འདྲེས་པར་རྟོགས་པའི་དང་། དངོས་པོ་བརྗོད་བྱ་དང་མིང་རྗོད་བྱེད་དང་གཉིས་པོ་ལ་གཟུང་འཛིན་གྱི་ཤེས་པ་སྐྱེ་བ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་བཞི་ནི་ལམ་གྱིའོ། །གསུམ་པ་ནི། དེ་རྣམས་ནི་ཀུན་ཤེས་པ་ཉིད་ཀྱི་སྐབས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་རྣམ་པ་ཡིན་ནོ། །གཉིས་པ་ནི། འོ་ན་དེའི་རྗེས་སུ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡང་མཐོང་ལམ་ནི་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་རྟོགས་པ་ཐེག་ཆེན་གྱི་མཐོང་ལམ་གྱི་ལྡོག་པ་ནས་བསྟན་པས། སྒོམ་ལམ་ཡང་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་རྟོག་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་ལྡོག་པ་ནས་བསྟན་དགོས་པ་ལས་དེ་མེད་པའི་ཕྱིར་ཏེ། བྱང་སེམས་འཕགས་པས་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པ་མེད་པའི་ཕྱིར། དེས་ན་སྐབས་འདིར་བསྟན་པ་སྐབས་སུ་བབ་པའི་ཐེག་ཆེན་གྱི་སྒོམ་ལམ་མེད་པས་མ་བསྟན་ཏོ་ཞེས་པ་ནི། ཉན་ཐོས་ཀྱི་ལམ་ནི་ཞེས་སོགས་སོ། །གཉིས་པ་མཁྱེན་གསུམ་གྱི་མཇུག་བསྡུ་བ་ན། བསྟན་པ་ཡིན་ཞེས་དྲང་ངོ་། །གང་ན་གནས་སྐབས་གསུམ་པོ་དེ་དག་གི་བརྗོད་བྱ་རྣམ་པ་གསུམ་པོ་འདི་ནིའོ། །གསུམ་པོ་གང་ཞེ་ན། སྔར་བཤད་པ་དེ་ལྟར་བཤད་མ་ཐག་པའི་གཞི་ཤེས་འདི་དང་། དེ་ལ་ལྟོས་ནས་ཡང་བཤད་མ་ཐག་པའི་ལམ་ཤེས་འདི་དང་། དེ་ལ་ལྟོས་ནས་ཡང་བཤད་མ་ཐག་པའི་རྣམ་མཁྱེན་འདི་ཡིན་ཏེ་གསུམ་པོའོ། །ཇི་ལྟར་ན་ཡོངས་སུ་རྫོགས་པར་ཏེ་གསུམ་པོའི་དོན་བསྡུས་པའི་ཚུལ་གྱིས་སོ། །གང་གིས་ན། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་འདོར་སྟོན་པར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་གཞི་ཤེས། རབ་འབྱོར་ཡུམ་འདི་ནི་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན། མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་ལམ་ཤེས། རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་། སོ་སོ་སྐྱེ་བོའི་ཆོས་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་སོ་སོར་སྟོན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་རྣམ་མཁྱེན་གྱི་སྐབས་རྫོགས་པར་བསྟན་ཏོ། །ཁ་ཅིག་ལེའུ་གསུམ་ལ་རྫོགས་པར་སྟོན་བྱེད་དུ་འདོད་པ་ནི་མི་འཐད་དེ། འཕགས་སེང་གཉིས་ཀྱིས་ལེའུ་གསུམ་རྫོགས་པའི་མཇུག་ཐོག་ཏུ་འབྱུང་བའི་མདོ་ཚིག་གསུམ་ལ་ངོས་བཟུང་བའི་ཕྱིར་རོ། །སློབ་དཔོན་གྱིས་རྣམ་མཁྱེན་ལ་ཐོག་མར་འདི་ཞེས་སྨོས་ནས་བཤད་མ་ཐག་པའི་ཚུལ་དུ་ཞེས་སྦྱར་བ་ནི། བཤད་བསྡུའི་གོ་རིམ་མཐུན་པ་ཅིག་དགོས་སོ་སྙམ་དུ་དགོངས་པ་ཡིན་ནའང་རྣམ་མཁྱེན་ནི་བཤད་མ་ཐག་པ་དང་འཆད་འགྱུར་གང་ཡང་མ་ཡིན་པས་འདི་ཞེས་སྦྱར་བ་མི་འཐད་ཅིང་ཉིར་སྣང་དུ་ཡང་སྔ་མ་བཞིན་བཤད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་གསུམ་པའི་ལེགས་བཤད་དོ།། ༈ །།གཉིས་པ་སྦྱོར་བ་ལ་བཞི་ལས། དང་པོ་རྣམ་ཀུན་ལ། གཞི་ཤེས་ཀྱི་འོག་ཏུ་དེ་འཆད་པའི་རྒྱུ་མཚན། བཤད་པར་བྱ་བ་རྣམ་ཀུན་དངོས་སོ། །དང་པོ་ནི། དེའི་རྒྱུ་མཚན་ཡོད་དེ། གཞི་ཤེས་ཀྱི་སྐབས་སུ་མཁྱེན་གསུམ་རྒྱས་པར་གཏན་ལ་ཕབ་པའི་དོན་བདེན་བཞིའི་སྟེང་དུ་བསྡུ་ཚུལ་གསུངས་པའི་བསྡུ་ཚུལ་དེ་གང་ཞེ་ན། དེའི་སྟེང་དུ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་སྒོམ་པར་བྱེད་པ་རྣམ་ཀུན་གྱི་སྦྱོར་བ་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །བསྡུ་བའི་ཚེ་རྣམ་མཁྱེན་དང་པོར་སྟོན་པ་ནི་འདིའི་གོ་རིམ་མ་ཡིན་ཏེ། དེའི་ཚེ་དང་པོར་གཞི་ཤེས་ཀྱི་རྣམ་པ་ཉིད་གཞུང་ལས་དངོས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རྣམ་ཀུན་གྱི་དོན་ཡང་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་སྒོམ་པ་ཡིན་པས། སྒོམ་པའི་ཚུལ་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་མ་སྐྱེས་པའི་དང་། དེ་སྐྱེས་པའི་སྒོམ་རིམ་གཉིས་ལས། དང་པོ་ལའང་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བསྡུ་བའི་ཚུལ། དེ་ལྟར་སྒོམ་པ་ལ་སྦྱོར་བའི་རྟེན་གྱི་གང་ཟག དེས་རྣམ་པ་དེ་སྒོམ་པའི་སྦྱོར་བ་ལ་འཇུག་ཚུལ། སྦྱོར་བ་དེ་ཉིད་ཀྱི་ཁྱད་པར་གྱི་ཆོས། དེ་ལ་བརྟེན་ནས་ཐོབ་པའི་ཐར་པ་ཆ་མཐུན་ནོ། །དེ་དག་གི་དོན་ཡང་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་སྒོམ་པའི་ཚེ་རྣམ་པ་དེ་དག་ཏུ་བསྡུ་དགོས་པས་བསྡུ་ཚུལ་ནི། གཞི་ཤེས་ཞེས་སོགས་སོ། །ཐོས་བསམ་གྱིས་གཏན་ལ་འབེབས་པ་ནས་རྣམ་པ་བསྡུ་བའི་བར་གྱི་རྟེན་གྱི་གང་ཟག་དེ་ཡང་། ཡུམ་ཉན་པ་དང་། ཚིག་བློ་ལ་ལེན་པ་སོགས་བཞིར་ཡོད་དོ་ཞེས་པ་ནི། སངས་རྒྱས་སོགས་སོ། །དེ་ལྟར་ཐོས་བསམ་མཐར་ཕྱིན་པའི་གང་ཟག་དེས་རྣམ་པ་བསྡུས་པ་དེ་བསྒོམ་དགོས་ན་ཡུལ་ཅན་གང་གིས་སྒོམ་ཞེ་ན། ཡུལ་ཅན་སྦྱོར་བ་ཉི་ཤུས་སྒོམ་པ་ཡིན་ནོ། །ཞེས་པ་ནི། གཟུགས་ལ་ཞེས་སོགས་སོ། །དེ་ལྟ་བུའི་སྦྱོར་བ་དེ་ལ་ཡང་ཡོན་ཏན་དང་། སྐྱོན་དང་། མཚན་ཉིད་ཤེས་དགོས་པས་དེའི་འོག་ཏུ་གསུམ་པོ་རིམ་བཞིན་བསྟན་ནོ། །གང་ཟག་དེས་དེ་གསུམ་ཤེས་པའི་ཚེ་སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པའི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་སྐྱེས་པ་ཡིན་ནོ་ཞེས་པ་ནི། མཚན་མེད་ཅེས་སོགས་སོ། །དེ་ལྟར་ལྔ་ལས། དང་པོ་ནི། འོ་ན་སྔར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པ་བསྡུ་ན་རྣམ་པའི་ངོ་བོ་ནི་གང་། དབྱེ་ན་དུ་ཡོད་ཅེ་ན། འདི་ལ་བསྟན་པ་བཤད་གཉིས་ལས། དང་པོ་ནི། གཞི་བདེན་བཞིའི་སྟེང་དུ་གནས་ཚུལ་ཤེས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ནི་འདིར་དངོས་བསྟན་གྱི་རྣམ་པ་ཞེས་བྱ་བ་དེའི་མཚན་ཉིད་དེ། དེ་ནི་དབྱེ་གཞི། དབྱེ་ན་རྣམ་པ་གསུམ་དུ་འདོད་དེ། ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་ཡོད་པའི་ཕྱིར་རོ། །ཁ་ཅིག་རྣམ་པ་མདོར་བསྟན་གྱི་རྒྱན་གཞུང་གིས་དོན་རྣམ་དང་། ཤེས་རྣམ་གཉིས་ཀ་དངོས་སུ་བསྟན་ཏེ། གཞིའི་བྱེ་བྲག་རྣམས། རྣམ་པ་ཞེས་བྱ་མཚན་ཉིད་དེ། །བདེན་པ་བཞི་ཡི་བྱེ་བྲག་གིས། །དེ་ནི་རྣམ་པ་བཞི་རུ་འདོད། །ཅེས་པས་དོན་རྣམ། ཤེས་པའི་བྱེ་བྲག་རྣམས། རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་པས་ཤེས་རྣམ་དངོས་སུ་བསྟན་པའི་ཕྱིར་ཟེར་བ་ནི། བཞད་གད་ཀྱི་གནས་ཏེ། ཚིག་གཉིས་པོ་དེ་ནི་ཁྱེད་ཀྱིས་འདོད་རྒྱལ་དུ་སྨྲས་པའི་ཚིག་ཡིན་པའི་ཕྱིར་དང་། གཞན་དུ་ན། སེམས་བསྐྱེད་པ་ནི་རང་དོན་ཕྱིར། །ཉི་ཚེ་བ་ཡི་བྱང་ཆུབ་འདོད། །ཅེས་པའི་རྒྱན་ཚིག་ཅིའི་ཕྱིར་མེད། ཡོད་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོ་གཞི་ཤེས་ཀྱི་རྣམ་པ་རྒྱས་པར་བཤད་པ་ནི། བཤད་ཅེས་དྲང་ངོ་། །གང་ན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ་ཞེས་ཞུས་པའི་ལན་དུ། བཀའ་སྩལ་པ། རྣམ་མཁའ་དམིགས་སུ་མེད་པའི་ཕྱིར་རོ། །འདིར་མེད་པའི་རྣམ་པ་ཞེས་སྨྲོས་ཤིང་། དེ་ནས་བཟུང་སྟེ། མཐར་ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་ལན་དུ། བཀའ་སྩལ་པ། ཆོས་ཀྱི་དབྱིངས་ཡེ་ནས་གནས་པའི་ཕྱིར་རོ། །འདིར་མི་གཡོ་བ་ཡི་རྣམ་པའི་བར་བསྡུས་པའོ། །ཇི་ལྟར་ཞེ་ན། བདེན་པ་དང་པོ་གསུམ་པོ་སོ་སོར་སྟེ་རེ་རེ་ལ་རྣམ་པ་བཞི་བཞི་དང་། ལམ་གྱི་བདེན་པ་ལ་རྣམ་པ་དེ་ནི་བཅོ་ལྔར་ཕྱེ་སྟེའོ། །དེ་ཡང་མདོར་མེད་པ་ལ་སོགས་པའི་རྣམ་གྲངས་ཀྱིས་གསུངས་པ་ལ་དུཿཁའི་རྣམ་པ་ནི་རྟག་པ་མེད་པའི་མི་རྟག་པ་སྟེ། དབུས་མཐར། མི་རྟག་དོན་ནི་མེད་དོན་དང་། །ཞེས་གསུངས་སོ། །དོན་དམ་པར་སྡུག་བསྔལ་མི་སྐྱེ་བས་ཀུན་རྫོབ་ཏུ་སྡུག་བསྔལ་མཚོན་ནོ། །བྱིན་གྱིས་རློབ་པ་པོའི་བདག་དོན་གཞན་གྱིས་དབེན་པ་ནི་སྟོང་པའོ། །བདག་ཡོད་ཀྱི་སྐྱོན་གྱིས་མི་རྫི་བ་ནི་བདག་མེད་མཚོན་ནོ། །ཀུན་འབྱུང་གི་བཞི་ནི་དོན་དམ་པར་སྡུག་བསྔལ་གྱི་གནས་ཏེ་རྒྱུ་མེད་པ་ནི་ཀུན་རྫོབ་ཏུ་རྒྱུ་མཚོན་ནོ། །ནམ་མཁའ་ལ་སྡུག་བསྔལ་ཀུན་འབྱུང་བ་མེད་པ་ལྟར་ཀུན་འབྱུང་དོན་དམ་དུ་མེད་པས་ཀུན་རྫོབ་ཏུ་ཡོད་པའོ། །བརྗོད་པའི་རྒྱུ་རྟོག་དཔྱོད་མེད་པས་ནི་དོན་དམ་དུ་སྡུག་བསྔལ་རབ་ཏུ་སྐྱེ་བ་མེད་པས་ཐ་སྙད་དུ་ཡོད་པ་མཚོན་ནོ། །དོན་དམ་པར་མིང་བཞིའི་ཕུང་པོ་མེད་པས་རྐྱེན་མེད་བསྟན་པས་ཐ་སྙད་དུ་རྐྱེན་ཡོད་པ་མཚོན་ནོ། །འགོག་པའི་བཞི་ལས། འགོག་པ་ནི་གཞན་དུ་འགྲོ་བ་མེད་པ་སྟེ་སོང་ནས་ཐོབ་བྱ་མ་ཡིན་པའོ། །ཞི་བ་ནི་མི་འཕྲོག་པའོ། །དྲི་མ་དོན་དམ་པར་མི་ཟད་པས་ཐ་སྙད་དུ་ཟད་ཅིང་བྲལ་བས་ཀྱང་གྱ་ནོམ་པའོ། །ངེས་འབྱུང་ནི་སྐྱེ་བ་མེད་པས་ཏེ་སྐྱེ་རྒྱུ་མེད་པའི་ཕྱིར་རོ། །ལམ་བདེན་གྱི་རྣམ་པ་གསུམ་ལས། ལམ་དང་པོའི་རྣམ་པ་ལས། ལམ་ནི་བྱེད་པ་པོར་འཛིན་པའི་གཉེན་པོ་ཡིན་པས་བྱེད་པ་པོ་མེད་པར་གསུངས་སོ། །རིགས་པ་ནི་ཤེས་པ་པོའི་བདག་མེད་པའོ། །སྒྲུབ་པ་ནི་ཆོས་དབྱིངས་རང་བཞིན་གྱིས་འཕོ་བ་མེད་པར་རྟོགས་པའོ། །ངེས་འབྱིན་ནི་དོན་དམ་པར་ཉོན་མོངས་འདུལ་བ་མེད་པས་ཐ་སྙད་དུ་མྱང་འདས་རྟག་པ་ངེས་པར་འབྱིན་པར་བྱེད་པའོ། །གཞི་ཤེས་ཀྱིས་བཅུ་དྲུག་པོ་དེ་དག་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཆོས་ཅན། བདེན་པ་བཞི་པོ་དེ་དང་དེའི་རྣམ་པ་ཡིན་ཏེ། དེ་དང་དེའི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ལམ་གཉིས་པའི་རྣམ་པ་ནི། རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཀྱིས་ཕྱི་གཟུང་བའི་དོན་རྨི་ལམ་ལྟར་གདོད་མ་ནས་ངོ་བོ་ཉིད་མེད་པར་རྟོགས་པ་དང་། སྒྲ་བརྙན་ལྟར་མ་སྐྱེས་པ་དང་། མིག་ཡོར་ལྟར་མ་འགགས་པ་དང་། མིག་ཡོར་ནི་གྲིབ་མ་ལ་བཤད་དོ། །སྨིག་རྒྱུའི་ཆུ་ལྟར་གཟོད་མ་ནས་ཞི་བ་དང་། སྒྱུ་མའི་མཚན་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ངོ་བོར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ལམ་གསུམ་པའི་རྣམ་པ་དྲུག་ནི། རང་རྒྱལ་གྱི་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཀྱིས་དོན་དམ་པར་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་མེད་པར་རྟོགས་པ་དང་། རྣམ་བྱང་གི་གཟུང་བར་མེད་པར་དང་། ཀུན་ནས་ཉོན་མོངས་ཀྱིས་གོས་པ་མེད་པར་དང་། གཟུགས་སོགས་ཀྱི་དབྱེ་བའི་སྤྲོས་པ་མེད་པར་དང་། རང་གི་རྟོགས་པ་ལ་བརློམ་བྱའི་གཟུང་བ་མེད་པར་དང་། རྟོགས་པ་ཐོབ་ཟིན་མི་གཡོ་བར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ལམ་བདེན་གྱི་ལམ་དང་པོའི་རྣམ་པ་ནི་མཐོང་སྒོམ་མ་ཕྱེ་བའི་མཉམ་གཞག་ཡིན་ཞིང་། དེའི་ལམ་ཟག་བཅས་ནི་ལམ་གཉིས་པའི་རྣམ་པས་མཚོན་ལ། སློབ་དཔོན་གྱིས་ལམ་གསུམ་པའི་རྣམ་པ་སྒོམ་ལམ་མཉམ་གཞག་ཏུ་གསུངས་པས་མཐོང་ལམ་མཚོན་ཞིང་། ཉིར་སྣང་དུ་མཐོང་ལམ་དུ་གསུངས་པས་སྒོམ་ལམ་མཚོན་པ་ཡིན་ཞེས་སྤང་ལོས་གསུངས་ཏེ། དེ་ལྟར་ན་རྟོགས་རིགས་ཀྱི་དབང་དུ་བྱས་སོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ནི། སྔ་ཕྱིའི་རིགས་པས་འདོད་ཆགས་བྲལ་བ་ནས་བཟུང་སྟེ། ངོ་བོ་ཉིད་ཀྱི་སྟོང་པའི་བར། ཞེས་སྦྱར་ཏེ། བསྒྲགས་སོ་ཞེས་དྲང་ངོ་། །གང་ན་འདོད་ཆགས་དང་བྲལ་བའི་རྣམ་པ་ནས་བཟུང་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པའི་རྣམ་པའི་བར་གྱི་ལམ་ཤེས་རྣམ་པའོ། །གང་ལས་ན་མདོ་ལས་སོ། །ཇི་ལྟར་ན་གོ་རིམ་བཞིན་རྒྱུ་ཀུན་འབྱུང་ལ་རྣམ་པ་དེ་དག་བརྒྱད་དང་། ལམ་ལ་བདུན་དང་ནི། དུཿཁ་ལ་ལྔ་དང་། འགོག་པ་ལ་ནི་བཅུ་དྲུག་ཅེས་བྱ་བར་རོ། །དང་པོ་བརྒྱད་ནི་ལམ་ཤེས་ཀྱིས་འདོད་ཆགས་དང་བྲལ་བར་རྟོགས་པ་དང་། ཡུལ་ལ་ཞེན་པའི་ཚུལ་གྱིས་མི་གནས་པར་རྟོགས་པ་དང་། སྤྲོས་པ་ཉེ་བར་ཞི་བར་རྟོགས་པ་དང་། དུས་གསུམ་མེད་པར་རྟོགས་པ་གསུམ་དང་། ཉོན་མོངས་མེད་པར་རྟོགས་པ་དང་། སེམས་ཅན་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་བདུན་ནི། སེམས་ཅན་ཚད་མེད་པ་བྱང་ཆུབ་ཏུ་བསྒྲོད་པའི་གོ་སྐབས་འབྱེད་པ་དང་། ཤེས་རབ་དང་སྙིང་རྗེས་འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བར་བྱང་ཆུབ་ཏུ་འཛིན་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པར་རྟོགས་པ་དང་། ཉན་རང་གི་ས་ལ་མཆོག་ཏུ་འཛིན་པ་མེད་པ་དང་། བདག་གཉིས་སུ་རྣམ་པར་མི་རྟོག་པ་དང་། ཆོས་ཉིད་ཚད་མས་གཞལ་དུ་མེད་པར་རྟོགས་པ་དང་། གང་ལ་ཡང་ཆགས་པ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གསུམ་པ་ལྔ་ནི། དུཿཁ་ལ་དམིགས་ནས་སྐད་ཅིག་གིས་མི་རྟག་པ་དང་། དུཿཁ་བརྒྱད་ཀྱིས་དུཿཁ་བ་དང་། དོན་གཞན་གྱི་བདག་གིས་སྟོང་པ་དང་། ངོ་བོར་གྱུར་པའི་བདག་མེད་པར་རྟོགས་པ་སྟེ་རང་མཚན་གྱི་རྣམ་པ་བཞི་དང་། ཆོས་ཀྱི་བདག་མེད་རྟོགས་པའི་སྤྱི་མཚན་གྱི་རྣམ་པ་གཅིག་གོ །བཞི་པ་བཅུ་དྲུག་ནི། སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། འགོག་པའི་རྣམ་པ་གསུམ། ཞི་བའི་རྣམ་པ་བརྒྱད། གྱ་ནོམ་གྱི་རྣམ་པ་གཅིག ངེས་འབྱུང་གི་རྣམ་པ་བཞི་རྣམས་སོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། བཞེད་ཅེས་དྲང་ངོ་། གང་ན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་མི་དམིགས་པའི་ཕྱིར་རོ། །ཞེས་དྲན་པ་ཉེ་བར་གཞག་པ་བཞི་ནས་བཟུང་སྟེ། ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཞེས་སངས་རྒྱས་ཉིད་ཀྱི་རྣམ་པའི་མཐར་ཐུག་པའི་བར་རྣམས་ནིའོ། །གང་གིས་ན་སངས་རྒྱས་སོ། །གང་དུ་ན་རྣམ་མཁྱེན་གྱི་རྣམ་པ་དག་ཏུའོ། །དབྱེ་ན་དུ་ཡོད་ཅེ་ན། རིམ་པ་བཞིན་དུ་སྟེ། སློབ་མ་རྣམས་ལ་ཡོད་པ་སུམ་བཅུ་རྩ་བདུན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པ་སུམ་ཅུ་རྩ་བཞི། སངས་རྒྱས་རྣམས་ལ་སུམ་ཅུ་རྩ་དགུ་དག་ཏུ་སྟེ་བརྒྱ་དང་བཅུའོ། །བདེན་བཞི་གང་གི་རྣམ་པ་ཡིན་ཞེ་ན། ལམ་གྱི་བདེན་པ་ཁོ་ནའི་ཡིན་ནོ། །དང་པོ་གཉིས་ཀྱང་དེ་གཉིས་ལ་ཡོད་པ་དང་རྗེས་སུ་མཐུན་པར་བཞག་པ་ཙམ་ཡིན་གྱི་དངོས་མ་ཡིན་ཏེ། རྣམ་པ་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ལ་ཀུན་མཁྱེན་གསུམ་དུ་ལྡོག་པའི་སྒོ་ནས་ཕྱེ་བ་ཙམ་ཡིན་པས་ནའོ། །ཡང་ན་མཐར་ཐུག་པའི་བར་བརྒྱ་དང་བཅུ་པོ་རྣམས་ནི་ལམ་གྱི་བདེན་པའི་རྣམ་པ་ཡིན་གྱི་མཁྱེན་པ་དང་པོ་གཉིས་ཀྱི་རྣམ་པ་ལྟར་བདེན་པ་བཞི་ཆར་གྱི་མ་ཡིན་ནོ། །ཇི་ལྟར་བརྒྱ་དང་བཅུ་ཡིན་ཞེ་ན། རིམ་བཞིན་ཏེ་སློབ་མ་ལ་ཡོད་པ་གཞི་ཤེས་དང་མཐུན་པ་སུམ་ཅུ་རྩ་བདུན། བྱང་ཆུབ་སེམས་དཔའ་ལ་ཡོད་པ་ལམ་ཤེས་དང་མཐུན་པ་སུམ་ཅུ་རྩ་བཞི། སངས་རྒྱས་རྣམས་ལ་ཐུན་མོང་མ་ཡིན་པར་ཡོད་པ་སུམ་ཅུ་རྩ་དགུ་དག་ཏུ་ཕྱེ་བ་རྣམས་སོ། །ཅིའི་ཕྱིར་རྣམ་མཁྱེན་གྱི་རྣམ་པ་ལ་མཁྱེན་གསུམ་དུ་ཕྱེ་ཞེ་ན། ཐོས་བསམ་གྱིས་གཏན་ལ་དབབ་བྱ། བསྒོམ་བྱའི་རྣམ་པ། སྒོམ་བྱེད་སྦྱོར་བ་རྣམས་ལ་མཁྱེན་པ་གསུམ་གསུམ་ཡོད་པས་ན་དེ་དང་རྗེས་སུ་མཐུན་པར་འབྲས་བུ་རྣམ་མཁྱེན་གྱི་རྣམ་པ་ལའང་ཀུན་མཁྱེན་གསུམ་དུ་ཕྱེ་བས་ནའོ། །ཁོ་བོའི་ལེགས་བཤད་དོ། །དང་པོ་ནི། དྲན་པ་ཉེ་བར་བཞག་པ་གཞི་སོགས་སྡེ་ཚན་བདུན་ནོ། །གཉིས་པ་ནི་གཉེན་པོའི་ལམ་སོགས་སྡེ་ཚན་དྲུག་གོ །གསུམ་པ་ནི་སྟོབས་ཀྱི་རྣམ་པ་བཅུ། མི་འཇིགས་པའི་བཞི། སོ་སོ་ཡང་དག་རིག་པའི་བཞི། མ་འདྲེས་པའི་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་རྣམས་སོ། །གཉིས་པ་དེ་ལྟར་སྒོམ་པ་ལ་སྦྱོར་བ་པོའི་རྟེན་གྱི་གང་ཟག་ནི། སྦྱོར་བ་དེ་དག་ཀྱང་དེ་བསྒོམ་པ་ལ་སྦྱོར་བ་པོ་བསྟན་པ་མེད་པར་ཇི་ལྟར་བསྒོམ་པའི་ཚུལ་བརྗོད་པར་མི་ནུས་པས། ཉན་པ་ལ་སོགས་པའི་སྣོད་སྦྱོར་བ་པོ་འཆད་དོ། །དེ་དག་གང་ཞེ་ན། འདས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་གཙུག་ལག་ཁང་འབུལ་བ་ལ་སོགས་པ་བཀུར་བསྟི་ལྷག་པར་བྱས་པ་དང་། དེ་དག་ལ་བསོད་སྙོམས་ཕུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་ཅིང་། ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་བཟུང་བས་མགོན་དང་བཅས་པ་ནི་ཡུམ་གྱི་གཞུང་འདི་ཉན་པ་ཡི་སྣོད་དེ་རྟེན་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་རྣམས་སྒོ་གསུམ་གུས་པའི་སྒོ་ནས་བསྟེན་པ་ནི་གཞུང་བློ་ལ་ལེན་པ་དང་དེ་རྣམས་ལ་ཐེ་ཚོམ་གྱི་དོན་གྱི་ངོ་བོ་ཞུས། རྒྱུ་མཚན་ཀུན་ཏུ་འདྲི་བ་ནི་ཡོངས་སུ་ཞུས་པ་འདིའོ་སྙམ་དུ་དོན་མི་བརྗེད་པར་འཛིན་པ་དང་། སངས་རྒྱས་མང་པོའི་དྲུང་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕར་ཕྱིན་བཅུ་སྤྱོད་ཅིང་སྒྲུབ་པ་དགེ་བའི་བཤེས་གཉེན་གྱིས་བཟུང་བ་དང་བཅས་པ་ནི། ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། མི་དངངས་པ་ལ་སོགས་པའི་སྣོད་དུ་དམ་པ་རྒྱལ་བ་སྲས་བཅས་རྣམས་བཞེད་དོ། །གསུམ་པ་གང་ཟག་དེས་རྣམ་པ་བསྒོམ་པའི་སྦྱོར་བ་ལ་འཇུག་པའི་ཚུལ་ནི། འོ་ན་གང་ཟག་བཞི་པོ་དེས་ཐོས་བསམ་གྱི་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྦྱོར་བ་སྒོམ་པ་ལ་འཇུག་དགོས་ན་ཡུལ་ཅན་སྦྱོར་བ་ལ་དུ་ཡོད་ཅེ་ན། ཉི་ཤུ་ཡོད་དོ་ཞེས་སྟོན་པ་ལ་རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅུ་བཞི། དེ་དག་འགྲུབ་བྱེད་ཐབས་ཀྱི་སྦྱོར་བའོ། །དང་པོ་ལའང་ངོ་བོ་ཉིད་ཀྱི་ཁྱད་པར་དང་། རྟོགས་པའི་ཁྱད་པར་རོ། །དང་པོ་ལ་གཉིས་ལས། དང་པོ་གནས་པ་བཀག་པ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་སྟེ་གང་དུ་ཡང་མི་གནས་པར་སྒོམ་པའི་ཕྱིར་ན་མི་གནས་པའི་སྦྱོར་བའོ། །གཉིས་པ་རྣལ་འབྱོར་བཀག་པ་ནི། གང་གིས་སྟོང་ཉིད་ལྟ་བྱེད་པའི། །ཤེས་པ་དེ་ཡང་སྟོང་པར་ལྟོས། །ཞེས་པ་ལྟར་སྒོམ་པ་དེ་ཉིད་ལ་ཡང་ཞེན་པའི་སྦྱོར་བ་བཀག་ནས་སྒོམ་པའི་ཕྱིར་ན་མི་སྦྱོར་བའི་སྦྱོར་བའོ། །གཉིས་པ་རྟོགས་པའི་ཁྱད་པར་གྱི་སྦྱོར་བ་གསུམ་ནི། གཞི་གཟུགས་སོགས་དེ་ཡི་དེ་བཞིན་ཉིད་ཟབ་པ་ལ་དེར་རྟོགས་ནས་སྒོམ་པའི་ཕྱིར་ན་ཟབ་པའི་སྦྱོར་བ་དང་། ལམ་གྱི་ཆོས་ཉིད་དེ་རྣམས་གཏིང་དཔག་དཀའ་བ་ལ་དེར་རྟོགས་ནས་སྒོམ་པའི་ཕྱིར་ན་གཏིང་དཔག་དཀའ་བའི་སྦྱོར་བ་དང་། རྣམ་པའི་ཆོས་ཉིད་དེ་དག་ཚད་ནི་མེད་པ་ལ་དེར་རྟོགས་ནས་སྒོམ་པའི་ཕྱིར་ན་ཚད་མེད་པའི་སྦྱོར་བ་ཞེས་བྱ་སྟེ། རྣམ་རྫོགས་སྦྱོར་བའི་མཚན་གཞིར་བཟུང་ངོ་། །གཉིས་པ་གནས་སྐབས་ཀྱི་སྦྱོར་བ་ནི། སྔར་གྱི་ལྔ་པོ་ཉིད་ཚོགས་ལམ་དུ་སྒོམ་ན་ཚོགས་ཏེ་འབད་པ་ཆེན་པོས་ཡུན་རིང་པོ་གྲངས་མེད་གསུམ་ཙམ་ན་སངས་རྒྱས་རྟོགས་པའི་སྦྱོར་བ་ཡིན་ཏེ་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆོས་ཅན། ལུང་བསྟན་ཐོབ་པའི་སྦྱོར་བ་ཡིན་ཏེ། ཤེར་ཕྱིན་ལ་མི་སྐྲག་པའམ་ལུང་བསྟན་དུ་རུང་བའི་རྒྱུ་དབང་པོ་ལྔ་ཐོབ་པའི་སྦྱོར་བ་ཡིན་པའི་ཕྱིར། ཟག་མོའི་དོན་ལ་སོམ་ཉི་མེད། །ཅེས་དང་། འདིའི་མཚན་ཉིད་མི་སྐྲག་པ་ཞེས་པ་ལྟར་ན་སྔ་མ་ལེགས་སོ། །རྩེ་མོའི་ཡེ་ཤེས་ཆོས་ཅན། ཕྱིར་མི་ལྡོག་པའི་སྦྱོར་བ་ཡིན་ཏེ། ཡུམ་ཐོས་ནས་ཡང་དག་པར་འཛིན་པའི་སྦྱོར་བ་ཡིན་པའི་ཕྱིར། བཟོད་པའི་ཡེ་ཤེས་ཆོས་ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། བདུད་བཞི་དང་ས་གཉིས་ཀྱི་བར་ཆད་ཀྱི་ཆོས་སྤོང་བའི་དེ་ཡིན་པའི་ཕྱིར། ཆོས་མཆོག་གི་དེ་ཆོས་ཅན། མཐོང་ལམ་སྐྱེ་བ་ལ་བར་ཆད་པ་མེད་པ་དང་བཅས་པའི་དེ་ཡིན་ཏེ། རྟག་ཏུ་ཟབ་མོའི་ཆོས་བསྒོམ་པའི་དེ་ཡིན་པའི་ཕྱིར། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། རྫོགས་པའི་བྱང་ཆུབ་ལ་ཉེ་བའི་དེ་ཡིན་ཏེ། ཟག་མེད་ཀྱི་ཆོས་གསར་དུ་སྐྱེས་པའི་དེ་ཡིན་པའི་ཕྱིར། ས་གཉིས་པ་ནས་བདུན་པའི་བར་གྱི་དེ་ཆོས་ཅན། བྱང་ཆུབ་སྐུ་གསུམ་མྱུར་དུ་ཐོབ་པའི་དེ་ཡིན་ཏེ། འབྲས་བུ་ཆོས་སྐུ་མྱུར་དུ་སྒྲུབ་པའི་དེ་ཡིན་པའི་ཕྱིར། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། གཞན་དོན་གྱི་དེ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་དེ་ཡིན་པའི་ཕྱིར། འཕེལ་བ་མེད་པ་འགྲིབ་པ་མེད་པའི་དེ་ཡིན་ཏེ། གཟུགས་སོགས་ཀྱི་འཕེལ་འགྲིབ་མི་མཐོང་བའི་དེ་ཡིན་པའི་ཕྱིར། ཆོས་དགེ་བ་དང་ཆོས་མིན་མི་དགེ་བ་དང་། སོགས་པ་ལུང་མ་བསྟན་རྣམས་ཁམས་གསུམ་ན་ཅི་རིགས་པར་ཡོད་པ་དེ་མི་མཐོང་བའི་དེ་ཡིན་ཏེ། འདོད་པ་ནས་རྣམ་མཁྱེན་གྱི་བར་མི་དམིགས་པའི་དེ་ཡིན་པའི་ཕྱིར། གཟུགས་ནས་སོགས་པ་རྣམ་མཁྱེན་གྱི་བར་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའོ་ཞེས་འདུ་ཤེས་པ་མི་མཐོང་བ་སྟེ་བཀག་པའི་དེ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པའི་དེ་ཡིན་པའི་ཕྱིར། གཟུགས་སོགས་དང་དེའི་མཚན་མ་སྟེ་སྤུ་རིས་མི་འདྲ་བ་དང་། གཟུགས་སོགས་དེའི་ངོ་བོ་ཇི་ལྟ་བར་ཡོད་པ་ལ་རྣམ་པར་མི་རྟོགས་པའི་དེ་ཡིན་ཏེ། གཟུགས་སོགས་ཀྱི་དངོས་པོར་རྣམ་པར་མི་རྟོག་པའི་དེ་ཡིན་པའི་ཕྱིར། ས་དགུ་པའི་ཡེ་ཤེས་ཆོས་ཅན། རྒྱུན་ཞུགས་ནས་སངས་རྒྱས་ཀྱི་བར་གྱི་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པས་དེ་ཡིན་ཏེ། དེ་སྒྲུབ་པ་དང་ལྡན་པའི་སེམས་པའི་རྣལ་འབྱོར་ཡིན་པའི་ཕྱིར། ས་བཅུ་པའི་ཡེ་ཤེས་དེ་ནི་ཆོས་ཅན། སྒྲིབ་པ་ཕལ་ཆེར་གྱིས་རྣམ་པར་དག་པའི་སྦྱོར་བ་ཡིན་ཏེ། ས་དགུ་པ་མན་ཆད་ཀྱི་དྲི་མས་དག་པའི་དེ་ཡིན་པའི་ཕྱིར། གསུམ་པ་ནི། བྱང་སེམས་སོ་སྐྱེའི་རྣལ་འབྱོར་ཆོས་ཅན། ས་མཚམས་དང་བཅས་པའི་སྦྱོར་བ་ཡིན་ཏེ། བདུད་ལས་ཀྱི་བར་ཆད་མི་འབྱུང་བའི་ཕྱིར་དུ་དུས་འདི་སྲིད་ཅིག་ལ་ཆོས་ཀྱི་སྤྱོད་པ་འདི་ཙམ་ཞིག་བྱའོ་ཞེས་དམ་བཅའ་བརྟན་པོས་མཚམས་བཅད་ནས་སྒྲུབ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། བཞི་པ་ཁྱད་པར་གྱི་ཆོས་ལ་གསུམ་ལས། དང་པོ་ཡོན་ཏན་ནི། དེ་ལྟར་སྦྱོར་བ་བསྒོམས་པ་ལས་མ་འོངས་པ་ན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་ཡོན་ཏན་བཅུ་བཞི་འབྱུང་ངོ་ཞེས་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་སྐྱེད་པ་ནི། སྦྱོར་བའི་ཡོན་ཏན་དབྱེ་གཞི། དབྱེ་ན་རྣམ་པ་བཅུ་བཞི་ཡོད་དེ། བདུད་ཀྱི་མཐུ་བཅོམ་པ་དང་ལ་སོགས་པ། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་ནས་ངེས་པར་ཐོབ་པའི་བར་རྣམས་སུ་ཡོད་པའི་ཕྱིར། བཅུ་བཞི་པོ་ཡང་གཉིས་སུ་འདུས་ཏེ། ཐོབ་བྱའི་ངོ་བོ་བཅུ་གསུམ། རྗེས་མཐུན་གྱི་རྒྱུ་གཅིག་གོ །དང་པོ་ལ་རང་དོན་གྱི་ཡོན་ཏན་བཅུ་གཉིས། གཞན་དོན་གྱི་ཡོན་ཏན་གཅིག དང་པོ་ལ་འབྲས་བུའི་ཁྱད་པར་བརྒྱད། བརྟན་པོའི་ཡོན་ཏན་གཅིག གནས་སྐབས་སོ་སོར་དང་འབྲེལ་པ་གསུམ་མོ། །འདི་ལ་དོན་དུ་གཉེར་བ་དང་། མི་ལྡོག་པའི་གོ་ཆ་དང་། མོས་པ་དང་འབྲེལ་བའོ། །འདི་དག་ནི་ད་ལྟ་སྦྱོར་བ་རང་ལ་ཡོད་པའི་ཡོན་ཏན་རྟགས་སུ་བཀོད་ནས། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་མ་འོངས་པ་ན་འབྱུང་འགྱུར་གྱི་ཡོན་ཏན་དཔོག་པ། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་དཔོག་པ་རང་བཞིན་གྱི་རྟགས་སོ། །མ་འོངས་པ་ན་འབྱུང་འགྱུར་འདིར་སྦྱོར་བའི་ཡོན་ཏན་དུ་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། བྱང་སེམས་དེས་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ། དེ་ཉིད་རྣམ་པར་བསྡུས། དེ་ཉིད་སྦྱོར་བས་བསྒོམ་དགོས་པར་བསྟན་པ་ན། བྱང་སེམས་དབང་རྟུལ་འགའ་ཞིག་སེམས་ཞུམ་པར་འགྱུར་བས་དེ་བསལ་ཏེ། ཕན་ཡོན་གྱི་སྒོ་ནས་སྤྲོ་བ་སྐྱེད་པའི་ཆེད་ཡིན་ཏེ། དཔེར་ན་སའི་ཡོངས་སྦྱོང་མང་པོ་བསྟན་ནས་ས་བཅུ་པ་འབྲས་བུའི་སྒོ་ནས་བཤད་པ་དང་། སྒོམ་ལམ་རྩེ་སྦྱོར་སྒོམ་སྤང་གི་གཉེན་པོའི་ལྡོག་པ་ནས་བསྟན་ནས། བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་པ་བཞིན་ནོ། །གཉིས་པ་སྐྱོན་ནི། དེ་ལྟར་སྦྱོར་བ་བསྒོམ་པ་ལས་ཡོན་ཏན་འབྱུང་བར་ཤེས་ནས་སྤྲོ་བ་སྐྱེས་ཀྱང་གནས་སྐབས་སུ་བར་དུ་གཅོད་པར་བྱེད་པའི་སྐྱོན་ངོ་མ་ཤེས་ན། སྦྱོར་བ་མཐར་ཕྱིན་པར་མི་འགྱུར་བས་སྐྱོན་འདི་དང་འདི་དག་ནི་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་པས་ཤེས་ནས་སྤོང་དགོས་སོ་ཞེས་པ་ནི། སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་སྐྱོན་ནི་དབྱེ་གཞི། དབྱེ་བའི་གྲངས་བཅུ་ཚན་གཞིར་བཅས་པ་དྲུག་ཏུ་ངེས་པར་རྟོགས་པར་བྱའོ། །དེ་ཡང་གསུམ་དུ་འདུས་ཏེ། རང་ལ་རྟེན་པའི་འགལ་རྐྱེན་ཉི་ཤུ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་རྟེན་པའི་འགལ་རྐྱེན་གསུམ་མོ། །དང་པོ་ལ། སྤོབས་པའི་དབང་དུ་བྱས་པ་གཉིས། གནས་ངན་ལེན་གྱི་དབང་དུ་བྱས་པ་གསུམ། སྤོང་བའི་རྒྱུ་འཛིན་པ་གཅིག ཐེག་ཆེན་ལས་ཉམས་པར་བྱེད་པ་དྲུག ཐེག་ཆེན་ལས་གཡེང་བ་བརྒྱད་དོ། །གཉིས་པ་ལ། དཔོན་སློབ་གང་རུང་ལ་བརྟེན་པ། གཞན་གྱི་བརྗོད་པ་ལ་བརྟེན་པ། དཔོན་སློབ་གཉིས་ཀ་ལ་བརྟེན་པའོ། །གསུམ་པ་མཚན་ཉིད་ནི། དེ་ལྟར་ཡོན་ཏན་མཐོང་ནས་སྤྲོ་བ་སྐྱེས། སྐྱོན་ཤེས་ནས་སྤོང་བའི་སྒོ་ནས་བསྒོམ་པར་བྱ་དགོས་པའི་སྦྱོར་བའི་མཚན་ཉིད་གང་ཞེ་ན། མཚོན་པར་བྱེད་པ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པ་གསུམ་དང་། མཚོན་པར་བྱ་བ་ལས་སྒྲུབ་ཀྱི་དབང་དུ་བྱས་པ་གཅིག་སྟེ་བཞིར་ཡོད་དོ་ཞེས་སྟོན་པ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ནི། ཤེས་པར་བྱ་ཞེས་དྲང་ངོ་། །ཇི་ལྟར་ན་མཚན་ཉིད་དུའོ། །གང་ན་ཆོས་གང་གིས་ཐེག་ཆེན་སྦྱོར་བ་མཚོན་པར་བྱེད་པ་དེའོ། །བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དེ་ཡང་དབྱེ་གཞི། དབྱེ་ན་རྣམ་པ་གསུམ་སྟེ། ཤེས་རབ་རྟོགས་པའི་ཆ་མཚོན་པར་བྱེད་པ་ཤེས་པ་དང་། དེ་ཉིད་ཐེག་དམན་ལས་ཁྱད་པར་དུ་འཕགས་པར་མཚོན་པར་བྱེད་པ་ཁྱད་པར་དང་། ཐབས་ཕྲིན་ལས་ཀྱི་ཆ་མཚོན་པར་བྱེད་པ་བྱེད་པའི་མཚན་ཉིད་དེ་གསུམ་མོ། །མཚོན་པར་བྱ་བའི་གཞི་ངོ་བོ་ཉིད་མཚན་གང་ཡིན་དེ་ཡང་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་ཏེ། དེའི་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་སོ་སོར་བཤད་པ་ལ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་བཤད། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་བཤད་པའོ། །དང་པོ་ལ་ཤེས་མཚན། ཁྱད་མཚན། བྱེད་མཚན་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་གཞི་ཤེས་ཀྱི་ཤེས་མཚན་ལ་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་སྦྱོར་བའི་བྱེད་པ། རྟོགས་བྱའི་གཞི། འབྲས་བུ་ཡེ་ཤེས་དང་གསུམ་ལས། དང་པོ་ནི། གཞི་ཤེས་སྦྱོར་བས་ཡུམ་ལས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པའོ། །གཉིས་པ་ལ་ཆོས་ཅན་དང་ཆོས་ཉིད་གཉིས། དང་པོ་ལའང་སྤྱི་དང་བྱེ་བྲག་གོ །དང་པོ་ནི། དེས་ཡུམ་ལས་འཇིག་རྟེན་ཏེ་ཕུང་པོ་ལྔ་དོན་དམ་པར་འཇིག་པ་མེད་པའི་བདག་ཉིད་དུ་ཤེས་པའོ། །གཉིས་པ་ནི། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་སྤྱིར་ཤེས་པ་དང་། ཁྱད་པར་དུ་སེམས་དེ་ཡུལ་གཞན་དུ་མི་འཕྲོ་བར་ནང་དུ་བསྡུས་ཤིང་མཉམ་པར་གཞག་པ་ཤེས་པ་དང་། ཕྱིར་ལྟས་ཏེ་ཡུལ་དུ་མ་ལ་འཕྲོ་བ་ཤེས་པ་དང་། སེམས་ཀྱི་ཆོས་ཉིད་ཟད་རྒྱུ་མེད་པས་མི་ཟད་པ་ཡི་རྣམ་པ་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་ཤེས་པ་དང་། སོགས་པས་ཆགས་བྲལ་ཤེས་པ་དང་། སྡང་བ་དང་། གཏི་མུག་དང་། དེ་གཉིས་དང་བྲལ་བ་བསྡུའོ། །སེམས་ཀྱི་ཆོས་ཉིད་རྒྱ་ཆེན་པོའི་ངོ་བོ་ཉིད་མེད་པ་ཤེས་པ་ཞེས་སམ་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་རྒྱ་ཆེན་པོ་ཤེས་པ་ཞེས་སོ། །སེམས་ཅན་ཐམས་ཅད་དོན་དམ་དུ་སྐྱེ་བ་མེད་པ་དང་ཡང་དག་ཀུན་རྫོབ་ཏུ་བསྒྲུབས་ན་ཡོན་ཏན་ཐོབ་བྱེད་དུ་མཉམ་པས་ན་ཆེན་པོར་གྱུར་པའམ་ཐམས་ཅད་ལ་ཁྱབ་པས་ཆེན་པོར་གྱུར་པ་ཤེས་པ་དང་། སེམས་ནི་དོན་དམ་པར་སོ་སོར་ངེས་པའི་རྟེན་མེད་པས་ཚད་མེད་པར་ཤེས་པ་དང་། རྣམ་ཤེས་རང་གི་མཚན་ཉིད་ཀྱིས་སྟོང་པས་མིག་གམ་སེམས་ཀྱི་ཡུལ་དུ་བསྟན་དུ་མེད་པ་ཤེས་པ་དང་། སེམས་ཀྱི་ཆོས་ཉིད་ཐུབ་པའི་སྤྱན་ལྔས་ལྟར་མེད་པ་ཤེས་པ་དང་། ཤེས་པ་དེ་ཡང་གཡོ་བ་ཡུལ་ལ་སྒྲུབ་པས་འཇུག་པའོ། །ལ་སོགས་པས་དགག་པའི་རྣམ་པ་ཅན་འདུ་བ་དང་། གཉིས་ཀའི་རྣམ་པ་ཅན་བཀྲམ་པ་དང་། གཉིས་ཀ་མིན་པའི་རྣམ་པ་ཅན་བཅུམ་པའོ། །དེ་བཞིན་དབུ་མ་རྩ་ཤེར། འདས་ཕན་ཆད་དང་མཐའ་སོགས་དང་། །ཞེས་སོགས་གསུངས་པ་ལྟར་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ནི་འཁྲུལ་གཞི་ཕུང་པོ་ལྔ་ལ་ཤེས་པར་བྱ་བའི་ཡུལ་ནི་མེད་དོ་ཞེས་བྱ་བར་ཤེས་པ་དང་ངོ་། །གཉིས་པ་ཆོས་ཉིད་ནི། གཡོ་བ་སོགས་དེ་ལས་གཞན་ཡང་གཡོ་བ་ལ་སོགས་པ་དེ་དག་ནི་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པའོ། གསུམ་པ་འབྲས་བུ་ཡེ་ཤེས་ནི། ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ་དེ་གདུལ་བྱ་གཞན་ལ་བསྟན་པ་ཤེས་པའམ་སྔ་འགྱུར་དུ་གཙོ་བོར་བསྟན་པ་ཞེས་འབྱུང་བ་ལྟར་ན། དེ་གཞན་ལ་གཙོ་བོར་བསྟན་ཅིང་བརྟགས་པ་ཡང་ཤེས་པའོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་གཞི་བཅུ་དྲུག་པོ་བདེན་གཉིས་ཀྱི་རྣམ་པ་ཅི་རིགས་པའི་སྒོ་ནས་ཤེས་པ། །ཞེས་བྱ་བ་འདི་རྣམས་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་སྦྱོར་བའི་ཤེས་པའི་མཚན་ཉིད་གདུལ་བྱ་ཉེ་བའི་བསམ་པ་དང་མཐུན་པར་བསྡུས་ནས་གསུངས་པ་ཡིན་ནོ།། །།གཉིས་པ་ལམ་ཤེས་ཀྱི་ཤེས་མཚན་ལའང་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་ལམ་ཤེས་ཀྱི་བཅུ་དྲུག་པོར་ལྔར་འདུས་ཏེ། ལམ་གྱི་ཆོས་ཉིད་ཀྱི་དབྱེ་བ། ཆོས་ཉིད་མ་བཅོས་པ་བློ་ལས་འདས་པར་བསྟན་པ། ཀུན་རྫོབ་ཏུ་རབ་དབྱེ་ཡོད་པ། དོན་དམ་དུ་མེད་པར་བསྟན་པའོ། །དང་པོ་ནི། ལམ་གྱི་ཆོས་ཉིད་རང་གི་ངོ་བོས་སྟོང་པ་ཉིད་དང་། རྒྱུའི་མཚན་མ་མེད་པ་དང་བཅས་པ་དང་། འབྲས་བུ་ལ་སྨོན་པ་རྣམ་པར་སྤངས་པ་དང་། རྒྱུ་ལས་སྐྱེ་བ་མེད་པ་དང་། འགག་པ་སྟེ་འཇིག་པ་མེད་པ་དང་། སོགས་པས་ཆགས་སོགས་ཀུན་ནས་ཉོན་མོངས་པ་མེད་པ་དང་། དད་སོགས་རྣམ་བྱང་མེད་པ་དང་། དངོས་པོ་མེད་པ་དོན་བྱེད་ནུས་པས་སྟོང་པ་དང་། ངོ་བོ་ཉིད་མྱང་འདས་དང་། རྟེན་མེད་པ་ཆོས་ཉིད་དང་། ནམ་མཁའི་མཚན་ཉིད་དེ་བཞིན་ཉིད་ཤེས་པའོ། །གཉིས་པ་ལ། གང་ཟག་དང་ཆོས་ཀྱིས་མ་བྱས་པ་གཉིས་ལས། དང་པོ་ནི། ལམ་གྱི་ཆོས་ཉིད་ལྷ་མི་སོགས་ཀྱིས་བསྐྱོད་མི་ནུས་པས་རྣམ་པར་འཁྲུགས་པ་མེད་པར་ཤེས་པ་དང་། གཉིས་པ་ནི། དེ་འདུས་མ་བྱས་པས་འདུ་མི་བྱེད་པ་ཤེས་པའོ། །གསུམ་པ་ནི། དེ་གང་དུ་ཡང་བཏགས་སུ་མེད་པས་རྣམ་པར་མི་རྟོག་པ་ཤེས་པ་དང་། བཞི་པ་ནི། ཀུན་རྫོབ་ཏུ་དེ་བཞིན་ཉིད་ལ་སོགས་པའི་མིང་གི་རབ་དབྱེ་ཡོད་པར་ཤེས་པ་དང་། ལྔ་པ་ནི། དབྱེ་བ་དེ་ཉིད་དོན་དམ་དུ་མཚན་ཉིད་མེད་པ་ཉིད་དུ་ཤེས་པའོ། །གཉིས་པ་ནི། དེ་རྣམས་ནི་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་ནི་ཤེས་པའི་མཚན་ཉིད་ཡིན་པར་རྒྱལ་བས་བཞེད་དོ། །གསུམ་པ་རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ལ། རང་དོན། གཞན་དོན། གཉིས་དོན་གྱི་ཡོན་ཏན་དང་གསུམ། དང་པོ་ལ་གསུམ་ལས། དང་པོ་བདེ་བར་གནས་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་རྣམ་མཁྱེན་ཐུགས་སུ་ཆུད་པ་ལ་རྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་ཤེས་པ་དང་། གཉིས་པ་མཆོད་པའི་ཡོན་ཏན་ལ། ཀུན་རྫོབ་དང་། དོན་དམ་པ་གཉིས་ལས། དང་པོ་ནི། ཡུམ་ལ་སྒོ་གསུམ་གྱིས་གུས་པར་བྱ་བ་ཤེས་པ་དང་། བཀའ་ལས་མི་འདའ་བས་བླ་མ་ཉིད་དུ་བྱེད་པ་དང་། ཡུམ་དང་རྗེས་སུ་མཐུན་པ་སྤྱོད་པའི་སྒོ་ནས་མཉེས་པར་བྱེད་པ་དང་། ཡུམ་དེ་ལ་མེ་ཏོག་སོགས་ཀྱིས་མཆོད་པར་བྱེད་པ་ཤེས་པ་དང་། གཉིས་པ་ནི། རྣམ་པའི་ཆོས་ཉིད་དོན་དམ་དུ་བྱེད་པ་པོ་མེད་པར་ཤེས་པའོ། །གསུམ་པ་མཁྱེན་པའི་ཡོན་ཏན་ལ་གཉིས་ལས། ཇི་སྙེད་པ་མཁྱེན་པ་ནི། ཤེས་བྱ་ཀུན་ཏུ་ཡེ་ཤེས་འཇུག་པ་མཁྱེན་པ་གང་ཡིན་པའོ། །ཇི་ལྟ་བ་མཁྱེན་པ་ནི། གཟུགས་སོགས་འགའ་ཡང་མ་མཐོང་བའི་ཚུལ་གྱིས་ཟབ་མོའི་དོན་སྟོན་པར་མཛད་པའོ། །གཉིས་པ་གཞན་དོན་གྱི་ཡོན་ཏན་ལ་གཉིས་ལས། སྤྱིར་བསྟན་པ་ནི་ཕུང་པོ་ལྔའི་འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པར་སྟོན་པའོ། །བྱེ་བྲག་ཏུ་བཤད་པ་ལ། འཁོར་དུ་མ་བསྡུས་པ་རྣམས་བསྡུས་ནས་ཐོས་བྱུང་གི་ཤེས་རབ་བསྐྱེད་པའི་དོན་དུ་ལོ་ཀ་སྟོང་པ་ཉིད་དུ་བརྗོད་པ་དང་། བསྡུས་པ་རྣམས་ལ་ལོ་ཀ་པའི་སྒོམ་བྱུང་བསྐྱེད་པའི་དོན་དུ་དེ་དེར་ཤེས་པར་མཛད་པ་དང་། བསྡུས་ནས་སྨིན་པ་རྣམས་ལ་འདས་པའི་རྟོགས་པ་བསྐྱེད་པའི་དོན་དུ་དེ་དེར་མངོན་སུམ་དུ་མཐོང་བར་མཛད་པ་དང་། ལོ་ཀའི་ཆོས་ཉིད་བློ་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པར་སྟོན་པ་དང་། དེ་སྤྲོས་པ་ཐམས་ཅད་ཞི་བ་ཉིད་དུ་སྟོན་པའོ། །གསུམ་པ་གཉིས་དོན་ནི། འཇིག་རྟེན་འགོག་པ་དང་འདུ་ཤེས་འགོག་པའམ་ཡང་ན་འཇིག་རྟེན་འདིའི་འདུ་ཤེས་དང་ཕ་རོལ་གྱི་འདུ་ཤེས་འགོག་པ་ཤེས་པའོ། །འདི་དང་སྔ་མའི་ལ་ནི་བདུན་པའི་སྒྲའོ། །གཉིས་པ་ནི། དེ་རྣམས་ནི་རྣམ་པ་ཀུན་མཁྱེན་པའི་ཚུལ་གྱི་སྦྱོར་བ་ལ་ནི། ཤེས་པའི་མཚན་ཉིད་ཅེས་མདོ་ལས་བཤད་དོ། །གཉིས་པ་ཁྱད་མཚན་ལ། བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི། བཤད་པ་ཡིན་ཞེས་དྲང་ངོ་། །གང་ན་ཐེག་ཆེན་སྦྱོར་བའི་ཁྱད་པར་གྱི་མཚན་ཉིད་དོ། །གང་གི་སྒོ་ནས་ན་འོག་ཏུ་སྟོན་པའི་བསམ་མི་ཁྱབ་པ་དང་། སོགས་པ་མི་མཉམ་པ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་ཀྱིས་ཐེག་དམན་ལམ་ལས་ཁྱད་ཞུགས་པ་བདེན་པ་བཞིའི་སྤྱོད་ཡུལ་ཅན་གྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གིས་སོ། །གཉིས་པ་ལ་བཞི་ལས། དུཿཁའི་ཡུལ་ཅན་གྱི་སྐད་ཅིག་མ་བཞི་ནི། འབྲས་བུ་དང་ཡུལ་གཉིས་ཀྱིས་ཁྱད་པར་འཕགས་ཏེ། དང་པོ་ནི། རབ་འབྱོར་ཡུམ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་དང་། རབ་འབྱོར་དེ་བཞིན་གཤེགས་པ་ཉིད་དང་། སངས་རྒྱས་ཉིད་དང་། རང་བྱུང་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་པའི་ཚིག་བཞི་ཡེ་ཤེས་བཞི་དང་སྦྱར་བ་ལྟར་ན། དེ་བཞི་སློབ་པའི་ཤེས་པས་བསམ་གྱིས་མི་ཁྱབ་པ། ཉན་རང་གི་ཆོས་བཟོད་ཀྱིས་མི་སྐྱེད་པ་ལ་འདིས་སྐྱེད་པས་ཁྱད་པར་དུ་འཕགས་སོ། །གཞན་ལ་ཡང་ཞུགས་པས་ན་མི་མཉམ་པ་ལ་སོགས་པར་བསྒྱུར་རོ། །དེ་བཞིན་དུ་ཡེ་ཤེས་བཞི་དང་མཉམ་པའི་ཆོས་མེད་པས་མི་མཉམ་པ་དང་། ཚད་མས་གཞལ་བ་ལས་འདས་པ་དང་། གྲངས་ཀྱིས་བགྲང་བ་ལས་ཡང་དག་འདས་པའི་ཡེ་ཤེས་བསྐྱེད་པས་ཁྱད་པར་འཕགས་སོ། །གཉིས་པ་ནི། གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ་ཞེས་རྣམ་མཁྱེན་གྱི་བར་ལ་གསུངས་ཏེ། དུཿཁ་བདེན་པའི་ཆོས་ཉིད་དེ་ལྟ་བུ་རྟོགས་པས་ཐེག་དམན་ལས་ཁྱད་པར་འཕགས་སོ། །ཀུན་འབྱུང་གི་བཞི་ནི། དེ་ཆོས་བཟོད་ཀྱིས་འཕགས་པ་ཀུན་གྱི་སྤངས་རྟོགས་ཀྱི་ཡོན་ཏན་ཡར་ལྡན་དུ་སྡུད་པ་དང་། མཁས་པ་ནི་རིགས་གཉིས་དང་དེ་འཕེལ་བའི་རྒྱུ་དེ་བཞིན་གཤེགས་པ་ལ་བྱ་བ་བྱས་པ་གསུམ་དང་ལྡན་པའམ་ཇི་ལྟ་ཇི་སྙེད་ལ་མཁས་པ་ཡིས་རིག་པར་བྱ་བའི་ཟབ་མོ་རྟོགས་པ་དང་། ཉན་རང་གི་ཤེས་པ་དང་སྤངས་པ་བས་ཐེག་ཆེན་གྱི་ཀུན་འབྱུང་རྗེས་བཟོད་མཆོག་ཡིན་པས་ཉན་རང་དང་ཐུན་མོང་མ་ཡིན་པར་ཤེས་པ་ཉིད་དང་། སངས་རྒྱས་མྱུར་དུ་ཐོབ་པས་མངོན་ཤེས་མྱུར་བའོ། །གལ་ཏེ་དེ་ཐོབ་ནས་ཀྱང་སངས་རྒྱས་ཐོབ་པ་ལ་རིང་དུ་ཐོགས་སོ་ཞེ་ན། ཉན་རང་ལ་ལྟོས་ནས་མྱུར་བ་ཡིན་ཏེ། བཤད་སྦྱར་དུ། དམྱལ་བར་འགྲོ་བ་བྱང་ཆུབ་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་གྱི། །ཉན་ཐོས་ཀྱི་ནི་ས་དག་དང་། །རང་སངས་རྒྱས་ཀྱི་ས་གེགས་བྱེད། །ཅེས་སོ། །འགོག་པའི་བཞི་ནི། ཆོས་ཉིད་ཡོན་ཏན་བྲི་བ་དང་སྐྱོན་གང་བ་མེད་པར་རྟོགས་པ་དང་། བ་དྲུས་མ་བེའུ་མི་འདོར་བ་ལྟར། ཡུམ་གྱི་ཆོས་སྤྱོད་སྒྲུབ་པའི་ཆེད་དུ་ཆོས་སྨྲ་བ་མི་འདོར་བར་སྒྲུབ་པ་དང་། ཚེ་སྔ་མ་ལ་དེ་ལྟར་བསྒྲུབས་པས་ད་ལྟར་ཡང་ཚོགས་གཉིས་ཡང་དག་པར་འགྲུབ་པ་དང་། རྒྱ་མཚོར་གྲུ་ཆག་པ་ན་ཤིང་སོགས་ལ་འཇུ་བ་དང་མི་འཇུ་བ་ལྟར། ཡུམ་འབྲི་བ་ལ་སོགས་པས་དམིགས་པ་ཉན་རང་དུ་མི་ལྟུང་བའོ། །ལམ་གྱི་བཞི་ནི། བུམ་པ་སོ་གཏང་མ་གཏང་གིས་ཆུ་འཆུ་བ་ལྟར། རིགས་ཐབས་ཤེས་ཀྱིས་བཟུང་ན་ཉན་རང་དུ་མི་ལྟུང་བའི་རྟེན་དང་བཅས་པ་དང་། གྲུ་བཅོས་ལེགས་བྱས་མ་བྱས་བཞིན་དུ། ཐབས་ཤེས་ཀྱིས་ཟིན་ན་རྣམ་མཁྱེན་གྱི་རྒྱུ་མཐའ་དག་ཚང་བས་ཉན་རང་དུ་མི་ལྟུང་བ་དང་། ལོ་བརྒྱ་ཉི་ཤུ་ལོན་ཅིང་ནད་ཀྱིས་བཏབ་པ་མི་ཡིས་རྟེན་པས་མི་འགྱེལ་བ་བཞིན། ཐབས་ཤེས་ཀྱིས་ཡོངས་སུ་འཛིན་པ་དང་། ལྡན་པས་ཉན་རང་དུ་མི་ལྟུང་བ་དང་། དངོས་པོར་མངོན་ཞེན་དང་བྱང་ཆུབ་གཞན་ལ་ཆགས་པའི་རོ་མྱོང་བ་མེད་པའོ། །གསུམ་པ་ནི། ཁྱད་པར་དེ་དག་ནི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་སྟེ། ཁྱད་པར་བཅུ་དྲུག་པོ་གང་གིས་ཁྱད་པར་དུ་བྱས་པའི་ལམ་ནི་གཞན་ཉན་རང་གི་ལམ་དག་ལས་ཁྱད་པར་དུ་འཕགས་པས་ན་ཁྱད་པར་ལམ་ཞེས་བྱའོ། །ཅིའི་ཕྱིར་སྦྱོར་སྒོམ་གྱི་ཁྱད་པར་མི་འཆད་ཅེ་ན། འདིའི་ཤུགས་ལ་གོ་བར་འགྱུར་ཏེ། རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་འབྱུང་བ་དང་། འབྲས་བུའི་ཁྱད་པར་ནི། རྒྱུའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །ཡང་ན་དཀའ་འགྲེལ་ལྟར་བཤད་དོ། །གསུམ་པ་བྱེད་མཚན་ལ། བཤད་པ་དང་། བསྡུ་བ་གཉིས། དང་པོ་ནི། མི་ལ་སོགས་པའི་གདུལ་བྱ་རྣམས་རྒྱུད་ལྔ་ལས་བཀྲོལ་ནས་ཐར་པ་ལ་འགོད་པ་མ་འོངས་པའི་ཕན་པ་དང་། དུཿཁ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལ་སོགས་ལས་གྲོལ་བ་ལ་འགོད་པ་འདིའི་བདེ་བ་དང་། ལས་ཉོན་གྱི་རྣམ་སྨིན་མ་ཡིན་པ་ཡང་མི་སྐྱེ་བ་ལ་འགོད་པ། སྐྱོབ་པའི་བྱེད་པ་གསུམ་ནི། གཞི་ཤེས་སྦྱོར་བའི་འོ། །ལམ་ཤེས་སྦྱོར་བའི་བདུན་ནི། མི་རྣམས་ཀྱི་ནི་སྐྱབས་དག་སྟེ། གཏན་དུ་ཕན་པ་སངས་རྒྱས་ལ་འགོད་པ་སྟེ། རྒྱུད་བླར། རྟག་པ་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ལ་སོགས་པར་འཐད་ཕྱིར་རོ། །ཞེས་སོ། །དུཿཁའི་རྒྱུ་ལྡོག་པས་གནས་ཀྱི་བྱེད་པ་དང་། སྲིད་ཞི་མཉམ་པར་རྟོགས་པས་སྲིད་པའི་འཇིགས་པ་མེད་པའི་དཔུང་གཉེན་ལ་འགོད་པ་དང་། གཞན་དོན་དུ་འཁོར་བར་གནས་ཀྱང་དེའི་ཉེས་པས་མ་གོས་པ་ལ་འགོད་པ་གླིང་གི་བྱེད་པ་སྟེ། མཐའ་ཆུས་འཁོར་ཡང་རང་སྐམ་སར་གནས་པ་བཞིན་ནོ། །ཡང་ན་ཤེས་རབ་ཀྱིས་མ་རིག་པའི་མུན་པ་སེལ་བས་སྒྲོན་མེའི་བྱེད་པ་སྟེ། གླིང་གི་སྐད་དོད་དྭཱི་པ་ཞེས་པའི་ཝ་ཡིག་ཕྱིས་ན་དཱི་པ་སྒྲོན་མའོ། །གཞན་དོན་སྒྲུབ་པ་ལ་འགོད་པས་ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་། ལྷུན་གྱིས་གྲུབ་པ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་པས་མཚན་མ་དག་རྩོལ་བ་མེད་པར་གཞན་དོན་བྱེད་པ་ལ་འགོད་པ་དང་། ཐེག་པ་གསུམ་གྱི་ལམ་གྱིས་སྤང་བྱ་ལས་ངེས་པར་འབྱུང་ཡང་ཞེས་པའམ་རྣམ་དབྱེ་གསུམ་པ་མེད་ན་ཐེག་པ་གསུམ་གྱི་ལམ་སྒོམ་ཡང་ཉན་རང་གི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་དག་ལ་འགོད་པའོ། །རྣམ་མཁྱེན་གྱི་བྱེད་པ་ནི་གྲངས་ཐ་མ་ཆོས་སྟོན་པ་ལ་འགོད་པ་རྟེན་གྱི་མཛད་པ་སྟེ་གཅིག་གོ །གཉིས་པ་ནི། བཅུ་གཅིག་པོ་འདི་ནི་ཐེག་ཆེན་སྦྱོར་བའི་བྱེད་པའི་མཚན་ཉིད་ཡིན་ནོ། །གཉིས་པ་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ལ། བཤད་པ་དང་། བསྡུ་བ་གཉིས། དང་པོ་ནི། སློབ་དཔོན་ལྟར་ན་གཞི་ཤེས་སྦྱོར་བ་ནི། ཆགས་སོགས་ཉོན་མོངས་མངོན་གྱུར་གྱིས་དབེན་པ་དང་། དེའི་རྟགས་ཏེ་འབྲས་བུ་ལུས་ངག་གི་རྣམ་འགྱུར་གྱིས་དང་། དེའི་མཚན་མ་སྟེ་རྒྱུ་དང་། སྤང་བྱ་མི་མཐུན་ཕྱོགས་དང་གཉེན་པོ་རྣམ་བྱང་དག་གིས་དབེན་པའི་ངོ་བོ་ཉིད་དེ་བཞིའོ། །ལམ་ཤེས་ཀྱི་ལྔ་ནི། དོན་དམ་དུ་མེད་པའི་སེམས་ཅན་མྱང་འདས་ལ་འགོད་པའི་གོ་གྱོན་པར་དཀའ་བ་བྱེད་པ་དང་། ཉན་རང་དུ་མི་ལྟུང་བར་སངས་རྒྱས་སུ་ངེས་པ་དང་། སེམས་ཅན་ཚད་མེད་ཀྱི་དོན་དང་ཡེ་ཤེས་ཚད་མེད་རྣམ་མཁྱེན་ཐོབ་པའི་ཆེད་དུ་བྱ་བ་མ་འཁྲུལ་བ་དང་། བསྒོམ་བྱ་དང་སྒོམ་པ་པོ་མི་དམིགས་པ་དང་། ཡུམ་ནས་རྣམ་མཁྱེན་གྱི་བར་གཉེན་པོའི་ཆོས་ལ་མངོན་པར་ཞེན་པ་བཀག་པ་དང་ལྔའོ། །རྣམ་མཁྱེན་གྱི་བདུན་ནི། རྣམ་ཐར་སྒོམ་གསུམ་ལ་གཞོལ་བས་དམིགས་པ་ཞེས་བྱ་གང་ཡིན་དང་། འཛིན་པ་ལ་སྤྱོད་པའི་ལོ་ཀ་དང་མི་མཐུན་པས་འཛིན་མེད་རྟོགས་པ་དང་། ཆོས་ཐམས་ཅད་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཐོགས་པ་མེད་པ་ཤེས་པ་དང་། དེའི་བར་ཆོས་ཐམས་ཅད་བདེན་པའི་གཞི་མེད་པར་རྟོགས་པ་དང་། རྣམ་པའི་ཆོས་ཉིད་ཁྱད་པར་དུ་འགྲོ་བ་མེད་པར་རྟོགས་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་དོན་དམ་པར་སྐྱེ་མེད་དུ་རྟོགས་པ་དང་། དེའི་བར་གྱི་དེ་བཞིན་ཉིད་ནི་མི་དམིགས་པ་དང་བདུན་ནོ། །གཉིས་པ་ནི། བཞེད་པ་ཡིན་ནོ་ཞེས་དྲང་ངོ་། །གང་ན་ངོ་བོ་ཉིད་མཚན་བཅུ་དྲུག་གི་བདག་ཉིད་ནིའོ། །གང་དུ་ན་མཚན་ཉིད་བཞི་པར་རོ། །རྒྱུ་མཚན་ནི་མཁྱེན་གསུམ་གྱི་སྦྱོར་བ་མཚོན་བྱ་ལྟ་བུར་མཚོན་པའི་གཞི་ཡིན་པས་ན་ཞེས་པའམ། མཚོན་པར་བྱ་བའི་ངོ་བོ་ཡིན་པས་ན་ཞེས་སྦྱར་ཏེ། རིམ་བཞིན་དཀའ་འགྲེལ་དང་ཊཱི་ཀའིའོ། །ལྔ་པ་དེ་ལ་བརྟེན་ནས་ཐོབ་པའི་ཐར་པ་ཆ་མཐུན་ནི། མཚན་ཉིད་ཀྱི་འོག་ཏུ་དེ་འཆད་པའི་རྒྱུ་མཚན་ཡོད་དེ། སྔར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་ནས། ཕབས་པའི་དོན་རྣམས་རྣམ་པར་བསྡུས་པ་ན། སངས་རྒྱས་རྣམས་ལ་ལྷག་པར་བྱས་ཞེས་པའི་སྐབས་ཀྱི་གང་ཟག་བཞིར་འགྱུར་ཞིང་། དེས་སྦྱོར་བའི་དབྱེ་བ་སོགས་བཞི་ལ་མཁས་པའི་ཚེ་འདིར་བསྟན་ཐར་པ་ཆ་མཐུན་སྐྱེས་པ་ཡིན་པའི་ཕྱིར། འདི་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འོ་ན་དེ་དེ་དག་ལ་མཁས་པའི་རྒྱུ་མཚན་ཅི་ཞེ་ན། དེ་སྟོན་པ་ནི་འདོད་ཅེས་དྲང་ངོ་། །གང་ན་མཚན་འཛིན་མེད་ཅིང་སྣང་བརྙན་ཙམ་དུ་ཤེས་པས་རབ་ཏུ་གྱུར་པའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་གྱི་སངས་རྒྱས་ཀྱི་ཆོས་རྣམས་རང་རྒྱུད་ལ་ཡང་དག་པར་སྐྱེད་ཅིང་སྒྲུབ་པ་ལ་མཁས་པ་ནིའོ། །གང་དུ་ན་ཐར་པའི་ཆ་དང་མཐུན་པར་རོ། །གང་ལ་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་འདི་ལའོ། །གཉིས་པ་རྒྱས་པར་བཤད་པ་ནི། བཤད་མ་ཐག་པའི་མཁས་པ་དེ་གང་ཞེ་ན། སངས་རྒྱས་དང་སོགས་པ་ཆོས་དང་དགེ་འདུན་གསུམ་ལ་དམིགས་ནས་དང་བའི་དད་པ་དང་། བདེན་བཞི་དང་ལས་འབྲས་ལ་དམིགས་ནས་འདོད་པ་དང་ཡིད་ཆེས་པའི་དད་པ་དང་། སྤྱོད་ཡུལ་སྦྱིན་སོགས་ལ་སྤྲོ་བའི་བརྩོན་འགྲུས་དང་། བླང་དོར་ལ་བསམ་པ་ཕུན་སུམ་ཚོགས་པ་མི་བརྗེད་པའི་དྲན་པ་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཤེས་བྱའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་དམིགས་མེད་དུ་ཤེས་པའི་ཤེས་རབ་དང་རྣམ་པ་ལྔའོ། །དད་སོགས་ལྔ་པོ་རྣོན་པོ་ཡིས་རྫོགས་པའི་བྱང་ཆུབ་ཐེག་པ་གཞན་གྱིས་མ་ཆོད་པར་རྟོགས་པ་སྟེ་ཐོབ་སླ། དེ་རྟུལ་པོས་དེ་རྟོག་པར་དཀའ་བར་བཞེད་དེ། རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་མ་ཐོབ་ཀྱི་ཁྱད་པར་ཡོད་པའི་ཕྱིར་རོ། །གཉིས་ཆར་ཡང་ཚོགས་ལམ་པའི་དད་སོགས་ལ་ཆེ་འབྲིང་གསུམ་དུ་ཕྱེ་བའི་ཆེན་པོ་ཡིན་པར་སློབ་དཔོན་བཞེད་དོ། །གཉིས་པ་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་སྐྱེས་པའི་གནས་སྐབས་ཀྱི་སྒོམ་རིམ་ནི་ངེས་འབྱེད་ཆ་མཐུན་ནས་ཐབས་མཁས་སྦྱོར་བའི་བར་གྱིས་སྟོན་ལ། འདི་ལ་སྦྱོར་བ་སྐྱེས་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་གང་ཟག