གནས་བརྟན་ཆེན་པོ།

༄༅། །གནས་བརྟན་ཆེན་པོ།

རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་བསྡུས་པ།
རྒྱལ་བས་ལུང་བསྟན་ངོར་ཆེན་རྒྱལ་ཚབ་ཏུ།།
རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མེད་པའི།།
རྒྱལ་སྲས་སེམས་དཔའ་ཆེན་པོའི་ཞབས་ལ་འདུད།།

སྐུ་ཡི་གཟི་བྱིན་ཉིན་བྱེད་འཛུམ་པའི་ཞལ།།
གསུང་གི་བདུད་རྩི་འགྲོ་ཀུན་ཡོངས་ལ་ཁྱབ།།
ཐུགས་ཀྱི་དཀྱིལ་འཁོར་ལྷ་ལམ་རབ་ཡངས་པ།།
སྐྱབས་གནས་ཀུན་འདུས་བླ་མར་ཞབས་བརྟན་གསོལ།།

མཁྱེན་པའི་བློ་གྲོས་ཟབ་རྒྱས་ཆུ་གཏེར་བཞིན།།
བརྩེ་བའི་བདག་ཉིད་སྙིང་རྗེའི་མ་མ་ལགས།།
ནུས་པས་འགྲོ་ཀུན་འདྲེན་པའི་མངའ་བདག་ཉིད།།
སྙིགས་མའི་འགྲོ་འདུལ་ཆེན་པོར་ཞབས་བརྟན་གསོལ།།

འཆད་པས་འགྲོ་ཀུན་མ་རིག་གཉིད་ལས་བཀྲོལ།།
རྩོད་པས་རྒོལ་བའི་ལྟ་ངན་དྲུང་ནས་འབྱིན།།
རྩོམ་པས་རྒྱལ་བསྟན་གསལ་བའི་ཉིན་མོར་བྱེད།།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་ཞབས་བརྟན་གསོལ།།

ཐོས་པས་མདོ་རྒྱུད་མན་ངག་ཀློང་དུ་འཁྱིལ།།
བསམ་པས་གནས་ལུགས་ཇི་བཞིན་ཐུགས་སུ་ཆུད།།
སྒོམ་པའི་ཉམས་རྟོགས་འཁོར་འདས་རོ་མཉམ་པའི།།
སྡོམ་གསུམ་བསྟན་པའི་མངའ་བདག་ཞབས་བརྟན་གསོལ།།

མཁས་གྲུབ་འབུམ་ཚོགས་དབུས་ན་ཏོག་ལྟར་འཕགས།།
བཙུན་པའི་གོ་ཆ་གནས་བརྟན་ཆེན་པོ་གྲགས།།
བཟང་པོས་འགྲོ་ཀུན་བུ་གཅིག་ལྟར་བརྩེ་བའི།།
འདུལ་འཛིན་གནས་བརྟན་ཆེན་པོར་ཞབས་བརྟན་གསོལ།།

དེ་ལྟར་བསྟོད་པའི་རྟེན་འབྲེལ་ཟབ་མོ་དང་།།
ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མའི་མཐུས།
ཆོས་ཉིད་རྒྱུ་འབྲས་བསླུ་བ་མེད་པ་ཡིས།།
དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ།།

ཞེས་ངོར་ཆེན་རྒྱལ་བའི་གདུང་འཚོབ་༸སྐྱབས་རྗེ་༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲིས་གྲགས་པའི་རྒྱལ་མཚན་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞལ་སྔར་ནས་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་ལྡན་པའི་༸དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་བསླབ་པ་མཐར་སོན་པ་<གསེར་སྨྱུག་>འབོད་པས་སྒོ་གསུམ་མི་ཕྱེད་གུས་པ་ཆེན་པོས་གསོལ་བའོ།།」

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*