རྩིས་ཆེ་ལེགས་མཐོང་།
___དེ་ཡང་དཔལ་ལྡན་ས་སྐྱ་པའི་བསྟན་པའི་མེས་པོ་ས་ཆེན་ཀུན་དགའ་སྙིང་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་འདི་ལྟར་གསུངས་པར་གྲགས།
ཚེ་འདི་ལ་ཞེན་ན་ཆོས་པ་མིན། །
འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །
བདག་དོན་ལ་ཞེན་ན་བྱང་སེམས་མིན། །
འཛིན་པ་བྱུང་ན་ལྟ་བ་མིན། །
ཚིག་རྐང་བཞི་པོ་འདི་ལ་ཞེན་པ་བཞི་བྲལ་ཞེས་འབོད་སྲོལ་ཡོད་ཅིང་། འདི་ནི་ཚིག་ཉུང་ན་ཡང་དོན་ཧ་ཅང་རྒྱ་ཆེ་བས་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་ག་འདིའི་ནང་དུ་འདུས་པར་བཤད། འདི་ཉིད་ས་སྐྱ་པ་ལས་བྱུང་ཡང་བོད་ཀྱི་མཁས་པ་དང་བླ་མ་མང་པོས་འདི་ཡི་ལུང་དྲངས་ཤིང་། འདི་ལ་འགྲེལ་པ་མཛད་པ་སོགས་ཀྱིས་འཆད་སྤེལ་གནང་ཡོད། དམིགས་བསལ་ལྟ་བ་དང་འབྲེལ་བ་དེ་ལ་དོལ་པོ་པ་དང་རྗེ་ཙོང་ཁ་པའི་རྗེས་འབྲངས་རྣམས་ཀྱིས་དེ་ཙམ་མོས་མཐུན་མི་བྱེད་པ་ཙམ་ལས་གཞན་ས་བཀའ་རྙིང་གསུམ་སོགས་ཀྱིས་རྩོད་མེད་དུ་ཁས་ལེན་པས་འདི་ནི་བོད་བརྒྱུད་ནང་བསྟན་པའི་བསམ་བློའི་རིག་གཞུང་ཞིག་ཏུ་ངོས་འཛིན་ཀྱང་ཆོག
དེ་ལྟར་ན་ཡང་གནའ་སྔ་མོ་ནས་ད་ལྟའི་བར་དེ་འདྲ་ཡིན་པས་ད་དུང་ཡང་མུ་མཐུད་དེ་འདྲ་རང་ཡིན་དགོས་ཟེར་བའི་དུས་ཚོད་དེ་མཇུག་རྫོགས་ཟིན་པའི་ཐོག ད་ཆ་དུས་རབས་ཉེར་གཅིག་པ་འདིར་ང་ཚོར་ཆོས་ལུགས་ཀྱིས་བཤད་ཚད་བདེན་པ་ཉག་གཅིག་ཡིན་པའི་ལྟ་ཚུལ་དང་། ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ནས་འགྲིགས་པར་རློམས་པའི་དེང་རབས་ཀྱི་ལྟ་སྤྱོད་ཐལ་དྲགས་པ་གཉིས་ཀའི་སྐྱོན་ཆ་ངོས་འཛིན་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད། དེར་བརྟེན་ང་ཚོས་རྨོངས་དད་དང་ཀླ་ཀློའི་མཐའ་གཉིས་ལ་མ་ལྷུང་བའི་སྒོ་ནས། ང་ཚོས་ནང་ཆོས་ལ་བསྐྱར་དུ་བསམ་གཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་བཞིན། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་གཙོ་བོ་ཞེན་པ་བཞི་བྲལ་ལ་ཡང་ལྟ་ཚུལ་གསར་པ་དང་འདུ་ཤེས་གསར་པའི་ཐོག་ནས་བལྟས་ན་མཐའ་གཅིག་ཏུ་མི་རུང་བ་ཞིག་མ་རེད་ལ། ངེས་པར་དུ་དགོས་པ་ཞིག་ཀྱང་རེད།
དེ་ལ་ཐོག་མར་ཚིག་རྐང་དང་པོ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་གསུངས་པ་འདི་ཉིད་ལ་ང་ཚོས་བསམ་གཞིགས་བྱ། དེ་ཡང་ཆོས་དང་འཇིག་རྟེན་གཉིས་ཀྱི་ཁྱད་པར་དེ་ཆོས་ལུགས་མི་འདྲ་བ་དང་འཇིག་རྟེན་མི་འདྲ་བ་སྣ་ཚོགས་པ་ཡོད་པས་སྤྱི་ལ་ཁྱབ་པ་ཞིག་འཇོག་དཀའ་ན་ཡང་། ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་གི་ཡི་གེ་སོགས་ལ་དཔྱད་ན་གནའ་བོའི་རྒྱ་གར་གྱི་སྤྱི་ཚོགས་ལྟར་ན་དྷརྨའམ་ཆོས་ཟེར་བ་ནི་གང་ལྟར་བཟང་པོའི་བྱ་བར་གོ་བར་མངོན་ཞིང་། འཇིག་རྟེན་ཟེར་བ་ནི་ཆེ་ས་ནས་རྒྱལ་ཁབ་སྲུང་ཐབས་དང་། ཆུང་ས་ནས་ཁྱིམ་ཚང་དང་སྒེར་གྱི་འཚོ་བ་སྐྱེལ་ཐབས་བཅས་ལ་གོ། དེ་ནི་རགས་པའི་ཁྱད་པར་ཏེ། གནའ་བོའི་རྒྱ་གར་གྱི་རིག་གཞུང་ལྟར་ན་ཆོས་དང་འཇིག་རྟེན་གཉིས་མཐའ་གཅིག་ཏུ་འགལ་བ་ཡིན་པར་བཤད་དཀའ་སྟེ། དྲང་པོར་སྨྲ་བ་ལྟ་བུར་མཚོན་ན་ཆོས་ཀྱང་ཡིན་པ་ལ། འཇིག་རྟེན་ཡང་མ་རེད་ཅེས་བཤད་དཀའ་བ་ལྟ་བུའོ།
དེ་ལྟར་ན་ཡང་རིམ་པས་རྒྱ་གར་དུ་ཆོས་པ་དང་འཇིག་རྟེན་པ་གཉིས་ཀྱི་ཁྱད་པར་འབུར་དུ་ཐོན་རིམ་བཞིན་ཆོས་དང་འཇིག་རྟེན་གྱི་ཁྱད་པར་རྩལ་འདོན་བྱེད་པའི་ལུགས་སྲོལ་ཡང་ཇེ་ཆེར་གྱུར་ཏེ། བར་སྐབས་ཤིག་ནས་བཟུང་དེ་གཉིས་ཕལ་ཆེར་འགལ་བ་ལྟ་བུར་གྱུར་པ་མ་ཟད་དེ་ལ་བརྟེན་ནས་བོད་དུ་ཡང་གནའ་བོའི་བཀའ་གདམས་པ་དང་། བཀའ་བརྒྱུད་པ་སོགས་ཀྱི་བླ་མ་གོང་མ་མང་པོས་ཆོས་དང་འཇིག་རྟེན་གཉིས་ནི་མེ་ཆུ་ནང་བཞིན་གྱི་འགལ་བ་ཡིན་ཚུལ་ཨ་ནན་ཡང་ནན་གྱིས་གསུངས་ཡོད། ཁོང་རྣམ་པས་དེ་ལྟར་གསུངས་པའི་སྒྲོམ་གཞི་གཙོ་བོ་ནི་ཚེ་འདིའི་ཁེ་ཕན་དང་འབྲེལ་བ་ལ་འཇིག་རྟེན་དང་། ཚེ་ཕྱི་མར་ཕན་ཐབས་དང་འབྲེལ་བ་ལ་ཆོས་ཞེས་ངོས་འཛིན་གནང་གི་ཡོད་པས་རེད། ཞེན་པ་བཞི་བྲལ་གྱི་ཚིག་རྐང་དང་པོ་དེ་ཡང་རྒྱབ་ལྗོངས་དེ་འདྲ་ཞིག་ལ་བརྟེན་ནས་བྱུང་བས་ན། དེའི་དགོངས་པ་ལྟར་ན་ཁྱོད་ཀྱིས་ཚེ་འདིའི་ཆེད་དུ་གཞན་ལྟ་ཞོག ནང་ཆོས་ལ་ཐོས་པ་བྱས། ཚུལ་ཁྲིམས་བསྲུངས། སྒོམ་བརྒྱབ་པ་སོགས་གང་བྱས་ན་ཡང་སྐྱེ་བ་ཕྱི་མའི་ཆེད་དུ་མ་ཡིན་ན་དེ་ནི་ཆོས་མ་ཡིན་པའམ་ཡང་ན་ཆོས་རྣམ་དག་མ་ཡིན་པར་གསུངས་པ་ཞིག་རེད།
འོན་ཀྱང་ཆོས་ཡིན་ན་ངེས་པར་དུ་ཚེ་ཕྱི་མའི་ཆེད་དུ་ཡིན་དགོས་པའི་རྒྱུ་མཚན་རྣམ་དག་ཕལ་ཆེར་མེད་པ་ལྟ་བུ་ལ། ལྷག་པར་ཆོས་དང་ཆོས་ལུགས་གཉིས་ཀྱི་ཁྱད་པར་ཤེས་མཁན་ཞིག་གི་ངོས་ནས་བཤད་ན་ཚེ་འདི་དང་ཕྱི་མ་གང་གི་ཆེད་དུ་ཡིན་ཀྱང་། ཚེ་འདིར་གཞན་ལ་གནོད་པ་མེད་པ་དང་། རང་ལ་ཞི་བདེ་ཡོང་བའི་དོན་དུ་དམིགས་ཏེ་སྦྱིན་གཏོང་དང་བཟོད་སྒོམ། བྱམས་པ་དང་སྙིང་རྗེ། བསམ་གཏན་དང་ཤེས་རབ་ཀྱི་ཉམས་ལེན་བྱེད་པ་དེ་དག་ཆོས་སམ་ཆོས་རྣམ་དག་ཅི་ལ་མིན། གལ་ཏེ་མ་ཡིན་པར་ཆོས་ཟེར་བ་ནི་ལྷ་དང་འདྲེ། དམྱལ་བ་དང་ཞིང་ཁམས་སོགས་འཇིག་རྟེན་ལས