བསྒོམས་བྱ་སྦྱོར་བའི་ངོ་བོ་གསུམ་མོ། །དང་པོ་ནི། དེ་ཡང་ཐར་པ་ཆ་མཐུན་གྱི་འོག་ཏུ་ངེས་འབྱེད་ཆ་མཐུན་སྟོན་ཏེ། སངས་རྒྱས་ལ་སོགས་པའི་ཡུལ་ལྔ་ལ་མཁས་པས་དད་སོགས་ལྔས་བསྡུས་པའི་ཐར་ཆ་རྒྱུན་ལྡན་དུ་བསྒོམས་པས་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་སྐྱེས་པ་ན་ཐེག་ཆེན་གྱི་སྦྱོར་ལམ་སྐྱེས་པར་འཇོག་པའི་ཕྱིར་རོ། །འདི་ལ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་དམིགས་རྣམ་མོ། །དང་པོ་ནི། དྲོ་བ་རྣམས་དང་དེས་མཚོན་ནས་གཞན་གསུམ་གྱི་ཡང་དམིགས་པ་ནི་རྣམ་ཀུན་གྱི་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་བསྔགས་ཤིང་བསྟན་ཏོ། །འདི་ཡི་རྣམ་པ་དག་ནི་སེམས་ཅན་དེ་དག་ཉིད་ལ་སེམས་མཉམ་པ་དང་། སོགས་པ་བྱམས་པ། ཕན་པ། ཁོང་ཁྲོ་མེད་པ། རྣམ་འཚེ་མེད་པ་དང་ལྔ། ཕ་དང་མའི་སེམས། སྤུན་དང་སྲིང་མོའི། བུ་དང་བུ་མོའི། བཤེས་དང་གྲོགས་ཀྱི། གཉེན་དང་སྣག་གི་གཉེན་འཚམས་ཀྱི་སེམས་ལྔ་སྟེ་བཅུར་མདོར་བཤད་དོ། །ལྔ་ཚན་དང་པོའི་སྔ་མ་གཉིས་ནི་དྲོད་ཆུང་ངུའི། ཕྱི་མ་གསུམ་ནི་འབྲིང་པོའི། ལྔ་ཚན་ཕྱི་མ་ནི་ཆེན་པོའི་རྣམ་པའོ། །གཉིས་པ་ལ། རྩེ་མོར་གྱུར་པ་ཆུང་ངུའི་རྣམ་པ་ནི། བདག་ཉིད་དུཿཁའི་རྒྱུ་སྡིག་པ་ལས་ལྡོག་པའི་སྒོ་ནས། གཞན་སྡིག་པ་སྤོང་བ་དེ་དག་ལ་ནི་འགོད་པ་དང་། གཞན་བདག་ཉིད་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་། བདག་དང་མཐུན་པས་དགའ་བར་བྱེད་པ་ཉིད་དོ། །འབྲིང་གི་ནི་བདག་ཉིད་བདེ་བའི་རྒྱུ་སྦྱིན་པ་ལ་སོགས་པ་དགེ་བ་ལ་གནས་པའི་སྒོ་ནས་གཞན་སྦྱིན་སོགས་དེ་དག་ལ་ནི་འགོད་པ་དང་། གཞན་བདག་ཉིད་བཞིན་དུ་ཞུགས་པ་ལ་སྔར་བཞིན་ནོ། །ཆེན་པོའི་ནི་སོགས་སྒྲས་བསྡུས་པ་རང་སྟོང་ཉིད་བཅུ་དྲུག་ནས་སྙིང་རྗེ་ཆེན་པོའི་བར་ཡོངས་སུ་རྫོགས་པར་བྱེད་ཅིང་གཞན་དེ་ལ་འགོད་པ་སོགས་དང་། རང་རྟེན་འབྲེལ་ལུགས་མཐུན་ལུགས་མི་མཐུན་ལ་མཉམ་པར་འཇོག་ཅིང་གཞན་དེ་ལ་འགོད་པ་ལ་སོགས་པའོ། །གསུམ་པ་ལ། བཟོད་པ་ཆུང་ངུ་ནི་རྩེ་མོར་གྱུར་པ་ལ་ཇི་ལྟ་བ་དེ་བཞིན་དུ་རང་གི་རྟེན་ཅན་བདེན་པ་བཞི་ལ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བར་ཤེས་པ་ལ་གནས་ནས་གཞན་གྱི་རྟེན་ཅན་ཡང་དེ་ལ་འགོད་པ་དང་ཞེས་སོགས་སོ། །འབྲིང་གི་ནི་སོགས་ཀྱི་སྒྲས་བསྟན་པ་རང་ཉིད་རྒྱུན་ཞུགས་ནས་རང་རྒྱལ་གྱི་འབྲས་བུའི་བར་མངོན་དུ་བྱ་བའི་ཐབས་ཤེས་ཀྱང་མངོན་དུ་མི་བྱེད་ཅིང་གཞན་དེ་ལ་འགོད་པ་ལ་སོགས་པའོ། །ཆེན་པོའི་ནི་སོགས་ཀྱིས་བསྟན་པ་རང་ཉིད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱེད་ཅིང་གཞན་དེ་ལ་འགོད་པ་ལ་སོགས་པའོ། །བཞི་པ་ལ། ཆོས་མཆོག་ཆུང་ངུའི་ནི་སྔ་མ་གཉིས་ལ་བཤད་པ་དེ་བཞིན་དུ་རང་ཉིད་སེམས་ཅན་རྣམས་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་ཅིང་གཞན་ཡང་དེ་དག་ལ་འགོད་པ་ལ་སོགས་པའོ། །འབྲིང་གི་ནི་སོགས་ཀྱིས་བསྟན་པ་རང་ཉིད་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཆེན་པོ་ལ་གནས་ནས་གཞན་དེ་ལ་འགོད་པ་ལ་སོགས་པའོ། །ཆེན་པོའི་ནི་སོགས་ཀྱིས་བསྡུས་པ་རང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་སོགས་སངས་རྒྱས་ཀྱི་ཆོས་མང་པོ་ལ་གནས་ནས་གཞན་དེ་ལ་འགོད་པ་ལ་སོགས་པའི་རྣམ་པ་ཅན་དུ་ཤེས་པར་བྱའོ། །གཉིས་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ངེས་པས་དེའི་འོག་ཏུ་རྟེན་ཕྱིར་མི་ལྡོག་པའི་དགེ་འདུན་སྟོན་ནོ། །འདི་ལ་ལུས་རྣམ་གཞག་ཏུ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་གསུངས་པ་ལ། སློབ་པ་སྨོས་པའི་ཕྱིར་མི་ལྡོག་པ་སྨོས་པའི། ཚོགས་སྨོས་པའི་དགོས་པ། མཚན་གཞི་ངོས་བཟུང་བའོ། །དང་པོ་ནི། རྣམ་ཀུན་གྱི་སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པ་དང་། མི་སློབ་པ་དེ་གཉིས་ལས་འདིར་དང་པོ་འཆད་ཅེས་པའི་དོན་ཏེ། མཚན་གཞི་ནི་སློབ་དཔོན་གྱིས་ས་བདུན་པ་མན་ཆད་ཀྱི་སེམས་དཔའ་ལ་དང་པོ་དང་། དག་པའི་སེམས་དཔའ་ལ་ཕྱི་མར་བཞེད། དཀའ་འགྲེལ་དུ་དེའི་རྟགས་དང་ཞེས་པའི་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་པས་དེ་ལ་བཞེད་དོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །ཞེས་སོགས་ཀྱི་སྐབས་སུ་བྱང་སེམས་ཚོགས་ལམ་པ་ལ་གནས་སྐབས་རྫོགས་བྱང་ལས་ཕྱིར་ལྡོག་མི་ལྡོག་གཉིས་སུ་ཡོད་པར་བཤད་པས་བྱང་སེམས་ཀྱི་སྦྱོར་ལམ་ཐོབ་ནས་ཀྱང་དེ་ལྟར་ཡོད་དམ་ཞེ་ན་མ་ཡིན་ཏེ། དེ་ཐོབ་ནས་བསམ་སྦྱོར་གཉིས་ཀྱིས་དམན་པའི་བྱང་ཆུབ་དུ་མི་འཇུག་པས་ཁྱབ་ཅེས་ཤེས་པའི་ཆེད་དུའོ། །གསུམ་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་དུ་ཚོགས་སམ་དགེ་འདུན་དུ་འགྱུར་བ་ལ་དགེ་སློང་བཞི་དགོས་པར་བཤད་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ལམ་གསུམ་ལ་གནས་པའི་སེམས་དཔའ་རེ་རེ་ཡང་ཚོགས་སམ་དགེ་འདུན་ཡིན་ཞེས་བསྟན་པའི་ཆེད་དུ་ཡིན་ནོ། །བཞི་པ་ནི། འོ་ན་དེའི་མཚན་གཞི་གང་ཞེ་ན། འདི་ལ་རྟེན་གྱི་སྒོ་ནས་མདོར་བསྟན། རྟགས་ཀྱི་སྒོ་ནས་རྒྱས་པར་བཤད་དོ། །དང་པོ་ནི། ངེས་པར་འབྱེད་པའི་ཡན་ལག་ནས་བཟུང་སྟེ། མཐོང་བ་དང་། ས་བདུན་པ་མན་ཆད་ཀྱི་མཐོང་ཟིན་གོམས་པའི་ལམ་སྟེ་གསུམ་པོ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་རྣམས་རྣམ་ཀུན་གྱི་སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་ཡིན་ནོ། །འདིས་ཕྱིར་མི་ལྡོག་གི་རྟགས་བསྟན་པར་འདོད་པ་མི་འཐད་དེ། དེ་ནི་འདི་ལས་འཕྲོས་ནས་གཞུང་འོག་མ་རྣམས་ཀྱིས་སྟོན་པའི་ཕྱིར་རོ། །ཇི་ལྟར་སྟོན་ན། གཉིས་པ་ནི། འོ་ན་ལམ་གསུམ་ལ་གནས་པའི་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ན་དེའི་སྒྲུབ་བྱེད་ཡོད་དམ་མེད། མེད་ན་དམ་བཅའ་ཙམ་གྱིས་རྒོལ་བ་རྟོག་ལྡན་ལ་ངེས་ཤེས་སྐྱེད་མི་ནུས་ཤིང་། ཡོད་ན་དེ་གང་ཞེ་ན། འདི་ཡི་ལན་ལ་སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་གནས་པའི་སེམས་དཔའ་དེར་སྒྲུབ་པའི་གཏན་ཚིགས་གསུམ་ལས། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་དེ་ལ་ཉི་ཤུ་ཡོད་དོ་ཞེས་སྟོན་པ་ནི། ངེས་འབྱེད་ཡན་ལག་ལ་གནས་པའི་སེམས་དཔའ་འདི་ཀུན་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རང་བཞིན་ཅན་ཡིན་ཏེ། གཟུགས་ལ་སོགས་པ་ལས་ལྡོག་པ་དང་ཐེ་ཚོམ་ཟད་པ་ལ་སོགས་པ་མདོར་བརྗོད་པའི་རྟགས་རྣམ་པ་ཉི་ཤུ་ཐོབ་པ་ཡིས་སོ། །གཉིས་པ་བཤད་པ་ལ་དྲོད་ཀྱི་རྟགས་བཅུ་གཅིག རྩེ་མོའི་དྲུག བཟོད་པའི་གཉིས། ཆོས་མཆོག་གི་གཅིག་གོ །དང་པོ་ནི། གཟུགས་སོགས་ཀུན་ངོ་བོ་ཉིད་མེད་པར་རྟོགས་པས་གཟུགས་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་ལ་བདེན་ཞེན་ལྡོག་པ་དང་། གསུམ་གྱི་ཡོན་ཏན་ལ་ཤེས་ནས་དད་པ་ཐོབ་པས་དེ་ལ་ཐེ་ཚོམ་ཟད་པ་དང་། གང་འདོད་དུ་སྐྱེ་བའི་སྨོན་ལམ་འགྲུབ་པས་མི་དལ་བ་བརྒྱད་ཟད་པ་དང་། གཞན་ལ་སྙིང་རྗེ་དང་ལྡན་པས་བདག་ཉིད་མི་དགེ་བ་བཅུ་ཆར་སྤོང་བ་དང་དགེ་བ་བཅུ་ལ་གནས་ཤིང་གཞན་དག་དེ་རྣམས་ལ་འགོད་པ་དང་། བདག་གཞན་གྱི་བདེ་སྡུག་བརྗེ་བས་གཞན་གྱི་དོན་གྱི་རྟེན་ཅན་སྦྱིན་སོགས་སྤྱོད་ཅིང་བྱང་ཆུབ་ཏུ་བསྔོ་བ་དང་། ཟབ་མོའི་དོན་བདག་མེད་གཉིས་རྟོགས་པས་དེ་ལའང་སོམ་ཉི་མེད་པ་དང་། བསམ་སྦྱོར་གཉིས་ཀྱིས་གཞན་ལ་ཕན་པ་བྱེད་པ་ཉིད་དུ་ཞུགས་པས་བྱམས་པས་ཀུན་ནས་བསླངས་པའི་ལུས་དང་སོགས་པ་ངག་དང་ཡིད་ཀྱི་ལས་དང་། བསླབ་གསུམ་གྱི་སྦྱོར་བ་ཕུན་ཚོགས་ཐོབ་པས་སྒྲིབ་པ་ནི་རྣམ་པ་ལྔ་ཤས་ཆེར་དང་མི་འགྲོགས་པ་དང་། སྟོང་ཉིད་བསྒོམས་པས་མ་རིག་པ་ལ་སོགས་ཀྱི་བག་ལ་ཉལ་ཀུན་འཇོམས་པ་དང་། བླང་དོར་གྱི་གནས་ལ་རྟག་ཏུ་མ་ཡེངས་པར་མཉམ་པར་གཞག་པས་དེ་མ་བརྗེད་པའི་དྲན་པ་དང་སྒོ་གསུམ་གྱི་བྱ་བ་ལ་ཡང་ཡང་རྟོགས་པའི་ཤེས་བཞིན་དང་། ཕྱི་ནང་གི་གཙང་སྦྲ་ཀུན་ཏུ་སྤྱོད་པས་གོས་ལ་སོགས་པ་སྲོ་མ་མེད་པས་གཙང་ཞིང་ཀུན་སྤྱོད་གཙང་ལ་ནད་ཉུང་བའོ། །གཉིས་པ་ལ་ལུས་དང་། སེམས་དང་། སྤྱོད་པ་དང་། སྒྲུབ་པ་དང་། རྣལ་འབྱོར་དང་། བསམ་པ་རྣམ་དག་གོ །དང་པོ་ནི། དགེ་རྩ་ཐ་མལ་པ་ལས་མངོན་པར་འཕགས་པ་ཐོབ་པས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་པོ་རྣམས་མི་འབྱུང་བ་དང་། གཉིས་པ་ནི། ཐེག་ཆེན་གྱི་སེམས་ཐོབ་པས་ཉན་རང་གི་ཡིད་ལ་བྱེད་པ་སོགས་གྱ་གྱུའི་སེམས་མེད་པ་དང་། གསུམ་པ་ནི། རྙེད་བཀུར་སོགས་ལ་མི་ལྟ་བས་སྦྱངས་པའི་ཡོན་ཏན་བཅུ་གཉིས་དག་ནི་ལེན་པ་དང་། བཞི་པ་ནི། སྦྱིན་སོགས་མཆོག་ཏུ་སྒྲུབ་པས་སེར་སྣ་སོགས་མེད་པ་དང་། ལྔ་པ་ནི། ཆོས་ཐམས་ཅད་སྟོང་ཉིད་དུ་སྡུད་པས་ཆོས་ཉིད་དང་ལྡན་པར་འགྲོ་བ་ཉིད་དང་། དྲུག་པ་ནི། སྙིང་རྗེས་འགྲོ་བ་བདག་གིར་བྱས་པས་སེམས་ཅན་གྱི་དོན་དུ་དམྱལ་བ་ཚོལ་བ་སྟེ་དོན་དུ་གཉེར་བའོ། །གསུམ་པ་ལ་རང་གི་ལམ་མི་འདོར་བ། གཞན་གྱི་ལམ་ལ་མི་འཇུག་པའོ། །དང་པོ་ནི། སྟོང་ཉིད་ལ་ཡིད་ཆེས་བརྟན་པོ་ཐོབ་པས་གཞན་བདུད་དགེ་སློང་གི་ཆ་བྱད་ཅན་གྱིས་ལམ་གཞན་དུ་ཁྲིད་ཀྱང་བཀྲི་བར་མི་གཏུབ་པ་དང་། གཉིས་པ་ནི། སངས་རྒྱས་ཀྱི་ཐབས་ཕྱིན་དྲུག་ལ་མཁས་པས་ཕྱིན་དྲུག་དང་འགལ་བའི་ལམ་གཞན་ཉེ་བར་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོགས་པ་དང་ངོ་། །བཞི་པ་ནི། ཤེས་རབ་ཀྱིས་འཁོར་གསུམ་ལ་མཚན་འཛིན་དག་པས་སངས་རྒྱས་དགེས་པའི་སྤྱོད་པ་ཐོབ་པ་སྟེ། རྟགས་ནི་ཉི་ཤུ་པོ་དེ་དག་ལས་བཅུ་གཅིག་གིས་དྲོད་དང་། དྲུག་གིས་རྩེ་མོ་དང་། གཉིས་ཀྱིས་བཟོད་པ་དང་བཅས་པ་སྟེ་ལྷན་ཅིག་པའི་དང་། གཅིག་གིས་ཆོས་མཆོག་སྟེ་བཞི་པོ་རྣམས་ལ་གནས་པའི་སེམས་དཔའ་ནི་གནས་སྐབས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་སོ། །བཅས་པ་ནི་ལྷན་ཅིག་པའི་དོན་དང་། རྣམས་ནི་མང་ཚིག་སྟེ་བཞི་ཆར་ལ་འཇུག་གོ །འདིར་བསྟན་བཤད་གཉིས་ལས། སྒྲུབ་བྱེད་ཀྱི་མཐར་ཐུག་ཕྱིར་མི་ལྡོག་པར་གཞན་ཡིད་ཆེས་པར་བྱེད་པ་རྗེས་ཐོབ་ཀྱི་སྤྱོད་པ་དངོས་སུ་བསྟན་ནས་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་འབྱུང་རུང་དང་། སྙིང་རྗེ་ཆེན་པོས་ཟིན་པའི་སྒོ་ནས་གཟུགས་སོགས་ལ་མི་གནས་པའི་མཉམ་བཞག་གི་རྟགས་ཤུགས་ལ་བསྟན་ཏོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ལ་མཉམ་གཞག་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་དོ་ཞེས་སྟོན་པ་ནི། བཟོད་པ་དང་ཤེས་པས་བསྡུས་པའི་སྐད་ཅིག་མ་བཅུ་དྲུག་ནི་མཐོང་བའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་པའི་མཚན་ཉིད་དེ་གཏན་ཚིགས་ཡིན་པར་ཤེས་པར་བྱའོ། །གཉིས་པ་ནི། འོ་ན་དེ་ཉིད་དང་པོ་ནས་རྟགས་སུ་འགྱུར་རམ་ཞེ་ན། མ་ཡིན་གྱི་དེས་དྲངས་པའི་རྗེས་ཐོབ་ཀྱི་སྤྱོད་པ་བཅུ་དྲུག་དང་པོར་རྟགས་ཡིན་ནོ་ཞེས་སྟོན་པ་ལ། གཟུགས་སོགས་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་ནས་གཟུགས་སོགས་སུ་བདེན་པར་རྟོགས་པའི་འདུ་ཤེས་ལྡོག་པ་དང་། སངས་རྒྱས་སོགས་ཀྱིས་བྱིན་གྱིས་བརླབས་པས་བདུད་ཀྱིས་རྣམ་མཁྱེན་དང་ཕྱེ་ཡང་མི་ཕྱེད་པས་སེམས་བརྟན་པ་དང་། ཐབས་ཤེས་ཟུང་འབྲེལ་དུ་སྒྲུབ་པས་ཐེག་པ་དམན་པ་གཉིས་དག་ལས་སེམས་རྣམ་པར་ལོག་པ་དང་། ཆོས་ཐམས་ཅད་སྟོང་ཉིད་དུ་རྣམ་པར་འབྱེད་པའི་མཐུས་རྒྱུ་བསམ་གཏན་དང་ལ་སོགས་པ་གཟུགས་མེད་པའི་སྙོམས་འཇུག་བསྒོམས་ཀྱང་དེའི་དེ་དག་ཏུ་སྐྱེ་བའི་ཡན་ལག་སྟེ་རྒྱུ་ཡོངས་སུ་ཟད་པ་སྟེ་བཞི་ནི་སྡུག་བསྔལ་གྱི་ཡུལ་ཅན་ནོ། །ཀུན་འབྱུང་གི་བཞི་ནི་མཐོང་སྤང་གི་མི་དགེ་བ་དང་བྲལ་བས་དགེ་བ་ལ་བཀོལ་དུ་རུང་བས་ལུས་སེམས་ཡང་བ་ཉིད་དང་ནི། ཆགས་ཅན་འདུལ་བའི་ཐབས་མཁས་ཀྱི་མཐུ་ཐོབ་པས་འདོད་པའི་ཡོན་ཏན་ལ་སྤྱོད་ཀྱང་མ་ཆགས་པ་དང་། ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ལ་འཇུག་པ་ཉིད་དང་། སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་འཚོ་བ་རྣམ་པར་དག་ཅིང་ལོག་འཚོ་སྤངས་པ་ཉིད་དོ། །འགོག་པའི་བཞི་ནི། ཤེས་བྱ་ཕུང་སོགས་དང་། མི་མཐུན་ཕྱོགས་དང་། གཉེན་པོ་རྣམ་བྱང་དང་། མིང་ལ་ཞེན་པ་འགོག་པའོ། །དང་པོ་ནི། ཕུང་སོགས་གསུམ་དང་རྟེན་འབྲེལ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་ཡི་གནས་པ་བཀག་པ་སྟེ། ཤཱནྟི་པས་སྦྱོར་བ་ཞི་གནས་དང་། རྗེས་སུ་སྦྱོར་བ་ལྷག་མཐོང་གི་ཞེས་འཆད་ཀྱང་སློབ་དཔོན་གྱིས་དང་པོར་ཞེན་པ་སྦྱོར་བ་དང་། ཕྱི་ནས་རྒྱུན་དུ་ཞེན་པ་རྗེས་སུ་སྦྱོར་བར་བཞེད། འཕགས་པས་སྡུག་ཀུན་ལ་སྔོན་དང་། འགོག་ལམ་ལ་ཕྱི་མར་ཤེས་པ་ཡིན་པར་བཞེད་དོ། །བཀག་པའི་རྒྱུ་མཚན་ནི། ཕུང་པོ་སོགས་སྟོང་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། གཉིས་པ་ནི། ཉོན་མོངས་དང་རྟོག་པ་ལམ་གསུམ་གྱི་བར་ཆད་བྱེད་པའི་ཆོས་རྣམས་ལ་ཞེན་པ་གཉིས་བཀག་པ་སྟེ། མཐོང་ལམ་གྱི་མི་མཐུན་ཕྱོགས་བསལ་བར་བྱས་པའི་ཕྱིར་རོ། །གསུམ་པ་ནི། དམག་དང་སྣ་ཚོགས་ཤིང་མང་བར་འདྲ་བའི་བྱང་ཆུབ་ཀྱི་རྒྱུ་ཚོགས་ལ་ཞེན་པ་གཉིས་བཀག་སྟེ། རྣམ་རྟོག་གི་སྐྱོན་ཡོངས་སུ་ཤེས་པའི་ཕྱིར་རོ། །གཏམ་སྨོས་པ་ནི་མིང་ཙམ་དུ་རྟོག་པའི་གཉེན་པོར་ཤེས་པའི་ཆེད་དོ། །བཞི་པ་ནི། གྲོང་གི་སྒྲས་བསྟན་པའི་དབང་པོ་དང་། སོགས་པ་གྲོང་ཁྱེར་གྱིས་སྒྲས་བསྟན་པའི་དབང་བརྟེན་དང་། གྲོང་བརྡལ་གྱི་སྒྲས་བསྟན་པའི་དབང་ཡུལ་དང་། བདག་དང་བདག་གི་བ་ལ་གཉེན་པོ་དང་མི་མཐུན་པ་བསད་བྱ་དང་། གསོད་པ་པོར་གཡུལ་འགྱེད་པའི་གཏམ་ལ་ཞེན་པ་གཉིས་བཀག་པ་སྟེ། རྒྱུ་མཚན་ནི་གཟུང་བ་དང་འཛིན་པ་དག་སྤང་བར་བྱས་པ་ཉིད་ཀྱི་ཕྱིར་རོ། །མདོར་གཡུལ་འགྱེད་ཅེས་ལོགས་སུ་བཅད་པས། དང་ཞེས་འབྱེད་པའི་སྒྲ་ཐོབ་ཀྱི་ཡི་ཞེས་དྲུག་པའི་སྒྲ་ནི་འགྱུར་མ་དག་པའོ། །ཞེས་ཊཱི་ཀར་གསུངས་སོ། །ལམ་གྱི་བཞི་ནི། སེར་སྣ་དང་ཚུལ་ཁྲིམས་འཆལ་བ་ལ་སོགས་དྲུག་ལ་དང་པོར་ཞེན་པའི་སྦྱོར་བ་དང་། ཕྱི་ནས་རྒྱུན་དུ་ཞེན་པའི་རྗེས་སུ་སྦྱོར་བ་ཡི་གནས་པ་བཀག་པ་སྟེ། ཕར་ཕྱིན་ཁྱད་པར་ཅན་རྟོགས་པའི་ཕྱིར་རོ། །སོ་སོར་གྱི་སྒྲ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བ་གཉིས་ལ་སྦྱར་རོ། །གཟུགས་སོགས་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་ངོ་བོར་རྟོགས་པས་བྱང་ཆུབ་ཀྱི་ཕྱོགས་སོགས་རྟོགས་པའི་ཆོས་ནི་ཆུང་ངུ་ན་རྡུལ་ཙམ་ཡང་མི་དམིགས་པ་ཉིད་དང་། རང་གི་རྟོགས་པ་ལ་གཞན་གྱིས་མི་འཕྲོག་པའི་ཡིད་ཆེས་ཐོབ་པས་རང་གིས་མཁྱེན་གསུམ་ལ་ངེས་པ་ཐོབ་པ་ཉིད་ཀྱིས་བྱང་ཆུབ་གཞན་དུ་དོགས་པ་མེད་ཅིང་རང་གི་མཁྱེན་གསུམ་ལ་ནི་གནས་པ་དང་། གཅིག་ཏུ་རྣམ་མཁྱེན་དུ་གཞོལ་བས་རྣམ་མཁྱེན་གྱི་རྒྱུར་གྱུར་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བར་ནུས་པ་སྟེ། བཤད་མ་ཐག་པ་དེ་འདྲ་བའི་སྐད་ཅིག་བཅུ་དྲུག་ནི་མཐོང་བའི་ལམ་ལ་གནས་པའི་བློ་ལྡན་བྱང་སེམས་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ནོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ལ་སློབ་དཔོན་གྱིས་བཀྲལ་ཚུལ། གནད་ཀྱི་དོན་ཁ་བསྐང་བའོ། །དང་པོ་ལ། སྒོམ་ལམ་གྱི་ཁྱད་པར་བྱེད་ཆོས། ཁྱད་གཞི་སྒོམ་ལམ་གྱི་རང་བཞིན། དེ་དག་ལ་རྩོད་པ་སྤང་བ། གཏན་ཚིག་དངོས་དང་བཞི་ལས། དང་པོ་ནི་སྒོམ་པའི་ལམ་ནི་ཞེས་སོགས་གཅིག་གོ །གཉིས་པ་ལ་གཉིས་ལས། ངོ་བོ་ནི། ངེས་འབྱེད་ཅེས་སོགས་གཅིག་གོ །དེའི་དབྱེ་བ་ནི། དེ་ནི་རྒྱུན་ཆགས་ཞེས་སོགས་གཅིག་གོ །གསུམ་པ་ལ་གཉིས་ལས། དབྱེ་བ་ལ་རྩོད་སྤང་ནི་གྲངས་མེད་ཅེས་སོགས་གཅིག་གོ །བྱེད་པ་ལ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་གནས་སྐབས་ཀྱི་བྱེད་པ་ལ་རྩོད་པ་སྤང་བ་ལ་རྩོད་པ་ནི། དངོས་པོ་བརྗོད་དུ་ཞེས་སོགས་གཅིག་གོ །ལན་ནི་བྱང་ཆུབ་ཇི་ལྟ་ཞེས་སོགས་གཅིག་གོ །མཐར་ཐུག་གི་བྱེད་པ་ལ་རྩོད་པ་སྤང་བ་ལ་རྩོད་པ་ནི། སེམས་ནི་ཞེས་སོགས་རྐང་པ་གཉིས་སོ། །ལན་ནི་མར་མེ་ཞེས་སོགས་རྐང་པ་གཉིས་སོ། །བཞི་པ་གཏན་ཚིགས་དངོས་ནི། སྐྱེ་བ་དང་ནི་ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་པར་བཞེད་དོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྒོམ་པའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། འདི་ཉིད་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ལ་སྦྱར་བ། ཐེག་དམན་གྱི་སྒོམ་ལམ་ལས་ཁྱད་པར་འཕགས་ཚུལ་ལ་སྦྱར་བ་གྲུབ་མཐའ་འོག་མའི་འདོད་པ་ལས་ཁྱད་པར་འཕགས་ཚུལ་ལ་སྦྱར་བའོ། །དང་པོ་ནི། ཕྱིར་མི་ལྡོག་པའི་གཏན་ཚིགས་དེ་གང་ཞེ་ན། སྒོམ་པའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་ནི་ཟབ་པ་ཡིན་ནོ། །སྟེ་ནི་ཕྱི་མ་འདྲེན་པའི་ཚིག་གོ །ཟབ་པ་དེ་གང་ཞེ་ན། གཏན་ཚིགས་ཟབ་པ་དེ་ནི་མཉམ་གཞག་ཏུ་ཟབ་མོ་སྟོང་པ་ཉིད་དང་མཚན་མེད་ལ་སོགས་པ་བཅུ་གཅིག་མངོན་སུམ་དུ་རྟོགས་པས་དྲངས་པའི་སྒྲོ་འདོགས་དང་སྐུར་པའི་མཐའ་གཉིས་ལས་གྲོལ་བའི་དོན་དཔོག་པར་བྱེད་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཉིད་དོ། །ཞེས་པའོ། །གཉིས་པ་ནི། ཐེག་ཆེན་གྱི་སྒོམ་པའི་ལམ་ནི་ཆོས་ཅན། ཐེག་དམན་གྱི་སྒོམ་ལམ་ལས་ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་ལ་སོགས་པ་བཅུ་གཅིག་མངོན་སུམ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ལམ་ཡིན་པའི་ཕྱིར། སྟོང་པ་ཉིད་ལ་སོགས་པ་དེ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། སྒྲོ་འདོགས་དང་སྐུར་པ་འདེབས་པའི་མཐའ་གཉིས་ལས་གྲོལ་བའི་དོན་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། དབུ་མ་པའི་ལུགས་ཀྱི་སྒོམ་པའི་ལམ་གྱི་འདོད་ཚུལ་ནི་དངོས་སྨྲ་བའི་དེ་ལས་ཟབ་པ་ཡིན་ཏེ། དབུ་མ་པའི་ལུགས་ལ་ཐེག་ཆེན་གྱི་སྒོམ་ལམ་དེ་དོན་དམ་པར་ཟབ་མོ་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཡིན་ཀྱང་། ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པ་མི་འགལ་བས་སྒྲོ་སྐུར་དང་བྲལ་བའི་ཕྱིར། སྟོང་པ་ཉིད་ལ་སོགས་པ་དེ་ནི་ཟབ་མོ་ཡིན་ཏེ། རྒྱུ་མཚན་སྔར་བཞིན་ནོ། །དེ་ལྟར་གསུམ་ལས། དང་པོ་དོན་ལ་ཞུགས་ཏེ། གོང་དུ་སྦྱོར་ལམ་པ་དང་མཐོང་ལམ་པ་ཕྱིར་མི་ལྡོག་གི་གཏན་ཚིགས་ལ་བསྟན་བཤད་གཉིས་གསུངས་པ་ལྟར། འདིར་ཡང་གཉིས་དགོས་ཤིང་དགོས་པ་ལྟར་གཞུང་ཉིད་ལ་གནས་པའི་ཕྱིར་ཏེ། མདོར་བསྟན་དུ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ཟབ་པར་བསྟན་ཅིང་། རྒྱས་བཤད་དུ་ཟབ་པ་དེ་ཉིད་ལ་བརྒྱད་དུ་ཕྱེ་བའི་ཕྱིར། གཉིས་པ་ཡང་དོན་ལ་ཞུགས་ཏེ། རྒྱན་འདིར་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ཐེག་དམན་གྱི་དེ་གསུམ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་བསྟན་དགོས་པ་ལས། ཐེག་ཆེན་གྱི་སྦྱོར་ལམ་ཐེག་དམན་གྱི་དེ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་སྐབས་དང་པོར་བསྟན་ཅིང་། ཐེག་ཆེན་གྱི་མཐོང་ལམ་ཐེག་དམན་གྱི་དེས་ལས་ཁྱད་པར་འཕགས་པའི་འཕགས་ཆོས་ཁྱད་མཚན་འཆད་པའི་སྐབས་སུ་བསྟན་ཟིན་པས། འདིར་ཐེག་ཆེན་གྱི་སྒོམ་ལམ་ཐེག་དམན་གྱི་དེ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་སྟོན་པ་སྐབས་སུ་བབས་པའི་ཕྱིར་རོ། །གསུམ་པ་ཡང་དོན་ལ་ཞུགས་ཏེ། སྐབས་ལྔ་པར་དབུ་མ་པའི་ལུགས་ཀྱི་མཐོང་ལམ་གྱི་དྲི་མ་སྤོང་ཚུལ་དངོས་སྨྲ་བའི་ལུགས་ཀྱི་མཐོང་ལམ་གྱི་དྲི་མ་སྤོང་ཚུལ་ལས་ཟབ་པར་བསྟན་པ་དེ། སྒོམ་ལམ་གྱི་དེ་སྤང་ཚུལ་ལ་སྦྱར་བར་བྱ་བ་ཡིན་ཞིང་། འདིར་དབུ་མ་པའི་ལུགས་ཀྱི་སྒོམ་ལམ་གྱི་ངོ་བོའི་འདོད་ཚུལ་དངོས་སྨྲ་བའི་ལུགས་ཀྱི་སྒོམ་ལམ་གྱི་ངོ་བོའི་འདོད་ཚུལ་ལས་ཟབ་པར་བསྟན་པ་དེ་མཐོང་ལམ་གྱི་འདོད་ཚུལ་ལ་ཡང་སྦྱར་བར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ། གཏན་ཚིགས་གང་ལ་ལྡན་པའི་གཞིར་གྱུར་པའི་སྒོམ་ལམ་ངོས་བཟུང་བ། དེ་ལ་རྩོད་པ་སྤངས་ཏེ་སྒྲོ་སྐུར་དང་བྲལ་བའི་ཚུལ་སྒྲུབ་པ། དེས་གྲུབ་པའི་སྒྲོ་སྐུར་དང་བྲལ་བའི་གཏན་ཚིགས་ཀྱི་དབྱེ་བ་དང་གསུམ་མོ། །དང་པོ་ལ་གཉིས་ལས། ངོ་བོ་ནི། སྒོམ་པའི་ལམ་ཡིན་ནོ་ཞེས་དྲང་ངོ་། །གང་ན་ལུང་ལ་བརྟེན་པ་ཐོས་པ། རིགས་པ་ལ་བརྟེན་པ་བསམ་པ། མྱོང་སྟོབས་ལས་བྱུང་བ་སྒོམ་བྱུང་གི་ཤེས་རབ་གསུམ་མམ། ཡང་ན་ཏིང་ངེ་འཛིན་སྦྱོར་དངོས་རྗེས་གསུམ་ལས་བྱུང་བའི་ཤེས་རབ་གསུམ་གྱིས་རིམ་བཞིན། ཡང་དང་ཡང་དུ་སེམས་པ་དང་། དེ་ལྟར་འཇལ་བ་དང་། དེ་ལྟར་ངེས་པར་རྟོག་པའི་མཁྱེན་པ་དག་ནིའོ། །ཡུལ་གང་ལ་ཞེ་ན། ངེས་པར་འབྱེད་པའི་ཡན་ལག་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་གྱི་གནས་སྐབས་ཉིད་ལ་ངེས་པར་མཐོང་བའི་དོན་སྔར་བཤད་པའི་ཟབ་མོ་རྣམས་ལའོ། །འདིར་རྗེས་ཐོབ་ཀྱི་ལྡོག་པ་ནས་བཤད་པ་ནི་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་གང་ལ་ལྡན་པའི་སྒོམ་ལམ་སྟོན་པ་སྐབས་དོན་ཡིན་ཞིང་། གཏན་ཚིགས་དེ་མཉམ་གཞག་ཏུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པས་དྲངས་པའི་སྒྲོ་སྐུར་དང་བྲལ་བའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལ་བཤད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། བཞེད་དོ་ཞེས་དྲང་ངོ་། །གང་ན་བཤད་མ་ཐག་པའི་སྒོམ་ལམ་དེ་ནིའོ། །ཇི་ལྟར་ན་རྣམ་པ་དགུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་སྒོམ་ལམ་མཉམ་གཞག་དེ་ལ། རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་ཡོད་ལ། དེ་རེ་རེ་ལ་ཡན་ལག་གི་དབྱེ་བ་ཆུང་ངུའི་ཆུང་ངུ་དང་སོགས་པ་འབྲིང་དང་ཆེན་པོ་གསུམ་དུ་དབྱེ་བ་ཡི་སྒོ་ནས་འབྲས་བུ་སྒོམ་ལམ་རྗེས་ཐོབ་ལ་དེ་ལྟར་རྣམ་པ་དགུར་ཕྱེ་བས་སོ། །ཁྱབ་སྟེ་སྒོམ་ལམ་མཉམ་གཞག་རེ་རེའི་རྗེས་སུ་རྗེས་ཐོབ་རེ་རེ་རྒྱུན་ཆགས་སུ་འབྱུང་བ་ཡིན་པའི་ཕྱིར་ཞེས་པའམ། ཡང་ན་མཉམ་གཞག་ལ་དགུར་དབྱེར་རུང་སྟེ། སྒོམ་ལམ་མཉམ་གཞག་དེ་ནི་རྒྱུན་ཆགས་སུ་ཡུན་རིང་པོར་བསྒོམ་པ་ཡིན་པའི་ཕྱིར་ཞེས་སྦྱར་རོ། །གཉིས་པ་ལ་སྒྲོ་འདོགས་པའི་རྩོད་པ་སྤང་བ། སྐུར་པ་འདེབས་པའི་རྩོད་པ་སྤང་བའོ། །དང་པོ་ལ་བསོད་ནམས་གྲངས་མེད་སོགས་མི་སྐྱེད་པར་ཐལ་བའི་རྩོད་པ་སྤང་བ། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ། དེ་ལ་སྒྲོ་འདོགས་པའི་རྩོད་པ། དེ་སྤངས་ནས་སྒྲོ་འདོགས་དང་བྲལ་བའི་ཚུལ་གསུམ། དང་པོ་ནི། ཟབ་མོ་སྟོང་པ་ཉིད་ལ་སོགས། ཞེས་པའི་སྒྲ་ཇི་བཞིན་པའོ། །གཉིས་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་ལ་སོགས་པ་མི་སྐྱེད་པར་ཐལ། འབྲས་བུ་བསོད་ནམས་གྲངས་མེད་དང་གཞལ་མེད་ལ་སོགས་པ་སྐྱེད་པར་བསྟན་པ་རྣམས་དམ་པའི་དོན་དུ་བཟོད་ཅིང་ནུས་པ་མ་ཡིན་པའི་ཕྱིར་ཏེ། དོན་དམ་པར་ཟབ་མོ་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་འབྲས་བུ་བསོད་ནམས་གྲངས་མེད་སོགས་སྐྱེད་པར་གྲུབ་པས་དོན་དམ་པར་སྐྱེད་པར་གྲུབ། དེ་གྲུབ་པས་སྒོམ་ལམ་དེ་དོན་དམ་པར་ཡོད་པར་གྲུབ་བོ་ཞེས་པ་ནི་སྒྲོ་འདོགས་པའི་རྩོད་པའོ། །གསུམ་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དོན་དམ་པར་ཟབ་མོ་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་ཏུ་འབྲས་བུ་བསོད་ནམས་གྲངས་མེད་སོགས་སྐྱེད་པ་མི་འགལ་ཏེ་ཀུན་རྫོབ་ཏུ་ནི་ཁྱོད་ཀྱིས་བསྐྱེད་པའི་བསོད་ནམས་གྲངས་མེད་ལ་སོགས་པ་དེ་དག དེ་བཞིན་གཤེགས་པའི་ཐུགས་བརྩེ་བའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པར་ཐུབ་པ་རྣམས་བཞེད་པའི་ཕྱིར། གཉིས་པ་ལ་སྔར་ལྟར་གསུམ་ལས། དང་པོ་གང་ལ་རྩོད་པའི་ཡུལ་ནི། ཟབ་མོ་སྟོང་པ་ཉིད་ལ་སོགས། ཞེས་སྒོམ་ལམ་གྱི་ངོ་བོ་དོན་དམ་པར་སྟོང་ཉིད་དུ་བསྟན་པ་དང་། ཆུང་དང་འབྲིང་དང་ཆེན་པོ་རྣམས་ཞེས་པར་སྤང་བྱ་དགུའི་གཉེན་པོར་སྒོམ་ལམ་དགུར་ངེས་པར་བསྟན་པ་ལའོ། །གཉིས་པ་ནི། ཐེག་ཆེན་གྱི་སྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། སྤང་བྱ་དགུ་པོ་ཅི་ཞིག་ཉམས་ཤིང་གཉེན་པོ་དགུ་པོ་ཅི་ཞིག་འཐོབ་སྟེ་ཉམས་འཐོབ་མེད་པར་ཐལ། དོན་དམ་པར་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་གྲུབ་ཀྱི་དངོས་པོར་བརྗོད་དུ་མེད་པ་ལ་སྤང་བྱ་ཉམས་པ་དང་ནི་གཉེན་པོ་འཕེལ་བའི་བྱ་བ་བྱེད་པ་མི་རུང་བའི་ཕྱིར། དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པས་བདེན་པར་གྲུབ་བོ་ཞེས་པ་ནི་སྒྲོ་འདོགས་པའི་རྩོད་པའོ། །གསུམ་པ་ནི། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པས་དཔེ་བསྟན། དེ་ཡང་དེ་ཡི་མཚན་ཉིད་བཞེད། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་པས་དོན་བསྟན་ཏེ། ཐེག་ཆེན་གྱི་སྒོམ་ལམ་དེ་ཡང་དོན་དམ་པར་སྟོང་ཉིད་དེ་ཡི་མཚན་ཉིད་དེ་རང་བཞིན་ཡིན་ཡང་། ཀུན་རྫོབ་ཏུ་ཐེག་ཆེན་གྱི་སྒོམ་ལམ་འདི་ནི་འདོད་པའི་དོན་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་སྒྲུབ་བྱེད་དུ་ཐུབ་པས་བཞེད་དེ། བྱང་ཆུབ་སྐུ་གསུམ་པོ་དེ་དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་བྲལ་བའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་ཡང་། ཀུན་རྫོབ་ཏུ་བྱང་ཆུབ་སྐུ་གསུམ་པོ་དེས་གཟུང་འཛིན་གྱི་སྤྲོས་པར་བསྟན་པའི་སྒོ་ནས་གདུལ་བྱའི་དོན་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཡིན་པའི་ཕྱིར། དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་ཀྱང་བདེན་པར་མི་འགྲུབ་བོ་ཞེས་པ་ནི་སྒྲོ་འདོགས་ལས་གྲོལ་བའི་ཚུལ་ལོ། །གཉིས་པ་སྐུར་འདེབས་ཀྱི་རྩོད་སྤོང་ལ་གང་ལ་རྩོད་པའི་ཡུལ། དེ་ལ་སྐུར་འདེབས་ཀྱི་རྩོད་པ། དེ་སྤངས་ཏེ་སྐུར་འདེབས་ལས་གྲོལ་ཚུལ་དང་གསུམ་མོ། །དང་པོ་ནི། འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་པ་ལའོ། །གཉིས་པ་ནི། ཐེག་ཆེན་སྒོམ་ལམ་པའི་སེམས་བསྐྱེད་ནི་ཆོས་ཅན། ཁྱོད་ཀྱིས་བླ་མེད་བྱང་ཆུབ་སྐྱེད་པར་རིགས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་མས་དེ་མི་སྐྱེད་པ་གང་ཞིག ཁྱོད་ཀྱི་དེ་ཕྱི་མས་ཀྱང་དེ་བསྐྱེད་པ་མ་ཡིན་པའི་ཕྱིར་ཞེས་པ་ནི་གཞུང་གི་དངོས་བསྟན་ཡིན་ལ། འགྲེལ་པར་མཐའ་གསུམ་དུ་བརྟགས་པ་མཛད་དོ། །གསུམ་པ་ནི། མར་མེའི་དཔེ་ལ་བརྟེན་པ་ཡི་ཚུལ་ཏེ་རིགས་པ་དེ་ཉིད་ཀྱིས་འོག་ཏུ་འཆད་པར་འགྱུར་བའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་མི་འགལ་བར་རྟོགས་པའི་ནང་ནས་དང་པོ་སྐྱེ་བ་ཟབ་པ་མི་འགལ་བར་རྟོགས་པ་དེས་འདིའི་རྩོད་ལན་རྟོགས་པར་འགྱུར་རོ། །ཇི་ལྟར་ན་ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་བླ་མེད་བྱང་ཆུབ་མི་སྐྱེད། དེ་དག་མེད་པར་ཡང་དེ་མི་སྐྱེད་ཀྱང་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་དེ་སྐྱེད་པ་ཡིན་ཏེ། མར་མེའི་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་སྡོང་བུ་སྣུམ་ལྡན་རྫོགས་པར་མི་སྲེག དེ་དག་མེད་པར་ཡང་རྫོགས་པར་མི་སྲེག་ཀྱང་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་དེ་ལྟར་སྲེག་པའི་ཕྱིར་ཞེས་པ་ནི་སྐུར་འདེབས་ལས་གྲོལ་བའི་ཚུལ་ལོ། །གསུམ་པ་སྒྲོ་སྐུར་དང་བྲལ་བའི་གཏན་ཚིགས་ཀྱི་དབྱེ་བ་ནི། མདོར་བསྟན་དུ་སྒོམ་ལམ་ཕྱིར་མི་ལྡོག་གི་གཏན་ཚིགས་དེ་ཟབ་པ་ཡིན་པ་དང་། ཟབ་པ་དེ་སྒྲོ་སྐུར་དང་བྲལ་བར་བཤད་ན། གཏན་ཚིགས་ཟབ་པ་ལ་དབྱེ་ན་དུ། དེ་སྒྲོ་སྐུར་དང་བྲལ་བའི་ཚུལ་ཇི་ལྟར་ཞེ་ན། གཏན་ཚིགས་ཟབ་པ་ལ་སྐྱེ་བ་ཟབ་པ་སོགས་བརྒྱད་ཡོད་དོ་ཞེས་པ་ནི། སེམས་བསྐྱེད་སྔ་ཕྱི་ལྟོས་མེད་དུ་བྱང་ཆུབ་མི་སྐྱེད་ཅིང་། ལྟོས་ནས་སྐྱེད་པ་སྐྱེ་མི་སྐྱེ་འགལ་བ་ལྟ་བུའི་དོན་མི་འགལ་བས་སྐྱེ་བ་ཟབ་པ་ཉིད་དང་། དངོས་པོ་རྣམས་དོན་དམ་དུ་མི་འགག་ཅིང་ཀུན་རྫོབ་ཏུ་སྐྱེས་ཙམ་ནས་འགགས་པས་འགག་པ་ཟབ་པ་ཉིད་དོ། །གཉིས་པ་ལམ་ཐབས་ཤེས་ཟབ་པ་ནི། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་པར་བྱས་ཀྱང་། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དེ་མངོན་དུ་མི་བྱེད་པ་དེ་བཞིན་ཉིད་ལ་ཡོད་པའི་ཟབ་པ་ཉིད་དང་། གསུམ་པ་སྤང་བྱ་གཟུང་འཛིན་ཟབ་པ་ནི། དེ་བཞིན་ཉིད་ཀྱི་ཆོས་ཀུན་ལ་བསྒྲུབ་ཏུ་མེད་ཀྱང་སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་སྒྲུབ་པས་ཤེས་བྱ་ལ་ཡོད་པའི་ཟབ་པ་ཉིད་དང་། མཐོང་བྱ་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པས་ཅིར་ཡང་མཐོང་བ་མེད་པ་ཉིད་དོན་དམ་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་ལ་ཡོད་པའི་ཟབ་པ་ཉིད་དང་། བཞི་པ་ཉམས་ལེན་སྤྱོད་པ་ཟབ་པ་ལ་སྤྱོད་པའི་ངོ་བོ། དེའི་རྣམ་པ། དེའི་ཁྱད་པར་དང་གསུམ། དང་པོ་ནི། ཆོས་ཉིད་ཀྱི་སྒོ་ནས་སྤྱད་བྱ་མེད་ཀྱང་ཐ་སྙད་དུ་སྦྱིན་སོགས་ལ་སྤྱོད་པ་ཞེས་བྱ་བ་སྤྱོད་པ་ཟབ་པ་ཉིད་དང་། གཉིས་པ་ནི། མཚན་མ་ཡོད་མེད་སོགས་མཐའ་གཉིས་སུ་མེད་པའི་ངོ་བོར་སྦྱིན་སོགས་ཀུན་སྒྲུབ་པ་གཉིས་མེད་ལ་ཟབ་པ་ཉིད་དང་། གསུམ་པ་ནི། རྒྱུ་ཚོགས་གཉིས་རྫོགས་ཀྱང་དོན་དམ་དུ་དེའི་འབྲས་བུ་སངས་རྒྱས་མི་ཐོབ་པར་ཤེས་པ་ཐབས་མཁས་པ་ལ་ཟབ་པ་ཉིད་དོ། །སྒྲོ་སྐུར་ལས་གྲོལ་བའི་ཚུལ་དང་པོ་ལ་མཚོན་ན། ཐེག་ཆེན་གྱི་སྒོམ་ལམ་སྔ་ཕྱི་རེ་རེ་ཁོ་ནས་བྱང་ཆུབ་སྐྱེད་པ་དང་། དེ་དག་མེད་པར་དེ་སྐྱེད་པ་ནི་སྒྲོ་འདོགས་ཡིན་ལ། སྤྱིར་དེ་མི་སྐྱེད་པ་ནི་སྐུར་འདེབས་ཡིན་པས། དེ་ཉིད་ལས་གྲོལ་བ་ནི་སྐྱེ་བ་དེ་ཉིད་ལས་གྲོལ་བའི་ཕྱིར་ན་ཟབ་པའི་དོན་ཏེ་འོག་མ་བདུན་ལ་དེ་བཞིན་དུ་སྦྱར་བར་བྱའོ། །གསུམ་པ་བསྒོམ་བྱ་སྦྱོར་བའི་ངོ་བོ་ལ། དེ་ལྟར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་བཤད་ཟིན་ནས་དེའི་འོག་ཏུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སོགས་གསུམ་འཆད་པ་ནི། འོ་ན་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྗེས་སུ་སྦྱོར་བ་གསུམ་འཆད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ལམ་གསུམ་ལ་གནས་པའི་སེམས་དཔའ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་ན་དེ་དག་ཉམས་ལེན་གྱི་རིམ་པ་ལ་མི་ལྟོས་པར་འགྱུར་རོ་ཞེ་ན། སྤྱིར་ས་བཅུའི་རྗེས་ཐོབ་ཡོངས་སྦྱོང་གི་ཉམས་ལེན་ནི་སྐབས་དང་པོར་བསྟན་ཟིན་ལ། མཉམ་གཞག་གི་སྒྲིབ་པ་སྤོང་བའི་ཉམས་ལེན་སྐབས་ལྔ་པར་འཆད་པར་འགྱུར་བས། འདིར་དག་སའི་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་སྦྱོར་བ་གསུམ་སྟོན་པ་ལ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཀྱི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བའོ། །དང་པོ་ལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་དོན་རྗེས་ཐོབ་ཏུ་ཡང་འཁོར་འདས་གཉིས་ཀ་ལ་བཟང་ངན་ཐ་དད་དུ་འཛིན་པའི་རྣམ་རྟོག་འབྱུང་མི་སྲིད་པ་ལ་འཇོག་ཅིང་། ས་བདུན་པ་མན་གྱི་རྗེས་ཐོབ་ཏུ་དེ་ལྟ་བུའི་རྣམ་རྟོག་འབྱུང་བའི་ཕྱིར་ན་དག་སའི་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་གྲུབ་བོ། །འདི་ལ་སྦྱོར་བའི་ངོ་བོ། དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་སྣང་ཡང་རང་བཞིན་མེད་པ་རྨི་ལམ་དང་འདྲ་བར་རྟོགས་པའི་ཕྱིར་ན། སྲིད་པ་ལ་དོར་བྱ་དང་ཞི་བ་ལ་བླང་བྱར་མི་རྟོག་པར་སྒོམ་པའི་དག་སའི་རྣལ་འབྱོར་རོ། །དེ་ཡང་མདོར། ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཉིན་བར་བསྒོམ་པས་འཕེལ་ན་རྨི་ལམ་དུ་བསྒོམ་པས་ཀྱང་འཕེལ་ལོ། །ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་པའི་རྨི་ལམ་གྱིས་འཁོར་བ་བསྟན་ཏེ། མ་རིག་པའི་འཁྲུལ་སྣང་དང་བཅས་པའི་ཕྱིར། ཉིན་བར་གྱི་མྱང་འདས་བསྟན་ཏེ། མ་རིག་པའི་གཉིད་སད་པའི་ཕྱིར། རྟོག་པ་མེད་པས་རྗེས་ཐོབ་ཏུ་ཡང་འཁོར་འདས་ཐ་དད་དུ་འཛིན་པའི་རྟོག་པ་སྤངས་པར་བསྟན་ནས་ཤུགས་ལ་མཉམ་གཞག་བསྟན་ཏོ། །གཉིས་པ་ལ་བཞི་ལས། དང་པོ་ལས་མེད་པར་ཐལ་བའི་ཀླན་ཀ་སྤང་བ་ལ་གཉིས་ལས། དང་པོ་ཀླན་ཀ་ནི། འོ་ན་སད་པའི་ཚེ་ན་ཡང་ལས་སོགས་པ་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར་ཞེས་པའོ། །གཉིས་པ་ཀླན་ཀ་དེའི་ལན་ནི། མདོར་བདེན་པ་གཉིས་ཀྱི་སྒོ་ནས་ཇི་སྐད་བཤད་པར་ཟད་དེ། དང་པོ་དོན་དམ་དུ་འདོད་པ་ནི། མདོར། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལྟ་བུར་གསུངས་པ་དེ་ལྟར་ན་ལས་སོག་པའམ་ཉེ་བར་སོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ལ་ཡང་སོག་པའམ་འབྲི་བར་འགྱུར་བ་མི་དམིགས་པའི་ཕྱིར་རོ། །ཞེས་གསུང་ངོ་། །གཉིས་པ་ཀུན་རྫོབ་ཏུ་མ་ངེས་པ་ནི། རྨི་ལམ་དང་འདྲ་ཡང་ཀུན་རྫོབ་ཏུ་ལས་མེད་མི་དགོས་ཏེ། རྨི་ལམ་དུ་ལས་སོག་པར་རྨིས་ཏེ་རྗེས་ཀྱི་རྟོགས་པས་གསོས་བཏབ་ན་ལས་སོག་པར་འགྱུར་བའི་ཕྱིར་ཏེ། མདོར། འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལས་བསོག་པའམ་འབྲི་བར་འགྱུར་རོ། །ཞེས་གསུངས་སོ། །ལ་སོགས་པས་བསྡུས་པ་གསུམ་གྱི་དང་པོ་ལས་དོན་དམ་དུ་ཐལ་བའི་ཀླན་ཀ་ནི། རྗེས་ཀྱི་རྟོག་པས་གསོས་བཏབ་ན་ལས་སོགས་བྱས་པ་ལ་འཁྲིས་ནས། རྨི་ལམ་གྱི་ལས་བདེན་པར་མེད་ཀྱང་རྗེས་ཀྱི་རྟོག་པས་གསོས་བཏབ་པས་ལས་སོག་ན། རྗེས་ཀྱི་རྟོག་པས་ལས་དོན་དམ་པའི་དངོས་པོའོ། །ཞེས་གསོས་བཏབ་ན་ཡང་ལས་དོན་དམ་པའི་དངོས་པོར་ཐལ་ལོ། །ཞེས་པའོ། །གཉིས་པ་དེ་ཡི་ལན་ནི། མ་ཁྱབ་སྟེ། ཐ་སྙད་དུ་ཟག་བཅས་ཀྱི་ལས་དང་སེམས་པ་རང་རྒྱུ་རྣམ་རྟོག་ལས་སྐྱེའི་དེ་མེད་པར་མི་སྐྱེ་བའི་ཕྱིར་ཞེས་པའོ། །གཉིས་པ་ལུང་དང་འགལ་བའི་ཀླན་ཀ་ནི། རང་རྒྱུད་རྣམ་རྟོག་ལས་སེམས་པ་སྐྱེ་བར་ཁས་བླངས་པ་ལ་འཁྲིས་ནས། དེ་མི་འཐད་པར་ཐལ། བཅོམ་ལྡན་འདས་ཀྱིས་ལས་དང་སེམས་པ་ཐམས་ཅད་ནི་དབེན་པར་གསུངས་པའི་ཕྱིར་ཞེས་པའོ། །དེ་ཡི་ལན་ནི། བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་པ་དང་རང་རྒྱུ་རྣམ་རྟོག་ལས་ལས་དང་སེམས་པ་ཐམས་ཅད་སྐྱེ་བར་བཤད་པ་མི་འགལ་ཏེ། སྔ་མ་དོན་དམ་དང་། ཕྱི་མ་ཀུན་རྫོབ་ལ་དགོངས་པའི་ཕྱིར་ཞེས་པའོ། །གསུམ་པ་སྔ་ཕྱི་འགལ་བའི་ཀླན་ཀ་ནི། རང་རྒྱུ་རྣམ་རྟོག་ལས་ལས་དང་སེམས་པ་སྐྱེ་བར་ཁས་བླངས་པ་ལ་འཁྲིས་ནས། རྨི་ལམ་དུ་སྦྱིན་སོགས་སྤྱད་པར་རྨིས་ཏེ། དེའི་དགེ་བ་བྱང་ཆུབ་ཏུ་བསྔོས་ན་བསྔོ་བར་འགྱུར་རམ་མི་འགྱུར། འགྱུར་ན་ལས་དང་སེམས་པ་སྒྲོ་བཏགས་པའི་དངོས་པོར་བཤད་པ་དང་འགལ་ཞིང་། མི་འགྱུར་ན་དམིགས་པ་དང་བཅས་པ་ལས་ལས་དང་སེམས་པ་སྐྱེ་བར་བཤད་པ་དང་འགལ་ལོ་ཞེས་པའོ། །དེ་ཡི་ལན་ནི། རབ་འབྱོར་རང་ཉིད་ཀྱིས་ལན་བརྗོད་ཟིན་ཅིང་། མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་རྣམས་ཀྱིས་ལེན་འདེབས་པར་འགྱུར་བས། དྲིས་ལན་མ་རྫོགས་པར་བསྟན་པའི་དོན་དུ་བྱམས་པ་ལ་ཁ་འཕངས་ཤིང་། བྱམས་པས་ཀྱང་ལན་ལྡོན་བྱ་ལྡོན་བྱེད་ཡང་དག་ཏུ་མ་མཐོང་བར་གསུངས་པས། དོན་དམ་ལ་གང་ཡང་མི་དམིགས་པར་དངོས་སུ་བསྟན་ནས། ཤུགས་ལ་རྗེས་ཀྱི་རྟོགས་པས་གསོས་བཏབ་ན་བསྔོ་བར་འགྱུར་བར་བསྟན་ནོ། །འདི་དག་ནི་ཉིར་སྣང་གི་དགོངས་པ་དཀའ་འགྲེལ་ལས་གསུངས་པ་བཀོད་པ་ཡིན་ནོ། །གཉིས་པ་གཟུགས་སྐུའི་རྒྱུ་ཞིང་དག་སྦྱོར་ནི། སེམས་ཅན་གྱི་འཇིག་རྟེན་བཀྲེས་སྐོམ་ལ་སོགས་པས་མ་དག་པ་དེ་ལ་དག་པར་སྒྲུབ་པ་ནི། བདག་སངས་རྒྱས་ཀྱི་ཞིང་དེར་བཀྲེས་སྐོམ་སོགས་སེམས་ཅན་གྱི་ཉེས་པ་ཀུན་མི་འབྱུང་ཞིང་ལྷའི་ལོངས་སྤྱོད་ཇི་ལྟ་བར་གྱུར་ཅིག་ཅེས་སོགས་སྨོན་ལམ་འདེབས་པ་ཡི་སྒོ་ནས་དེའི་རྒྱུ་དགེ་རྩ་དངོས་སུ་སྒྲུབ་པ་ནི། སངས་རྒྱས་ཀྱི་བཅུད་ཀྱི་ཞིང་ནི་དག་པའི་སྦྱོར་བ་ཉིད་དོ། །བཅུད་དག་པར་སྒྲུབ་པ་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་རྡོ་བ་དང་ཚེར་མ་ལ་སོགས་པས་མ་དག་པ་དེ་ལ་དག་པར་སྒྲུབ་པ་ནི། བདག་སངས་རྒྱས་པའི་ཞིང་དེར་གསེར་གྱི་ས་གཞི་དང་། ལག་མཐིལ་ལྟར་མཉམ་པ་ལ་སོགས་པར་གྱུར་ཅིག་ཅེས་སྨོན་པ་ཡི་སྒོ་ནས་དེའི་རྒྱུ་དགེ་རྩ་དངོས་སུ་སྒྲུབ་པ་ནི། སངས་རྒྱས་ཀྱི་སྣོད་ཀྱི་ཞིང་ནི་དག་པའི་སྦྱོར་བ་ཉིད་དོ། །འདི་དག་སའི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པའི་རྒྱུ་མཚན་ནི། ས་བདུན་པ་མན་ཆད་དུ་ཞིང་སྦྱོང་བར་གསུངས་པ་རྣམས་བསམ་པ་སྦྱོང་བ་དང་། འདིར་སྦྱོང་བར་བཤད་པ་དེའི་རྒྱུ་དགེ་རྩ་སྦྱོར་བས་ཀྱང་དངོས་སུ་སྒྲུབ་པ་ཡིན་ལ་དེ་དག་སའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཏེ། ས་བདུན་པ་མན་ཆད་དུ་ཞིང་གཉིས་སོ་སོར་མ་ཕྱེ་བར། སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །ཞེས་དང་། ས་བརྒྱད་པའི་ཡོངས་སྦྱོང་གི་སྐབས་སུ། རྒྱལ་བ་ཡི་ཞིང་སྦྱོང་ཞེས་དང་། སངས་རྒྱས་ཞིང་བཟང་བ་སྒྲུབ་ཅེས་པར་སོ་སོར་ཕྱེ་ནས་སྒྲུབ་ཅེས་པའི་ཚིག་གི་ཁྱད་པར་གསུངས་ཤིང་། འདིར་ཡང་དེ་བཞིན་དུ་གསུངས་པའི་ཕྱིར་རོ། །གསུམ་པ་ཐབས་མཁས་སྦྱོར་བ་ལ་ཡུལ། ངོ་བོ། དབྱེ་བའོ། །དང་པོ་ནི། སྟོང་པ་ཉིད་ལ་སོགས་པ་བཅུ་པོ་སྒྱུ་མ་ལྟ་བུ་ནི་ཡུལ་ལོ། །གཉིས་པ་ནི། ཡུལ་བཅུ་པོ་ལ་འདྲིས་པར་བྱ་བ་དང་། མངོན་དུ་བྱ་བའི་དུས་དང་། དུས་མ་ཡིན་པ་ཤེས་ཏེ་དུས་ལ་བབ་ན་མངོན་དུ་བྱེད། མ་བབ་ན་མི་བྱེད་པའི་དག་སའི་རྣལ་འབྱོར་ནི་ཡུལ་ཅན་སྦྱོར་བའི་ངོ་བོ། གསུམ་པ་ནི། དེ་ལྟ་བུའི་སྦྱོར་བ་འདི་ནི་དབྱེ་གཞི། དབྱེ་ན་རྣམ་པ་བཅུ་སྟེ། ཡུལ་བཅུ་ཡོད་པའི་དབྱེ་བས་སོ། །བཅུ་གང་ཞེ་ན། དང་པོ་ནི། སྐྱེས་བུ་དཔའ་བོའི་དཔེས། སྲོག་གནས་པ། ཡོན་ཏན་ཁྱད་པར་ཅན། ལྷག་བཅས། ལྷག་མེད་ཀྱི་མྱང་འདས་ལ་རིམ་བཞིན་བར་དུ་གཅོད་པ་བདུད་བཞི་སྟེ། ཐེག་པ་གསུམ་ཆར་ལ་དང་། ཐེག་ཆེན་ལ་བར་དུ་གཅོད་པ་ས་གཉིས་ཀྱི་དགྲ་རྣམས་ལས་ནི་འདས་ཤིང་ཐར་བར་བྱེད་པའི་ཐབས་ལ་མཁས་པའི་སྦྱོར་བ་དང་། འདི་འོག་མ་དགུ་ལའང་སྦྱར་རོ། །དེ་ཡང་སྡུད་པར། དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང་། །སེམས་ཅན་ཁམས་ལ་ཀུན་ཏུ་སྙིང་རྗེ་ཆེར་བསྐྱེད་ཅིང་། །བདུད་བཞི་དག་ཀྱང་ས་གཉིས་ལས་ཀྱང་རབ་འདས་ནས། །ཏིང་འཛིན་མཆོག་ལ་གནས་ཤིང་བྱང་ཆུབ་རེག་མི་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། བྱ་བར་སྣང་ལ་གནས་ཀྱང་ས་ལ་མི་ལྟུང་བས་གནས་པ་ལྟར། བྱང་སེམས་རྣམ་ཐར་སྒོ་གསུམ་སྤྱོད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་མ་རྫོགས་པར་དེ་དག་མངོན་དུ་བྱེད་པའི་ཚུལ་གྱིས་མི་གནས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །ཞེས་གསུངས་སོ། །གསུམ་པ་ནི། འཕོངས་མཁན་མཁས་པས་ནམ་མཁར་མདའ་བརྒྱུད་མར་འཕངས་པས་ཇི་སྲིད་འདོད་ཀྱི་བར་ས་ལ་མི་ལྟུང་བར་བྱེད་པ་ལྟར། སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ཇི་ལྟ་བ་བཞིན་དུ་ཐབས་ཤེས་གཉིས་ཀྱིས་དོན་གཉིས་རྫོགས་པར་སྒྲུབ་ཅིང་དེ་མ་རྫོགས་བར་མྱང་འདས་མངོན་དུ་མི་བྱེད་པ་སྟེ། དེ་རྣམས་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་གསུངས་སོ། །བཞི་པ་ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་ཐབས་ལ་མཁས་པ་ནི། སེམས་ཅན་ཡོངས་སུ་མི་གཏོང་བས་དེ་རྣམས་བདག་གིས་བསྒྲལ་བར་བྱའོ་སྙམ་པས་བར་མ་དོར་ཉན་རང་དུ་མི་ལྟུང་བའོ། །ལྔ་པ་མ་ཆགས་པའི་ཐབས་ལ་མཁས་པ་ནི། རྣམ་ཐར་སྒོ་གསུམ་ལ་སྙོམས་པར་འཇུག་ཀྱང་བསམ་གཏན་སོགས་དང་། དྲན་པ་ཉེར་གཞག་སོགས་ལས་མ་ཉམས་ཤིང་དམན་པའི་འབྲས་བུ་ལྔ་མངོན་དུ་བྱེད་པའི་བདེ་བ་ལ་མ་ཞེན་པའོ། །དྲུག་པ། བདུན་པ། བརྒྱད་པ་རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པ་གསུམ་རིམ་བཞིན། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཕྱིན་ཅི་ལོག་བཞི་ལ་སོགས་པའི་དམིགས་པ་ལ་སྤྱོད་པ་མཐོང་ནས་མི་དམིགས་པ་སྟོང་པ་ཉིད་བསྒོམས་ཏེ། བདག་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དེ་སྤང་བར་བྱའོ་སྙམ་པས་སྟོང་ཉིད་སྒོམ་ཞིང་རྫོགས་པར་བྱེད་པའོ། །སྐྱེས་པ་དང་བུད་མེད་དང་གཟུགས་སོགས་ཀྱི་མཚན་མ་ལ་སྤྱོད་པ་མཐོང་ནས་མཚན་མ་ཟད་པ་བསྒོམས་ཏེ། ཞེས་སོགས་དང་། བརྒྱ་བྱིན་སོགས་སུ་སྨོན་པ་ལ་སྤྱོད་པ་མཐོང་ནས་སྨོན་ལམ་ཟད་པ་བསྒོམས་ཏེ། ཞེས་སོགས་སོ། །དགུ་པ་ཕྱིར་མི་ལྡོག་པ་དེའི་རྟགས་ཀྱི་ཐབས་ལ་མཁས་པ་ནི། རང་གིས་དེའི་རྟགས་ཐོབ་ནས་གཞན་གྱིས་དེ་དྲིས་པ་ན་དེའི་རྟགས་རྣམས་རང་གི་མྱོང་བ་དང་མཐུན་པར་གཞན་ལ་སྟོན་པའོ། །བཅུ་པ་ཡུལ་ཚད་མེད་པ་ཤེས་པའི་ཐབས་ལ་མཁས་པའི་སྦྱོར་བ་ནི། ཤེས་བྱའི་ཡུལ་ཐམས་ཅད་མངོན་སུམ་དུ་ཤེས་པའི་དག་སའི་རྣལ་འབྱོར་ཏེ། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་བཞི་པའི་ལེགས་བཤད་དོ།། །།གཉིས་པ་རྩེ་སྦྱོར་ལ་རྣམ་ཀུན་གྱི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་རྩེ་སྦྱོར་དངོས་སོ། །དང་པོ་དོན་འབྲེལ་དང་། ཚིག་འབྲེལ་ལོ། །དང་པོ་ནི། དེའི་རྒྱུ་མཚན་ཡོད་དེ་བྱང་སེམས་ཚོགས་ལམ་པས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་བསྒོམས་པས་བསྒོམ་བྱའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་སྐྱེས་པའི་ཚེ་རྩེ་སྦྱོར་དུ་འཇོག་པའི་ཕྱིར་རོ། །གཉིས་པ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། ཞེས་པར་སློབ་པ་ཕྱིར་མི་ལྡོག་པའི་རྟགས་དང་། དེའི་རྟགས་དང་ཞེས་པར་མི་སློབ་པ་ཕྱིར་མི་ལྡོག་པའི་རྟགས་བསྟན་པ་ན། འོ་ན་རྣམ་ཀུན་གྱི་སྦྱོར་བ་བསྒོམས་པ་ལས་རྩེ་སྦྱོར་འཐོབ་པའི་རྟགས་གང་ཞེ་ན། དེ་ནི་རྨི་ལམ་ན་ཡང་ཞེས་སོགས་ཀྱིས་སྟོན་པས་རྣམ་ཀུན་གྱི་མཇུག་གི་གཞུང་གིས་རྩེ་སྦྱོར་གྱི་གཞུང་གི་ཐོག་མ་འདྲེན་པར་བྱེད་པ་སྟེ། དཔེར་ན། ལམ་གྱིས་ཡུལ་ཅན་ངེས་འབྱུང་དང་། །ཞེས་པ་ལས་འཕྲོས་ནས། ཡུལ་ཅན་ལམ་ཤེས་སྐྱེ་རུང་སོགས་ཡན་ལག་ལྔ་ནི། འོད་ཀྱི་མོག་མོག་པོར་མཛད་དང་། །ཞེས་སོགས་ཀྱིས་སྟོན་པ་དང་། ཁམས་གསུམ་པ་ཡི་རྣམ་པ་ཞེས་སོགས་ལས་འཕྲོས་ནས། ལམ་ཤེས་དེས་ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་རྟོགས་ན། དེ་ཙམ་དུ་ངེས་སམ་ཞེ་ན། དེར་མ་ཟད་འཁོར་འདས་བར་གསུམ་ལ་མི་གནས་ཤིང་དུས་གསུམ་མཉམ་པ་ཉིད་དུ་རྟོགས་སོ་ཞེས་པ་ཚུ་རོལ་ཕ་རོལ་སོགས་ཀྱིས་སྟོན་པ་དང་། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་སུ་མཁྱེན་གསུམ་བསྡུ་བར་གསུངས་པའི་བསྡུ་ཚུལ་གང་ཞེ་ན། གཞི་ཤེས་པ་ཡི་ཞེས་སོགས་གསུམ་པའི་མཇུག་གིས་བཞི་པའི་གཞུང་གི་ཐོག་མ་འདྲེན་པ་བཞིན་ནོ། །གཉིས་པ་རྒྱུ་མཚན་ཅན་གྱི་རྩེ་སྦྱོར་དངོས་ལ་བཞི་སྟེ། སྦྱོར་ལམ་རྩེ་སྦྱོར་མཐོང་སྒོམ། བར་ཆད་མེད་པའི་རྩེ་སྦྱོར་རོ། །དང་པོ་ལའང་བཞི་ལས། དང་པོ་དྲོད་ཀྱི་རྩེ་སྦྱོར་ནི། རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་དྲང་ངོ་། །སུས་ན་དེ་བཞིན་གཤེགས་པས་སོ། །གང་ན་རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་སོ། །བཅུ་གཉིས་པོ་གང་ཞེ་ན། རྨི་ལམ་གྱི་གནས་སྐབས་ན་ཡང་ཤེས་བྱའི་ཆོས་རྣམས་ཀུན་རྨི་ལམ་ལྟ་བུར་ལྟ་བ་དང་ལ་སོགས་པ་སྒྲ་བརྙན་མིག་ཡོར་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ལྟ་བ་ལ་སོགས་པ་རྨི་ལམ་གྱི་རྟགས་དྲུག