རྩོམ་པ་པོ། སྡེ་དགེ་བ་ཉི་མ་དཔལ་བཟང་།
དེ་ཡང་རྒྱུ་མཚན་གསུམ་གྱིས་བརྟགས་ཏེ་གཏན་འབེབ་བྱས་པ་ལྟར། ལན་གསུམ་གྱི་གཏན་ཚིགས་ཉིད་གཤིན་རྗེའི་དྲུང་དུ་འཕེན་པའོ།།
རྒྱུ་མཚན་དང་པོའི་སྐོར། ཆོས་སྐྱོང་སྲུང་མ་ཚོ་ལ་དུས་གསུམ་མཁྱེན་པའི་ཡེ་ཤེས་ཡོད་པས་བུད་མེད་ཚོའི་མངལ་དུ་ཕྲུ་གུ་ཆགས་པ་ལ་བསྟན་སྲིད་གནོད་པའི་གདོན་བགེགས་ཡོད་ཕྱིན་ཕྲུ་གུ་གསོད་པས་མི་ཚད། མའི་ཚེ་སྲོག་ལ་ཡང་གནོད་སྲིད་པས་མགོན་ཁང་དུ་འགྲོ་བ་བཀག་ཅེས་ཟེར། དང་པོ་བསྒྲུབ་བྱ་གཞན་དུ་ལོག་པར་ཐལ་བ་ནི། གཅིག་ན་བུད་མེད་རྐྱང་པ་ལ་བལྟས་ནས་ཕྲུ་གུ་གདོན་བགེགས་གང་ཡིན་བརྟགས་ཏེ་མ་བུའི་ཚེ་སྲོག་བཀུམ་པ་ལས་སྐྱེས་པ་དེ་རུ་འོངས་ན་དེར་ལྟོས་ཀྱི་ཕྲུ་གུ་དང་ཕྲུ་གུ་དེའི་ཕ་སོགས་ཀྱི་ཚེ་སྲོག་ལ་བསམ་གཞིག་མི་གཏོང་མཁན་ཞིག་ཡིན་ཚེ་དེ་ནི་ཀུན་ནུས་ཀྱི་ཀུན་མཁྱེན་ཞིག་མིན་པར། དོ་ཚད་རྡུང་མཁན་གྱི་ངོ་གཉིས་མ་ཞིག་ལོས་ཡིན། གལ་ཏེ། བུད་མེད་ལ་བལྟ་དགོས་ཏེ། ཕྲུ་གུ་ཨ་མའི་ལྟོ་བར་ཡོད་པའི་ཕྱིར་ཟེར་ན། དེ་ལྟར་ན། ཆོས་སྐྱོང་དེ་ཚོ་གནད་ཡོད་ཀྱི་གདོན་བགེགས་བསྒྲལ་ཁར་དོན་མེད་ཀྱི་ཨ་མ་ཞིག་གི་ཚེ་སྲོག་ལའང་བསམ་གཞིག་མི་བྱེད་པར། ཤ་གཉོག་རུས་གཉོག་བྱེད་མཁན་ཞིག་ཏུ་སོང་བས་ན། རང་ཉིད་ཀྱི་འདོད་དོན་འགའ་ཞིག་འགྲུབ་ཆེད་དུ་གཞན་སུ་ལའང་དོགས་སྣང་མེད་པའི་ཀྲུང་གོའི་བརྙན་འཕྲིན་ནང་གི་འཇར་པན་དང་ཨ་ན་མ་ན་རེད། གཉིས་ན། གདོན་འདྲེའི་ཕྲུ་གུ་ཁོག་པར་འཛུལ་བའི་ཨ་མ་དེ་ཚོ་ཆོས་སྐྱོང་རྣམས་གནས་སྡོད་ཀྱི་མགོན་ཁང་དུ་མ་ཡོང་ཚེ་ཨ་མ་དེའི་ཁོག་ཏུ་གདོན་འདྲེ་ཡོད་པར་མ་ཤེས་ན་དུས་གསུམ་མཁྱེན་པའི་ཆོས་སྐྱོང་ཞེས་པ་ནི་སྒོ་ཁའི་ཁྱི་ནག་ལེབ་མ་ལ་སེང་གེར་བོས་པ་རང་ཡིན་པས་སྙིང་པོ་མེད་ཁར་སྒྲོ་བཏགས་པ་དེ་ཅི་ལ་མཛའ། གཉིས་པ་དོན་མེད་ཀྱི་ཚིག་ཉོག་ནང་འདྲེན་བྱས་པ་ནི། བསྟན་སྲིད་སྤྱི་ལ་གནོད་ཅེས་པའི་སྲིད་ཅེས་པའི་ཚིག་ཅིག་གནམ་ནས་དྲུད་མ་ཐུབ་ས་ནས་བརྐོ་མ་ཐུབ་ཀྱང་། བཙན་ཤེད་ཀྱིས་ས་ཁོངས་དེ་རུ་བཅུག་ཡོད། ཆོས་སྐྱོང་དེ་ཚོ་བསྟན་སྲུང་རེད་མ་གཏོགས་སྲིད་སྲུང་མ་རེད། དེ་ལྟར་ཁྱོད་ཀྱི་ངག་ལས་ཀྱང་ཐལ་འདུག་སྟེ། ཁྱོད་རང་གིས་ཆོས་སྐྱོང་དེ་ཚོ་ལ་དུས་གསུམ་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་མངོན་ཤེས་དེ་ཚོ་ཡོད་པར་ཁས་བླངས་པ་གང་ཞིག དུས་གསུམ་མཁྱེན་པ་ནི་སངས་རྒྱས་རང་ཡིན་ཞིང་། ཁྱོད་རང་གིས་ཀྱང་ཆོས་སྐྱོང་དེ་དག་སངས་རྒྱས་སུ་འདོད་ཡོད་པའི་ཕྱིར། དེ་ཡང་ཁྱོད་ཀྱིས་སྲིད་ཅེས་པ་ནི་ནང་ཆོས་གང་དུ་དར་བའི་གནས་དེའི་སྲིད་དང་འབྲེལ་པ་ཡོད་པས་སྲིད་ལ་གནོད་ཕྱིན་བསྟན་པ་ལའང་ངེས་ཅན་དུ་གནོད་སྲིད་པས་ཡིན་སྙམ་ངེས་ཀྱང་། དེ་ནི་ནང་ཆོས་ཕྱོགས་ཞེན་གྱི་ཁོངས་སུ་དྲུད་དེ་ནང་ཆོས་ངོ་མ་ལ་ལྷད་བཅུག་པ་ཡིན་པས་དོན་ལ་ཁྱོད་རང་བསྟན་བཤིག་ཏུ་གྲུབ་པས་ཆོས་སྲུང་དེ་ཚོས་སྒྲོལ་བ་ཞིག་ཡོད་ཚེ་གཟུགས་ཡོད་མེད་ཀྱི་མཚོན་ཆ་བསམ་གྱིས་མི་ཁྱབ་པ་དེ་ཚོ་ཁྱེར་ནས་ཁྱོད་རང་གི་ཀླད་ཁུག་ཏུ་འགྲིལ་སྲིད་པས་གཟོབས་ཤིག
རྒྱུ་མཚན་གཉིས་པའི་སྐོར། དེ་ཡང་བསྟན་པ་ལ་བློ་དཀར་སེམས་བཟང་ཅན་གྱི་སྔར་གཤེགས་ཀྱི་བླ་མ་རྣམས་ཀྱིས། ཆོས་སྐྱོང་ལ་གཉེར་བཏད། འཕྲིན་བཅོལ་བྱས། མ་ཚད་བསྟན་པའི་གཞི་མ་སོར་སྡོམ་འགྲིབ་བྱེད་རྒྱུ་བཞི་ལས་དང་པོ་མི་གཙང་སྤྱོད་པའི་ཕས་ཕམ་ནི་བུད་མེད་དང་ལུས་འབྲེལ་བརྟེན་འབྱུང་བར་འགྱུར་བས། ཆོས་སྐྱོང་ཚོས་བཀའ་བཀྱོན་གནང་བར་སྐྲག་སྟེ། སྲུང་མ་ཁང་དུ་འགྲོ་བ་བཀག་པ་རེད་ཟེར། འདི་ནི་བཤད་རྒྱུས་ཕོངས་པ་རང་སྟེ། དེ་ལྟར་ན་ཆོས་སྐྱོང་རྣམས་བུད་མེད་ཚོ་དང་འཁོན་འཛིན་གཞན་པ་ཞིག་ཡོད་པའམ། ཡང་ན་རང་གི་ཁང་མིག་ནང་མ་གཏོགས་ཅུང་ཙམ་ཡང་མཐོང་མི་ཐུབ་པའི་དམུས་ལོང་ཕྱེད་མ་རྐྱང་རྐྱང་ཡིན་ངེས། བུད་མེད་རྣམས་མགོན་ཁང་ནང་དུ་འོང་དུས་བཀྱོན་པ་ལས་གྲྭ་པ་ཚོའི་གཟིམ་ཤག་ཏུ་ཕེབས་ཚེ་བཀྱོན་པར་འགྱུར་ཞེས་བཤད་ན་ཡག་ཆེ། དེ་མིན་གཟབ་གནས་སུ་མ་བཀག་པར