་འདས་པའི་རྣམ་གཞག་ཁོ་ན་ཡིན་ན་མི་ཡི་སྤྱི་ཚོགས་ལ་ངེས་པར་དུ་ཆོས་ལུགས་དགོས་པའི་རྒྱུ་མཚན་རྣམ་དག་ཅིག་འགོད་ཐུབ་པ་དཀའ། མ་ཟད་གལ་སྲིད་ཚེ་འདིའི་བདེ་བའི་ཆེད་དུ་ཉམས་ལེན་བྱས་པ་ཙམ་གྱིས་ཆོས་མིན་ན་ཚེ་འདིར་བདེ་བ་མཐར་ཐུག་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་བླ་མེད་ཀྱི་རིམ་གཉིས་ཉམས་སུ་ལེན་པ་ཡང་ཆོས་མ་ཡིན་པའི་ཐལ་བ་ཅི་ལ་མེད།
ཡང་ཕྱོགས་གཅིག་ནས་བཤད་ན་ནང་ཆོས་ལྟར་ན་ཆོས་ཟེར་བ་དེ་སྐྱེ་བ་འདིའི་དོན་དུ་བསམ་བློ་ཕྲན་བུ་ཙམ་ཡང་མ་བཏང་བར་སྐྱེ་བ་ཕྱི་མ་ཁོ་ནའི་ཆེད་དུ་ཡིན་ན། ང་ཚོས་སྐྱེ་བ་འདི་ལ་སྐྱེ་བ་ཕྱི་མའི་ཆེད་དུ་བསམ་བློ་གཏོང་། ཡང་སྐྱེ་བ་ཕྱི་མ་ལ་ཡང་དེའི་ཕྱི་མ་ཁོ་ན་ལ་བསམ་བློ་གཏོང་། དེ་ལྟར་རིམ་པ་བཞིན་མུ་མཐུད་འགྲོ་དགོས་ན་ནང་ཆོས་ནི་རྟག་པར་མ་འོངས་པ་ཁོ་ན་ལ་རེ་བ་དང་ཞེན་པས་བཅིངས་པའི་ཆོས་ལུགས་ཤིག་ལས་མིག་སྔུན་གྱི་ད་ལྟའི་བདེ་སྐྱིད་གང་ལ་ཡང་རོལ་མི་ཤེས་པའམ་རོལ་མི་ཆོག་པའི་ཆོས་ལུགས་ཤིག་ལ་ངོས་འཛིན་དགོས་པར་འགྱུར། དེ་ལྟར་གྱུར་ཀྱང་གྱུར་པས་ང་ཚོས་ནང་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་ཉིན་རེའི་འཚོ་བར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ག་ཚོད་རྙེད་ཐུབ་པ་ནི་ནང་པའི་བླ་མ་རྣམས་ཀྱིས་ཀྱང་ཉེ་ཆར་གཞི་ནས་ནུབ་ཕྱོགས་པའི་ས་ནས་སྦྱངས་པ་ལས། སྔོན་གྱི་དུས་སུ་ནང་ཆོས་ཀྱིས་ཉིན་རེའི་འཚོ་བར་ཕན་ཐོགས་འཚོལ་བ་ན་བར་བསམ་སྒྲོལ་གསུམ་འདོན་པ་སོགས་གསོལ་བ་དང་སྨོན་ལམ་འདེབས་པ་ཙམ་ལས་ཐབས་ཤེས་གཞན་དེ་ཙམ་མེད་པ་ནི་ཧ་ཅང་ཕངས་དགོས་པ་ཞིག་རེད།
ཚིག་རྐང་གཉིས་པ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་གསུངས་པ་ལ། སྤྱིར་འཁོར་བ་དང་ཐར་པ་ནི་མི་ཚེ་དང་འབྲེལ་བ་ཞིག་ཡིན་པས་ལྟ་གྲུབ་འདི་ཧ་ཅང་གལ་ཆེ་ན་ཡང་བོད་བརྒྱུད་ནང་བསྟན་གྱིས་འདི་གཉིས་ནང་གི་སེམས་ཁམས་ལས་ཀྱང་ཕྱི་རོལ་གྱི་ཡུལ་གྱི་རྣམ་གཞག་ཅིག་ལ་ངོས་འཛིན་པ་ནི་སྐྱོན་ཆེན་པོར་མཐོང་། དཔེར་ན་བོད་ཀྱི་ཆོས་པ་མང་པོས་འཁོར་བ་ཟེར་དུས་བཟའ་ཟླ་སོགས་ཡོད་པའི་མི་ནག་གི་ཁྱིམ་དུ་ངོས་འཛིན་ཅིང་། དེ་ལས་ལྡོག་སྟེ་དགོན་པ་ནི་འཁོར་བ་མ་ཡིན་པ་ལྟ་བུར་ངོས་འཛིན་སྲོལ་ཡོད། དོན་དངོས་སུ་ཁྱིམ་ཚང་དང་དགོན་པ་གང་དུ་ཡིན་ཀྱང་ཇི་སྲིད་སེམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་དབང་དུ་ཡོད་ནས་བཟུང་འཁོར་བ་ཡིན་པ་དང་། ཇི་སྲིད་དེ་ལས་ཐར་ནས་སེམས་རང་དབང་དང་བདེ་སྐྱིད་ཀྱི་ངང་དུ་ཡོད་ནས་བཟུང་ཐར་པ་ཡིན་པས། འཁོར་བ་དང་ཐར་པ་གཉིས་རང་གི་སེམས་ཁམས་ཀྱི་ཐོག་ཏུ་ངོས་འཛིན་དགོས་པའི་གནད་འགག་འདི་བརྗེད་སོང་ན་རང་གིས་རང་མགོ་སྐོར་གཏོང་བའི་ཉེན་ཁ་ཤིན་ཏུ་ཆེ་བར་མཐོང་།
དེ་བཞིན་ངེས་འབྱུང་ལ་ཡང་རིགས་འདྲ་མིན་ཡོད་པ་ལ། རྒྱ་ནག་གི་ནང་ཆོས་ལྟར་ན་ངེས་འབྱུང་ནི་སྤྱི་ཚོགས་ལས་འབྲལ་བར་འདོད་པ་ཡིན་ཅིང་། རྒྱ་གར་གྱི་ནང་ཆོས་ལྟར་ན་འཇིག་རྟེན་ཧྲིལ་པོ་ལས་འབྲལ་བར་འདོད་པ་ཞིག་ཡིན་པ་ལ། ཉི་ཧོང་གི་ནང་ཆོས་ལྟར་ན་ངེས་འབྱུང་ནི་རང་ཉིད་གང་དུ་གནས། གང་ཞིག་བྱེད་བཞིན་པ་དེ་ལ་ཞེན་ཆགས་མེད་པའི་ལྟ་སྤྱོད་ཅིག་ལ་གོ། ང་ཚོ་ལ་ཡང་རྒྱ་གར་གྱི་ཤུགས་རྐྱེན་ཐེབས་པས་བོད་ཀྱི་ནང་པའི་བླ་མ་མང་པོས་བཟའ་ཟླ་སོགས་ནི་ལས་ངན་པའི་འབྲས་བུ། བུ་ཚ་རྣམས་ནི་ལན་ཆགས། གཉེན་ཉེ་འབྲེལ་རྣམས་ནི་འཁོར་བར་འཁྱམས་བྱེད་ཀྱི་དགྲ་དངོས་ཡིན་པར་གསུངས་ནས་སྤྱི་ཚོགས་འདིར་མི་དང་མི་ཡི་བར་འཆམ་མཐུན་དང་ཞི་བདེ་བཟོ་བའི་ཚབ་ལ་ཕན་ཚུན་དགྲ་རུ་ལྟ་བའི་སློབ་གསོ་རྒྱ་ཆེ་ཙམ་གནང་སྲོལ་ཡོད་པ་མངོན་སུམ་ཡིན་པས། སློབ་གསོ་འདི་ལ་བརྟེན་ནས་གནའ་བོའི་ནང་པ་རྣམས་ཀྱིས་རང་གི་ཕ་ཡུལ་དང་། དེང་སང་གི་ནང་པ་མང་པོས་རང་གི་ཁྱིམ་ཚང་ལ་ལྟ་སྟངས་ཤིན་ཏུ་ངན།
ལྷག་པར་ང་ཚོའི་ངེས་འབྱུང་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ལ་གདོང་གཏུགས་པ་ལས་ཀྱང་གཡོལ་ཐབས་དང་འབྲོས་ཐབས་ཁོ་ན་བྱེད་པའི་ངེས་འབྱུང་ཞིག་ཡིན་པས་ན། དོན་དངོས་སུ་འདི་ནི་རང་ཉིད་ཁོ་ན་མ་གཏོགས་རང་གི་ཁྱིམ་ཚང་དང་། སྤྱི་ཚོགས། རྒྱལ་ཁབ་སོགས་གང་ལ་ཡང་འགན་ཁུར་མི་བྱེད་པའི་གཤིས་སྤྱོད་ཅིག་རེད། ལོ་རྒྱུས་ཐོག་བོད་ལ་རྣམ་དཔྱོད་ཅན་དང་། ཤེས་རབ་ཅན་ཧ་ཅང་མང་པོ་བྱུང་ཡོད་ཀྱང་། ངེས་འབྱུང་འདི་འདྲ་ལ་བརྟེན་ནས་དེ་དག་གིས་འཛམ་གླིང་ཧྲིལ་པོ་ལྟ་ཞོག་བོད་མི་ཕལ་པའི་ཉིན་རེའི་འཚོ་བར་ཕན་ཐོགས་ཡོད་པའི་བྱས་རྗེས་ཤིག་བཞག་པ་ཡང་ཧ་ཅང་དཀོན། དངོས་སུ་སྤྱི་ཚོགས་ལ་ཕན་པའི་བྱས་རྗེས་གང་ཡང་མེད་ན་རྒྱང་རིང་པོ་ནས་སྨོན་ལམ་རྒྱ་ཆེན་པོ་དང་སྙན་པོ་ག་ཚོད་བཏབ་ཀྱང་དེ་ནི་སྒེར་གྱི་ཉམས་ལེན་ཙམ་རེད།