བདག་ལུང་བསྟན་ན་མེ་འདི་ཞི་བར་གྱུར་ཅིག་ཅེས་བརྗོད་པས། གྲོང་ཁྱེར་སོགས་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབས་གྲུབ་ཅིང་ང་རྒྱལ་མེད་པ་སོགས་སད་པའི་རྟགས་དྲུག་གོ །ཡང་ན་སྐྱེས་བུ་འདི་ཆོས་ཅན། རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་སྟེ། རྨི་ལམ་ན་ཡང་ཆོས་རྣམས་ཀུན་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པ་རྣམ་པ་བཅུ་གཉིས་དག་དང་ལྡན་པའི་ཕྱིར། ཁྱབ་སྟེ། བཅུ་གཉིས་པོ་རྩེ་སྦྱོར་དེའི་རྟགས་སུ་སངས་རྒྱས་བཞེད་པའི་ཕྱིར་ཞེས་སྦྱར་རོ། །གཉིས་པ་རྩེ་མོའི་རྩེ་སྦྱོར་ནི། འཛམ་བུ་གླིང་གི་སྐྱེ་བོ་ཇི་སྙེད་པ་དེ་ཀུན་སངས་རྒྱས་སུ་གྱུར་པ་ལ་ལ་ལ་ཞིག་གིས་སེམས་བསྐྱེད་དེ། དེ་རྣམས་བཞུགས་ཀྱི་བར་དུ་མཆོད་ཅིང་བྱང་ཆུབ་ཆེན་པོར་བསྔོས་པའི་དགེ་བ་དང་། ལ་སོགས་པ་གླིང་གཉིས་ནས་སྟོང་གསུམ་གྱི་བར་གྱི་སྐྱེ་བོ་ཇི་སྙེད་པ་དེ་ཀུན་སངས་རྒྱས་སུ་གྱུར་པ་ལ་ལ་ལ་ཞིག་གིས་སེམས་བསྐྱེད་དེ་དེ་རྣམས་བཞུགས་ཀྱི་བར་དུ་མཆོད་ཅིང་བྱང་ཆུབ་ཆེན་པོར་བསྔོས་པའི་དགེ་བ་རྣམ་པ་མང་དུ་ནི་དཔེར་མཛད་ནས། དེ་བས་རང་རྩེ་སྦྱོར་ལ་གནས་ནས་གཞན་ལ་ཡུམ་ཉིན་གཅིག་ཙམ་སྟོན་པ་དང་། ཡུམ་དང་ལྡན་པའི་ཡིད་ལ་བྱེད་པས་སྤྱོད་ན་བསོད་ནམས་རྣམ་པར་འཕེལ་བ་ལ་སོགས་པ་ཕྱི་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད། ནང་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དེ་བཅུ་དྲུག་གི་བདག་ཉིད་དོ། །འདིས་སྔ་མ་སངས་རྒྱས་ལ་མཆོད་པ་སོགས་དཔེར་བསྟན་ནས། སྤྱིར་བསོད་ནམས་གོང་ནས་གོང་དུ་འཕེལ་བར་བསྟན་གྱི། བཅུ་དྲུག་པོ་སྔ་མ་སྔ་མ་ལས། ཕྱི་མ་ཕྱི་མ་ཁྱད་པར་འཕགས་པར་བསྟན་ནུས་པ་ནི་མ་ཡིན་ནོ། །བརྒྱད་སྟོང་པ་དང་། སྡུད་པ་ལྟར་ན། འཛམ་བུ་གླིང་གི་སྐྱེ་བོ་ཇི་སྙེད་པ་དེ་ཀུན་གྱིས་སྔ་ཕྱི་མེད་པར་མི་ལུས་ཐོབ་སྟེ། སེམས་བསྐྱེད་ནས་ཇི་སྲིད་འཚོའི་བར་རམ་ལོ་བརྒྱ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་ཏེ། བྱང་ཆུབ་ཏུ་བསྔོ་བ་བས་ཉིན་གཅིག་ཡུམ་དང་ལྡན་པ་ཡིད་ལ་བྱེད་པས་གནས་ན་བསོད་ནམས་འཕེལ་བར་གསུངས་ཏེ། གཉིས་ཆར་དོན་ལ་ཞུགས་ཤིང་གཞུང་ལ་སྦྱར་དུ་རུང་ངོ་། །གསུམ་པ་བཟོད་པ་ནི། མངོན་པར་བརྗོད་ཅེས་དྲང་ངོ་། །གང་ན་ཀུན་མཁྱེན་ཉིད་གསུམ་ཆོས་སུམ་ཅུ་པོ་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་དུ་བསྔོ་བ་ལ་རང་ཉིད་ཀྱིས་འཇུག་པ་དང་། དེ་ལྟར་བསྔོ་ཡང་ཞི་བར་ལྟུང་བ་སྤང་བའི་ཕྱིར་སྙིང་རྗེས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ལ་རང་རང་གིས་འཇུག་པའོ། །ཇི་ལྟར་ན་དེ་གཉིས་ལས་སླར་མི་ལྡོག་པས་བརྟན་པ་ཞེས་བྱ་བ་ནིའོ། །བཞི་པ་ཆོས་མཆོག་རྩེ་སྦྱོར་ནི། ཡོངས་སུ་བསྒྲགས་པ་ཡིན་ཞེས་དྲང་ངོ་། །གང་ན་མདོའི་སྦས་དོན་ཏིང་ངེ་འཛིན་དང་། དངོས་བསྟན་རྗེས་སུ་ཡི་རང་གཉིས་སོ། །གཉིས་པའི་ངོ་བོ་གང་ཞེ་ན། དང་པོ་ནི། གཉིས་དང་གཉིས་མེད་ཀྱི་འདུ་ཤེས་ནུས་པས། སེམས་དང་དེ་ལས་དོན་གཞན་ལ་མི་འཇུག་པར་རྩེ་གཅིག་ཏུ་གནས་པའོ། །གཉིས་པ་ནི། སེམས་དང་པོ་བསྐྱེད་པ། སྤྱོད་པ་ལ་ཞུགས་པ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་ཐོགས་ཀྱི་བྱང་སེམས་བཞིའི་སེམས་བསྐྱེད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའོ། །གང་ལས་ན་མདོ་ལས་སོ། །ཇི་ལྟར་ན་གླིང་བཞི་པ་དང་། སྟོང་དང་པོ་དང་། སྟོང་གཉིས་པ་དང་། སྟོང་གསུམ་པོ་དག་གི་ས་རྡོ་སྲང་ལ་གཞལ་བའི་གྲངས་དང་། དེའི་ཆུ་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཆའི་ཆུ་ཐིགས་ཀྱི་གྲངས་སོ་སོར་དཔེར་མཛད་ནས་དཔེ་གཉིས་པོ་དེས་བས། རིམ་བཞིན་དོན་གཉིས་བསོད་ནམས་མང་པོའི་རང་བཞིན་ཉིད་དུ་བསྟན་པའི་ཚུལ་གྱིས་སོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་ནི། ལུས་རྣམ་གཞག་ཏུ། མཐོང་ཞེས་བྱ་བའི་ལམ་ལ་ནི། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་བཞིའི་གཉེན་པོའི་ལྡོག་པ་ནས་བཤད་པས། འདིར་དེ་འཆད་པ་ལ་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཤད། གཉེན་པོ་མཐོང་ལམ་རྩེ་སྦྱོར་བཤད་པའོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ལ་གཟུང་རྟོག་དང་། འཛིན་རྟོག་གོ །དང་པོ་ལ་རྟོག་པའི་ཡུལ། ངོ་བོ། དབྱེ་བ། རྟོག་པར་འཇོག་པའི་རྒྱུའོ། །དང་པོ་ནི། མཚན་མར་མི་དམིགས་པའི་ངོ་བོ་ནི་འཇུག་པར་བྱ་བ་དང་། དེར་དམིགས་པའི་ངོ་བོ་ནི་ལྡོག་པར་བྱ་བའི་ཡུལ་ལོ། །གཉིས་པ་ནི། ཡུལ་གཉིས་པོ་དེ་ལ་དམིགས་ནས་འཇུག་བྱ་དང་། ལྡོག་བྱའི་གཟུང་བར་མངོན་པར་ཞེན་པའི་རིགས་སུ་གནས་པའི་ཤེས་སྒྲིབ་ཀྱི་རྣམ་རྟོག་སྟེ། དང་པོ་ནི། རྣམ་པར་དག་པ་བསྐྱེད་པ་ལ་སོགས་པ་ལ་གཟུང་བར་རྣམ་པར་རྟོག་ཞེས་པའི་དངོས་བསྟན་དང་དོན་གཅིག གཉིས་པ་ནི། སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པའི་དོན་ལ་གཟུང་བར་རྣམ་པར་རྟོག་ཅེས་པར་དངོས་སུ་བསྟན་པ་དང་དོན་ཅིག་གོ །གསུམ་པ་ནི། རྟོག་པ་དེ་དག་སོ་སོར་ཏེ་རེ་རེ་ལ་དགུ་དགུ་ཡི་བདག་ཉིད་དུ་ཡོད་དེ་ཡུལ་དགུ་དགུ་ཡོད་པས་སོ། །བཞི་པ་ནི། ཡུལ་གྱི་གནས་ལུགས་ཇི་ལྟ་བ་བཞིན་མིན་པར་འཛིན་པའི་བདག་ཉིད་དག་ཏུ་ཤེས་པར་བྱའོ། །གཉིས་པ་འཛིན་རྟོག་མདོར་བསྟན་ལ་རྟོག་པའི་ཡུལ། ངོ་བོ། དབྱེ་བ། རྟོག་པར་འཇོག་པའི་རྒྱུའོ། །དང་པོ་ནི། རྟོག་པའི་རྟེན་ལ་སོ་སོའི་སྐྱེ་བོ་དང་འཕགས་པ་གཉིས་ཡོད་པའི་དབྱེ་བས། སེམས་ཅན་རྫས་སུ་ཡོད་པ་དང་དེ་བཏགས་པར་ཡོད་པའོ། །གཉིས་པ་ནི། དམིགས་ཡུལ་གཉིས་པོ་ལ་དམིགས་ནས། རིམ་བཞིན་འཛིན་པ་པོར་བདེན་པར་མངོན་པར་ཞེན་པ་དང་དེར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་འཛིན་སྟངས་ཅན་གྱི་རྣམ་རྟོག་གཉིས་ནི། འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་དག་ཏུ་འདོད་དོ། །གསུམ་པ་ནི། རྣམ་རྟོག་དེ་དག་སོ་སོར་ཏེ་རེ་རེ་ལ་དགུ་དགུའི་བདག་ཉིད་དུ་ཡོད་དེ་ཡུལ་དགུ་དགུ་ཡོད་པས་སོ། །བཞི་པ་ནི། རྟོག་པ་དེ་དག་ཡུལ་གྱི་གནས་ཚུལ་འཛིན་པ་ཡི་ངོ་བོས་སྟོང་པའི་མཚན་ཉིད་ཅན་ཡིན་ཏེ། རྟོག་པ་དེ་དག་ཡུལ་གྱི་གནས་ཚུལ་གང་གི་ཡང་འཛིན་བྱེད་ཡིན་པར་འདོད་དེ་མིན་པ་དེ་ལྟར་བསྟན་པའི་ཕྱིར། གྲུབ་སྟེ་གལ་ཏེ་རྟོག་པས་གཟུང་བའི་དོན་ཇི་ལྟར་གཟུང་བ་དེ་བཞིན་དུ་མེད་པས་སོ། །གཉིས་པ་རྒྱས་བཤད་ལ་གཟུང་རྟོག་རྒྱས་བཤད། འཛིན་རྟོག་རྒྱས་བཤད་དོ། །དང་པོ་ལ་འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གོ །དང་པོ་ལ་རྟོག་པའི་ཡུལ། ངོ་བོ། དབྱེ་བའོ། །དང་པོ་ལ་དགུ་ཡོད་པ་གཉིས་སུ་འདུས་ཏེ་བྱང་སེམས་ཀྱི་ལམ་དང་། དེའི་འབྲས་བུའོ། །དང་པོ་ལ་ལམ་གྱི་རང་བཞིན། དེའི་རྒྱུ། དེའི་རྐྱེན། དེའི་དམིགས་པ། དེའི་བྱེད་པའོ། །དང་པོ་ནི། ལམ་གྱི་ངོ་བོ་ཉིད་ནི། སེམས་བསྐྱེད་པའམ་ཕྱིན་དྲུག་གོ །གཉིས་པ་ནི། བྱང་ཆུབ་གཞན་དུ་མི་འགྱུར་བས་སངས་རྒྱས་སུ་རིགས་ངེས་པ་ནི། ནམ་མཁའི་དཔེས་སོ། །གསུམ་པ་ནི། བདེན་མེད་རྟོགས་པས་མཐོང་སྒོམ་གྱི་ལམ་ནི་ཡང་དག་པར་འགྲུབ་པའི་རྐྱེན་ཐབས་མཁས་ཏེ། སྒྱུ་མའི་དཔེས་སོ། །བཞི་པ་ནི། དམིགས་པས་སྣང་བརྙན་ཙམ་དུ་ཟད་པར་བྱང་སེམས་ཀྱི་ཤེས་པ་ལམ་གྱི་དམིགས་པ་མ་འཁྲུལ་ཅིང་ཕྱིན་ཅི་མ་ལོག་པ་སྟེ། གཟུགས་བརྙན་གྱི་དཔེས་སོ། །ལྔ་པ་ནི། སྐྱོན་དང་ཡོན་ཏན་མཐོང་བས་མི་མཐུན་པའི་ཕྱོགས་རྟོག་པ་འདོར་བ་དང་གཉེན་པོ་རྟོག་མེད་ལེན་པ་སྟེ། རྫོགས་སངས་རྒྱས་ཀྱི་དཔེས་སོ། །གཉིས་པ་ལམ་གྱི་འབྲས་བུ་ལ་བཞི་ལས། རང་དོན་གཉིས་ནི། མཁྱེན་གསུམ་གྱི་དྲི་མ་དང་བྲལ་བས་རང་གིས་མཁྱེན་གསུམ་གྱི་རྟོག་པ་ཐོབ་པ་དང་། རྒྱུ་དམན་ཞིང་འབྲས་བུ་གྱ་ནོམ་པ་མ་ཡིན་པས་ཉན་རང་གིས་ཡིད་ལ་བྱེད་པ་ཐག་སྲིང་བར་བྱེད་པ་སྟེ། རིམ་བཞིན་རྫོགས་སངས་རྒྱས་དང་སངས་རྒྱས་ཀྱི་དཔེས་བསྟན་ཏོ། །གཞན་དོན་གཉིས་ནི། གདུལ་བྱའི་བསམ་པ་དང་མཐུན་པར་སྤྲུལ་པས་ལམ་དེ་ཡི་བྱེད་ལས་སེམས་ཅན་གྱི་དོན་བྱེད་པ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་དཔེས་སོ། །དེ་ས་ལ་སྒྲུབ་པའི་ཐབས་ལ་མཁས་པས་བྱ་བའི་འབྲས་བུ་མྱང་འདས་གསུམ་ལ་འགོད་པར་བྱེད་པ་སྟེ། འཁྲུལ་འཁོར་གྱི་དཔེས་སོ། །གཉིས་པ་ནི། དེ་ལྟ་བུའི་ཡུལ་དགུ་ལ། འཇུག་བྱའི་གཟུང་བར་མངོན་པར་ཞེན་པའི་འཛིན་སྟངས་ཅན་གྱི་ཤེས་སྒྲིབ་ནི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བའི་རྣམ་རྟོག་གི་ངོ་བོ་ཡིན་ནོ། །གསུམ་པ་ནི། འཇུག་པ་གཟུང་རྟོག་དེ་ནི་ཡུལ་གྱི་དབྱེ་བས་རྣམ་པ་དགུར་འདོད་དོ། །གཉིས་པ་ལྡོག་པ་གཟུང་རྟོག་རྒྱས་བཤད་ལ་རྟོག་པའི་ཡུལ། ངོ་བོ། དབྱེ་བ། རྟོག་པར་སྒྲུབ་པའོ། །དང་པོ་ལ་ལམ་གྱི་ངོ་བོ་དམན་པ། ལམ་གྱི་འབྲས་བུ་དམན་པའོ། །དང་པོ་ལ་རྟོག་པ། ཡོངས་འཛིན། ལམ། དབང་པོ། ཐབས་དམན་པའོ། །ཉན་རང་གི་ལམ་ནི་ཐབས་ཤེས་གཉིས་དང་བྲལ་བས་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གང་ཡང་རུང་བར་ལྟུང་བའི་ཕྱིར་བྱང་སེམས་ལ་ལྟོས་ཏེ་རྟོག་པ་དམན་པ་ཉིད་དེ། ཉི་ཟླས་གླིང་བཞིའི་ལས་བྱེད་ཅིང་རྗེས་སུ་འབྲང་བའི་དཔེས་སོ། །གཉིས་པ་ནི། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང་བྲལ་བས་ཕྱི་ནང་གི་ཡོངས་སུ་འཛིན་པ་མེད་པས་བར་ཆད་ཀྱིས་ཚུགས་པ་ནི་ཁྱིམ་ཐབ་མེད་པའི་དཔེས་སོ། །གསུམ་པ་ནི། ཤེས་སྒྲིབ་ཀྱི་གཉེན་པོ་མ་ཡིན་པས་སངས་རྒྱས་སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་བ་སྟེ། སྐྱེས་བུ་མཚོན་ཆ་ཐོགས་པའི་དཔེས་སོ། །བཞི་པ་ནི། བྱང་ཆུབ་ཐོབ་པ་ལ་དེ་བཞིན་གཤེགས་པ་སོགས་ཀྱི་གདམས་ངག་ལ་ལྟོས་པས་གཞན་གྱི་གདམས་ངག་གི་རྐྱེན་གྱིས་བྱང་ཆུབ་ཏུ་འགྲོ་བ་སྟེ། ཁམས་ཀྱི་རྒྱལ་ཕྲན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྗེས་སུ་འབྲང་བའི་དཔེས་སོ། །ལྔ་པ་ནི། ཆེན་པོ་གསུམ་ལ་མི་འཇུག་པས་ཆེད་དུ་བྱ་བ་གསུམ་ལས་ལོག་པ་སྟེ། ཆུ་ཀླུང་ཕྲ་མོ་ཐམས་ཅད་གངྒཱར་སོང་སྟེ་རྒྱ་མཚོར་འགྲོ་བའི་དཔེས་སོ། །གཉིས་པ་ལ་སྤངས་པ། ཡེ་ཤེས། གཞན་དོན་མྱང་འདས་དམན་པའོ། །དང་པོ་ནི། ཉོན་སྒྲིབ་ཙམ་གྱི་གཉེན་པོ་བྱེད་པས་ལམ་གྱི་བྱེད་པ་ཉི་ཚེ་བ་སྟེ། ལག་པ་གཡས་པས་དགོས་པ་ཐམས་ཅད་བྱེད་པའི་དཔེས་སོ། །གཉིས་པ་ནི། མི་རྟག་སོགས་སུ་དམིགས་པས་རྒྱུན་ཞུགས་སོགས་རྟོགས་པ་སྣ་ཚོགས་པ་ཉིད་དེ། ཆུ་ཀླུང་ཕྲ་མོ་ཐམས་ཅད་རྒྱ་མཚོར་ཕྱིན་ནས་ལན་ཚྭར་རོ་གཅིག་པའི་དཔེས་སོ། །གསུམ་པ་ནི། མ་རིག་པ་བག་ལ་ཉལ་མ་སྤངས་པས་རང་དོན་དུ་མཉམ་གཞག་ལ་གནས་པ་དང་། གཞན་དོན་དུ་གདུལ་བྱའི་ཡུལ་དུ་འཇུག་པ་ལ་རྨོངས་པ་སྟེ། འཁོར་ལོས་སྒྱུར་རྒྱལ་དཔུང་ཚོགས་དང་བཅས་པའི་མདུན་དུ་འཁོར་ལོ་རིན་པོ་ཆེ་འགྲོ་བའི་དཔེས་སོ། །བཞི་པ་ནི། དམན་པའི་མྱང་འདས་ཐམས་ཅད་ཐོབ་རྗེས་ལ་རྣམ་མཁྱེན་དུ་འགྲོ་དགོས་པས་མྱང་འདས་དམན་པ་ཞེས་བྱ་བ་ནི། འཁོར་ལོ་སྒྱུར་རྒྱལ་གྱི་མདུན་དུ་རིན་པོ་ཆེ་སྣ་བདུན་འགྲོ་བའི་དཔེས་སོ། །གཉིས་པ་ནི། སྔར་བཤད་པའི་ཡུལ་དགུ་ལ་ལྡོག་བྱའི་གཟུང་བར་ཞེན་པའི་འཛིན་སྟངས་ཅན་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་ནི་ལྡོག་པའི་གཟུང་རྟོག་གོ །གསུམ་པ་ནི། རྟོག་པ་དེ་ནི་ཡུལ་གྱི་དབྱེ་བས་དགུ་ཡི་བདག་ཉིད་དུ་ཤེས་པར་བྱའོ། །བཞི་པ་ནི། རྟོག་པ་དགུ་པོ་འདི་ལ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཞེས་བྱ་སྟེ། ཡུལ་དགུ་པོ་ཉན་ཐོས་དང་ལ་སོགས་པ་རང་རྒྱལ་གྱི་ཡིད་ལ་བླང་བྱར་འབྱུང་བའི་ཕྱིར་རོ། །གཉིས་པ་འཛིན་རྟོག་རྒྱས་བཤད་ལ་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོགས་པ་རྒྱས་བཤད་དོ། །དང་པོ་ནི། དེ་དག་སོ་སོར་དགུའི་བདག་ཉིད་ཅེས་པའི་རྫས་འཛིན་རྟོག་པ་གང་ཞེ་ན། དེའི་དབྱེ་བ་ངོ་བོ་རྣམས་འཆད་པ་ལ་ཡུལ་དང་། ངོ་བོ་གཉིས། དང་པོ་ལ་གཙོ་བོ་ཤེར་ཕྱིན། གཙོ་བོ་མ་ཡིན་པ་གཞན་ལྔའོ། །དང་པོ་ལ་བྱེད་པ། རྟོགས་པ། སྤྱོད་པ། ནུས་པའོ། །དང་པོ་ལ་བྱེད་པའི་ངོ་བོ། རྒྱུ། བཟློག་ཕྱོགས་གསུམ། དང་པོ་ནི། ཤེར་ཕྱིན་ཆོས་ཅན། ཐ་སྙད་དུ་འཛིན་གཏོང་བྱེད་དེ། ཐ་སྙད་དུ་བླང་བྱ་འཛིན་པ་དང་ནི་སྐྱོན་འདོར་བར་བྱེད་པའི་ཕྱིར། གཉིས་པ་ནི། འཛིན་འདོར་གྱི་རྒྱུ་ཡོད་དེ། བདེན་པར་ཡིད་ལ་མི་བྱེད་པར་བདེན་མེད་དུ་ཡིད་ལ་བྱེད་པའི་ཕྱིར། གསུམ་པ་ནི། བདེན་འཛིན་གྱིས་འཛིན་འདོར་བྱེད་མི་ནུས་ཏེ། བདེན་པར་ཡིད་ལ་བྱས་པས་ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་བའི་ཕྱིར། གཉིས་པ་རྟོགས་པ་ལ་གསུམ་ལས། དང་པོ་ཇི་ལྟ་བ་རྟོགས་པ་ནི། དེ་ཡིན་ཏེ། ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་ནས་མི་གནས་པའི་ཚུལ་གྱིས་གནས་པའི་ཕྱིར། གཉིས་པ་ནི་ཇི་སྙེད་པ་རྟོགས་ཏེ། ཐམས་ཅད་ལ་མ་ཞེན་པའི་སྒོ་ནས་ཐམས་ཅད་ལ་བདེན་མེད་དུ་མངོན་པར་ཞེན་པའི་ཕྱིར། གསུམ་པ་ནི། གཟུགས་སོགས་ཆོས་ཀྱི་དངོས་པོ་ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་བསལ་བར་བྱེད་དེ། རྫས་ཡོད་ཀྱི་ཆོས་ཅུང་ཟད་ཙམ་ཡང་མེད་པར་རྟོགས་པའི་ཕྱིར། གསུམ་པ་སྤྱོད་པ་ནི། ཕྱིན་དྲུག་ལ་ཆགས་པ་སྟེ་འབྲལ་དཀའ་བའི་ཚུལ་གྱིས་སྤྱོད་དེ། མཉམ་གཞག་ཏུ་དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་པ་དང་ལྡན་པའི་ཕྱིར། བཞི་པ་ནུས་པ་ནི། བླང་དོར་ཐ་དད་དུ་འཛིན་པའི་གཉེན་པོ་ཡིན་ཏེ། འཁོར་འདས་མཉམ་པ་ཉིད་དུ་སྒོམ་པའི་ཕྱིར། གཉིས་པ་ནི། ཕར་ཕྱིན་དང་པོ་ལྔ་ཆོས་ཅན། ཡུམ་དང་བྲལ་ན་ཇི་ལྟར་འདོད་པ་བཞིན་རྣམ་མཁྱེན་དུ་འགྲོ་བ་ཉམས་པ་ཡིན་ཏེ། ཤེར་ཕྱིན་གྱི་དོན་མ་ཤེས་པའི་ཕྱིར། གཉིས་པ་ནི། དེ་ལྟ་བུའི་ཡུལ་དགུ་ལ་དམིགས་ནས་འཛིན་པ་པོར་བདེན་པར་ཞེན་པའི་ཤེས་རབ་ནི། འཛིན་པའི་རྣམ་རྟོག་དང་པོ་རྫས་འཛིན་རྟོག་པར་ཤེས་པར་བྱའོ། །མདོར་བསྟན་དུ་གང་ཟག་དང་། འདིར་ཆོས་ཀྱི་དབང་དུ་བྱས་པའི་རྟོག་པ་དངོས་སུ་བསྟན་ཏོ། །ཡུལ་གྱི་རང་ལྡོག་ནི། བླང་བྱ་འཛིན་པ་དང་ནི་སྐྱོན་འདོར་བ་དང་། ཆོས་ཐམས་ཅད་ལ་བདེན་པར་ཡིད་ལ་བྱེད་པ་དང་། དེ་ལྟར་བྱས་པས་ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་བ་དང་། གཟུགས་སོགས་ལ་མཚན་མར་འཛིན་པས་གནས་པ་དང་། གཟུགས་སོགས་ལ་མངོན་པར་ཆགས་ཤིང་ཞེན་པ་དང་། གཟུགས་སོགས་ཆོས་ཀྱི་དངོས་པོ་ཐ་དད་དུ་བཏགས་པ་ཙམ་དང་། སྦྱིན་སོགས་ལ་འཁོར་གསུམ་དུ་ཆགས་པ་སྟེ་ཞེན་པ་དང་། འཁོར་འདས་ལ་བླང་དོར་དུ་འཛིན་པའི་གཉེན་པོ་དང་། སྦྱིན་སོགས་རྐྱང་པས་ཇི་ལྟར་འདོད་པ་བཞིན་བྱང་ཆུབ་ཏུ་འགྲོ་བའི་ནུས་པ་ཉམས་པ་སྟེ། དེ་དག་ལ་དམིགས་ནས་ཞེས་སོགས་སོ། །གཉིས་པ་བཏགས་འཛིན་རྟོག་པ་རྒྱས་བཤད་ནི། དེ་དག་སོ་སོར་ཞེས་སོགས་ཀྱི་བཏགས་འཛིན་རྟོག་པ་གང་ཞེ་ན། དེའི་དབྱེ་བ་དང་ངོ་བོ་འཆད་པ་ལ། ཡུལ་དང་ངོ་བོའོ། །དང་པོ་ལ་ཉན་རང་གི་ལམ་གྱི་དབང་དུ་བྱས་པ་གཉིས། བྱང་སེམས་ཀྱི་དེའི་དབང་དུ་བྱས་པ་དྲུག ལམ་གྱི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་པ་གཅིག་གོ །དང་པོ་ནི། ཉན་རང་གི་ལམ་ཆོས་ཅན། ཐེག་ཆེན་གྱི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་ངེས་པར་མི་འབྱུང་སྟེ། དམན་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བས་སོ། །ཐེག་ཆེན་གྱི་ལམ་ལ་ལམ་མ་ཡིན་པར་ངེས་པར་འཛིན་ཏེ། དེ་ཞི་བ་སྒྲུབ་བྱེད་མེད་པས་སོ། །གཉིས་པ་ནི། བྱང་སེམས་ཀྱི་ལམ་ཆོས་ཅན། ཀུན་རྫོབ་ཏུ་ཁྱོད་ཀྱི་རྒྱུ་འགག་པ་དང་འབྲས་བུ་དེའི་སྐྱེ་བ་དང་བཅས་པ་ཡིན་ཏེ། འདུས་བྱས་ཡིན་པས་སོ། །ལམ་གྱི་དངོས་པོ་རྒྱུན་དང་ལྡན་པ་དང་དེ་རྒྱུན་དང་མི་ལྡན་པའི་དབྱེ་བ་ཡོད་དེ། མཚན་འཛིན་གྱི་བར་ཆད་ཡོད་མེད་ཀྱིས་སོ། །གཟུགས་སོགས་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ། གནས་བྱ་མ་མཐོང་བའི་དོན་གོམས་པས་སོ། །དཔེར་ན་ནམ་མཁའ་བཞིན་ནོ། །དམན་པའི་རིགས་ནི་འཇིགས་པར་བྱེད་དེ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པས་སོ། །དོན་དམ་པར་བྱང་ཆུབ་དོན་དུ་གཉེར་བ་མེད་དེ། ཆོས་ཉིད་ལས་ཁྱད་པར་འཕགས་པའི་ཆོས་མེད་པར་ཤེས་པས་སོ། །དོན་དམ་པར་བྱང་ཆུབ་ཀྱི་རྒྱུ་མེད་དེ། དོན་དམ་པར་ཐམས་ཅད་སྤྲོས་བྲལ་ཡིན་པས་སོ། །གསུམ་པ་ནི། ཐ་མལ་པ་ཆོས་ཅན། བདུད་སོགས་ཕྱིར་རྒོལ་བ་ནི་དམིགས་པ་ཡིན་ཏེ། ཕྱིན་དྲུག་གི་མི་མཐུན་ཕྱོགས་གོམས་པར་བྱས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་བུའི་ཡུལ་དགུ་ལ་དམིགས་ནས་འཛིན་པ་པོར་བཏགས་པ་ཙམ་དུ་ཞེན་པའི་ཤེས་རབ་ནི་འཛིན་པའི་རྣམ་རྟོག་རྫས་འཛིན་ལས་གཞན་བཏགས་འཛིན་རྟོག་པ་ཡིན་ནོ། །བསྟན་ཚུལ་སྔ་མ་བཞིན་ནོ། །གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ངོས་གཟུང་བ་ལ། སློབ་དཔོན་ལྟར་ན། ཞར་ལས་བྱུང་བའི་དོན་དང་། རྣལ་མ་མཐོང་ལམ་རྩེ་སྦྱོར་རོ། །དང་པོ་ལ་བྱང་ཆུབ་ཆེན་པོའི་རྒྱུ། འབྲས་བུ་བྱང་ཆུབ་ཆེན་པོ་གཉིས། དང་པོ་ནི། བྱང་ཆུབ་ལ་གཞན་ཞེས་སོགས་སོ། །གཉིས་པ་ལ་དབུ་མ་པའི་བྱང་ཆུབ་ཆེན་པོའི་འདོད་ཚུལ། དངོས་སྨྲ་བའི་དེའི་འདོད་ཚུལ་དགག་པ། གྲོལ་བ་འདོད་པས་སྟོང་ཉིད་ལ་འཇུག་པར་གདམས་པ་གསུམ་ལས། དང་པོ་ནི། དྲི་མ་ཟད་དང་ཞེས་སོགས་སོ། །གཉིས་པ་ལ་དངོས་སྟོབས་རིགས་པ་དང་། ཁས་བླངས་འགལ་བས་དགག་པ་གཉིས་ལས། དང་པོ་ནི། འགོག་པ་མེད་པའི་ཞེས་སོགས་སོ། །གཉིས་པ་ནི། གཞན་གྱིས་ཆོས་རྣམས་ཞེས་སོགས་སོ། །གསུམ་པ་ནི། འདི་ལ་བསལ་བྱ་ཞེས་སོགས་སོ། །གཉིས་པ་ལ་རྣལ་མ་མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་ནི། སྦྱིན་པ་ལ་སོགས་ཞེས་སོགས་སོ། །དེའི་ཁྱད་པར་གྱི་ལམ་ནི། དེ་ནས་སེང་གེ་ཞེས་སོགས་སོ། །རྩ་བ་ལྟར་ན། མཐོང་ལམ་གྱི་རྒྱུ། གཉེན་པོས་སྤང་བྱ་སྤང་བའི་ཚུལ། གཉེན་པོ་མཐོང་ལམ་རྩེ་སྦྱོར་གསུམ། དང་པོ་ལའང་གསུམ་ལས། དང་པོ་ནི། མཐོང་ལམ་སོགས་སྟོན་པའི་སྒོ་ནས་གདུལ་བྱ་གཞན་བྱང་ཆུབ་ལ་འགོད་པའམ། གདུལ་བྱ་གཞན་ལུང་སྟོན་པའི་སྒོ་ནས་བྱང་ཆུབ་ལ་འགོད་པ་ནི་འབྲས་བུ་རྟོགས་པའི་ཆོས་ལ་འགོད་པའམ། དཀའ་འགྲེལ་ལྟར་ན་རྒྱུད་རྒྱུར་གྱུར་པའི་ལྷན་ཅིག་བྱེད་རྐྱེན་དུ་བཞེད་དོ། །གཉིས་པ་ནི། བྱང་ཆུབ་དེ་ཡི་རྒྱུ་ཡུམ་ནི་ཚིག་དོན་མན་ངག་སོགས་ཀྱི་སྒོ་ནས་ཡོངས་སུ་གཏོང་བ་ནི་རྒྱུ་ལུང་གི་ཆོས་ལ་འགོད་པའམ། བརྒྱུད་རྒྱུས་བསྡུས་པའི་ཉེར་ལེན་ནོ། །གསུམ་པ་ནི། བྱང་ཆུབ་དེ་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་མཐོང་ལམ་གྱིས་བསྡུས་པའི་ཡུམ་མཉམ་གཞག་ཏུ་རང་གིས་སྒོམ་པ་དང་རྗེས་ཐོབ་ཏུ་གཞན་ལ་སྟོན་པ་ནི་དངོས་ཀྱི་རྒྱུ་སྟེ་རང་བྱང་ཆུབ་ཀྱི་རྒྱུ་ལ་སྦྱོར་བའོ། །འདི་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པར་གྱུར་པ་ལ་སྦྱིན་པ་བྱིན་པ་སོགས་ལས་བསོད་ནམས་ཆེས་མང་པོའི་མཚན་ཉིད་དོ། །སྒོམ་ལམ་གྱི་རྒྱུ་སྐབས་གཉིས་པར་བསྟན་ཟིན་པས་འདིར་མཐོང་ལམ་གྱི་རྒྱུ་བསྟན་པའོ། །གཉིས་པ་ལ་དབུ་མ་པའི་ལུགས་ཀྱི་དྲི་མ་སྤོང་ཚུལ་འཐད་པ། དངོས་སྨྲ་བའི་ལུགས་ཀྱི་དེ་མི་འཐད་པ། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། མཐོང་ལམ་རྩེ་སྦྱོར་དེས་སྔར་བཤད་པའི་སྤང་བྱའི་རྟོག་པ་སྤོང་ན། སྤོང་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་གཉེན་པོས་སྤང་བྱ་སྤོང་ཚུལ་ནི། སྤང་བྱའི་དྲི་མ་གདོད་མ་ནས་ཟད་པ་ལ་ཟད་པར་ཤེས་པ་དང་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པས་སྤོང་བ་ཡིན་གྱི། སྔར་ཡོད་གཉེན་པོས་གསར་དུ་ཟད་པ་དང་སྔར་ཡོད་སྐྱེ་འཕྲོ་ཆད་པའི་ཚུལ་གྱིས་སྤོང་བ་མ་ཡིན་ནོ། །མཐོང་ལམ་དེ་སྔ་མ་ལྟར་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན། བྱང་ཆུབ་ཅེས་བརྗོད་དོ། །དེ་ནི་ཕྱི་མ་འདྲེན་པའོ། །སྤོང་ཚུལ་དེའི་སྒྲུབ་བྱེད་གང་ཞེ་ན། དྲི་མ་དེ་སྔར་ཡོད་གཉེན་པོས་གསར་དུ་ཟད་པར་བྱ་བར་མེད་པའི་ཕྱིར་དང་། སྔར་མེད་གསར་དུ་སྐྱེ་བ་མེད་པའི་ཕྱིར་ན་རྟགས་གཉིས་པོ་དེ་དག་ནི་གོ་རིམ་བཞིན་དུ་དྲི་མ་སྤོང་ཚུལ་དེ་ལྟ་བུ་ཡིན་པའི་སྒྲུབ་བྱེད་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ལཾས། དངཾ་པོཾ་རིགཾས་པཾ་དངཾ་འགཾལ་བཾ་ནིཾ། རངཾ་རྒྱུདཾ་ལཾ་ཚུལཾ་དེ་ལསཾ་གཞནཾ་དུཾ་ན་མཐོང་བ་ཞེས་བྱ་བའི་ལམ་གྱིས་ནི་མཐོང་སྤང་རྣམ་པར་རྟོག་པའི་རིགས་སྔར་ཡོད་ཅི་ཞིག་གསར་དུ་ཟད་དེ་ཟད་པ་མེད་པ་དང་སྐྱེ་མེད་ཀྱི་རྣམ་པ་འགོག་བདེན་ཅི་ཞིག་གསར་དུ་ཐོབ་སྟེ་ཐོབ་པ་མེད་པ་ཡིན་ཏེ། མཐོང་སྤང་གི་རིགས་རྣམས་གདོད་མ་ནས་ཡོད་པས་འགོག་པ་སྟེ་སྤང་དུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དཀའ་འགྲེལ་ལས་བཤད་དོ། །འགྲེལ་པ་ལྟར་ན། ཆོས་སྐུ་ཆོས་ཅན། བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ། དྲི་མ་གདོད་མ་ནས་ཟད་པ་དང་མི་སྐྱེ་བར་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། ཇི་ལྟར་ཟད་སྐྱེ་མེད་པར་གྲུབ་ཅེ་ན། དྲི་མ་སྔར་ཡོད་གཉེན་པོས་གསར་དུ་ཟད་པར་བྱར་མེད་པའི་ཕྱིར། སྔར་མེད་གསར་དུ་སྐྱེ་བ་མེད་པའི་ཕྱིར་རྟགས་གཉིས་པོ་དེ་དག་གོ་རིམ་བཞིན་དུ་རྩ་རྟགས་གཉིས་ཀྱི་སྒྲུབ་བྱེད་དུ་ཤེས་པར་བྱའོ། །གཉིས་པ་དངོས་སྨྲ་བའི་བྱང་ཆེན་འདོད་ཚུལ་ལ་དང་པོ་རིགས་པས་དགག་པ་ནི། མཐོང་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་རྣམ་པར་རྟོགས་པའི་རིགས་སྐྱེས་པ་གཉེན་པོས་གསར་དུ་ཅི་ཞིག་ཟད། སྐྱེ་མེད་ཀྱི་རྣམ་པ་མ་སྐྱེས་པ་ཅི་ཞིག་ཐོབ་སྟེ་ཟད་ཐོབ་ཅུང་ཟད་མེད་པར་ཐལ། རིམ་བཞིན་རྣམ་རྟོག་སྐྱེས་པ་ཟད་པ་དང་མ་སྐྱེས་པ་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་འགོག་པ་རྟོག་པ་མེད་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པར་རོ། །ཡང་ན་རྣམ་པར་རྟོག་པའི་རིགས་ནི་མཐོང་ཞེས་བྱ་བའི་ལམ་གྱིས་ཅི་ཞིག་ཟད་དེ་མི་ཟད་པར་ཐལ། སྐྱེ་མེད་ཀྱི་རྣམ་པ་འགོག་བདེན་ནི་དེས་ཅི་ཞིག་ཐོབ་སྟེ་ཐོབ་པ་མེད་པར་ཐལ། སྤང་གཉེན་བདེན་པར་གྲུབ་པའི་ཕྱིར། ཁྱབ་སྟེ། འགོག་པ་མེད་པ་ནི་དངོས་པོའི་རང་བཞིན་ཡིན་པ་ལ་ཁྱེད་ཀྱིས་ཡོད་པར་བཏགས་པས་ཟད་ཐོབ་མི་འཐད་པའི་ཕྱིར་ཏེ། གང་ལ་སྟོང་པ་ཉིད་རུང་བ་ཞེས་སོགས་སོ། །གཉིས་པ་ཁས་བླངས་འགལ་བས་དགག་པ་ནི། གཞན་དངོས་སྨྲ་བ་རྣམས་ཀྱིས་བརྗོད་པ་གང་ཡིན་པ་དེ་ལ་ཁོ་བོ་བྱམས་པས་མཚར་དུ་བརྩིས་སོ། །བརྗོད་པ་ཇི་ལྟ་བུ་ཞེ་ན། དངོས་པོའི་ཆོས་རྣམས་ཀྱང་བདེན་པར་ཡོད་ལ་སྟོན་པ་ཡི་ཤེས་བྱ་ཤེས་པ་ལ་ཡང་སྒྲིབ་པ་ཟད་པར་བརྗོད་པའོ། །བདེན་པར་ཡོད་ན་སྤངས་པར་མི་འཐད་དེ། དབུ་མ་རྩ་བར། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །ཞེས་སོ། །གསུམ་པ་ལ། གང་ལ་ལྟ་བའི་ཡུལ། ཇི་ལྟར་ལྟ་བའི་ཚུལ། ལྟ་བ་བསྒོམས་པའི་བྱེད་པའོ། །དང་པོ་ནི། སེམས་གསལ་སྟོང་འདི་ལ་དྲི་མ་སྔར་ཡོད་གཉེན་པོས་གསར་དུ་བསལ་བར་བྱ་རྒྱུ་ཅི་ཡང་མེད་ཅིང་གཉེན་པོས་དེ་སྤངས་པའི་འགོག་པ་གསར་དུ་གཞག་པར་བྱ་བ་ཅུང་ཟད་མེད་དོ། །ཡང་ན་ཀུན་རྫོབ་སྣང་ཙམ་འདི་ལ་མེད་དོ་ཞེས་གསལ་བར་བྱ་བ་ཅི་ཡང་མེད་ཅིང་། བདེན་པ་སོགས་ཡོད་དོ་ཞེས་གཞག་པར་བྱ་བ་ཅུང་ཟད་མེད་པས་སྒྲོ་སྐུར་དང་བྲལ་བའོ། །གཉིས་པ་ནི། ཡང་དག་པ་མཐའ་བྲལ་གྱི་ཆོས་ཉིད་ལ་ཡང་དག་པར་སྟེ་ཅིར་ཡང་མི་འཛིན་པར་ལྟ་བར་བྱའོ། །གསུམ་པ་ནི། ཡང་དག་པ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ན་འཁོར་བའམ་དངོས་འཛིན་ལས་རྣམ་པར་གྲོལ་ལོ། །གསུམ་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་དངོས་ལ་རང་གི་ངོ་བོ། ཁྱད་པར་གྱི་ལམ་མོ། །དང་པོ་ལ་ཡུལ་ཡུལ་ཅན་གཉིས། དང་པོ་ནི། བསྡུས་པ་ཡིན་ནོ་ཞེས་དྲང་ངོ་། །གང་དུ་ན་སྡུད་བྱེད་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་རེ་རེ་ནིའོ། །གང་ན་བསྡུ་བྱ་སྦྱིན་སོགས་དེ་དག་གོ །ཇི་ལྟར་ན་ཕན་ཚུན་གཅིག་གི་ནང་དུ་གཞན་འདུས་པར་རོ། །གཉིས་པ་ནི། མཐོང་བའི་ལམ་ཞེས་དྲང་ངོ་། །སྐབས་གང་དུ་ན་མཐོང་ལམ་རྩེ་སྦྱོར་གཉེན་པོའི་ལྡོག་པ་ནས་སྟོན་པའི་སྐབས་འདིར་རོ། །གང་ན་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བ་གང་ཡིན་པ་དུཿཁ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་དེའོ། །ཇི་ལྟར་ན་དུས་མཐའི་སྐད་ཅིག་མ་གཅིག་ལའོ། །གཉིས་པ་ལ་མཉམ་རྗེས་གཉིས་ལས། དང་པོ་ནི། མཐོང་ལམ་རྩེ་སྦྱོར་རྫོགས་པའི་རྗེས་དེ་ནས་མཐོང་སྤང་གི་འཇིགས་པ་མེད་པའི་ཕྱིར། རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་ལ་སྤེལ་ཆོས་མེད་པར་ལུགས་མཐུན་ལུགས་མི་མཐུན་དུ་སྙོམས་པར་འཇུག་པ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གཉིས་ལ་སྙོམས་པར་འཇུག་གོ །སློབ་དཔོན་ནི་འདིས་སེང་གེ་རྣམ་བསྒྱིངས་དང་པོ་ཁོ་ན་བསྟན་པར་བཞེད་ཀྱང་རྩ་བའི་དོན་མ་ཡིན་ནོ། །གཉིས་པ་ནི། རྟོག་པར་བྱེད་ཅེས་དྲང་ངོ་། །གང་གི་ཚེ་ན་སེང་ངེ་རྣམ་བསྒྱིངས་ཀྱི་རྗེས་ནས་སོ། །གང་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ལའོ། །ཇི་ལྟར་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་རོ། །འདིས་ས་དང་པོའི་རྗེས་ཐོབ་ཀྱི་ཉམས་ལེན་མ་ལུས་པ་མཚོན་ནས་བསྟན་ཚུལ་ཁོ་བོའི་ཡོངས་འཛིན་མཆོག་གི་ལེགས་བཤད་ན་བཞུགས་སོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ་རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག བརྟེན་པ་ཡོན་ཏན་གསུམ་མོ། །དང་པོ་ལ། རྩ་བའི་དགོངས་པ་བསྟན། ཚད་ལྡན་གྱི་འགྲེལ་པ་དང་སྦྱར་བའོ། །དང་པོ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་པའི་ཚིག་རྐང་གཉིས་ཀྱིས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཐམས་ཅད་བསྟན། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །ཞེས་སོགས་ཀྱིས་ཐོད་རྒལ་ཁོ་ན་བསྟན་པ་ནི་རྩ་བའི་དགོངས་པ་ཡིན་ཏེ། འདིའི་སྔ་འགྲེལ་གྱི་ཉིར་སྣང་ལས། སྒོམ་པའི་ལམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་ལ། དེ་དག་ཀྱང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་ཏེ། དེས་ན་ངེས་པར་བསྟན་པའི་སྒོ་ནས་མདོར་བསྡུས་ཏེ་སྟོན་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་གསུངས་པའི་ཕྱིར་དང་། ཐུབ་པ་དགོངས་གསལ་ལས། ཐོད་རྒལ་ལ་གཉིས་ཡོད་པ་ལས། ཐེག་པ་ཆེན་པོའི་ལུགས་ཀྱི་ཐོད་རྒལ་ནི། མངོན་རྟོགས་རྒྱན་ལས། འགོག་དང་བཅས་པའི་སྙོམས་མཇུག་དགུ། །ཞེས་སོགས་གསུངས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། འོ་ན། དེས་ཐོད་རྒལ་སྟོན་ན་ཇི་ལྟར་སྟོན་ཞེ་ན། འདིའི་ལན་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཐོད་རྒལ་དེ་ལ་བསམ་གཏན་བཞི་གཟུགས་མེད་བཞི། འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་ལ་རྣམ་པ་གཉིས་སུ་འཇུག་གོ །ཇི་ལྟར་ཞེ་ན། སོང་ནས་སྙོམས་པར་འཇུག་པ་དང་། འོངས་ནས་སྙོམས་པར་འཇུག་པ་གཉིས་ཡོད་དོ་ཞེས་པའོ། །གཉིས་པ་ནི། སོང་བའི་སྙོམས་མཇུག་དང་། འོང་བའི་སྙོམས་འཇུག་གཉིས་པོ་དེ་བར་མ་ཆད་པར་འབྱུང་ངམ་སྙམ་ན། གཉིས་པོའི་མཚམས་འཛིན་ནི་འདོད་པར་གཏོགས་པའི་རྣམ་པར་ཤེས་པའི་མིང་ཅན་མཉམ་གཞག་མ་ཡིན་པའི་མཁྱེན་པས་གཉིས་པོའི་མཚམས་བཟུང་སྟེ། དེ་ནས་ཆེན་པོ་ལ་འཇུག་གོ །སོང་འོང་གཉིས་པོ་གང་ཞེ་ན། སྙོམས་འཇུག་དགུ་ལ་སོང་ནས་ཐོད་རྒལ་དུ་སྙོམས་པར་འཇུག་པ་ནི། གཅིག་བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། དེ་གསུམ་པ་དང་། དེ་བཞི་པ་དང་། ལྔ་པ་ནམ་མཁའ། དྲུག་པ་རྣམ་ཤེས། བདུན་པ་ཅི་ཡང་མེད། བརྒྱད་པ་སྲིད་རྩེ་རྣམས་སྙོམས་པར་འཇུག་པའི་རིམ་པ་ལྟར་རྒལ་ནས་འགོག་པའི་སྙོམས་འཇུག་གི་བར་དུ་སྤེལ་ཆོས་མེད་པ་དང་ཡོད་པ་གཉིས་ཀྱི་སྒོ་ནས་མཉམ་གཞག་རིགས་འདྲར་འགྲོ་བའོ། །འོང་ནས་ཐོད་རྒལ་དུ་སྙོམས་པར་འཇུག་པ་ནི། སྙོམས་འཇུག་དགུ་ལ་རྗེས་ཐོབ་རེ་རེ་སྤེལ་ཏེ་མཉམ་རྗེས་རིགས་མི་འདྲ་བར་འགྲོ་བའི་མཁྱེན་པའོ། །གཉིས་པ་ནི། འདིའི་ཕྱི་འགྲེལ་དུ། ཉིར་སྣང་ལས། དེ་ལ་རྣམ་པ་གཉིས་སུ་ཞེས་བྱ་བ་ནི། ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའོ། །ཇི་སྐད་དུ། སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པའི་རྗེས་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཉམ་པར་མ་གཞག་པའི་སེམས་ཀྱི་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར། གཅིག་དང་། གཉིས་དང་གསུམ་དང་བཞི་དང་། ལྔ་དང་དྲུག་དང་བདུན་དང་། བརྒྱད་དང་དགུ་ཐོད་རྒལ་དུ་སྙོམས་པར་འཇུག་པ་མངོན་དུ་བྱེད་པས། ཇི་ལྟར་འདོད་པ་བཞིན་དུ་དབང་ཐོབ་པར་གསུངས་པ་ཡིན་ནོ། །དེས་ན་འདིའི་མདོ་ནི་ཞེས་སོགས་གསུངས་ཤིང་། དེ་ཡང་འགྲེལ་ཚིག་དང་པོ་དེས་རྣམ་པ་གཉིས་པོ་དེ་ལུགས་མཐུན་དང་ལུགས་མི་མཐུན་ལ་སྦྱར་ཞིང་། འགྲེལ་ཚིག་གཉིས་པས། དངོས་གཞི་ཐོད་རྒལ་གྱི་སྔོན་དུ་སེང་གེ་རྣམ་བསྒྱིངས་དང་། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པ་འགྲོ་དགོས་པར་བསྟན། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཉམ་པར་གཞག་པའི་སེམས་ཀྱིས་ཞེས་པས་ཐོད་རྒལ་གྱི་སྙོམས་འཇུག་གཉིས་པོ་དེའི་སྤེལ་གཞི་དང་སྤེལ་ཆོས་བསྟན། ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའི་ཞེས་སོགས་ཀྱིས་ཐོད་རྒལ་གྱི་སྙོམས་འཇུག་གཉིས་ཀྱི་འཇུག་ཚུལ་བསྟན། གཅིག་དང་ཞེས་སོགས་ཀྱིས་སྙོམས་འཇུག་གཉིས་པོ་དེའི་འཇུག་གཞི་བསྟན། མངོན་དུ་བྱེད་པས་ཞེས་སོགས་ཀྱིས་སྙོམས་འཇུག་བསྒོམས་པའི་དགོས་པ་བསྟན་ཏོ། །གཉིས་པ་སྤང་བྱ་རྣམ་རྟོག་ལ། སློབ་དཔོན་གྱིས་སྐབས་དང་པོའི་ཐ་སྙད་ལྟར་འདིར་ཡང་ཀུན་ནས་ཉོན་མོངས་གཟུང་རྟོག་སོགས་བཞིའི་རྣམ་གཞག་མཛད་ཀྱང་། རྩ་བ་དང་འཕགས་པའི་བཞེད་པ་ལྟར་བཤད་ན། གཟུང་རྟོག་དང་། འཛིན་རྟོག་གཉིས། དང་པོ་ལ་སྦྱོར་བའི་ཡུལ་ཅན་གྱི་རྟོག་པ། འཇུག་པའི་ཡུལ་ཅན་གྱི་རྟོག་པའོ། །དང་པོ་ལ་རྟོག་པའི་ཡུལ། རྟོག་པའི་ངོ་བོ་གཉིས། དང་པོ་ལ་ཤེས་བྱའི་དབང་དུ་བྱས་པ་གསུམ། ལམ་གྱི་དབང་དུ་བྱས་པ་དྲུག་གོ །དེ་ཡང་དང་པོ་གཉིས་དང་། ཐ་མ་གསུམ་རྣལ་མ། བར་པ་བཞི་བཟློག་པའི་སྒོ་ནས་བསྟན་ནོ། །དང་པོ་ནི། སྟོན་པས་ཆོས་མདོར་བསྡུས་པ་གསུངས་ཏེ་དེ་ལ་དགའ་བ་རྗེས་སུ་འཛིན་དགོས་པས་སོ། །ཆོས་རྒྱས་པ་གསུངས་ཏེ་རྒྱུ་མཚན་སྔ་མ་བཞིན་ནོ། །དེ་གཉིས་ལ་མི་སློབ་པ་སངས་རྒྱས་ཀྱིས་བསྟངས་པས་ཡོངས་སུ་མ་བཟུང་བ་སྟེ་མགོན་མི་མཛད་དེ་སྟོན་པས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་གྱིས་མ་སྒྲུབས་པས་སོ། །གཉིས་པ་ལ་ལམ་གྱི་ཡོན་ཏན་གྱི་དབང་དུ་བྱས་པ་གསུམ་ནི། བྱུང་ལ་འགགས་པས་ཡུམ་ལ་སྤྱོད་པ་ལ་དུས་དང་པོ་སྦྱོར་ལམ་གྱི་ཡོན་ཏན་ཉོན་མོངས་དང་བྲལ་བ་དོན་དམ་པར་མེད་པ་དང་། དོན་དམ་པར་བྱང་ཆུབ་སྐྱེ་བའི་རྒྱུ་མེད་པས་དེ་ལ་དུས་གཉིས་པ་མཐོང་ལམ་གྱི་ཡོན་ཏན་དོན་དམ་པར་མེད་པ་དང་། མ་འོངས་པ་མ་སྐྱེས་པས་དེ་ལ་དུས་གསུམ་པ་སྒོམ་ལམ་གྱི་ཡོན་ཏན་དོན་དམ་པར་མེད་པའོ། །ལམ་གསུམ་གྱི་ཡོན་ཏན་ཀུན་རྫོབ་ཏུ་ཡོད་པ་ནི་ཡུལ་ལོ། །ཡང་ན་སྔ་ཕྱི་ལ་མཐོང་ལམ་གྱི་དུས་དང་མཐོང་ལམ་ལ་བདེན་པར་མེད་དེ་ཞེས་སྦྱར་ཏེ། དེ་ལྟར་ན་སྔ་ཕྱིའི་ཡོན་ཏན་ཡོད་པ་དང་། མཐོང་ལམ་གྱི་ཡོན་ཏན་ཀུན་རྫོབ་ཏུ་ཡོད་པ་ནི་ཡུལ་ལོ། །ལམ་གྱི་ངོ་བོའི་དབང་དུ་བྱས་པ་གསུམ་ནི། ལེགས་པའི་ལམ་ནི་སྦྱོར་བ་དང་མཐོང་བ་དང་སྒོམ་པའི་ལམ་རྣམ་པ་གསུམ་སྟེ། དང་པོའི་སྒྲུབ་བྱེད་ཕྱིན་ཅི་ལོག་ཞི་བ་སོགས་ཀྱི་ཕྱིར་རོ། །སོགས་པས་ཡ་མ་རླ་བསོག་དང་སྙིང་པོ་མེད་པ་སྡུད་དོ། །ཞི་བ་སོགས་ཀྱི་དོན་ནི། འཕགས་པས་དངོས་པོ་འགོག་པས་ཞི་བ་རྐྱེན་དབང་ཡིན་པས་ཡ་མ་རླ། རང་བཞིན་སྟོང་ཉིད་ཡིན་པས་བསོག་དཔྱད་མི་བཟོད་པས་སྙིང་པོ་མེད་པའོ་ཞེས་གསུངས་སོ། །ཕྱི་མ་གཉིས་ནི་སྟོང་ཉིད་མངོན་སུམ་དུ་གསར་མཐོང་གི་ཡུམ་སྒྲུབ་པ་དང་། མཐོང་ཟིན་གོམས་པར་བྱེད་པས་སོ། །གཉིས་པ་ངོ་བོ་ནི། མདོར་བསྡུས་སོགས་ལ་དམིགས་ནས་འཇུག་བྱའི་གཟུང་བར་ཞེན་པའི་རྣམ་རྟོག་འདི་ནི་གཟུང་བའི་རྟོག་པ་གཅིག་སྟེ་དང་པོའོ། །འདི་ལ་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་བྱ་སྟེ་ལྡོག་པ་དང་རྣལ་མ་ཅི་རིགས་པར་སྦྱོར་བའི་ཡུལ་དགུ་ཡུལ་དུ་བྱེད་པས་སོ། །སློབ་དཔོན་ནི་སྒོམ་ལམ་གྱི་སྦྱོར་བ་ཉེར་ལྡོགས་ཀྱིས་སྤོང་བས་དེའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་གསུངས་སོ། །གཉིས་པ་འཇུག་པའི་ཡུལ་ཅན་བཤད་པ་ལ། མིང་གི་སྒོ་ནས་བསྟན་པ། ཡུལ་སོགས་ཀྱི་སྒོ་ནས་བཤད་པའོ། །དང་པོ་ནི། བཞེད་དེ་ཞེས་དྲང་ངོ་། །གང་ན་གཟུང་རྟོགས་གཉིས་པ་འདིའོ། །གང་དུ་ན་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ན། ཉན་རང་གི་སེམས་དང་སེམས་བྱུང་གི་རྟོགས་པའི་རིམ་པ་རྣམས་གོང་ནས་གོང་དུ་འཇུག་པས་འཇུག་པ་ཞེས་བྱ་ལ་དེ་དག་གི་ཡུལ་ཅན་ཡིན་པ་སོགས། གཉིས་པ་ལ་ཡུལ། ངོ་བོ། སྤང་གཉེན་སྦྱར་བའོ། །དང་པོ་ལ་དམན་པའི་ཚོགས་ལམ་གྱི་གཉིས་ནི། དེར་ཐེག་ཆེན་གྱི་སེམས་མི་སྐྱེ་སྟེ་ཐེག་ཆེན་གྱི་དགེ་བཤེས་དང་བྲལ་བས་སོ། །དེར་བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་དེ་གཞན་དོན་དུ་དེ་བཞིན་གཤེགས་པ་ལ་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་སོ། །དེའི་སྦྱོར་ལམ་དུ་ཐེག་པ་དམན་པ་ཉན་རང་གི་ཐེག་པ་ཡིད་ལ་བྱེད་དེ་དེའི་རིགས་ཅན་ཡིན་པས་སོ། །དེའི་མཐོང་ལམ་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་དེ་ཐབས་ཤེས་ཟུང་འབྲེལ་གྱི་ཡུམ་སྒྲུབ་པ་མེད་པས་སོ། །དེའི་སྒོམ་ལམ་དུ་མི་རྟག་སོགས་སུ་བསྒོམ་པར་བྱེད་དེ་ཕུང་པོ་དེར་མི་དམིགས་པས་སོ། །དེའི་མི་སློབ་ལམ་དུ་དེར་བསྒོམ་པ་མེད་པ་ཡིན་ཏེ་དེར་དམིགས་པ་སླར་བསྒོམ་པ་ལ་མི་ལྟོས་པས་སོ། །སྒོམ་མི་སྒོམ་དེ་དག་ལས་ནི་བཟློག་པ་སྤྲོས་བྲལ་སྒོམ་པ་མེད། མི་རྟག་སོགས་སྒོམ་པ་མེད་པ་མ་ཡིན་པ་ཉིད་ཡིན་ཏེ། ཆོས་ཉིད་དང་གང་ཟག་གི་བདག་མེད་ལ་མ་དམིགས་པ་དང་དམིགས་པའི་ཕྱིར་རོ། །ཉན་རང་ཆོས་ཅན། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ཏེ། དེ་ལས་ཕྱིན་ཅི་ལོག་ཏུ་ཞེན་པའི་ཕྱིར་རོ། །འདི་ཤེས་བྱ་མ་རྟོགས་པའི་དབང་དུ་བྱས་ལ། སྔ་མ་ནི་ལམ་གྱི་དབང་དུ་བྱས་སོ། །གཉིས་པ་ནི། ཡུལ་དེ་དག་ལ་དམིགས་ནས་ལྡོག་བྱའི་གཟུང་བར་ཞེན་པའི་བློ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའོ། །གསུམ་པ་ནི། རྟོག་པ་དེ་དག་ཐེག་ཆེན་གྱི་སྒོམ་པའི་ལམ་ལ་སྤོང་བར་ཤེས་པར་བྱའོ། །སློབ་དཔོན་ནི་སྒོམ་པའི་ལམ་གྱི་འཇུག་པའི་གནས་སྐབས་ལ་སྤོང་བར་བཞེད་དོ། །གཉིས་པ་འཛིན་རྟོག་ལ། སེམས་ཅན་དུ་བཏགས་པ་དང་། སེམས་ཅན་དུ་བཏགས་པའི་རྒྱུ་མཚན་ལ་རྟེན་པ་གཉིས། དང་པོ་ལ་ཡུལ། ངོ་བོའོ། །དང་པོ་ལ་ཤེས་བྱའི་དབང་དུ་བྱས་པ་གསུམ། ཉན་ཐོས་དང་བྱང་སེམས་ཀྱི་ཤེས་རབ་གཉིས་ཐབས་ཤེས་གཉིས། སོ་སྐྱེའི་ལྟ་སྤྱོད་གཉིས་སོ། །དང་པོ་ནི། སོ་སྐྱེ་ནི་རྟོག་པའི་སྤྱོད་ཡུལ་དུ་སེམས་ཅན་དུ་བཏགས་པ་ཙམ་སྟེ་རྫས་སུ་མེད་པས་སོ། །གཟུགས་སོགས་ནི་ཆོས་སུ་བཏགས་པ་ཙམ་སྟེ་སེམས་ཀྱི་སྣང་བ་ཙམ་དུ་ཟད་པས་སོ། །མཁྱེན་གསུམ་ནི་ཡུལ་ཀུན་རྫོབ་ཙམ་དུ་སྟོང་པ་མ་ཡིན་པ་ཉིད་དེ་གཞི་ལམ་རྣམ་པ་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་ཀྱི་ཤེས་རབ་ནི་གཟུགས་སོགས་ལ་ཆགས་ཏེ། གཟུང་འཛིན་དུ་ཞེན་པ་མ་སྤངས་པས་སོ། །བྱང་སེམས་ཀྱི་དེ་ནི་ཆོས་རབ་དུ་རྣམ་པར་འབྱེད་པའི་བདག་ཉིད་ཡིན་ཏེ། གཟུང་འཛིན་རང་བཞིན་མེད་པར་རྟོགས་པའི་ཕྱིར། གསུམ་པ་ནི། ཉན་རང་ཆོས་ཅན། མྱང་འདས་ཀྱི་དངོས་པོར་འཛིན་པའི་ཆེད་དུ་བྱ་བ་བྱེད་དེ། ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་མི་བྱེད་པས་སོ། །བྱང་སེམས་ཆོས་ཅན། ཐེག་པ་གསུམ་གྱི་ལམ་གྱིས་ངེས་པར་འབྱུང་སྟེ། གཟུགས་སོགས་མི་དམིགས་པར་རྟོགས་པའི་ཕྱིར། བཞི་པ་ནི། སོ་སྐྱེ་ཆོས་ཅན། གཞན་གྱིས་བྱིན་པའི་ཡོན་ནི་དག་པར་སྤྱོད་ནུས་པ་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པ་ལ་མ་ཞུགས་པའི་ཕྱིར། ཕྱིན་དྲུག་གི་སྤྱོད་པ་རྣམ་པར་འཁྲུགས་པ་ཡིན་ཏེ། སྦྱིན་སོགས་ལ་འཁོར་གསུམ་དུ་དམིགས་ཏེ་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་བུའི་ཡུལ་དགུ་ལ་དམིགས་ཏེ་འཛིན་པ་པོར་བཏགས་པ་ཙམ་དུ་ཞེན་པའི་ཤེས་སྒྲིབ་དེ་འཛིན་པར་བྱེད་པ་དང་པོར་ཤེས་པར་བྱ་བ་ཡིན་ཏེ། དེ་ལྟར་དུ་མདོར་བསྒྲགས་པ་ཡིན་པའི་ཕྱིར། འཛིན་རྟོགས་གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སེམས་ཅན་དུ་བཏགས་པ་དང་བཏགས་པ་དེའི་རྒྱུ་ཕུང་པོའི་རྒྱུན་སྣང་བ་ཙམ་དེ་ཡི་ཡུལ་ཅན་སྔ་མ་ལས་གཞན་འཛིན་རྟོགས་གཉིས་པ་རྣམ་པ་དགུ་ཆོས་ཅན། གཉེན་པོ་སྒོམ་པའི་ལམ་དང་འབྲེལ་བ་ཡི་སྤང་བྱ་མི་མཐུན་ཕྱོགས་ཡིན་ཏེ། སྒོམ་ལམ་དེ་ཡིས་རྣམ་པར་འཇོམས་པས་སོ། །གཉིས་པ་བཤད་པ་ལ་ཡུལ་ངོ་བོའོ། །དང་པོ་ལ། ལམ་གྱི་སྒྲིབ་པ་གསུམ། ལམ་གྱི་ངོ་བོ་གཅིག ཤེས་བྱ་གསུམ། སྤང་བྱ་གཅིག རྣམ་པའི་དབང་དུ་བྱས་པ་གཅིག་གོ །དང་པོ་ནི། སོ་སྐྱེ་ཐ་མལ་པ་ཆོས་ཅན། ཀུན་ཏུ་རྨོངས་པ་ཀུན་མཁྱེན་ནི་རྣམ་པ་གསུམ་གྱི་སྒྲིབ་པ་རྣམ་པ་གསུམ་དང་ལྡན་ཏེ། གསུམ་པོའི་ཡུལ་གྱི་བདག་ཉིད་ངོ་བོ་རྒྱུ་འབྲས་དང་། ཐེག་པ་གསུམ་གྱི་ལམ་དང་། གཞི་ཕུང་སོགས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མ་ཤེས་པས་སོ། །གཉིས་པ་ནི། སྤང་བྱ་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་ཏེ་གཉེན་པོ་ཤེར་ཕྱིན་ཡོངས་སུ་མ་ཤེས་པས་སོ། །གསུམ་པ་ནི། གཟུགས་སོགས་དེ་བཞིན་ཉིད་དང་ཆོས་དབྱིངས་སོགས་དང་མཚུངས་པར་ལྡན་པ་དབྱེར་མེད་དང་མི་ལྡན་པ་དབྱེར་མེད་མ་ཡིན་པ་ལ་སོགས་ཏེ་ཆོས་ཅན་དང་ཆོས་ཉིད་དབྱེར་མེད་དུ་ཡོངས་སུ་མ་ཤེས་པས་སོ། །ཐེག་པ་ཆེ་ཆུང་ལམ་མི་མཉམ་པ་ལ་སོགས་ཏེ་བདུད་ལ་སོགས་པའི་ངོ་བོ་ཡོངས་སུ་མ་ཤེས་པས་སོ། །དུཿཁ་ལ་སོགས་པའི་བདེན་པ་བཞི་ལ་ཅེས་སོགས་ཏེ་མི་རྟག་སོགས་ཀྱི་དོན་ལ་སྒྲ་ཇི་བཞིན་དུ་ཞེན་པས་སོ། །བཞི་པ་ནི། ཉོན་མོངས་པ་རྣམས་ཀྱི་རང་བཞིན་འདོད་མ་ནས་ཟད་སྐྱེ་མེད་པ་ལ་སོགས་ཏེ་ཆགས་སོགས་གློ་བུར་བར་མ་ཤེས་པས་སོ། །ལྔ་པ་ནི། གཟུང་འཛིན་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་ཏེ་གཟུང་འཛིན་གྱི་མཚན་ཉིད་སྟོང་ཉིད་དུ་མ་ཤེས་པས་སོ། །གཉིས་པ་ནི། དེ་ལྟ་བུའི་ཡུལ་དགུ་ལ་དམིགས་ནས་འཛིན་པ་པོར་བཏགས་པ་ཙམ་དུ་ཞེན་པའི་ཆ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་བཞིའི་ཐ་མར་བཞེད་དོ། །གསུམ་པ་བརྟེན་པ་ཡོན་ཏན་ནི། སྔར་སྐབས་བཞི་པར་ལམ་གསུམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པ་ཡིན་ན། དེ་དག་ཉམས་ལེན་གྱི་རིམ་པ་ལ་མི་ལྟོས་པར་འགྱུར་རོ་སྙམ་པའི་དོགས་པ་བསལ་བའི་ཕྱིར། སྦྱོར་བ་གསུམ་ཆར་དག་སའི་ཉམས་ལེན་ལ་སྦྱར་བ་ལྟར། སྔར་རྩེ་སྦྱོར་གཉེན་པོ་འབད་རྩོལ་གྱི་ལྡོག་པ་ནས་བསྟན་པ་ན། དེ་དག་ལ་འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན་མེད་དམ་སྙམ་པའི་དོགས་པ་གསལ་བའི་ཕྱིར། དག་སར་ཉམས་ལེན་འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན་གྱི་ལྡོག་པ་ནས་སྟོན་པ་ལ། འབད་རྩོལ་ལ་མི་ལྟོས་པའི་རྟེན་གྱི་གང་ཟག དེ་ལ་མི་ལྟོས་པའི་རྒྱུ། དེ་ལ་མི་ལྟོས་པའི་ཡོན་ཏན། དེ་ལ་མི་ལྟོས་པའི་ཚུལ་ལོ། །དང་པོ་ནི། རྟེན་པར་བྱེད་ཅེས་དྲང་ངོ་། །སུ་ལ་ན་ངན་སོང་གི་གདུང་བ་ལས་སྐྱོབ་པའི་ལོ་མ། བདེ་འགྲོའི་དགའ་བ་སྐྱེད་པའི་མེ་ཏོག