་མི་དགོས་པའི་གནས་སུ་འགྲོ་འོང་བཀག་པ་ནི་ཆོས་སྐྱོང་ཚོར་བཀྱོན་རྒྱུས་ཕོངས་ཤིང་བླ་རྒན་ཚོར་ལས་རྒྱུས་ཕོངས་པ་ལོས་ཡིན། གཞན་ཡང་སོར་ཐར་སྡོམ་པ་ནི་སྲུ་སྐྱེ་རྒུའི་བདག་མོ་རབ་ཏུ་དབྱུང་ནས་བཟུང་ཕ་མ་གཉིས་ཀར་བརྟེན་པས། བུད་མེད་རྣམས་སོར་སྡོམ་གྱི་བར་དུ་གཅོད་བྱེད་ཡིན་ཞེས་པ་ནི་འདུལ་གཞུང་གི་སྒྲོས་ཙམ་ལའང་རྨོངས་པའི་གཏམ་མོ། ། དེས་ན་བུད་མེད་ཚོ་མགོན་ཁང་དུ་འཛུལ་མི་རུང་སྟེ། སོར་སྡོམ་གྱི་གེགས་བྱེད་ཡིན་པའི་ཕྱིར་ཞེས་པ་ནི་ཁ་བསྐོར་ན་བླ་རྒན་༼བླ་རྒན་ཞིག་ཡིན་མཆི་སྙམ༽ཁྱོད་ཀྱང་དེ་ལྟར་ཐལ་ལོ་ཟེར་ན་ཅི་ཞིག་སྨྲ་བར་བྱེད།
རྒྱུ་མཚན་གསུམ་པའི་སྐོར། བུད་མེད་ལ་གཉིས་སུ་ཕྱེས་ནས་རིགས་ངན་འགའ་ཞིག་བགྲངས་ཏེ། དེ་དག་བཙོག་ཕྱིར་ཞེས་པ་ནི་ཤེས་བྱ་སྒོ་རྫོགས་ཀྱི་གཏན་ཚིགས་ཡིན་པས་སུས་ཀྱང་ཡིད་ཆེས་བྱ་མི་རུང་སྟེ། བུད་མེད་བཙོག་པ་འགའ་ཞིག་ཡོད་པས་བུད་མེད་རྣམས་མགོན་ཁང་དུ་འགྲོ་མི་ཆོག་ན། སྐྱེས་པ་ལའང་བཙོག་པ་འགའ་ཞིག་ཡོད་པ་ནི་གཏན་འཁེལ་ཡིན་ཞིང་། དེས་ན་སྐྱེས་པ་ཚོ་ཡང་འགྲོ་མ་ཆོག་ན་ཆོས་སྐྱོང་ཚོ་ལ་སྔགས་འདོན་མཁན་དང་མཆོད་གཏོར་འབུལ་མཁན་མེད་པའི་ཚད་ལ་སླེབ་སྲིད་པས་ཆོས་སྐྱོང་རྣམས་ལྟོགས་བཙོན་བཅུག་འདོད་པ་མ་ཡིན་ནམ། དེ་བཞིན་དུ་ཆོས་སྐྱོང་ཁང་ནི་རྒྱུད་སྡེ་བཞིའི་ནང་ནས་གཙོ་བོ་བླ་མེད་ཀྱི་རྒྱུད་སྡེའི་དཀྱིལ་འཁོར་ལ་བརྟེན་པའི་ལྷ་དག་སྡོད་གནས་ཡིན་ཞིང་། དེ་རུ་རྟེན་རྫས་སྒྲུབ་རྫས་མང་པོ་ཞིག་བུད་མེད་དང་འབྲེལ་པ་ཡོད་པའི་མི་གཙང་བ་དག་ཡིན་ཞིང་། མ་ཟད་འཇིག་རྟེན་ཐུན་མོང་དུ་ཤིན་ཏུ་མི་གཙང་བའི་གྲས་སུ་བགྲངས་པའི་རྫས་སྣ་མང་པོ་ཞིག་ཨོཾ་ཨཱཿཧཱུྃཞེས་ལྕེས་ལྡག་ཙམ་དང་ལྷ་ལ་མཆོད་ཙམ་རེ་བྱེད་བཞིན་པའི་དོན་གང་ཡིན་མ་རྟོགས་པའམ། ཡང་ན་རྟོགས་བཞིན་དུ་ཕྱིན་ཅི་ལོག་ཏུ་བསྒྲུབ་འདོད་པ་གང་རུང་ལས་མ་འདས་སོ།། གཞན་ཡང་བུད་མེད་རྣམས་མགོན་ཁང་དུ་འབྱོར་ན་མི་གཙང་བའི་མནོལ་གྲིབ་སོགས་ཀྱིས་གཞན་གནོད་རང་འཕུང་གི་ལས་གཞི་མང་ཙམ་ཞིག་བསླང་སྲིད་པས་ཆོས་སྐྱོང་དེ་ཚོས་བུད་མེད་ཚོ་མཐོང་མ་འདོད་པ་རེད་ལ། གལ་ཏེ་མགོན་ཁང་དུ་སླེབས་ཚེ། ཆོས་སྐྱོང་རྣམས་ཐུགས་རྒྱལ་བཞེངས་ནས་བསྟན་པ་མི་གཉེར་བའམ། ཡུལ་ཕྱོགས་གཞན་དུ་བྲོས་བྱོལ་དུ་ཕེབས་ངེས་ཟེར། ཁྱོད་ཀྱིས་ཆོས་སྐྱོང་དེ་ཚོ་ལ་ཆེད་གཏད་ཀྱིས་ཁོང་ཁྲོ་ཞིག་བསླང་འདོད་པ་མིན་ནམ། སངས་རྒྱས་ཁྲོ་གཟུགས་སུ་སྤྲུལ་པའི་ཆོས་སྐྱོང་རྣམས་ལ་མཐོང་ཆུང་ཚབ་ཆེན་བཟོས་པ་སྟེ། བུད་མེད་ལས་ངན་འགའ་ཞིག་ལྷ་མཆོད་གསོལ་འདེབས་སུ་སོང་ཚེ། བསྐྱབ་རྒྱུ་ཕར་བསྐྱུར་ནས་རང་ཉིད་བྲོས་བྱོལ་དུ་འགྲོ་བ་རེད་ཟེར། གལ་སྲིད་དེ་ཚོར་བརྟེན་བསྟན་པ་ལ་གནོད་འཚེའི་རིགས་ཤིག་འབྱུང་བ་ཡོད་ཚེ་ལྷག་པར་དུ་ཤུགས་བསྐྱེད་དཔལ་བཙུད་དེ་བསྟན་པ་བསྲུང་དགོས་པ་ལས། འགལ་རྐྱེན་ཅུང་ཟད་རེ་འཕྲད་དུས་ཁྱི་སྡར་ལེས་བེར་ཀ་མཐོང་ཚེ་རྔ་མ་བརླ་དབར་དུ་བཙུད་དེ་འབྲོ་བ་ནང་བཞིན་དུ་བྲོས་མཁན་གྱི་སངས་རྒྱས་ཤིག་ཨེ་ཡོད་ན། བསྟན་པ་ལ་སྨ་འབེབ་བྱེད་པའམ། ཡང་ན་ཆོས་སྐྱོང་ལ་དཀའ་ངལ་བཏད་པ་གང་རུང་མ་འདས། སྤྱིར་ན། གལ་ཏེ་བུད་མེད་ཆོས་སྐྱོང་ཁང་དུ་འགྲོ་མི་ཆོག་པའི་རྒྱུ་མཚན་ཞིག་འབྲི་བར་འདོད་ཚེ། ཆོས་སྐྱོང་རྣམས་ཀྱི་འཁོར་དུ་ཡོད་པའི་དྲེགས་པ་སྡེ་བརྒྱད་རྣམས་ཞེས་རྒྱུ་མཚན་གཞན་པ་འགའ་དང་འབྲེལ་ནས་འབྲི་རྒྱུ་ཞིག་ཡོད་ཀྱང་སྲིད། འོན་ཀྱང་ཁྱོད་རང་ནི་གཙོ་བོ་འཁོར་དང་ནོར། བུ་ཚ་གདོན་དུ་ནོར། ཉམ་ཆུང་དགྲ་བོ་རུ་ནོར། བསྟན་བཤིག་བསྟན་སྲུང་དུ་ནོར། ཆགས་སྡང་བསྟན་པ་རུ་ནོར། བྱེ་བྲག་སྤྱི་རུ་ནོར། འཁྱོག་པ་དྲང་ཐད་དུ་ནོར་བ་སྟེ་ནོར་བ་ཆེན་པོ་བདུན་དང་ལྡན་པའི་ཨཱ་ཙརྱ་གུ་ན་ཁྱོད་རང་དྲན་པ་ལ་ཤེས་བཞིན་གྱིས་རྒྱས་གདབ་དགོས། འདི་ནི་བདག་གི་དགེན་ཧི་མ་ལ་ཡས་འདིར་ལན་དྲང་པོ་ཞིག་བྲིས་ཤིག་ཅེས་སུ་བསྐུལ་བ་ལ་རང་སྣང་ཤར་བྲིས་བྱས་པའོ།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།