དེས་ན་ཞན་ཆ་འདི་ཉིད་ངོས་ཟིན་པའི་སྒོ་ནས་ང་ཚོས་ངེས་འབྱུང་ཟེར་བ་ནི་སྐྱོ་ཤས་ཙམ་མ་ཡིན་པར་དོན་སྙིང་ཡོད་མེད་འབྱེད་པའི་ཤེས་རབ་ཅིག་ལ་ངོས་འཛིན་པའི་སྒོ་ནས། ཆོས་ལུགས་ཀྱི་བྱ་བ་ཡིན་ནས་བཟུང་སྟེ་སྙིང་པོ་ཡོད་པ་དང་། འཇིག་རྟེན་གྱི་བྱ་བ་ཡིན་ནས་བཟུང་སྟེ་སྙིང་པོ་མེད་པའི་ལྟ་ཚུལ་རྙིང་པ་དེ་ངེས་པར་འདོར་དགོས། གོ་རྟོགས་དེ་ཡོད་པའི་ཐོག་ཁྱིམ་པ་དང་སེར་མོ་བ་སུ་ཡིན་ཀྱང་རང་རང་སོ་སོ་སྤྱི་ཚོགས་གང་ལ་གཏོགས་པ་དེ་ལ་རང་ངོས་ནས་ལེགས་སྐྱེས་རེ་འབུལ་བ་ནི་གཞན་ཕན་དངོས་དང་ཉམས་ལེན་གྱི་འབྲས་བུ་ཡང་ལོས་ཡིན། དེ་ལྟར་བྱེད་ཐུབ་ན་ད་གཟོད་ང་ཚོའི་ངེས་འབྱུང་དེ་རང་གཞན་ཚང་མར་ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཆོག་པ་ཞིག་རེད། དེ་མིན་རང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཕྱིར་ཡོད་ཚད་བློས་གཏོང་ན་དེ་ཡང་མདོར་བསྡུས་ན་རང་འདོད་ཀྱི་རྣམ་པ་མི་འདྲ་བ་ཞིག་ཡིན་པས་དེ་ནི་ཚིག་རྐང་འོག་མའི་དོན་དང་འགལ་བ་ཞིག་ཀྱང་རེད།
ཚིག་རྐང་གསུམ་པ། བདག་དོན་ལ་ཞེན་ན་བྱང་སེམས་མིན། །ཞེས་གསུངས་པ་ལ། སྤྱིར་བྱང་ཆུབ་སེམས་དཔའ་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་དོན་དུ་དམིགས་ནས་འབད་བརྩོན་བྱེད་པའི་ལྟ་གྲུབ་འདི་ནི་ཧ་ཅང་ངོ་མཚར་ཅན་ལོས་ཡིན་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་ཐུབ་མཁན་ཞིག་སུ་ཡང་མེད་པ་ནི་སྤྱིར་བཏང་གི་བསམ་ཤེས་བེད་སྤྱད་པ་ཙམ་གྱིས་རྟོགས་ཐུབ། སྨོན་ལམ་འདེབས་པ་ནི་སྒེར་གྱི་སེམས་ཁམས་དང་ཉམས་ལེན་ལ་ཕན་ཐོགས་ཆེ་ཡང་། བོད་ལ་ཉིན་རེ་ཞབས་བརྟན་གསོལ་འདེབས་མ་མཐར་ཡང་ལན་གཉིས་རེ་རྒྱུན་མ་ཆད་པར་འདོན་པའི་གྲྭ་པ་སྟོང་ཕྲག་ཡས་མས་ཅན་ཡོད་པའི་བླ་ཆེན་མང་དུ་ཡོད་ཀྱང་དེ་ཚོ་མང་པོའི་འཕྲོད་བསྟེན་ཡག་པོ་མེད་པས་སྐུ་ཚེའི་ཚད་ནི་ལྔ་བཅུ་ཡས་མས་ལས་བཞུགས་མི་ཐུབ་པ་འདི་གཅིག་པུས་ཀྱང་སྨོན་ལམ་འདེབས་པ་ཙམ་ལ་ནུས་པ་ག་ཚོད་ཡོད་མེད་གསལ་པོར་རྟོགས་ཐུབ། དེས་ན་སེམས་ཅན་ཐམས་ཅད་ཟེར་བ་འདི་དོན་བཟང་པོ་དང་ཚིག་སྙན་པོ་ཡིན་ཀྱང་ལག་ལེན་དངོས་ལ་ཡོང་ཐབས་དེ་ཙམ་མེད་པ་ནི་ཚང་མས་ཁས་མི་ལེན་ཀ་མེད་རེད།
ལྷག་པར་བདག་དོན་ལ་རྩ་བ་ནས་ཞེན་མི་རུང་བའི་ལྟ་གྲུབ་འདི་ནི་ལག་ལེན་དངོས་ཀྱི་ཐོག་ནས་བསམ་ན་ཕན་པ་ལས་ཀྱང་གནོད་པ་ཆེ་བའི་གཏམ་ཞིག་ཏུ་མཐོང་། རྒྱུ་མཚན་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པའམ། ག་ཚོད་ཡོད་ཀྱང་བདག་ཉིད་ཀྱི་དོན་ནི་བདག་ཉིད་ཀྱིས་མ་བསྒྲུབས་ན་ནམ་ཡང་འགྲུབ་མི་ཐུབ་པ་སུས་ཀྱང་ཤེས་གསལ་ལྟར་རེད། མི་ཞིག་བྱང་ཆུབ་སེམས་དཔའ་བྱ་འདོད་ནས་རང་དོན་རྩ་བ་ནས་མ་བསམ། ཟས་གང་ཡོད་སྤྲང་པོ་སོགས་གཞན་ཁོ་ན་ལ་སྦྱིན་པ་བཏང་ནས་རང་གིས་མ་ཟོས་ན་མི་དེ་ནི་སྔ་ཕྱི་མ་གཏོགས་འཆི་ངེས་པར་ཐེ་ཚོམ་མེད། རྒྱུ་མཚན་དེས་སེམས་ཅན་ཞིག་ཡིན་ནས་བཟུང་སྟེ་རང་དོན་ནི་རང་ལ་བབ་པའི་ལས་འགན་ཆེ་ཤོས་དེ་ཡིན་པ་བརྗེད་མི་རུང་། འདི་ནི་གནས་ལུགས་ཡིན་པས་འདི་དང་འགལ་བ་ནི་ཆོས་དང་འཇིག་རྟེན་གང་ནས་བཤད་ཀྱང་ཐལ་དྲགས་པ་དང་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་ཡོང་ཐབས་མེད་པ་ཞིག་ཡིན་པ་ཤེས་དགོས།
མ་ཟད་གཞན་ལ་གནོད་པ་མེད་པའི་སྒོ་ནས་བདག་ཉིད་ཀྱི་དོན་སྒྲུབ་པ་དང་འབྲེལ། ཞོར་དུ་གཞན་ལ་ཡང་ཕན་ཅི་ཐོགས་བྱས་ན་སུས་ཀྱང་དེ་ལ་སྐྱོན་ཡོད་པར་བཤད་མི་ཐུབ་ཅིང་། བདག་དོན་བྱེད་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་མ་ཡིན་པར་ག་ལ་འགྱུར། དེས་ན་བདག་དོན་ནི་སུས་ཀྱང་འདོར་མི་ཐུབ་ཅིང་། འདོར་མི་དགོས། རང་གཞན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ཤེས་པས་གཞན་དོན་ལ་སེམས་ཁུར་བྱེད་དགོས་པ་དེ་ཧ་ཅང་བཟང་པོ་དང་གལ་ཆེན་པོ་ཡིན་ཀྱང་། ལྟོས་ས་ལྟོས་ཆོས་ཀྱི་དབང་དུ་བཤད་ན་རང་ཉིད་ལ་མཚོན་ན་རང་ཉིད་ཀྱི་དོན་དེ་གལ་ཆེ་ཤོས་ཡིན་པ་ནམ་ཡང་བརྗེད་མི་རུང་། བོད་ཀྱི་སྤྱི་ཚོགས་སུ་རང་གི་འཚོ་བའི་འགན་རང་ཉིད་ཀྱིས་ཁུར་ཐུབ་པའི་ནུས་པ་མེད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་མཁན་ཡིན་པ་དང་། སྒྲུབ་འདོད་ཡོད་པའི་བསྒྲགས་གཏམ་སྤེལ་བ་གང་སར་མཐོང་རྒྱུ་ཡོད་པ་འདི་ཡང་ཕྱོགས་གཅིག་ནས་བསམ་ན་ངོ་ཚ་བྱེད་ལྟ་བུར་མཐོང་།
ཚིག་རྐང་བཞི་པ། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་པ་ལ་སྤྱིར་བཏང་འདིའི་སྐོར་ངས་དཔྱད་རྩོམ་གཞན་གྱི་ནང་དུ་བྲིས་ཡོད་པས་འདིར་ཞིབ་ཕྲ་མི་འབྲི། གང་ལྟར་ལྟ་བ་འདི་ནི་རྒྱ་གར་ནས་བྱུང་བའི་རིག་གཞུང་རྙིང་པའི་བག་ཆགས་ཤིག་སྟེ། རྒྱ་གར་གྱི་ལྟ་གྲུབ་རྙིང་པ་མང་པོ་ཞིག་ལག་ལེན་དང་མཐུན་པ་ཞིག་དང་། མི་ཕལ་མོ་ཆེས་བློ་ཡིས་འཛིན་ཐུབ་པ་ཞིག་དང་། གནད་ལ་ཁེལ་བ་ཞིག་བཤད་པ་ལས་ཀྱང་། དེ་ལས་ལྡོག་སྟེ་བསམ་གྱིས་མི་ཁྱབ་པ། ཚད་མེད་པ། དཔག་ཏུ་མེད་པ་ལྟ་བུ་བཤད་པ་ལ་ཧ་ཅང་དགའ་པོ་ཡོད། རྒྱུ་མཚན་དེས་ཁོ་ཚོས་དབང་ཕྱུག་གི་ཁ་དོག་ནི་ལྕེ་བརྒྱ་ལ་སྤྲུལ་བ་དང་། རྒྱ་མཚོ་ཆ་ཚང་སྣག་ཚ་བྱས་ནས་བྲིས་ན་ཡང་རྫོགས་མི་ཐུབ་ཅེས་པ་ལྟ་བུ་ཕན་ཐོགས་མེད་པའི་ཆེ་བརྗོད་ལུང་པ་གང་བཤད་སྲོལ་ཡོད་པ་ལ། བག་ཆགས་ངན་པ་འདི་ནང་ཆོས་ལ་ཡང་ཤུགས་ཆེན་པོ་འགོས་ཡོད།
རིག་གཞུང་དེ་འདྲ་ལ་བརྟེན་ནས་བོད་སྔ་རབས་པས་ལྟ་བ་བཤད་སྐབས་ཡོད་པ་མ་ཡིན་པ། མེད་པ་ཡང་མ་ཡིན་པ་སོགས་མདོར་ན་མི་ཞིག་གི་བསམ་བློར་འཁོར་ཐུབ་པ་ཆ་ཚང་བཀག་ནས། དོན་དམ་གྱི་གནས་ལུགས་ནི་འདི་ཡིན་དང་འདི་མིན་ཞེས་གང་ཡང་སྨྲ་མི་ཐུབ་པ། བསམ་མི་ཐུབ་པ། དཔེ་ཡིས་ཀྱང་མཚོན་མི་ཐུབ་པ་ཞིག་ཡིན་པ་དང་། དེ་ལས་ལྷག་པའི་ལྟ་བ་འཇིག་རྟེན་འདིར་མེད་ཅེས་ཞལ་བཞེས་གནང་ཡོད། འོ་ན་བོད་སྔ་རབས་པའི་ལྟ་བ་དེ་མཐར་གཏུགས་ན་གང་རེད་ཅེས་དྲིས་ན་མདོར་བསྡུས་ན་ཟིན་ས་དང་འཆང་ས་གང་ཡང་མེད་པ་ཞིག་རེད། བློ་ལས་འདས་པའི་ལྟ་བ་དེ་ནི་མི་ཡི་རིགས་ཀྱི་བློ་ཡུལ་དུ་ཤོང་དཀའ་བས་ཚང་མས་དེ་ཉིད་ཧ་ཅང་གཏིང་ཟབ་མོ་ཞིག་ཡིན་སྣང་ཤར་ཡང་། དོན་དུ་དེ་འདྲ་ཞིག་རྩ་བ་ནས་མེད་ན་སུ་ཞིག་གི་བློ་ཡུལ་དུ་ཤོང་ཐུབ།
དེ་བཞིན་འཛིན་པ་མེད་པའི་ལྟ་བ་འདི་སྙན་གྲགས་ཆེ་ཡང་། བསམ་མནོ་ཡག་པོ་བཏང་ན་འདི་འདྲ་ཞིག་རེད་འདུག་སྙམ་པའི་འཛིན་པ་མེད་པར་ངེས་ཤེས་ཡོང་ཐབས་མེད་ཅིང་། ངེས་ཤེས་མེད་ན་ལྟ་བ་མཐར་ཐུག་པ་ཡིན་ཞེས་དེ་བས་ཀྱང་བཤད་ཐབས་མེད། གལ་སྲིད་འཛིན་པ་གང་ཡང་མེད་པ་དེ་ལྟ་བ་ཡིན་ན་དེ་འདྲའི་ལྟ་བ་བཟང་པོ་དེ་བསམ་བློའི་སྒུལ་བསྐྱོད་ཡོད་པའི་གང་ཟག་ལ་ནི་ཕལ་ཆེར་སྐྱེ་མི་སྲིད་ཅིང་། ས་དང་རྡོ་ལ་སོགས་པའི་བེམ་པོ་རྣམས་ལ་ནི་ལྷན་སྐྱེས་སུ་ཡོད་པར་སྣང། འདི་ཡིན་དང་འདི་མིན་གང་ཡང་མིན་པའི་ལྟ་བ་ཁྱད་མཚར་འདི་ལ་བོད་ཀྱི་ལོ་རྒྱུས་ཐོག་སྐྱོན་ངོས་འཛིན་ཐུབ་མཁན་དང་པོ་ནི་ཀུན་མཁྱེན་དོལ་པོ་པ་ཡིན་པར་མངོན་ཞིང་། དེ་ཉིད་ཀྱིས་གསུང་རྩོམ་རྣམས་སུ་འདི་ལ་སྐྱོན་བརྗོད་ཆེན་པོ་གནང་བས་ཕྱིས་སུ་རྗེ་ཙོང་ཁ་པ་ཡང་ཕལ་ཆེར་དེའི་རྗེས་སུ་འབྲངས་པ་ལྟ་བུས་ཁོང་གིས་དབུ་མའི་ལྟ་བ་དེ་རང་བཞིན་མེད་པ་རང་ཡིན་ཞེས་གསུངས་ནས་མ་མཐར་ཡང་ཁོང་གིས་དབུ་མའི་ལྟ་བ་དེ་ངོས་འཛིན་རྒྱུ་དང་མཛུབ་མོ་འཛུགས་ས་ཡོད་པ་ཞིག་བཟོས་གནང་ཡོད།
མ་གཞི་ང་ཡང་ཁྱོད་ཡིན་ཅིང་། ཁྱོད་ཀྱང་ང་ཡིན། ང་གཉིས་གཅིག་ཀྱང་མིན་ལ། ཐ་དད་ཀྱང་མིན་ཟེར་བ་ལྟ་བུ་ཐད་ཀར་བལྟས་ན་ཟབ་ཟབ་འདྲ་ཡོད་པ་ལ། དོན་དངོས་སུ་ཟིན་ས་དང་འཆང་ས་གང་ཡང་མེད་པའི་ཐོག རིགས་པ་ཕྲ་ཞིང་ཕྲ་བས་དཔྱད་ན་ནང་འགལ་གྱི་ཕུང་པོ་ཅན་གྱི་ལྟ་གྲུབ་འདི་རྒྱ་གར་གཙོ་བོར་གྱུར་པའི་མཚན་ཉིད་རིག་པ་མང་པོའི་ན་ཚ་ཆེ་ཤོས་དེ་རེད། རྒྱུ་མཚན་དེས་དེ་དག་གི་ལྟ་གྲུབ་མང་པོ་ཞིག་སྦྱངས་ན་ཚིག་རེ་རེའི་གོ་བ་ལེན་ཐུབ་པ་ཡང་ཧ་ཅང་དཀའ་ན་ཡང་ཤེས་ཟིན་རྗེས་སུ་འཚོ་བ་དངོས་ལ་ཕན་ཐོགས་རྩ་བ་ནས་མེད། དེས་ན་ང་ཚོས་ཕན་མེད་ཀྱི་ལྟ་བ་འདི་དག་དོར་ནས་མི་ཞིག་ལ་རང་རང་སོ་སོའི་ལྟ་བ་རེ་ངེས་པར་དགོས་པ་ནི་བཤད་མ་དགོས་པ་ལ། ངའི་བསམ་ཚུལ་ལྟར་ན་ལྟ་བ་ནི་སྨྲ་བསམ་བརྗོད་བྲལ་གྱི་ལྟ་བ་ལྟ་བུ་མ་ཡིན་པར། མ་མཐར་ཡང་སོ་སོའི་བསམ་བློར་འཁོར་ཐུབ་པ། སོ་སོའི་ཀླད་པས་འཛིན་ཐུབ་པ། གཞན་ལ་ཡང་འགྲེལ་བརྗོད་བྱེད་ཐུབ་པ། འཚོ་བ་དངོས་ལ་འབྲེལ་བ་དང་ཕན་ཐོགས་ཡོད་པ་ཞིག་ངེས་པར་དུ་དགོས་ཞེས་བཤད་པར་འདོད།
མདོར་ན་ངས་རང་ཉིད་ཀྱི་ལྟ་ཚུལ་འཛེམས་ཟོན་མེད་པར་བཤད་ན། ཆོས་ལུགས་ཐམས་ཅད་ཀྱི་ནང་ནས་བཟང་ཤོས་ནི་ནང་ཆོས་ཡིན་པ་ཤེས་རབ་དང་ལྡན་པ་དང་བློ་གཟུ་བོར་གནས་པ་སུ་ཡིས་ཀྱང་ཁས་ལེན་ནུས་པ་ཞིག་ཡིན་ན་ཡང་། ནང་ཆོས་ཀྱི་སྐྱོན་ཆ་ཆེ་ཤོས་ནི་བཀའ་འགྱུར་པོད་བརྒྱ་ལྟ་བུ་དང་། ཚིག་འགའ་ཤས་ཀྱི་ནང་དུ་དོན་བསྡུ་ཐུབ་ན་ཡང་བསྐྱར་ཟློས་ཡང་ཟློས་མང་དུ་བྱས་པ་འབུམ་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་ལྟ་བུ་མང་དྲགས་པ། གང་ལ་ཞེན་པ་ཡོད་པ་ཐམས་ཅད་སྤོང་དགོས་པ། དགྲ་བཀའ་དྲིན་ཆེན་པོ་ཡིན་པ། བླ་མས་གསུང་ཚད་དང་བྱས་ཚད་བཟང་པོ་ཡིན་པ། སྨོན་ལམ་གང་བཏབ་ཐམས་ཅད་འགྲུབ་འགྲོ་བ། འཁོར་བ་ལ་བདེ་བ་རྩ་བ་ནས་མེད་པར་བཤད་པ་ལྟ་བུ་ཐལ་དྲགས་པ། མགོ་དང་ལུས་སོགས་སྦྱིན་པ་གཏོང་དགོས་པའམ། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་དགོས་པར་བཤད་པ་ལྟ་བུ་ལག་ལེན་དངོས་ལ་འགེལ་ཐབས་མེད་པ་རྣམས་རེད།
ནང་བསྟན་ཆོས་ལུགས་ཀྱི་བརྒྱུད་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ཕྱི་ནང་ཆ་ཚང་དབང་བསྒྱུར་བའི་བོད་ཀྱི་ཡུལ་གྲུ་དང་མི་རིགས་འདི་ད་ཆ་ང་ཚོ་མང་པོ་ཞིག་གིས་རྗེས་ལུས་ཐེབས་པར་བཤད་ཀྱིན་ཡོད་པ་ལ། རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་གང་ཡིན་བསམ་བློ་བ་སོ་སོར་ངོས་འཛིན་ཚུལ་མི་འདྲ་བ་རེ་ཡོད་མོད། འོན་ཀྱང་ངས་བལྟས་ན་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོས་ད་ལྟའི་བར་དོན་ཟབ་མོ་དང་རྒྱ་ཆེན་པོ་རྐྱང་ལ་རེ་བ་བྱས། ཤེས་ཡོན་པ་དང་བསམ་བློ་བ་ཚང་མ་དེ་འདྲའི་རིགས་རྐྱང་ལ་མགོ་འཐོམས་ནས། ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་ཅིང་། མི་ཕལ་མོ་ཆེས་ལག་ལེན་དངོས་ལ་འགེལ་ཐུབ་པ། འཚོ་བ་དངོས་ལ་འབྲེལ་བ་ཡོད་པའི་བསམ་བློའི་རིག་གཞུང་དེ་ཙམ་མེད་པ་འདི་ཉིད་ཡར་རྒྱས་མེད་པའི་རྒྱུ་རྐྱེན་གཙོ་བོར་མཐོང་ངོ་། །
སྤྱི་ལོ་༢༠༡༧ ཟླ་༡༠ ཚེས་༡༠།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།