སྲིད་ཞིའི་རྒུད་པ་སེལ་བའི་འབྲས་བུ་མཆོག་ཐོབ་པ་དེ་དག་གིས་སྤྲ་བ་སྟེ་མཛེས་པར་གྱུར་པ་ཡི་དག་སའི་སེམས་དཔའ་ཆེན་པོ་དེ་ལ་ནིའོ། །གཉིས་པ་ནི། རྒྱུ་གང་ལས་ཤེ་ན་སྒོམ་ལམ་ཡུན་རིང་དུ་གོམས་པས་ཡམས་ཀྱི་ནད་ལྟ་བུའི་རྣམ་པར་རྟོག་པ་བཞི་པོ་འདི་རྣམས་ཟད་པ་ལ་བརྟེན་ནས་ནིའོ། །རྟོགས་པ་བཞི་པོ་ནད་དང་འདྲ་སྟེ་འཚེ་བར་བྱེད་པས་སོ། །དཔེར་ན་ནད་ཟད་དེ་ཡུན་རིང་དུ་ལོན་ནས་ནད་པ་དབུགས་ཕྱིན་པའི་བདེ་བ་རྙེད་པ་ལྟར་རོ། །གསུམ་པ་ནི། གང་ན་རྣམ་པ་ཀུན་ཏུ་འགྲོ་བ་ཡི་བདེ་བ་སྒྲུབ་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཀུན་ནོ། །བཞི་པ་ནི། ཇི་ལྟར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་རྒྱུན་མི་ཆད་པར་འབབ་པ་བཞིན་དུ་ཐེག་པ་གསུམ་གྱི་ཡོན་ཏན་གྱི་རིགས་རྣམས་རྣམ་པ་ཀུན་ཏུ་རྒྱུན་མི་ཆད་པའི་ཚུལ་གྱིས་སོ། །བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་ལ་གཉེན་པོ་བར་ཆད་མེད་པའི་རྩེ་སྦྱོར་བཤད། མི་མཐུན་ཕྱོགས་ལོག་རྟོག་བསལ་བའོ། །དང་པོ་ལ་ངོ་བོ། དམིགས་རྣམ་སོགས་བཤད་པའོ། །དང་པོ་ནི། རྒྱུན་མཐའི་ཏིང་ངེ་འཛིན་དེ་ཆོས་ཅན། བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། འབྲས་བུ་སངས་རྒྱས་ཉིད་ཐོབ་པ་ལ་ཆོས་གཞན་གྱིས་བར་ཆད་པ་མེད་པའི་རྩེ་སྦྱོར་ཡིན་པའི་ཕྱིར། ཇི་ལྟར་བར་ཆད་མེད་པར་སངས་རྒྱས་ཐོབ་ཅེ་ན། དངོས་འབྲས་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་དེ་ནི་སངས་རྒྱས་ཉིད་ཡིན་པའི་ཕྱིར། ཡང་ན་འབྲས་བུ་སངས་རྒྱས་གང་ཞེ་ན། སངས་རྒྱས་དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་དོ། །བར་ཆད་མེད་རྩེ་འདིའང་བསོད་ནམས་མང་པོ་ཉིད་ཀྱི་ལྡོག་པ་ནས་ནི་བསྟན་པས་མང་ཞེས་དྲང་ངོ་། །གང་ན་འདིའི་རྒྱུ་སེམས་དང་པོ་སྐྱེད་པའི་བསོད་ནམས་དང་། བར་ཆད་མེད་རྩེ་འདི་ཉིད་ཀྱི་བསོད་ནམས་སོ། །གང་ལས་ན་རིམ་བཞིན་སྟོང་གསུམ་གྱི་སོ་སོའི་སྐྱེ་བོ་ཐམས་ཅད་ཉན་ཐོས་ཀྱི་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་དང་། བསེ་རུ་ལྟ་བུའི་རང་རྒྱལ་གྱི་རྟོགས་པ་ཕུན་སུམ་ཚོགས་པ་ལ་བཀོད་པའི་དགེ་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ས་དང་པོ་ཡན་ཆད་ལ་བཀོད་པའི་དགེ་བ་དཔེར་མཛད་ནས་དེ་ལས་སོ། །ཇི་ལྟར་ན་རིམ་བཞིན་བརྒྱའི་ཆ་ལ་སོགས་པར་མི་འགྲོ་བར་རོ། །གཉིས་པ་ནི། སེམས་སེམས་བྱུང་རྣམས་དམིགས་རྣམས་ཀྱིས་རབ་ཏུ་ཕྱེ་བས་བར་ཆད་མེད་རྩེའམ་རྣམ་མཁྱེན་གྱི་དེ་གཉིས་འཆད་པ་ལ། གཉིས་པོ་འདི་ཡི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་ཡོད་མེད་སོགས་ཀྱི་དངོས་པོ་གང་ཡང་མེད་པའི་རང་བཞིན་ནོ། །བདག་པོའི་རྐྱེན་ནི་ས་དང་པོ་ནས་རྒྱུན་མཐའི་བར་དུ་ཡང་ཡང་བསྒོམས་ཏེ་འདྲིས་པར་བྱས་པའམ་རྒྱུན་མཐའ་མན་ཆད་ཀྱི་མཁྱེན་གསུམ་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་ཡིན་པར་ཐུབ་པས་བཞེད་དོ། །རྣམ་པ་ནི་སྤྲོས་པ་མ་ལུས་པ་ཞི་བ་ཉིད་དོ། །རྒྱུ་ནི་རིགས། དེ་མ་ཐག་རྐྱེན་ནི་བར་ཆད་མེད་རྩེའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ་ནི། རྣམ་མཁྱེན་དང་བར་ཆད་མེད་རྩེ་འདིའི་དམིགས་རྣམ་ནི་དངོས་པོ་ལ་སྒྲོ་སྐུར་རབ་ཏུ་སྨྲ་བ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་མར་རྒོལ་ལོ། །གཉིས་པ་ནི། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པའི་བློའི་ནོར་གྱིས་ཕྱུག་པ་ཅན་བྱང་སེམས་རྣམས་ཀྱིས་ལོག་རྟོག་བསལ་ནས་ཏིང་ངེ་འཛིན་སྐྱེད་པའི་ཆེད་དུ་ཏིང་ངེ་འཛིན་གྱི་འོག་ཏུ་ལོག་རྟོག་འཆད་དོ། །འདི་ལ་ལོག་རྟོག་གི་ཡུལ། གང་ཟག གཞི་གང་ལ། དེའི་དབྱེ་བའོ། །དང་པོ་ནི། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པ་སོགས་བཅུ་དྲུག་ལའོ། །ཇི་ལྟར་རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར། ཞེས་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་ཏུ་སུན་འབྱིན་པ་དོན་དམ་སྒོ་ཅན་གྱི་ཀླན་ཀའོ། །འདི་ལ་དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་དེའི་དམིགས་པ་འཐད་དོ། །ཞེས་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་བོ། །ཡང་ན་དོན་དམ་པར་ཆོས་ཐམས་ཅད་མེད་པས་དེའི་དམིགས་པ་མི་འཐད་སྙམ་པ་ནི་ལོག་རྟོག་ཡིན་ལ། དེས་བསླངས་པའི་རྩོད་པ་ནི་ཀླན་ཀའོ། །དེ་ལ་དང་པོ་ནི། བདེན་གཉིས་ཀྱི་རྣམ་དབྱེ་རྟོགས་པའི་ཤེས་རབ་ཀྱིས་སེལ་ལ། གཉིས་པ་ནི། ཤེས་རབ་དེས་བསླངས་པའི་བདེན་གཉིས་རྣམ་འབྱེད་ཀྱི་རིགས་པས་སེལ་ལོ། །འདི་གཉིས་ནི་རིམ་བཞིན་རང་རྒྱུད་ལ་སེལ་བ་དང་། གཞན་རྒྱུད་ལ་སེལ་བའི་དབང་དུ་བྱས་སོ། །གཉིས་པ་ནི། དམིགས་པ་དེ་ཡི་ནི་ངོ་བོ་ཉིད་རྣམ་མཁྱེན་གྱི་ཡུལ་དུ་ངེས་པར་བཟུང་བ་མེད་པར་ཐལ། རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་ཞེས་པ་དང་། གསུམ་པ་ནི། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མེད་པར་ཐལ། དངོས་པོ་དངོས་མེད་གང་ཡང་མི་དམིགས་པའི་ཕྱིར་ཞེས་དང་། བཞི་པ་ནི། དམ་པའི་དོན་དང་ཀུན་རྫོབ་ཀྱི་བདེན་པ་མེད་པར་ཐལ། དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞེས་དང་། ལྔ་པ་ནི། སྦྱོར་བ་མེད་པར་ཐལ། སྦྱིན་སོགས་མི་དམིགས་པའི་ཕྱིར་ཞེས་དང་། དྲུག་བདུན་བརྒྱད་པ་ནི། དཀོན་མཆོག་གསུམ་པོ་དེ་དང་དེ་མེད་པར་ཐལ། རིམ་པ་བཞིན། རྟོགས་པར་བྱ་བ་དང་མིང་ཙམ་དུ་ཟད་པ་དང་གཟུགས་སོགས་ལ་དམིགས་ནས་བསྒོམ་པ་མེད་པའི་ཕྱིར་ཞེས་དང་། དགུ་པ་ནི། ཐབས་མཁས་དང་བཅས་པ་མེད་པར་ཐལ། སྦྱིན་སོགས་མེད་པའི་ཕྱིར་ཞེས་དང་། བཅུ་པ་ནི། ཐུབ་པའི་རྟོགས་པ་མེད་པར་ཐལ། རྟོགས་བྱ་དངོས་པོ་སོགས་མཐའ་བཞི་རྟོགས་པ་མེད་པའི་ཕྱིར་ཞེས་དང་། བཅུ་གཅིག་པ་ནི། རྟག་སོགས་ནི་ཕྱིན་ཅི་ལོག་མ་ཡིན་པར་ཐལ། མི་རྟག་སོགས་སྤྲོས་བཅས་ཡིན་པའི་ཕྱིར་ཞེས་དང་། བཅུ་གཉིས་པ་ནི། ཤེས་རབ་ཀྱིས་ཉན་རང་གི་ལམ་བསྒོམ་པ་དང་བཅས་པ་མི་འཐད་པར་ཐལ། ཐབས་ཀྱིས་དེ་བསྒོམས་པའི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར་ཞེས་དང་། བཅུ་གསུམ་པ་ནི། གཉེན་པོའི་ཕྱོགས་དག་མི་འཐད་པར་ཐལ། སྤང་བྱ་མེད་པའི་ཕྱིར་ཞེས་དང་། བཅུ་བཞི་པ་ནི། སྤང་བྱ་མི་མཐུན་པའི་ཕྱོགས་དག་མེད་པར་ཐལ། དོར་བྱ་མེད་པའི་ཕྱིར་ཞེས་དང་། བཅོ་ལྔ་པ་ནི། ཆོས་ཀྱི་མཚན་ཉིད་མེད་པར་ཐལ། རྟེན་ཆོས་ཅན་མེད་པའི་ཕྱིར་ཞེས་དང་། བཅུ་དྲུག་པ་ནི། ཡུམ་བསྒོམ་པ་མེད་པར་ཐལ། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མེད་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། བདེན་གཉིས་ནམ་འབྱེད་ཀྱི་ཐབས་ལ་མི་མཁས་པ་རྟོག་གེ་རབ་ཏུ་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པའོ། །གསུམ་པ་ནི་འཕགས་པ་ལྟར་ན། རྣམ་པ་ཀུན་མཁྱེན་པ་ཉིད་དངོས་སམ། སློབ་དཔོན་ལྟར་ན་དེའི་རྒྱུ་ལ་དེར་བཏགས་པ་བར་ཆད་མེད་རྩེ་ལ་རྟེན་པ་ཅན་ནོ། །བཞི་པ་ནི། ལོག་རྟོགས་མང་ན་ཡང་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་རྣམ་པ་བཅུ་དྲུག་དག་ཏུ་སྟོན་པ་བཞེད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་ལྔ་པའི་ལེགས་བཤད་དོ།། ༈ །།གསུམ་པ་མཐར་གྱིས་པའི་སྦྱོར་བ་ལ་རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པ་འཆད་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་མཐར་གྱིས་པ་གཉིས་ལས། དང་པོ་ནི། དེའི་རྒྱུ་མཚན་ཡོད་དེ། རྩེ་སྦྱོར་གྱིས་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་སྤངས་ཀྱང་མཐར་གྱིས་པས་ཡོན་ཏན་མངོན་པར་སྒྲུབ་པ་མེད་ན་སངས་རྒྱས་ཀྱི་སར་སྤངས་པ་ཕྱོགས་གཅིག་པར་འགྱུར་གྱི་རྟོགས་པ་ཕུན་ཚོགས་མི་འགྲུབ་པས་དེ་འགྲུབ་པའི་ཕྱིར་དུ་མཐར་གྱིས་པའི་སྦྱོར་བ་བསྒོམ་དགོས་པའི་ཕྱིར་རོ། །སློབ་དཔོན་ལྟར་ན་དེའི་རྒྱུ་མཚན་ཡོད་དེ། སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་ཀླག་ནས་སྒོམ་པ་དེ་མཐར་གྱིས་པ་ཡིན་པ་གང་ཞིག་དེ་རྩེ་སྦྱོར་ཐོབ་པ་གཅིག་གིས་བསྒོམ་དགོས་པའི་ཕྱིར་རོ། །སོ་སོ་བ་དང་བསྡུས་པའི་དོན་གསེར་གླིང་པས་སོ་སོ་བ་མཁྱེན་གསུམ་ལུགས་ལྡོག་ཏུ་སྟོན་པ་སྐབས་དང་པོ་གསུམ་དང་། བསྡུས་པ་དེ་ལུགས་འབྱུང་དུ་སྟོན་པ་རྣམ་ཀུན་ལ་འཆད་པ་སློབ་དཔོན་གྱི་དགོངས་པའོ། །གཉིས་པ་ལ་གསུམ་ལས། དང་པོ་སྦྱོར་བ་ཕུན་ཚོགས་ནི། ས་བཅུ་རྫོགས་པ་སྒྲུབ་པ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་པོ་དག་ལམ་གྱི་ངོ་བོའོ། །དེ་སྒྲུབ་པ་ལ་ཕར་ཕྱིན་བཅུར་བཤད་དོ་ཞེ་ན། སྐྱོན་མེད་དེ་ཕྱི་མ་བཞི་དྲུག་པར་འདུས་པའི་ཕྱིར་ཏེ། དབུས་མཐར། མི་ཟད་པ་དང་རྟག་འཇུག་དང་། །ངེས་དང་ལོངས་སྤྱོད་སྨིན་པར་བྱེད། །ཅེས་སོ། གཉིས་པ་བསམ་པ་ཕུན་ཚོགས་ནི། སངས་རྒྱས་དང་ཆོས་ལ་སོགས་པ་གསུམ་རྗེས་སུ་དྲན་པ་ནི་ལམ་སྒྲུབ་པའི་རྟེན་དང་། ལ་སོགས་པ་གཏོང་བ་དང་ཚུལ་ཁྲིམས་དྲན་པ་ནི་ལམ་གྱི་གཞི་དང་། ལྷར་སྐྱེས་པའི་འཕགས་པ་ནི་ལམ་སྒྲུབ་པའི་དབང་པོར་དྲན་པར་བྱེད་དོ། །གསུམ་པ་དེ་གཉིས་རྣམ་པར་དག་བྱེད་ནི་དེ་དག་ཀྱང་བདེན་འཛིན་དང་བཅས་ན་ལམ་དུ་མི་འགྱུར་བས་ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིམ་གྱིས་བསྒོམ་པ་ནི་ལམ་རྫོགས་ཤིང་དག་པའི་ཡན་ལག་སྟེ། དེ་དག་ནི་མཐར་གྱིས་པའི་བྱ་བ་ཡིན་ལ་དེས་མཚོན་ནས་མཐར་གྱིས་བགྱི་བ་དང་བསླབ་པ་དང་བསྒྲུབ་པ་གསུམ་དུ་སངས་རྒྱས་བཞེད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་དྲུག་པའི་ལེགས་བཤད་དོ།། །།བཞི་པ་སྐད་ཅིག་མའི་སྦྱོར་བ་ལ་མཐར་གྱིས་པའི་འོག་ཏུ་དེ་འཆད་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་སྐད་ཅིག་མའི་སྦྱོར་བ་དངོས་སོ། །དང་པོ་ནི། དེའི་རྒྱུ་མཚན་ཡོད་དེ། མཐར་གྱིས་པའི་སྦྱོར་བ་བསྒོམས་པའི་དགོས་པ་ནི། བསྒོམ་བྱ་མཁྱེན་གསུམ་གྱི་རྣམ་པ་གཅིག་མངོན་དུ་གྱུར་པ་ན་དེའི་རྣམ་པ་ཐམས་ཅད་མངོན་དུ་འགྱུར་བའི་ཆེད་ཡིན་ལ། དེ་བསྒོམས་པས་བརྟན་པ་ཐོབ་ནས་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་དུ་འགྱུར་བའི་གནས་སྐབས་ལ་སྐད་ཅིག་མའི་སྦྱོར་བར་འཇོག་པའི་ཕྱིར་རོ། །གཉིས་པ་ལ་བཞི་ལས་དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ལ་དངོས་ཀྱི་དོན་དང་། མཚོན་བྱེད་ཀྱི་དཔེའོ། །དང་པོ་ནི། ཤེས་པར་བྱ་ཞེས་དྲང་ངོ་། །གང་དུ་ན་སྐབས་བདུན་པ་འདིར་ནིའོ། །གང་ན་བདུད་བཞི་ཐུབ་པའི་བྱང་སེམས་ཀྱི་སྐད་ཅིག་མ་གཅིག་པ་ཡི་རྟོགས་པ་འདི་ནིའོ། །ཇི་ལྟར་ན་སྡུད་བྱེད་སྦྱིན་པ་ལ་སོགས་པ་ཟག་མེད་ཀྱི་ཆོས་རེ་རེས་ཀྱང་བསྡུ་བྱ་ཟག་མེད་ཀྱི་ཆོས་ཀུན་བསྡུས་པའི་ཕྱིར་ན་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པའི་ཚེ་དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱས་པའི་ཚུལ་གྱིས་སོ། །གཉིས་པ་ནི། དཔེ་ཇི་ལྟར་ན་བཟོ་བོ་མཁས་པས་སྔོན་ལེགས་པས་བྱས་པའི་མཐུས། སྐྱེས་བུས་ཟོ་ཆུན་གྱི་རྒྱུད་ཀྱི་ཟོ་བ་གཅིག་རྡོག་པ་ཐབས་གཅིག་གིས་བསྐྱོད་པ་ན་ཟོ་བའི་རྒྱུད་ཐམས་ཅད་ཅིག་ཆར་དུ་འགུལ་བ་ལྟར་དཔེ་དེ་བཞིན་དུ་རྒྱུན་མཐར་དུས་སྐད་ཅིག་མ་གཅིག་ལ་ཟག་མེད་ཀྱི་ཆོས་གཅིག་ཤེས་པ་སྟེ་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ཏེ། དེ་ལྟར་གྱུར་ཅིག་ཅེས་པའི་སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་ཆོས་དབྱིངས་གཅིག་ཡིན་པའི་མཐུས་སོ། །གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་ནི། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་པའི་སྦྱོར་བ་ཡིན་ཏེ། དུས་དེ་ལ་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རྟོགས་པའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། །གང་གི་ཚེ་རྟོགས་ཤེ་ན། ཆོས་དཀར་པོ་རྣམ་པར་བྱང་བ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་གློ་བུར་གྱི་དྲི་མ་དང་བྲལ་བ་རྒྱུན་མཐའི་ཡེ་ཤེས་སྐྱེས་པ་དེའི་ཚེའོ། །དཔེར་ན་སྟོན་ཀའི་ཟླ་བའི་འོད་བཞིན་དུའོ། །གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་ནི། རྟོགས་སོ་ཞེས་དྲང་ངོ་། །གང་ན་ཀུན་བྱང་གི་ཆོས་རྣམས་སོ། །རྒྱུ་གང་ལས་ན་ངོ་བོའི་རྒྱུ་སྦྱིན་པ་ལ་སོགས་པ་ཕྱིན་དྲུག་ལ་སྤྱོད་པ་ཡིས་དང་། ཕྱིན་ཅི་མ་ལོག་པའི་རྒྱུ་ཆོས་ཀུན་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས་སོ། །ཇི་ལྟར་ན་ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པ་ཉིད་དུའོ། །གང་གིས་ན་ཡེ་ཤེས་སྐད་ཅིག་མ་ནི་གཅིག་གིས་སོ། །ཡང་ན་རྟོགས་ཞེས་དྲང་ངོ་། །རྟོགས་བྱེད་ནི་ཆོས་ཀུན་སྣང་ཡང་བདེན་པར་མེད་པ་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས་འཁོར་གསུམ་མི་རྟོག་པའི་སྦྱིན་པ་ལ་སོགས་པ་སྤྱོད་པའི་བློ་ཡིས་སོ། །རྟོགས་བྱ་ནི་ཀུན་བྱང་གི་ཆོས་རྣམས་སོ། །ཚུལ་ནི་བདེན་པའི་མཚན་ཉིད་མེད་པ་ཉིད་དུའོ། །དུས་ནི་སྐད་ཅིག་མ་ནི་གཅིག་གིས་སོ། །བཞི་པ་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ནི། མཐོང་ཞེས་དྲང་ངོ་། །གང་ན་ཆོས་རྣམས་གཟུང་འཛིན་གཉིས་སུ་མེད་པ་ཡི་དེ་ཁོ་ན་ཉིད་དོ། །གང་གིས་ན་ཡེ་ཤེས་སྐད་ཅིག་མ་གཅིག་གིས་སོ། །ཇི་ལྟར་ན་རྨི་ལམ་དང་ནི་དེ་མཐོང་བའི་ཤེས་པ་གཉིད་སད་པའི་ཚེ་གཟུང་འཛིན་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་ཆོས་ཐམས་ཅད་ཀྱང་དེ་བཞིན་དུའོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་བདུན་པའི་ལེགས་བཤད་དོ།། །།གསུམ་པ་འབྲས་བུ་ལ་སྐད་ཅིག་མའི་འོག་ཏུ་ཆོས་སྐུ་འཆད་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་ཆོས་སྐུ་དངོས་སོ། །དང་པོ་ནི། སྐད་ཅིག་མའི་སྦྱོར་བ་དེས་རང་གི་སྐད་ཅིག་མ་གཉིས་པར་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་གྱི་ཆོས་ཐམས་ཅད་མངོན་སུམ་དུ་བྱས་པ་ལ་འབྲས་བུ་ཆོས་སྐུར་འཇོག་པའི་ཕྱིར་ན་དེའི་འོག་ཏུ་དེ་བཤད་དོ། །གཉིས་པ་ལ་རྟེན་སྐུ་བཤད། བརྟེན་པ་ཕྲིན་ལས་བཤད། དང་པོ་ལ་ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུའོ། །དང་པོ་ལ་ངོ་བོ་མདོར་བསྟན། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སྦྲེལ་ལོ། །ཆོས་སྐུ་དེ་ཡང་དྷརྨཱ་ཏ་ཀཱ་ཡ་ཞེས་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས། སྡེབ་སྦྱོར་གྱི་དབང་གིས་ངོ་བོ་ཉིད་ཀྱི་རྐྱེན་ཏ་མི་མངོན་པར་བྱས་ནས་དྷརྨཱ་ཀཱ་ཡ་ཞེས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ནོ། །ཆོས་ཉིད་ཀྱི་སྐུ་དེ་གང་ཞེ་ན། ཟག་པ་མེད་པའི་ཆོས་དྲན་པ་ཉེར་གཞག་སོགས་གང་དག་ཐོབ་པར་གྱུར་པ་དང་། གློ་བུར་གྱི་དྲི་མའི་རྣམ་པ་ཀུན་རྣམ་པར་དག་པ་དང་། གཉིས་པོ་དེ་དག་གི་རང་བཞིན་ངོ་བོ་སྟོང་པའི་མཚན་ཉིད་ཅན་ཏེ། ཆོས་གསུམ་དབྱེར་མེད་པའོ། །གཉིས་པ་ནི། དེ་གསུམ་གྱི་ནང་ཚན་ཟག་མེད་ཀྱི་ཆོས་དེ་གང་ཞེ་ན། འདི་ལ་དབྱེ་བ་སྤྱིར་བསྟན། ནང་ཚན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཐུན་མོང་གི་ཡོན་ཏན་དང་། ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས། དང་པོ་ནི། སྐབས་བཞི་པར་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་གནས་ཡོངས་སུ་གྱུར་པ་རྣམས་དང་། བྱམས་སོགས་ཚད་མེད་པ་བཞི་དང་། གཟུགས་ཅན་གསུམ་གཟུགས་མེད་བཞི་འགོག་པའི་རྣམ་པར་ཐར་པ་སྟེ་བརྒྱད་དང་། བསམ་གཏན་དང་པོ་སོགས་མཐར་གྱིས་ནི་གནས་པའི་སྙོམས་འཇུག་དགུ་ཡི་བདག་ཉིད་དང་། ཟད་པར་ས་སོགས་བཞི་སྔོན་པོ་སོགས་བཞི་ནམ་མཁའ་དང་རྣམ་ཤེས་ཏེ་བཅུ་ཡི་བདག་ཉིད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་དབྱིབས་དང་ཁ་དོག་གིས་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དང་། འོག་ཏུ་འཆད་པའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་མཁྱེན་པའི་ཏིང་ངེ་འཛིན་དང་། རྫུ་འཕྲུལ་ལ་སོགས་པའི་མངོན་ཤེས་དྲུག་གོ །གཉིས་པ་ནི། བཤད་བྱ་དང་འཆད་བྱེད་ཀྱི་དབྱེ་བས་སོ་སོ་ཡང་དག་པ་རིག་པ་བཞི་སྟེ་འདི་ཐུན་མོང་བའི་ཡོན་ཏན་དུ་འཆད་པ་ནི། དངོས་སྨྲ་བའི་ལུགས་ཏེ། འདིའི་དབང་དུ་བྱས་ནས་རྒྱན་ལས། མངོན་ཤེས་ཀྱི་དང་པོར་བཤད་ཅིང་། འདིར་ཕྱིས་བཤད་པའི་ཕྱིར་རོ། །རྟེན་དམིགས་ཐུགས་དང་ཡེ་ཤེས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་ནི། རིམ་བཞིན་ལུས་འདོར་ལེན་སྤྲུལ་སྒྱུར་ཏིང་ངེ་འཛིན་ནི་གྲངས་མེད་གཟུངས་ཀྱི་སྒོ་དཔག་མེད་ལ་མངའ་བརྙེས་པའོ། །དབང་བཅུ་ནི། ཚེ་དང་བསོད་ནམས་ཡོ་བྱད་ལས། །སྐྱེ་དང་མོས་པ་སྨོན་ལམ་དང་། །རྫུ་འཕྲུལ་ཡེ་ཤེས་ཆོས་ལ་དབང་། །ཞེས་པ་རིམ་བཞིན་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བསྐལ་པའམ་དེ་ལས་ལྷག་པར་གནས་པའི་ནུས་པ་ཐོབ་པ་དང་། ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པ་དང་། ནོར་གྱི་ཆར་འབེབས་ནུས་པ་དང་། གོང་མ་མྱོང་འགྱུར་གྱི་ལས་འདོད་པར་སྨིན་པར་བསྒྱུར་ནུས་པ་སོགས་དང་། བསམ་གཏན་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་པ་དང་། ས་ཆུ་སོགས་གང་མོས་པ་དེར་བསྒྱུར་བ་དང་། གཞན་དོན་ཕུན་ཚོགས་བྱེད་པའི་སྨོན་ལམ་གྲངས་མེད་འགྲུབ་པ་དང་། གདུལ་བྱ་འདུལ་བའི་ཕྱིར་རྫུ་འཕྲུལ་དཔག་མེད་སྟོན་པ་དང་། སོ་སོ་ཡང་དག་རིག་པ་བཞི་ཕུལ་དུ་བྱུང་བའི་མཐར་འགྲོ་བ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ལ་མངའ་བརྙེས་པའོ། །སྟོབས་བཅུའི་དང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་རྒྱུ་འབྲས་ཀྱི་རབ་དབྱེ་མ་ལུས་པ་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་སོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་ནི་ཟག་བཅས་ལས་ཀྱི་རྣམ་སྨིན་མ་ལུས་པ་མཁྱེན་པའོ། །མོས་པ་སྣ་ཚོགས་མཁྱེན་པའི་ནི་སེམས་ཅན་རྣམས་ཀྱི་བསམ་སྦྱོར་འཇུག་པའི་ཚུལ་མ་ལུས་པ་སོགས་སོ། །འཇིག་རྟེན་གྱི་ཁམས་མཁྱེན་པའི་ནི་དེའི་འཇིག་ཆགས་དང་རིགས་སོགས་མ་ལུས་པ་སོགས་སོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་ནི་དེ་རྣོ་རྟུལ་སོགས་ཀྱི་རབ་དབྱེ་མ་ལུས་པ་སོགས་སོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་ནི་བྱང་ཆུབ་གསུམ་དུ་བགྲོད་པའི་ལམ་མ་ལུས་པ་སོགས་སོ། །ཀུན་བྱང་མཁྱེན་པའི་ནི་བསམ་གཏན་སྙོམས་འཇུག་གི་རབ་དབྱེ་མ་ལུས་པ་སོགས་སོ། །སྔོན་གནས་རྗེས་སུ་དྲན་པའི་ནི་ཚེ་རབས་སྔ་མ་རྣམས་ཀྱིས་གནས་ཚུལ་མ་ལུས་པ་སོགས་སོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་འཆིའི་ཚུལ་མ་ལུས་པ་སོགས་སོ། །ཟག་པ་ཟད་པ་མཁྱེན་པའི་ནི་དེའི་ངོ་བོ་དང་ཐབས་མ་ལུས་པ་སོགས་སོ། །དེ་ལ་དང་པོ་གཉིས་ཀྱིས་མངོན་མཐོའི་ལམ་སྟོན་ཏེ་རྒྱུ་དང་རྣམ་སྨིན་ལ་ལོག་རྟོག་བསལ་ནས་བདེ་འགྲོའི་ལམ་སྟོན། ཕྱི་མ་རྣམས་ཀྱིས་ངེས་ལེགས་ཀྱི་ལམ་སྟོན་ཏེ་གདུལ་བྱའི་ཁམས་སོགས་དང་མཐུན་པར་ཐར་ལམ་སྟོན་པའི་ཕྱིར་རོ། །མི་འཇིགས་པ་ནི་རང་དོན་རྟོགས་པ་དང་སྤངས་པ་གཉིས། གཞན་དོན་སྤང་བྱ་དང་ལམ་དམ་བཅས་པ་གཉིས་ཏེ་བཞི་དག་དང་། དེ་བཞིན་གཤེགས་པ་འདི་ལ་ཕྱིན་ཅི་ལོག་གིས་ཀུན་ནས་བསླངས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་གཞན་གྱིས་ཤེས་དོགས་ཀྱི་འཇིགས་པས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང་། ཆོས་སྟོན་པ་ན་གུས་པས་ཉན་པར་འདོད་པ་དང་དེ་མི་འདོད་པ་དང་ཕྱེད་གུས་ཕྱེད་མ་གུས་པ་གཉིས་ཀ་དག་ལ། རིམ་བཞིན་ཆགས་པ་དང་ཁོང་ཁྲོ་དང་དེ་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བ་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་དང་། སྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སེམས་ཅན་གྱི་དོན་མཛད་པའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བའི་མཚན་ཉིད་ཅན་ནོ། །བག་ཆགས་ཡང་དག་བཅོམ་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའོ། །སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ནི་དེ་ཐ་དག་ལ་ཉིན་མཚན་ལན་དྲུག་ཏུ་ཕན་པའི་བསམ་པས་གཟིགས་པ་ཉིད་དོ། །བདུད་བཞི་ཐུབ་པ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་སྐུ་ལ་འཁྲུལ་པ། གསུང་ལ་ཅ་ཅོ། ཐུགས་ལ་དྲན་པ་ཉམས་པ། ཐུགས་མཉམ་པར་མ་གཞག་པ། འཁོར་འདས་ལ་ཐ་དད་པ་ཉིད་དུ་བཟུང་ནས་བླང་དོར་གྱི་འདུ་ཤེས། སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག ཆོས་སྟོན་པའི་འདུན་པ། སེམས་ཅན་གྱི་བྱ་བ་སྒྲུབ་པའི་བརྩོན་འགྲུས། མི་བརྗེད་པའི་དྲན་པ། ཆོས་ཉིད་ལ་རྩེ་ཅིག་པའི་ཏིང་ངེ་འཛིན། གནས་ལུགས་རྟོགས་པའི་ཤེས་རབ། སྤང་བྱ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་སྟེ་རྟོགས་པ་མ་འདྲེས་པ་དྲུག