རྨོངས་ཀུན་སེལ་བའི་བཞི་མཆོད་དང་ལྔ་མཆོད་ཀྱི་གོ་དོན།


བཞི་མཆོད་ཞེས་པ་ནི་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་ལ་དགེ་ལུགས་པའི་གདན་ས་སེ་ར་ཐེག་ཆེན་གླིང་ཐོག་མར་ཕྱག་བཏབ་མཁན་༧རྗེ་བཙུན་བྱམས་ཆེན་ཤཱཀྱ་ཡེ་ཤེས་མཆོག་གི་དགོངས་རྫོགས་ཀྱི་དུས་མཆོད་ལ་མཆོད་སྤྲིན་གྱི་སྒྲུབ་པ་དང་མཆོད་མེ། གསོལ་འདེབས་སོགས་བྱེད་པའི་དགོངས་རྫོགས་ཤིག་ཡིན་པ་ལས་རྗེ་ཙོང་ཁ་པའི་དུས་མཆོད་ཞིག་ཡེ་ནས་མ་རེད་ལགས། དེ་ཡང་བཞི་མཆོད་ཞེས་པའི་བཞི་ནི་བོད་ཚེས་ཉེར་བཞི་ལ་དགོངས་པར་རྫོགས་པས་བཞི་དང་མཆོད་ཞེས་པ་ནི་མཆོད་པ་དང་སྒྲུབ་པ། མེ་ཏོག་གི་མཆོད་པ་དང་མར་མེའི་མཆོད་པ་སྤོར་སོགས་ཀྱི་མཆོད་སྤྲིན་ཞིག་ལས་མ་འདས་སོ།
ལྔ་མཆོད་ནི་བོད་ཚེས་ཉེར་བཞིའི་ཕྱི་ཉིན་ལ་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་༧རྗེ་ཙོང་ཁ་པ་ཆེན་པོ་དགོངས་པར་རྫོགས་ཀྱི་མཆོད་འབུལ་ལ་དགའ་ལྡན་ལྔ་མཆོད་ཟེར།  དགའ་ལྡན་ནི་སངས་རྒྱས་དང་བྱང་སེམས་བཞུགས་པའི་དག་ཞིང་ཞིག་རེད་ལགས། དགའ་ལྡན་གྱི་ཞིང་ལ་བོད་ཚེས་ཉེར་ལྔར་༧རྗེ་ཙོང་ཁ་པ་ཆེན་པོ་མཆོག་ཕེབས་པའི་ཉིན་དེར་འགྲོ་བ་དད་གཉེར་ཅན་གྱིས་མཆོད་པ་དང་པྱག་སྐོར་མཆོད་འབུལ།  མྱ་ངན་མཚོན་བྱེད་ཀྱི་མཆོད་མེད་སྤར་བ་དང་སྒྲུབ་མཆོད་འཚོགས་པའི་མཆོད་སྤྲིན་གྱི་རྣམ་པར་ཞིག་རེད་ལགས།   དེ་བཞིན་དུ་སྒྲུབ་མཆོད་  ༡ གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད།  ༢ ཀྱཻ་རྡོར་གྱི་སྒྲུབ་མཆོད།།  ༣ དུས་འཁོར་གྱི་སྒྲུབ་མཆོད།  ༤ ཚེ་དཔག་མེད་ཀྱི་སྒྲུབ་མཆོད། ༥ ཀུན་རིགས་ཀྱི་སྒྲུབ་མཆོད་བཅས་དགོངས་རྫོགས་ཉིན་ལ་རྒྱ་ཆེ་སྨིན་སྒྲུབ་ཀྱི་་མཆོད་པ་འབུལ་སྲོལ་ཡོད་པས་ལྔ་མཆོད་ཡང་ཟེར།   ཕྱིས་སུ་བོད་ཟླ་བཅུ་གཉིས་པའི་ཚེས་གསུམ་ནས་བཅོ་ལྔའི་བར་དགའ་ལྡན་སྒྲུབ་མཆོད་ཞེས་པ་ཡོད་དེ་༧རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་རྗེས་དྲན་གྱི་རྣམ་པ་མཚོན་པར་ཞིག་རེད་ལགས།
དམིགས་བརྩེ་མ་འབྱུུང་སྟངས།
༧རྗེ་ཙོང་ཁ་བ་ཆེན་པོའི་གསོལ་འདེབས་འདི་ནི།ཙོང་ཁ་བ་ཆེན་པོས་ཐོག་མར་རང་གི་༧ས་སྐྱ་པ་བླ་མ་རེད་མདའ་བ་ལ་ཕུལ་བའི་གསོལ་འདེབས་ཤིག་རེད། དེ་ཡང་འདི་ལྟར་ཕུལ་ཡོད་དེ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ།། གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས།།  ཞེས་ཕུལ་བ་ན།བླ་མ་རེད་མདའ་བས།གསོལ་འདེབས་འདི་ནི་༧རྗེ་བླ་མ་བློ་བཟང་གྲགས་པ་རང་ལ་འོས་པ་ཞིག་འདུག་པས་ཕར་༧རྗེ་རྩོང་ཁ་པ་ཆེན་པོར་ཕུལ་པ་རེད།  རྗེས་སོ་འདོན་པ་ཁ་བསྒྱུར་ནས་གནང་བ་འདི་ལྟར་། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་སོ།། དུས་ཕྱིས་མདོ་སྨད་ཕྱོགས་སུ་རྗེ་གསར་རྐང་པའི་རྗེས་འཛིན་རི་ཁྲོད་པའི་ནང་དུ་ གསོལ་འདེབས་འདི་ཅུང་ཟད་ཁ་བསྒྱུར་ནས་འདོན་སྲོལ་ཅིག་ཡོད་པ་ནི། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས།། སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ།། སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས།། བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།། མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ།། ཅེས་འདོན་ནོ།།

ཤེས་བྱ་མའི་འབྱུང་སྟངས།
༧ཆོས་རྗེ་ས་སྐྱ་པཎ་ཆེན་མཆོག་གི་གསོལ་འདེབས་ནི།
ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །
འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །
བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །
འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ།།
༧ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་གསོལ་འདེབས་འདི་ཐོག་མ་རང་ཉིད་ཀྱིས་བརྩམས་ནས་རང་ཉིད་ཀྱི་བླ་མ་༧རྗེ་བཙུན་གྲགས་པ་རྒྱལ་མཚན་མཆོག་ལ་བསྟོད་པ་ཕུལ་པ་ཞིག་རེད། ༧རྗེ་བཙུན་གྱིས་འདི་ང་ལ་འོས་པ་ཞིག་མི་འདུག་པས་ཁྱེད་ལ་འོས་སོ་གསུངས་ཏེ་ས་པཎ་ལ་ཕར་ཕུལ་པ་ཞིག་རེད།  གོང་གི་གསོལ་འདེབས་ཤེས་བྱ་མ་དང་དམིགས་བརྩེ་མ་གཉིས་ནི་གངས་ཅན་གྱི་ལྗོངས་སུ་རང་ཉིད་ཀྱིས་བརྩམས་ཤིག་རང་ཉིད་ལ་བླ་མས་རང་ཉིད་ལ་ཕུལ་བའི་བྱིན་ཅན་གྱི་གསོལ་འདེབས་འདི་འདྲ་ད་བར་དུ་བྱུང་མྱོང་མེད་ལགས།  ལོ་རྒྱུས་རྒྱས་པ་གཟིགས་འདོད་ཡོད་ཚེ་ཁོ་བོས་བྲིས་པའི་ཆོས་བརྒྱུད་ཀྱི་འབྱུང་བར་གཟིགས་རོགས་ཞུ།
མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སྦྱར།  ༢༠༡༤།༡༢།༡༧སྔ་དྲོར།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*