ཕྲིན་ལས་མ་འདྲེས་པ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་རྒྱུའི་ཀུན་སློང་ཡེ་ཤེས་སྔོན་དུ་འགྲོ་ཞིང་། དུས་ཀྱི་ཀུན་སློང་དེའི་རྗེས་སུ་འབྲང་བའི་ལས་དང་། ཡེ་ཤེས་མ་འདྲེས་པ་གསུམ་ནི་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཏེ་བཅོ་བརྒྱད་སྔར་བཤད་པ་གང་ཡིན་པ་དང་། སྔར་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཁ་ཅིག་དང་གི་སྒྲས་གཞི་ཤེས་དང་ལམ་ཤེས་སྡུད་པ་ནི་མི་འཐད་དེ། ཐེག་བསྡུས་དང་། ཀུན་བཏུས། མདོ་སྡེ་རྒྱན་ལས། ཡོན་ཏན་འདི་དག་འཆད་པའི་ཚེའང་རྣམ་མཁྱེན་ལས་ལོགས་སུ་དེ་གཉིས་བགྲངས་རིགས་པར་ཐལ་བ་དང་། འདིར་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ལ་རྣམ་མཁྱེན་དུ་འཇོག་པའི་སྐབས་ཡིན་པས་གཞན་གཉིས་ཀྱང་དེའི་ནང་དུ་འདུས་པའི་ཕྱིར་རོ། །དེས་ན་དང་གི་སྒྲ་ནི་འབྱེད་པའི་ཚིག་ཡིན་ནོ། །གཉིས་པ་ནང་ཚན་བྱེ་བྲག་ཏུ་བཤད་པ་ལ། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་མཁྱེན་པའི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཉན་ཐོས་སོགས་ཀྱི་དེ་ལས་སངས་རྒྱས་ཀྱི་དེ་ཁྱད་པར་དུ་འཕགས་པར་བསྟན་པ་ནི། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་འཛིན་ནི། བདག་ལ་ལྟ་བའི་མིའི་ཉོན་མོངས་སྐྱེ་བའི་དམིགས་རྐྱེན་མི་བྱེད་པའི་སྒོ་ནས་གཞན་གྱི་ཉོན་མོངས་སྐྱེ་བ་ཡོངས་སུ་སྤོང་ཞིང་དེ་ལས་འབྱོལ་བ་ཉིད་ཡིན་ལ། རྒྱལ་བའི་ཉོན་མོངས་པ་མེད་པ་ནི་གྲོང་དང་གྲོང་ཁྱེར་སོགས་སུ་བྱོན་ནས་རང་ལ་དམིགས་ནས་སེམས་ཅན་དེའི་ཉོན་མོངས་པ་རྣམས་རྒྱུན་ཆད་པར་གྱུར་ཅིག་ཅེས་སྨོན་ཅིང་ཉོན་མོངས་ས་བོན་དང་བཅས་པ་རྒྱུན་གཅོད་པས་ཁྱད་པར་འཕགས་སོ། །གཉིས་པ་ལ་དངོས་དང་རྩོད་སྤང་གཉིས། དང་པོ་ནི། ཉན་ཐོས་སོགས་ཀྱི་དེ་ལས་དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ཁྱད་པར་དུ་བསྟན་པ་ནི། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི། རྩོལ་བ་གཏན་མེད་དུ་ངང་གིས་འཇུག་པས་ལྷུན་གྱིས་གྲུབ་པ་དང་གཟུགས་སོགས་ལ་ཆགས་པ་སྤངས་པ་དང་ཆོས་ཀྱི་ཆ་མི་མཁྱེན་པ་གང་ཡང་མེད་པས་ཐོགས་པ་མེད་པ་དང་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་པ་དང་སོ་སོ་ཡང་དག་རིག་པ་བརྙེས་པས་འདྲི་བ་ཀུན་གྱི་ལན་འདེབས་པར་ནུས་པར་བཞེད་དོ། །འཕགས་པས་ཆགས་སྤངས་ནི་རྒྱུན་མི་ཆད་པ་དང་། རྟག་གནས་ནི་ཐུགས་རྟག་ཏུ་མཉམ་པར་གཞག་པའོ་ཞེས་གསུངས། ཉན་རང་གི་ནི་ཁྱད་ཆོས་ལྔ་ལྡན་དེ་ལྟ་མ་ཡིན་ན། གཉིས་པ་རྩོད་པ་སྤངས་པ་ལ་རྟག་གནས་པ་ལ་རྩོད་པ་སྤང་བ། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཆོས་སྐུ་ཆོས་ཅན་རྟག་ཏུ་སེམས་ཅན་གྱི་དོན་མཛད་པར་ཐལ། རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ལ་བཞུགས་པའི་ཕྱིར་ཞེ་ན། འདིའི་ལན་ནི་སྐལ་ལྡན་ལ་སྣང་བ། སྐལ་མེད་ལ་མི་སྣང་བ་དཔེས་བསྟན་པའོ། །དང་པོ་ནི། སྣང་ངོ་ཞེས་དྲང་ངོ་། །གང་ན་སངས་རྒྱས་ཀྱི་མཛད་པ་དེའོ། །གང་ལ་གདུལ་བྱ་དག་མ་དག་དེ་དང་དེ་ལའོ། །དུས་གང་གི་ཚེ་ན་བྱ་བ་ཕྲིན་ལས་མཛད་པས་ཕན་པར་གྱུར་པའི་ཚེའོ། །ཇི་ལྟར་ན་ལོངས་སྐུའི་གདུལ་བྱ་གང་ལ་ལོངས་སྐུ་གང་དང་། སྤྲུལ་སྐུའི་གདུལ་བྱ་གང་ལ་སྤྲུལ་སྐུ་སོགས་གང་སྐལ་བ་དང་མཚམས་པར་ནིའོ། །རྒྱུ་གང་ལས་ན་གདུལ་བྱ་རྒྱུ་བཞི་ལས་ནི་ཡོངས་སུ་སྨིན་པར་གྱུར་པ་ལ་བརྟེན་ནས་སོ། །རྒྱུ་ནི་རྨི་ལམ་བསྟན་པར། ཐུབ་པ་མཐོང་བའི་རྒྱུ་ཚུལ་ཁྲིམས་དག་པ། ཏིང་ངེ་འཛིན་དང་ལྡན་པ་ཐུབ་པའི་ཡོན་ཏན་བརྗོད་པ། དེ་མཐོང་བར་སྨོན་པ་བཞི་གསུངས་སོ། །གཉིས་པ་ནི། དཔེར་ན་ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་ནས་སོགས་ས་བོན་མི་རུང་བ་རུལ་བ་དང་ཚིག་པ་སོགས་ལ་མྱུ་གུ་སྔོན་པོ་མི་འཁྲུངས་པ་ལྟར་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་སངས་རྒྱས་ནས་དོན་ཁྱད་པར་ཅན་སྣང་བའི་སྐལ་བ་མེད་པས་བཟང་པོ་མངོན་མཐོ་ངེས་ལེགས་སམ་འོད་ཟེར་འགྱེད་པ་སོགས་མི་མྱོང་སྟེ། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་སོ། །གཉིས་པ་ལ་རྩོད་པ་ནི། ཡེ་ཤེས་ཆོས་སྐུ་ཆོས་ཅན། ཇི་ལྟར་ན་ཁྱབ་པ་དང་རྟག་པ་ཞེས་བྱ་སྟེ་མ་ཡིན་པར་ཐལ། རིམ་བཞིན་རྣལ་འབྱོར་པ་སོ་སོར་ངེས་པའི་རྒྱུད་ལ་ཡོད་པའི་ཕྱིར་དང་། སྐད་ཅིག་རེ་རེ་ལ་འབྱུང་བའི་ཕྱིར་ཞེ་ན། ལན་རིམ་བཞིན་གདུལ་བྱ་གང་ཡོད་དུ་ཆོས་སྟོན་པ་ལ་སོགས་པར་སྣང་བ་དེ་ལྟར་སྐལ་ལྡན་ལ་མཛད་པ་ཕྲིན་ལས་རྒྱ་ཆེ་བའི་ཕྱིར་སངས་རྒྱས་ཁྱབ་པར་ངེས་པར་བརྗོད་ཅིང་། སངས་རྒྱས་དེ་ཉིད་རྒྱུན་ཟད་པ་སྟེ་ཆད་པ་མེད་པའི་ཕྱིར་ན་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཏེ། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་སོ། །གཉིས་པ་ལོངས་སྐུ་ལ་ངོ་བོ་མདོར་བསྟན། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་སུ་མཚོན་བྱེད་མཚན་ནི་བཟང་པོ་སུམ་ཅུ་རྩ་གཉིས་དང་། མཛེས་ཤིང་སྡུག་པར་བྱེད་པ་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་གཟུགས་སྐུའི་བདག་ཉིད་གནས་འོག་མིན་ཁོ་ནར་བཞུགས་པ་འདི་ཆོས་ཅན། ཐུབ་པ་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ་བཞེད་དེ། འཁོར་ས་བཅུའི་བྱང་སེམས་ཁོ་ན་དང་ལྷན་ཅིག་ཏུ་ཐེག་ཆེན་གྱི་ཆོས་ཁོ་ན་ལ་ཉེ་བར་རྫོགས་པར་ལོངས་སྤྱོད་པའི་གཟུགས་སྐུ་ཡིན་པའི་ཕྱིར། རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱི་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །གཉིས་པ་ལ་མཚན་དང་། དཔེ་བྱད་རྒྱས་པར་བཤད་པའོ། །དང་པོ་ལའང་ངོ་བོ་དང་། རྒྱུའོ། །དང་པོ་ནི། ཕྱག་ཞབས་ཀྱི་མཐིལ་གཉིས་ན་འཁོར་ལོ་རྩིབས་སྟོང་ཡོད་པའི་མཚན་མངའ་བ་དང་། རུས་སྦལ་ལྟར་རྒྱུ་མ་གུང་མེད་པས་ཞབས་ཀྱི་མཐིལ་མཉམ་པར་གནས་པ་དང་། དེའི་སོར་མོ་རྣམས་དྲྭ་བས་འབྲེལ་པ་ངང་པའི་རྒྱལ་པོ་ལྟ་བུ་སེང་སེང་པོ་མེད་པ་ལ་སོར་གདུབ་གཞུག་ཏུ་རུང་བ་དང་། འཇམ་པ་བྱིས་པ་གཞོན་ནུའི་ལྟ་བུ་དང་། གཞོན་ཤ་ཆགས་པ་མདོག་ཕུན་སུམ་ཚོགས་པ་དང་། སངས་རྒྱས་འདི་ཡི་སྐུ་ཕྱག་དང་ཞབས་ཀྱི་རྒྱབ་བཞི་དང་དཔུང་མགོ་གཉིས་དང་ལྟག་པའི་ཕྱོགས་ཏེ་བདུན་པོ་དག་མཐོ་ཞིང་ཤ་རྒྱས་པ་དང་། སོར་མོ་རྣམས་ཐུང་ཤོས་པས་ཀྱང་ཕྱག་མཐིལ་གྱི་འཕྲེད་དང་མཉམ་པས་རིང་ཞིང་མཛེས་པ་དང་། རྟིང་པ་ལ་ཞབས་ཀྱི་བཞི་ཆ་ཡོད་པས་ཡངས་པ་དང་། སྐུ་ཆེ་བ་མི་ཕལ་པ་བས་ཁྲུ་བདུན་གྱིས་འཕགས་ཤིང་དྲང་བ་དང་། ཞབས་འབུར་ཏེ་ལོང་བུ་དང་པུས་མོའི་ལྷ་ང་མི་མངོན་པ་དང་། སྤུ་རྣམས་ནི་ཞལ་བཟང་པོ་ལ་ལྟ་བ་ལྟར་གྱེན་དུ་ཕྱོགས་པ་དང་། བྱིན་པ་རི་དྭགས་ཨེ་ན་ཡ་དང་འདྲ་བར་ཤ་རྒྱས་ཤིང་རིམ་གྱིས་ཕྲ་བ་དང་། ཕྱག་སྐུ་མ་བཏུད་པར་ཕྱག་མཐིལ་གྱིས་པུས་མོའི་ལྷ་ངར་སླེབས་པས་རིང་ཞིང་མཛེས་པ་དང་། འདོམས་ཀྱི་སྦ་བར་བྱ་བ་སྦུབས་སུ་ནུབ་པའི་མཆོག་མི་མངོན་པ་དང་། པགས་པ་གསེར་མདོག་སྟེ་སྣུམ་ལ་འོད་གསལ་ཞིང་འཇམ་པ་དང་། པགས་པའི་རྔམས་སྲབ་པ་དང་། སྤུ་ནི་ཁུང་བུ་གཅིག་ནས་གཉིས་མ་སྐྱེས་པས་རེ་རེ་ནས་གཡས་སུ་འཁྱིལ་ཞིང་ལེགས་པར་འཁྲུངས་པ་དང་། ཞལ་མཛོད་སྤུ་དཀར་བ་འཇམ་པ་གཉེན་པ་དྲངས་ན་ཁྲུ་གང་དང་གཉིས་དང་གསུམ་ལ་སོགས་པར་རིང་བ་དང་། བཏང་ན་གཡས་སུ་འཁྱིལ་ཏེ་འདུག་པ་དངུལ་འབུར་གྱི་རྣམ་པས་བརྒྱན་པ་དང་། རོ་སྟེ་སྐུ་སྟོད་ཆེ་ཞིང་རྒྱས་པར་སེང་གེའི་འདྲ་བ་དང་། སངས་རྒྱས་འདི་ཡི་དཔུང་པའི་མགོ་ཟླུམ་ཞིང་རྩའི་དྲྭ་བ་མི་མངོན་པ་དང་། ཐལ་གོང་སྟེ་དཔུང་པ་དག་གི་བར་རྒྱས་པ་དང་། སངས་རྒྱས་འདི་ལ་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ་སྣང་བ་དང་། སྐུ་ནི་ཁྲུན་དང་འདོམ་མཉམ་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའམ་ཡང་ན་ནྱ་གྲོ་སྐུ་སྨད་དང་རོ་དྷ་སྐུ་སྟོད་མཉམ་པ་ལྟེ་བ་ནས་བཟུང་སྟེ་སྐུ་སྟོད་དང་སྐུ་སྨད་ཚད་མཉམ་པ་དང་། གཙུག་ཏོར་ཡས་བཀབ་པའི་ཚུལ་གྱིས་མི་མངོན་པ་ཟླུམ་ཞིང་ཡོངས་སུ་རྫོགས་པ་དབུ་ལ་ལྡན་པ་དང་། ལྗགས་ཞལ་གྱི་དཀྱིལ་འཁོར་ཁྱབ་པས་རིང་ཞིང་སྲབ་ལ་མཛེས་པ་དང་། གསུང་ཚངས་པའི་དབྱངས་ལྟར་སྙན་པ་དང་། འགྲམ་པ་སེངྒེའི་དང་འདྲ་བར་ཚེས་བཅུ་གཉིས་ཀྱི་ཟླ་བ་ལྟ་བུར་མཛེས་པ་དང་། ཚེམས་ཀུནྡ་ལྟར་ཤིང་དུ་དཀར་བ་དང་། ཚད་མཉམ་སྟེ་མཐོ་དམན་མེད་པ་དང་། བར་མཚམས་མེད་པས་ཐགས་བཟང་བ་དང་། གྲངས་ནི་གཞན་ལ་སུམ་ཅུ་རྩ་གཉིས་སམ། ཉི་ཤུ་རྩ་བརྒྱད་ལས་མེད་པ་ལ་བཞི་བཅུ་ཐམ་པ་ཚང་བ་དང་། སྤྱན་ནི་ཟླུམ་པོའི་དབུས་སྣུམ་ཞིང་མཐོན་མཐིང་ལྟ་བུ་དེའི་ལོགས་གཉིས་དཀར་བ། བླ་འོག་གི་ཕྱོགས་སྣུམ་ཞིང་མཐིང་གར་འདུག་པ། གྲྭ་གཉིས་ཅུང་ཟད་དམར་བ་རྫི་མ་དང་སྤྱན་གྱི་བར་གསེར་མདོག་ལྟ་བུ་སྟེ་དང་བ་ལྔ་དང་ལྡན་པ་དང་། སྤྱན་གྱི་རྫི་མ་མ་འཛིངས་ཤིང་སྣུམ་ལ་ལེགས་པར་གནས་པས་བ་མཆོག་གི་འདྲ་བའོ། །འདི་དག་ནི་མཚན་སུམ་ཅུ་རྩ་གཉིས་སོ། །གཉིས་པ་ནི། མཚན་གྱི་རྒྱུ་བསྒྲུབས་པས་འབྲས་བུ་མཚན་འགྲུབ་བོ་ཞེས་སྟོན་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འགྲུབ་ཅེས་དྲང་ངོ་། །གང་ན་མཚན་ནི་སོ་གཉིས་པོ་འདི་དག་གོ །གང་གིས་ན་མཚན་ནི་སོ་གཉིས་པོ་གང་དང་གང་གི་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པས་སོ། །ཇི་ལྟར་ན་ཡང་དག་པར་ཏེ། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཉིད། །ཅེས་པ་ལྟ་བུའི་ཚུལ་གྱིས་སོ། །གང་ལ་ན་ལོངས་སྐུ་འདི་ལའོ། །གཉིས་པ་ནི། རྒྱུ་དེ་གང་ཞེ་ན། སྔོན་བླ་མ་རྣམས་སྐྱེལ་བ་དང་བསུ་བ་ལ་སོགས་པ་བྱས་པ་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་སྡོམ་པ་ཡང་དག་པར་བླངས་པ་བརྟན་པ་ཉིད་དང་། བསྡུ་བའི་དངོས་པོ་བཞི་བསྟེན་པ་དང་། བཟའ་བཅའ་སོགས་གྱ་ནོམ་པའི་དངོས་པོ་སྦྱིན་པ་དང་། གཞན་གསད་པར་བྱ་བ་ལས། ཐར་བར་བྱེད་པ་དང་། སྲོག་གཅོད་སྤངས་པ་སོགས་དགེ་བའི་ལས་ནི། ཡང་དག་པར་བླངས་པ་དང་སྤེལ་བ་ལ་སོགས་པ་ཉིད་ནི་མཚན་སྒྲུབ་བྱེད་ཀྱི་རྒྱུ་ཡི་མཚན་ཉིད་དེ་རང་བཞིན་ཡིན་ལ། དེ་དག་ནི་ཕྲིན་ལས་ཀྱི་ཆོས་ཀྱི་སྦྱིན་པའི་བསྡུ་བའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཤེས་པར་བྱའོ། །དེ་ལྟར་མཚན་བསྟན་ཟིན་ནས། གཉིས་པ་དཔེ་བྱད་སྟོན་པ་ནི། ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་དང་། དེའི་མདོག་སྣུམ་པ་དང་། དེ་མཐོ་བ་དང་། སོར་མོ་རྣམས་དབྱིབས་ཟླུམ་པ་དང་། ཤ་རྒྱས་པ་དང་། རྩ་བ་ནས་བྱིན་ཏེ་རིམ་གྱིས་ཕྲ་བ་དང་། རྩ་ཕྱིར་མ་འབུར་བས་མི་མངོན་པ་དང་། རྩ་ལ་མདུད་པ་མེད་པ་དང་། ལོང་བུ་ནང་མ་མི་མངོན་པ་དང་། ཞབས་རིང་ཐུང་མེད་པས་མཉམ་པ་དང་། བག་ཚ་བ་མེད་པས་སེངྒའི་སྟབས་དང་། དལ་བས་གླང་པོ་ཆེའི་དང་། མཁའ་ལ་གཤེགས་པས་བྱ་ངང་པའི་དང་ནི། ཁྱུ་མཆོག་གླང་ཁྱུའི་དཔོན་པོའི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་དང་། མཛེས་ཤིང་ཡིད་དུ་འོང་བར་གཤེགས་པ་དང་། མི་འཁྱོགས་པས་དྲང་བ་དང་། སྐུ་འཁྲིལ་བག་ཆགས་པ་སྟེ་ལེགས་པའམ་སྐུ་ཤ་རྒྱས་པ་དང་། སྐུ་བྱི་དོར་བྱས་པ་འདྲ་བས་དག་པ་དང་། དེ་རིམ་པར་འཚམས་པ་དང་། གཙང་བ་དང་། འཇམ་པ་དང་། དག་པའི་སྐུ་ཅན་དང་། མཚན་རྣམས་ཀྱི་ཆ་ཤས་ནི་ཡོངས་སུ་རྫོགས་པ་དང་། སྐུའི་ཁོ་ལག་ཡངས་ཤིང་བཟང་བ་སྟེ་ཁྱོན་ཆེ་ཞིང་མཛེས་པ་དང་། གོམ་པ་སྙོམས་པར་བཞུད་པ་དང་། སྤྱན་གཉིས་ནི་དྲི་མ་མེད་པས་དག་པ་དང་། སྐུ་གཞོན་ཤ་ཅན་ཉིད་དང་། དེ་ཞུམ་པ་མེད་པ་དང་། དེ་ཤ་རྒྱས་པ་དང་། ཤ་མི་ལྷོད་པས་ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། ལྷུ་ཚིགས་ལ་རིང་ཐུང་མེད་པས་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་དབྱེས་པ་ཉིད་དང་། གཟིགས་པ་སྟེ་སྤྱན་རབ་རིབ་མེད་པས་སྒྲིབ་པ་མེད་ཅིང་དག་པ་དང་། དཀུ་སྟེ་ཕྱལ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་སྟེ་སྐེད་སྐབས་འཚམས་པ་དང་། དཀུ་མ་རྙོངས་པ་སྟེ་སྐེད་པ་ཧ་ཅང་རིང་བ་མ་ཡིན་པའམ་ལྷག་ལྷུག་མ་ཡིན་པ་དང་། ཕྱལ་ཕྱང་ངེ་བ་སྟེ་མཐོ་དམན་མེད་པ་དང་། ལྟེ་བ་ནི་གཏིང་རིང་བས་ཟབ་པ་དང་། སློབ་མ་རང་གི་གདམས་ངག་ལ་མཐུན་པར་འཛིན་པས་ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་དང་། དེ་ཀུན་ནས་བལྟ་ན་སྡུག་ཅིང་མཛེས་པ་དང་། སྐུའི་ཀུན་སྤྱོད་གཙང་སྦྲ་ཆེ་བ་དང་། སྐུ་ལ་སྨེ་བ་ནག་པའི་ཐིག་ལེ་ཆུང་བ་དང་། གནག་བག་སྟེ་དེ་ཆེ་བ་མེད་པ་དང་། ཕྱག་ནི་ཤིང་བལ་མཉེ་བ་ལེགས་པ་ལྟར་འཇམ་པ་དང་། ཕྱག་གི་རི་མོ་སྣུམ་པས་མདངས་ཡོད་པ་དང་། དེ་ཟབ་པ་སྟེ་གཏིང་རིང་བ་དང་། དེ་དཀྱུས་རིང་བ་དང་། ཞལ་ནི་ཧ་ཅང་མི་རིང་བ་ཉིད་དང་། མཆུ་ནི་སྲོག་ཆགས་སམ་སྨན་བིམ་པ་ལྟར་དམར་བ་ཉིད་དང་། ལྗགས་མཉེན་པའམ་འཇམ་པ་དང་། དེའི་རྔམས་སྲབ་པ་དང་། དེ་དམར་བ་དང་། གསུང་འབྲུག་གི་སྒྲ་ལྟ་བུ་ཉིད་དང་། དེ་མཉེན་པ་སྟེ་སྙན་ཞིང་རྣ་བར་འཇམ་པ་དང་། ཚེམས་མཆེ་བ་བཞི་པོ་ཟླུམ་པ་དང་། དེ་རྩེ་མོ་རྣོ་བ་དང་། དེ་ཁ་དོག་དཀར་བ་དང་། དེ་མཉམ་པ་དང་། དེ་རིང་ཐུང་སྦོམ་ཕྲའི་ཚད་རྩ་བ་ནས་བྱིན་ཏེ་རིམ་གྱིས་ཕྲ་བ་དང་། ཤངས་མཐོ་ཞིང་དཔྲལ་བའི་ཕྱོགས་སུ་རིང་དུ་སླེབ་པ་དང་། དེ་དྲི་མ་མེད་པས་ཤངས་མཆོག་ཏུ་དག་པ་དག་དང་ནི། སྤྱན་ཡངས་ཤིང་རིང་བ་དང་། དེའི་རྫི་མ་སྟུག་པ་དང་། དེ་པདྨའི་འདབ་མ་འདྲ་བར་འདུག་ཅིང་དཀར་ནག་འབྱེས་པ་དང་། སྨིན་མའི་ཚུགས་རིང་བ་དང་། དེ་སྤུ་ནི་འཇམ་པ་དང་། སྣུམ་པ་དང་། ཕན་ཚུན་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་ལ་མཛེས་ཤིང་སྡུག་པ་དང་། སྙན་གཉིས་ཆེ་ཆུང་རིང་ཐུང་མཉམ་པ་དང་། དེའི་དབང་པོ་ཉམས་པ་རྣམ་པར་སྤངས་པ་དང་། དྲི་མ་མེད་པའམ་སྐྲ་མཚམས་དོད་པས་དཔྲལ་བ་ལེགས་པར་འབྱེས་པ་དང་། དེའི་དབྱེས་ཆེ་བ་ཡངས་པ་དང་། དབུ་ཕྱོགས་ཀུན་ཏུ་གདུགས་ལྟར་རྒྱས་པ་དང་། དབུ་སྐྲ་བུང་བའི་མདོག་ལྟར་སྣུམ་ལ་གནག་པ་དང་། དེ་སྟུག་པ་དང་། དེ་འཇམ་པ་དང་། དེ་མ་འཛིངས་པ་དང་། དེ་མི་གཤོར་བ་སྟེ་མི་རྩུབ་པའམ་གྱེན་དུ་མ་རྫེས་པ་དང་། དེའི་དྲི་ཞིམ་ཞིང་སྐྱེས་བུ་ཡི་ཡིད་ནི་འཕྲོག་ཅིང་དད་པར་བྱེད་པ་དང་། དཔལ་གྱི་བེའུ་ནི་རྡོ་རྗེ་རྭ་ཆག་པ་མ་འབྱར་པ་ལྟ་བུ་མཐེ་བོང་གི་ངོས་ལ་ཡོད་པ་དང་། བཀྲ་ཤིས་ནི་རི་མོ་གྲུ་བཞི་པ་གཉིས་ཕྱག་ཞབས་འཁོར་ལོའི་མཚན་གྱི་མཐའ་ན་ཡོད་པའོ། །གཡུང་དྲུང་འཁྱིལ་བ་ནི་ཞགས་པ་བདུན་བརྩེག་བྱས་པ་ལྟ་བུ་སོར་མོའི་རྩ་བ་ན་ཡོད་པས་བརྒྱན་པ་སྟེ། དེ་དག་ནི་སངས་རྒྱས་ལོངས་སྐུའི་དཔེ་བྱད་བཟང་པོར་སངས་རྒྱས་བཞེད་དོ། །གསུམ་པ་སྤྲུལ་སྐུ་ལའང་ངོ་བོ་མདོར་བསྟན། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ནི། མཛད་པ་ཡིན་ནོ་ཞེས་དྲང་ངོ་། །གང་གིས་ན་བྱེད་པ་པོ་སྤྲུལ་སྐུ་གང་གིས་སོ། །དུས་ནི་སྲིད་པ་ཇི་སྲིད་གནས་ཀྱི་བར་དུའོ། །གང་ལ་ན་ཡུལ་འགྲོ་བ་ཐམས་ཅད་ལའོ། །གང་ན་ཕན་པ་མངོན་མཐོ་དང་ངེས་ལེགས་སྣ་ཚོགས་པ་དག་གོ །ཇི་ལྟར་ན་མཉམ་པ་ཉིད་དུའོ། །རེས་འགའ་མི་མཛད་དམ་སྙམ་ན་མ་ཡིན་ཏེ། རྒྱུན་མི་འཆད་པར་མཛད་དོ། །དེ་ལྟ་བུའི་སྐུ་དེ་ཐུབ་པ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ཡིན་ནོ། །གཉིས་པ་ནི། ཕན་པ་སྣ་ཚོགས་མཛད་པ་དེ་ཕྲིན་ལས་ཉེར་བདུན་དང་དོན་གཅིག་པས་འོག་ཏུ་འཆད་པ་ལ་དགོངས་ནས་འདིར་ལོགས་སུ་མ་བསྟན་ནོ།། །།གཉིས་པ་བརྟེན་པ་ཕྲིན་ལས་ལ་དུས་ཀྱི་སྒོ་ན་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། འཕགས་པ་ལྟར་ན་སྤྲུལ་སྐུ། སློབ་དཔོན་ལྟར་ན་ཆོས་སྐུ་རྒྱུན་མི་འཆད་པ་དེ་བཞིན་དུ་འཁོར་བ་དང་ནམ་མཁའ་ཇི་སྲིད་པར་སྤྲུལ་སྐུའམ་ཆོས་སྐུ་འདིའི་ཕྲིན་ལས་ནི་རྒྱུན་མི་འཆད་པར་མདོར་འདོད་དོ། །གཉིས་པ་ལ་ལམ་གྱི་རྟེན་དང་། ལམ་དང་། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ནི། འགྲོ་བ་ངན་པ་ངན་སོང་པ་རྣམས་དེའི་སྡུག་བསྔལ་ཞི་བར་མཛད་ནས་བདེ་འགྲོ་དང་། འགྲོ་བ་བཟང་པོ་འདོད་ལྷ་རྣམས་འདོད་ཡོན་ལ་ཞེན་པ་དང་། ཚངས་པ་རྣམས་དེའི་ལྟ་བ་ལ་ཞེན་པ་རྣམས་ལྟ་བ་དང་འབྲལ་བར་བྱེད་པའམ་མིའི་འཇིག་རྟེན་དང་། མི་རྣམས་བསྡུ་བ་བཞིས་བསྡུས་ཏེ་སྡུག་བསྔལ་ཞི་བ་ལ་འགོད་པའི་ལས་དང་ནིའོ། །གཉིས་པ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་འགོད་པ་དང་བཞིའོ། །དང་པོ་ལའང་སྦྱོར་བ། ལྟ་བ། སྤྱོད་པ་རྣམ་དག་ལ་འགོད་པའོ། །དང་པོ་ནི། སྦྱིན་སོགས་བསྡུ་བ་རྣམ་པ་བཞི་ལ་འགོད་པའོ། །གཉིས་པ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པ་ཡི་དོར་བྱ་དང་རྣམ་པར་བྱང་བ་བླང་བྱར་ཐོས་བསམ་གྱི་ཤེས་པས་རྟོགས་པ་ལ་འགོད་པའོ། །གསུམ་པ་ལ་གཞན་དོན། རང་དོན། གཉིས་དོན་གྱི་སྤྱོད་པ་ལ་འགོད་པའོ། །དང་པོ་ནི། དེའི་འོག་ཏུ་སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་བྱེད་པར་འདོད་པ་ཅན་གྱི་དོན་བྱམས་སོགས་ལ་འགོད་པའོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པ་ལའོ། །གསུམ་པ་ནི། སངས་རྒྱས་ཀྱི་ལམ་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བཅུ་སྤྱོད་པ་ནས་དཔེ་བྱད་ཀྱི་བར་ལའོ། །གཉིས་པ་སྦྱོར་ལམ་ལ་འགོད་པ་ནི། གཟུང་འཛིན་གཉིས་རང་བཞིན་གྱིས་སྟོང་པ་ཉིད་དུ་ལོ་ཀ་པའི་སྒོམ་བྱུང་གི་རྟོགས་པ་ལའོ། །གསུམ་པ་མཐོང་ལམ་ལ་འགོད་པ་ནི། གཟུང་འཛིན་གཉིས་ཟད་པ་སྟེ་མེད་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའམ་ཡང་ན་མཐོང་སྤང་གཟུང་འཛིན་གཉིས་ཀྱི་ས་བོན་ཟད་པ་ལའོ། །བཞི་པ་སྒོམ་ལམ་ལ་འགོད་པ་ལ་དྲུག་ལས། དང་པོ་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ་ནི། ཕར་ཕྱིན་བར་པ་བཞི་ལ་རྟེན་ནས་བཞི་པོས་ཆོས་ཐམས་ཅད་བརྡར་བརྟགས་པ་ཙམ་དུ་རྟོགས་པ་ལའོ། །གཉིས་པ་ས་དྲུག་པ་ལ་འགོད་པ་ནི་ཤེར་ཕྱིན་གྱིས་ཤེས་པ་དང་ཤེས་བྱ་དམིགས་པ་མེད་པ་ལའོ། །གསུམ་པ་ས་བདུན་པ་ལ་འགོད་པ་ནི། ཐབས་ཀྱིས་ལུས་ཅན་རྣམས་ནི་རྒྱུད་ཡོངས་སུ་སྨིན་པ་ལའོ། །བཞི་པ་ས་བརྒྱད་པ་ལ་འགོད་པ་ལ་གཉིས་ལས། ཐབས་ལ་འགོད་པ་ནི་ཕྱིན་དྲུག་བརྒྱད་པ་ལ་བརྟེན་ནས་ཉན་རང་དང་ཐུན་མོང་མ་ཡིན་པ་ཞིང་སྦྱོང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་ལའོ། །ཤེས་རབ་ལ་འགོད་པ་ནི་མངོན་པར་ཞེན་པ་ཐམས་ཅད་བཟློག་པ་སྟེ། མི་རྟོག་ཡེ་ཤེས་ལྷུན་གྲུབ་ཏུ་འཇུག་པ་ལའོ། །ལྔ་པ་ས་དགུ་པ་ལ་འགོད་པ་ནི། དེ་དགུ་པ་ལ་རྟེན་ནས་བྱང་ཆུབ་མྱུར་དུ་ཐོབ་པ་ལའོ། །དྲུག་པ་ས་བཅུ་པ་ལ་འགོད་པ་ལ་ས་བཅུ་ཐོབ་མ་ཐག་པ། སྐྱེ་བ་གཅིག་ཐོགས། སྲིད་པ་ཐ་མ་པ་ལ་འགོད་པའོ། །དང་པོ་ནི། ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་སྣང་བ་ལའོ། །གཉིས་ལ་རང་དོན་ནི། ཕྱི་མ་ལ་ཞིང་དུས་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ་ཞེས་ངེས་པར་ལའོ། །གཞན་དོན་ནི་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱེད་པ་ལའོ། །གཉིས་དོན་ནི། སྐད་ཅིག་གཅིག་ལ་ཞིང་མཐའ་ཡས་པར་འགྲོ་ཞིང་སངས་རྒྱས་བསྟེན་པ་དང་སོགས་པ་བསྙེན་བཀུར་བྱ་བ་སོགས་ཡོན་ཏན་དང་མངོན་པར་ཤེས་པས་ས་ཆེན་པོ་ཐོབ་པ་ལའོ། །གསུམ་པ་ལ་ནུས་པ། སྤངས་པ། རྟོགས་པ། རྒྱུ་ཚོགས་དག་པ་ལ་འགོད་པའོ། །དང་པོ་ལ། ཚེ་འདི་ལ་བྱང་ཆུབ་ཆེན་པོའི་ཡན་ལག་སྟེ་རྒྱུ་སྦྱིན་སོགས་ཁྱད་པར་ཅན་ལ་དང་། ཆོས་ཐམས་ཅད་སྟོང་ཡང་དེ་ལྟར་མ་ཤེས་པ་ལ་ལས་རྣམས་ཆུད་མི་ཟ་བ་ལ་འགོད་པའོ། །གཉིས་པ་ནི། རྟག་སོགས་སུ་འཛིན་པའི་ཕྱིན་ཅི་ལོག་གི་ས་བོན་ནི་སྤངས་པ་དང་། ཕྱིན་ཅི་ལོག་དེའི་བཞིའམ་རྒྱུ་དངོས་འཛིན་གྱི་ས་བོན་མེད་པར་སྤོང་བའི་ཚུལ་དུ་རྟོགས་པ་ལའོ། །གསུམ་པ་ལ་གཉིས་ལས། ཇི་སྙེད་པ་རྟོགས་པ་ལ་འགོད་པ་ནི་བདེན་པ་བཞིའི་དེ་བཞིན་ཉིད་མཐོང་བ་ལའོ། །ཇི་ལྟ་བ་རྟོགས་པ་ལ་འགོད་པ་ནི་འདུས་བྱས་ཆོས་ཅན་དང་། འདུས་མ་བྱས་ཆོས་ཉིད་ངོ་བོ་ཐ་དད་པར་ཡོངས་སུ་མི་ཤེས་ཤིང་མི་དམིགས་པ་ལའོ། །བཞི་པ་ནི། རང་བཞིན་གྱིས་རྣམ་པར་བྱང་བ་དེ་བཞིན་ཉིད་དྲི་མས་དག་པ་རྟོགས་པ་དང་། རྣམ་བྱང་གི་ཚོགས་སྦྱིན་སོགས་རྫོགས་པ་ལའོ། །གསུམ་པ་ལམ་གྱི་འབྲས་བུ་ལ་འགོད་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་མཛད་པའོ། །གསུམ་པ་ནི། ཡེ་ཤེས་ཆོས་ཀྱི་སྐུ་ཡི་ཞེས་སམ་ཆོས་ཀྱི་སྐུའི་ནང་ཚན་སྤྲུལ་སྐུའི་ཕྲིན་ལས་ནི་ཕྲིན་ལས་དེ་འཇུག་པའི་ཡུལ་གྱི་དབྱེ་བས་རྣམ་པ་ཉི་ཤུ་བདུན་དུ་འདོད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་དགོངས་དོན་རབ་གསལ་ལས་སྐབས་བརྒྱད་པའི་ལེགས་བཤད་དོ།། །།གཉིས་པ་བར་པ་ལ་དད་པ་ལ་དྲུག་ཏུ་བསྟན་པ་ལ་བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་དྲུག་གིས་ཡང་དག་བཤད། །ཅེས་སྦྱར་རོ། གཉིས་པ་ནི། དྲུག་པོ་གང་ཞེ་ན། མཁྱེན་གསུམ་ནི་ཆོས་སུམ་ཅུས་མཚོན་པའི་གནས་ཡིན་པས་སམ། ཡུལ་གཞི་ལམ་རྣམ་གསུམ་མཚོན་པས་ན་མཚན་ཉིད་དོ། །ཡེ་ཤེས་ཞབས་བླང་དོར་གྱི་མཚན་ཉིད་ཅེས་གསུངས་སོ། །མཁྱེན་གསུམ་དེའི་སྦྱོར་བ་རྣམ་ཀུན། མཁྱེན་གསུམ་དེ་རབ་ཏུ་གྱུར་པ་རྩེ་མོ། མཁྱེན་གསུམ་དེ་ཡི་རྣམ་པ་གོ་རིམ་གྱིས་སྒོམ་པ་མཐར་གྱིས་པ། མཁྱེན་གསུམ་དེ་མཐའ་ཐུག་པའི་སྦྱོར་བ་སྐད་ཅིག་མ། མཁྱེན་གསུམ་དེའི་རྣམ་སྨིན་ནི་ཆོས་སྐུ་ཕྲིན་ལས་དང་བཅས་པའོ། །གསུམ་པ་ནི། དེ་ལྟར་ན་ཡུམ་གསུམ་གྱི་དོན་བསྡུས་པ་བརྒྱད་ལས་གཞན་པ་སྟེ་རྣམ་པ་དྲུག་གི་ལམ་རིམ་བཤད་ཟིན་ཏོ། །གསུམ་པ་བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བ་ལའང་སྔར་ལྟར་གསུམ་ལས། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་གསུམ་གྱི་ཡང་དག་བཤད། །ཅེས་སྦྱར་རོ། །གཉིས་པ་ནི། གསུམ་གང་ན་འཇུག་ཡུལ་མཁྱེན་པ་རྣམ་པ་གསུམ་པོ་ནི་ཡུལ་ལོ། །ཆོས་སྐུའི་རྒྱུ་ནི་སྦྱོར་བ་བཞིའི་བདག་ཉིད་དོ། །ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུའོ། །གསུམ་པ་ནི། ཡུམ་གྱི་དོན་བསྡུས་པ་སྔ་མ་གཉིས་ལས་གཞན་ཏེ་མངོན་པར་རྟོགས་པ་རྣམ་པ་གསུམ་གྱི་ལམ་རིམ་བཤད་ཟིན་ཏོ། །གསུམ་པ་མཇུག་གི་དོན་ལ་གཉིས་ལས་དང་པོ་མཛད་པ་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཞེས་སོགས་སོ། །གཉིས་པ་བསྒྱུར་བྱེད་ལ། སྔ་འགྱུར་ནི་རྒྱ་གར་སོགས་ཏེ། བིངྱཱ་ཀ་ར་པྲ་བྷ་ནི་རིག་པའི་འབྱུང་གནས་འོད་ཟེར་རམ་རིག་བྱེད་འོད་ཟེར་རོ། །ཕྱི་འགྱུར་ནི་སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ཅེས་སོགས་སོ། །གོ་མི་ནི་བཙུན་པའམ་དགེ་བསྙེན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་པར་བཤད་པ་དགོངས་དོན་རབ་གསལ་ཅེས་བྱ་བ་འདི་ནི་རྒྱལ་བའི་བསྟན་པ་མི་འགྱུར་བའི་སྲོག་ཤིང་དམ་པ་ཀུན་མཁྱེན་སངས་རྒྱས་འཕེལ་ཞེས་བགྱི་བ་དང་། མདོ་རྒྱུད་མ་ལུས་པ་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་ཀུན་མཁྱེན་བསོད་ནམས་སེང་གེའི་ཞབས་རྡུལ་སྤྱི་བོས་གུས་པར་ལེན་པ། ཤཱཀྱའི་དགེ་སློང་བྱམས་པ་ཐུགས་རྗེ་དཔལ་བཟང་གིས་རང་ཉིད་དྲན་པ་གསོ་ཞིང་། སྐལ་ལྡན་གཞན་ལའང་ཕན་པའི་ཕྱིར་དུ། ཡོངས་འཛིན་དམ་པའི་ལེགས་བཤད་ལས་བཏུས་ཏེ་སྦྱར་བའོ།། །།དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །ཐེག་མཆོག་དམ་ཆོས་རིན་ཆེན་མཛོད་བཟུང་ནས། །མཐའ་ཡས་འགྲོ་བའི་རེ་འདོད་སྐོང་བ་དང་། །བྱམས་པའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །འདི་བསྒྲུབས་པ་ལས་བྱུང་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply