༄༅། །རོང་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་ཐོར་བུ་ལས་བསྟོད་ཚོགས་ཀྱི་སྐོར་བཞུགས་སོ།།
རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ། བཱ་ན་རཏྣ་མཧཱ་སྠི་ཝི་རི་ལ་བསྟོད་པ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཕགས་ཡུལ་ས་སྐྱོང་བརྒྱུད་དུ་སྐུ་འཁྲུངས་པ། །རིགས་ཀྱི་གངས་རི་མི་དམན་མངོན་པར་མཐོ། །མཁས་གྲུབ་དུ་མའི་ཞལ་གྱི་བདུད་རྩི་ལས། །ལེགས་པར་སྦྱངས་པའི་བློ་གྲོས་སྔོན་མེད་འཁྲུངས། །ལྔ་རིག་པཎ་ཆེན་ཀུན་གྱི་མཆོག་གྱུར་ཅིང༌། །དབེན་པའི་ནགས་ཀྱི་ཁྲོད་དུ་ཏིང་འཛིན་བསྒོམ། །བསིལ་བའི་ཚལ་དུ་ཀྱཻ་རྡོར་ཞལ་མཐོང་ཞིང༌། །སྒྲིབ་མེད་རབ་གསལ་མངོན་པར་ཤེས་པ་ཐོབ། །གཞན་ཡང་ལྷ་ཚོགས་དུ་མའི་ཞལ་གཟིགས་ཤིང༌། །ལེགས་པར་བཟློས་པའི་སྒྲ་ཡང་མངོན་སུམ་ཐོས། །སྦྱོར་བ་ཡན་ལག་དྲུག་ལ་མངའ་བརྙེས་པས། །གཟུགས་སྐུའི་དཀྱིལ་འཁོར་གསལ་བར་མངོན་སུམ་མཐོང༌། །སྔོན་གྱི་སྨོན་ལམ་བཟང་པོའི་མཐུ་ཡིས་ནི། །ཡང་ཡང་གངས་རིའི་ཁྲོད་འདིར་ལེགས་འོངས་ནས། །མན་ངག་ཟབ་མོའི་ཆོས་ཀྱི་སྒྲོན་མེ་ཡིས། །དད་ལྡན་འགྲོ་བའི་མ་རིག་མུན་པ་བསལ། །སླར་ཡང་བལ་པོའི་ཡུལ་དུ་ལེགས་བགྲོད་ནས། །དམ་ཆོས་སྙན་པའི་སྒྲ་ཡིས་གདུལ་བྱ་ལ། །ལེགས་པར་འདོམས་པས་ཡོངས་སུ་སྨིན་མཛད་དེ། །ཞི་བའི་ལམ་བཟང་སྟོན་མཛད་ཁྱོད་ལ་བསྟོད། །གང་ལ་བསྟོད་པའི་དགེ་ཚོགས་ཚད་མེད་པ། །གང་ཞིག་ཐོབ་པ་དེ་ཡི་འགྲོ་བ་ཀུན། །ཐར་པའི་ལམ་བཟང་རིམ་གྱིས་རབ་བགྲོད་ནས། །ཐམས་ཅད་མཁྱེན་པའི་ས་ལ་གནས་གྱུར་ཅིག །ཅེས་གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ལ་བསྟོད་པ་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སྦྱར་བའོ། །ཤུ་བྷཾ།། ༈ །ཀུན་མཁྱེན་གཡག་སྟོན་ཆེན་པོ་སངས་རྒྱས་དཔལ་ལ་རྣམ་ཐར་དང་མཐུན་པའི་བསྟོད་པ། སངས་རྒྱས་བསྟན་པ་ཉིན་མོར་བྱེད་པའི་དཔལ། །གསུང་རབ་ཀུན་གྱི་གླེགས་བམ་གཅིག་གྱུར་ཅིང༌། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །དཔལ་ལྡན་བླ་མར་གུས་པས་བསྟོད་པར་བགྱི། །མཁྱེན་པ་ཉི་མའི་འོད་ཟེར་རབ་འབར་ཞིང༌། །མང་ཐོས་གསུང་རབ་རྒྱ་མཚོའི་བདག་ཉིད་ཅན། །མཚུངས་མེད་བརྩེ་བའི་ཁུར་ལྡན་འགྲོ་བའི་མགོན། །འགྲོ་བའི་དེད་དཔོན་མཆོག་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་དཔག་ཚད་བགྲོད་པའི་གནས། །མཁས་མང་དུ་མས་བསྟེན་པའི་གཙུག་ལག་ཏུ། །རྣམ་མང་ངོ་མཚར་ལྟས་དང་བཅས་ཏེ་འཁྲུངས། །ཀུན་གྱིས་བསྟོད་པར་འོས་ལ་ཕྱག་འཚལ་ལོ། །བཅུ་ཕྲག་ལོ་ལ་རབ་བྱུང་མཛད་པའི་ཚེ། །དབུ་སྐྲ་གཏོར་བའི་ས་ཕྱོགས་འཇའ་འོད་འཁྱིལ། །མཁན་པོས་ཉི་མ་ཤར་བའི་རྨི་ལམ་མཐོང༌། །བསྟན་པའི་སྒྲོན་མེར་བསྟན་ལ་ཕྱག་འཚལ་ལོ། །སྨྲ་བའི་དབང་ཕྱུག་ལུང་རིགས་སྨྲ་བ་པོ། །མི་འཇིགས་སྤོབས་པས་བླ་མའི་ཞབས་ལ་གཏུགས། །ཡང་དག་རིགས་པའི་ཚིག་དོན་ཐོགས་མེད་མཁྱེན། །ཕ་རོལ་རྒོལ་བ་བཟློག་ལ་ཕྱག་འཚལ་ལོ། །བཅུ་གསུམ་ལོ་ཡི་མཐར་སོན་མཁས་མང་གི། །ཡོངས་སུ་བསྟན་པ་དཔལ་ལྡན་གསང་ཕུ་རུ། །འདུས་པ་རྒྱ་མཚོའི་དབུས་ན་རྩོད་པ་ཡིས། །ཀུན་ལས་རྒྱལ་བར་མཛད་ལ་ཕྱག་འཚལ་ལོ། །སླར་ཡང་ཡང་དག་རིག་པ་རྟོག་གེའི་གཞུང༌། །འབུམ་ཕྲག་གཅིག་གི་ཚིག་དོན་ཐུགས་སུ་ཆུད། །རྩོད་ལ་འགྲན་པར་སྤོབས་པའི་ཟླ་མེད་པ། །སྨྲ་བའི་དབང་ཕྱུག་མཆོག་ལ་ཕྱག་འཚལ་ལོ། །བཅུ་ཕྲག་གཉིས་ཀྱི་ལོ་ཡི་མཐར་སོན་ཚེ། །རྒྱལ་ཡུམ་དགོངས་འགྲེལ་བཅས་པ་འབུམ་ཕྲག་དྲུག །ཁ་ཏོན་མཛད་ནས་དགོས་དོན་སེམས་བྱེད་ཅིང༌། །སྔོན་མེད་རྟོགས་པ་ཐོབ་ལ་ཕྱག་འཚལ་ལོ། །སྔོན་ཚེ་མ་ག་དྷ་ཡི་གཙུག་ལག་ཏུ། །ལྔ་རིག་པཎ་ཆེན་བཅུ་ཡི་མཆོག་གྱུར་ཅིང༌། །ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཕམ་མཛད་ནས། །གངས་རིའི་ཁྲོད་འདིར་འཁྲུངས་ལ་ཕྱག་འཚལ་ལོ། །བཅུ་ཕྲག་གསུམ་གྱི་ལོ་ཡི་མཐར་སོན་དུས། །རྒྱལ་བའི་ཡུམ་ལ་ཁ་ཏོན་མཛད་པའི་ཚེ། །མཁའ་ལ་བྱམས་མགོན་ཞལ་མཐོང་ཕྱག་བརྐྱངས་ནས། །བྱིན་གྱིས་བརླབས་པར་མཛད་ལ་ཕྱག་འཚལ་ལོ། །ཀུན་བཏུས་མཛོད་དང་ས་སྡེ་ལ་སོགས་པ། །མངོན་པའི་གཞུང་ལུགས་རྒྱ་མཚོ་ཐུགས་ལ་རྫོགས། །འདུལ་བ་མདོ་རྩ་རྒྱ་ཆེར་འགྲེལ་དང་བཅས། །ཚིག་དོན་ཐུགས་སུ་ཆུད་ལ་ཕྱག་འཚལ་ལོ། །གསང་འདུས་ཀྱཻ་རྡོར་ལ་སོགས་རྒྱུད་སྡེའི་གཞུང༌། །ཐུགས་སུ་ཆུད་ཅིང་དགོངས་དོན་ཟབ་མོ་རྟོགས། །རིམ་གཉིས་ཟབ་མོའི་དོན་ལ་བརྟན་པ་ཐོབ། །ཏིང་འཛིན་ཕུལ་བྱུང་བརྙེས་ལ་ཕྱག་འཚལ་ལོ། །ལྷོ་ཡི་རི་བོའི་ནགས་འདབ་ལུང་རིགས་ཀྱི། །རྨད་བྱུང་གསུང་གི་སྒྲ་དབྱངས་སྒྲོགས་པའི་ཚེ། །དགའ་ལྡན་གནས་ནས་ལྷ་ཡི་རོལ་མོའི་སྒྲ། །ཀུན་གྱི་ཐོས་པར་སྒྲོགས་ལ་ཕྱག་འཚལ་ལོ། །མདོ་སྡེའི་སྡེ་སྣོད་ལ་སོགས་འབུམ་ཕྲག་བརྒྱད། །ཐུགས་སུ་ཆུད་ཅིང་ལུང་རིགས་དུ་མའི་དོན། །འབུམ་ཕྲག་བཞི་ཡིས་སྔོན་མེད་རབ་གསལ་མཛད། །བསྟན་པའི་སྒྲོན་མེར་གྱུར་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱར་ཐོ་རངས་མཉམ་བཞག་དུས། །སུམ་ཅུ་རྩ་གསུམ་ལྷ་ཡི་རྔ་སྒྲ་ལས། །ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ཐོས་པས། །སྔོན་མེད་བསམ་གཏན་ཐོབ་ལ་ཕྱག་འཚལ་ལོ། །ངོ་མཚར་མཁས་མང་དུ་མ་འདུ་བའི་གནས། །ཡར་ཀླུངས་ཐང་ཆེན་རྒྱལ་བའི་ཁང་བཟང་དུ། །རྒྱལ་ཡུམ་གསུང་ཚེ་ལྷ་ཡི་ཚོགས་རྣམས་ཀྱིས། །མེ་ཏོག་ཆར་ཆེན་ཕབ་ལ་ཕྱག་འཚལ་ལོ། །མར་མེ་མཛད་དཔལ་ཞབས་ཀྱིས་བགྲོད་པའི་གནས། །བྱང་ཕྱོགས་མདོག་གི་གཙུག་ལག་ཁང་བཟང་དུ། །རྒྱལ་ཡུམ་གསུང་ཚེ་ལྷ་ཡི་ཙནྡན་དྲིས། །ཕྱོགས་ཀུན་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ། །མངོན་དགའ་ཆོས་སྡེ་པདྨོའི་ནགས་ཚལ་དུ། །འདུས་པ་རྒྱ་མཚོར་ལུང་རིགས་ཆར་པ་ཕབ། །དེ་ཚེ་ལྷ་ཡིས་ཞག་གྲངས་དུ་མ་རུ། །ལྷ་རྫས་མེ་ཏོག་འཐོར་ལ་ཕྱག་འཚལ་ལོ། །ལྷག་པའི་ལྷ་ཡི་རིག་སྔགས་བཟླས་པའི་ཚེ། །འཇའ་ཚོན་གུར་གྱིས་ཁོར་ཡུག་བསྐོར་བའི་དབུས། །བཅོམ་ལྡན་མི་གཡོ་རབ་མཛེས་གངས་རིའི་མདོག །མངོན་སུམ་གཟིགས་པར་མཛད་ལ་ཕྱག་འཚལ་ལོ། །མཁས་པ་ལུང་མང་པོ་ཡིས་རྒྱལ་ཡུམ་གྱི། །གླེགས་བམ་དུ་མ་དག་དང་ཁྱེད་ཀྱི་སྐུ། །དབྱེར་མེད་གྱུར་པའི་རྨི་ལམ་གསལ་མཐོང་ནས། །རྨད་བྱུང་ལུང་བསྟན་མཛད་ལ་ཕྱག་འཚལ་ལོ། །གསང་ཕུར་བྱམས་པའི་ཆོས་ལྔ་གསུང་བའི་ཚེ། །གཅིག་ཅར་སྐུ་ལུས་བཀོད་པ་མང་དུ་བསྟན། །གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གཅོད་མཛད་པའི། །ངོ་མཚར་དང་བ་བསྐྱེད་ལ་ཕྱག་འཚལ་ལོ། །དང་བའི་བློ་ཅན་གདུལ་བྱ་དུ་མ་ལ། །གཞན་ལ་ལྐོག་ཏུ་གྱུར་པ་གཞན་གྱི་སེམས། །མངོན་སུམ་རིག་པའི་མཚན་མ་དུ་མ་བསྟན། །ཐོགས་མེད་མངོན་ཤེས་ལྡན་ལ་ཕྱག་འཚལ་ལོ། །གཞོན་ནུ་བློ་གྲོས་མངའ་རིས་གོང་ཐང་དུ། །བཞུགས་པའི་ཚེ་ན་མཁས་པའི་དབང་པོ་འདི། །བྱམས་པའི་དྲུང་དུ་འགྲོ་བའི་མཚན་མ་མཐོང༌། །དེ་ཚེ་མཁས་པས་བསྟོད་ལ་ཕྱག་འཚལ་ལོ། །དམ་ཆོས་འཆད་ལ་ཞུགས་ནས་མྱང་འདས་བར། །མཐའ་ཡས་ཡུལ་ཕྱོགས་ཆོས་ཀྱི་འཁོར་ལོ་བསྐོར། །ལུང་རིགས་སྨྲ་བའི་སློབ་མ་ཁྲི་ཕྲག་བཞི། །ཡོངས་སུ་སྨིན་པར་མཛད་ལ་ཕྱག་འཚལ་ལོ། །ས་སྐྱའི་དགའ་ལྡན་གནས་ན་བཞུགས་པའི་ཚེ། །རྗེས་འབྲངས་གཉིས་དང་བཅས་ཏེ་ནུབ་ཕྱོགས་ཀྱི། །བདེ་བ་ཅན་གྱི་ཞིང་ཁམས་རབ་བགྲོད་པའི། །དག་པའི་སྣང་བ་ཐོབ་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་དོན་ལ་མཉམ་བཞག་ཚེ། །འཕགས་པ་སྤྱན་རས་གཟིགས་དབང་མངོན་སུམ་གཟིགས། །སྐུ་ཡི་འོད་ཟེར་ལུས་ལ་རབ་སྤྲོས་པས། ཚད་མེད་ཏིང་འཛིན་ཐོབ་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཚེ་ཀྱཻ་ཡི་རྡོ་རྗེ་སོགས། །ལྷ་རྣམས་མཐོང་ནས་བསྟན་ལ་རབ་དགའ་བའི། །ལྷ་ཡི་ཚོགས་ཀྱིས་ཁ་དོག་རྣམ་ལྔ་ཡི། །མེ་ཏོག་ཆར་ཆེན་ཕབ་ལ་ཕྱག་འཚལ་ལོ། །ས་རྣམས་རབ་གཡོས་འཇའ་ཚོན་གུར་ཁྱིམ་ཕུབ། །ཙནྡན་དྲི་བསུང་ཕྱོགས་ཀུན་ཁྱབ་པར་འགེང༌། །མཁའ་ལ་ལྷ་ཡི་རོལ་མོའི་སྒྲ་དབྱངས་སྒྲོགས། །ངོ་མཚར་དཔག་མེད་བསྟན་ལ་ཕྱག་འཚལ་ལོ། །སྐུ་གདུང་བཞུས་པའི་དུད་རིས་འཁྱིལ་བ་ལས། །རྣམ་ཐོས་བུ་ཡི་རི་མོ་རྣམ་པར་བཀྲ། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྨད་བྱུང་དང༌། །དཔག་མེད་རིང་བསྲེལ་སྤྲུལ་ལ་ཕྱག་འཚལ་ལོ། །སྐུ་ཡི་རྟེན་དུ་ཀྱཻ་རྡོར་མི་གཡོ་བ། །བསྟན་གཙོ་འཇམ་དབྱངས་ཁ་སར་པ་ཎི་དང༌། །བྱམས་པ་ཆོས་འཆད་ཕྱག་རྒྱ་མཛད་པའི་ཚུལ། །ཡོངས་སུ་སྟོན་པར་མཛད་ལ་ཕྱག་འཚལ་ལོ། །གསུང་གི་རྟེན་དུ་ཨ་ཡིག་དུང་དང་བཅས། །རྣམ་དག་མཆོད་རྟེན་ཐུགས་ཀྱི་རྟེན་དུ་བཞག །སྐུ་གདུང་རིང་བསྲེལ་བརྒྱ་ཕྲག་དུ་མ་ཞིག །གདུལ་བྱའི་དོན་དུ་སྤྲུལ་པར་མཛད་ལ་འདུད། །གང་གི་ཡོན་ཏན་མི་ཟད་ཆུ་གཏེར་ལས། །ཅུང་ཟད་བླངས་ནས་དང་བའི་བློ་ཡིས་བསྟོད། །དགེ་ཚོགས་གྲུབ་པ་གང་དེས་འགྲོ་བ་ཀུན། །ཡོན་ཏན་རྒྱ་མཚོའི་བླ་མ་མཉེས་བྱེད་ཤོག །ཅེས་མི་ཕམ་གཡག་གི་རྣམ་ཐར་མདོར་བསྡུས་པ་ཞེས་བྱ་བ་འདི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སྦྱར་བའོ། །ཤུབྷཾ།། ༈ །ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་རྨད་དུ་བྱུང་བའི་གཏམ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆེ་བར་རབ་གྲགས་རྒྱུད་དུ་སྐུ་འཁྲུངས་ཤིང༌། །དལ་འབྱོར་ལུས་བཟང་གཟི་བརྗིད་ཕུང་པོ་ཅན། །མང་དུ་ཐོས་པའི་རྒྱན་གྱིས་རབ་མཛེས་ཤིང༌། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཐོབ། །ལུང་དང་མན་ངག་རྒྱ་ཆེ་ཐུགས་ལ་རྫོགས། །རབ་སྙན་གྲགས་པ་ཤར་ཕྱོགས་ས་སྐྱོང་གིས། །ཐོས་པའི་མོད་ལ་དཀའ་སྤྱད་དུ་མ་ཡིས། །རྒྱ་ནག་ཡུལ་དུ་འབད་པས་སྤྱན་དྲངས་ནས། །དད་ལྡན་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད། །འཛམ་གླིང་ས་སྐྱོང་དབང་པོས་རབ་མཆོད་ཅིང༌། །གངས་ཅན་ངུར་སྨྲིག་འཛིན་པའི་གཙུག་རྒྱན་མཆོག །ཐེག་པ་ཆེན་པོའི་ལམ་ལ་གནས་བཅས་ཏེ། །རྒྱལ་སྲས་སྤྱོད་པ་ལྷུར་ལེན་དེ་ལ་འདུད། །གང་ལ་བསྟོད་པའི་དགེ་ཚོགས་དྲི་མེད་དེས། །བླ་མ་དམ་པ་ཀུན་ཏུ་མཉེས་བྱེད་ཤོག །ཅེས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་རྨད་དུ་བྱུང་བའི་གཏམ་ཞེས་བྱ་བ་འདི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ། །ཤུ་བྷཾ།། ༈ །སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ས་བཟང་པ་ཀུན་དགའ་བཟང་པོ་ལ་གསོལ་བ་འདེབས་པ། སྭསྟི། རབ་དཀར་དགེ་བའི་མཚོ་ལས་ལེགས་འཁྲུངས་ཤིང༌། །ལེགས་པར་སྦྱངས་པའི་བློ་གྲོས་ཆ་ཤས་རྫོགས། །ཕྲིན་ལས་འོད་དཀར་ཕྱོགས་བཅུར་འགྱེད་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ལེགས་བཤད་སྙིང་པོའི་དོན། །རབ་དགའི་ཏིང་འཛིན་སྟོབས་ཀྱིས་ཡོངས་སུ་རྟོགས། །ཕྲིན་ལས་བཟང་པོས་འགྲོ་བ་རྗེས་འཛིན་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཐོབ། །དབང་བཞིའི་ཆུ་བོས་མཐའ་ཡས་གདུལ་བྱ་ཡི། །ལུས་ངག་ཡིད་ཀྱི་དྲི་མ་སྦྱོང་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་པ་ཉེར་བསྟེན་ལེགས་བཤད་བདུད་རྩི་ཡིས། །ཟབ་མོའི་དོན་ལ་མི་འཇིགས་སྤོབས་པ་ཐོབ། །ནང་རིག་སྡེ་སྣོད་རྟོགས་པ་ཕུལ་དུ་བྱུང༌། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །པདྨོའི་མཚོ་ལ་འོད་སྟོང་བདག་པོ་བཞིན། །གདུལ་བྱའི་བློ་གྲོས་ཀུན་ནས་རྒྱས་པར་མཛད། །མི་ཤེས་མུན་པ་རིང་དུ་སྤོང་བ་པོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བརྩེ་བའི་ཁུར་ལྡན་མཐའ་ཡས་འགྲོ་བའི་དོན། །གཡེལ་བ་མེད་པར་ཡོངས་སུ་སྒྲུབ་པར་མཛད། །སྤྱན་རས་གཟིགས་དབང་མངོན་སུམ་སྣང་བ་བཞིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་ཚུལ་ཁྲིམས་བརྟན་པ་ཡངས་པའི་ཁྱོན། །བྱང་ཆུབ་སེམས་ཀྱི་ལྗོན་པ་རབ་རྒྱས་ཏེ། །སྙིང་རྗེའི་མེ་ཏོག་དཀར་པོ་ཡོངས་སུ་འཛིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐུ་ཡི་ཆུ་འཛིན་དཀར་པོ་ལྷུན་སྟུག་ཅིང༌། །སྨད་བྱུང་སྤོབས་པའི་གློག་ཕྲེང་རྣམ་པར་གཡོ། །མི་ཤེས་གདུང་བ་ཡོངས་སུ་སྐྱོབ་པར་མཛད། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲེགས་ལྡན་གཞན་གྱིས་རྟོགས་པར་དཀའ་བའི་དོན། །རབ་ཏུ་ཞིབ་པའི་བློ་ཡིས་ལེགས་རྟོགས་ནས། །ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་པོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་ཡོན་ཏན་ཆུ་གཏེར་ལས། །ཆ་ཤས་ཙམ་ཞིག་བླངས་ནས་རབ་བརྗོད་པའི། །དགེ་ཚོགས་གྲུབ་པ་གང་དེས་འགྲོ་བ་ཀུན། །དཔལ་ལྡན་བླ་མས་རྗེས་སུ་འཛིན་གྱུར་ཅིག །ཅེས་སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ས་བཟང་པ་ཀུན་དགའ་བཟང་པོ་ལ་གསོལ་བ་གདབ་པ་འདི་ནི་དགེ་བཤེས་པདྨ་གྲགས་ཀྱིས་བསྐུལ་བའི་ངོར་རོང་སྟོན་ཤེས་བྱ་ཀུན་རིག་གིས་ས་ཕོ་རྟའི་ལོ་ཟླ་བ་བཅུ་པའི་ཉ་གང་བའི་ཉིན་ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲར་སྦྱར་བའི་ཡི་གེ་པ་ནི་རྒྱལ་བ་སེང་གེས་བགྱིས་སོ།། ༈ །རྗེ་མཐོང་བ་དོན་ལྡན་གྱི་སྐུ་བསྟོད་ནི། ཆོས་དབྱིངས་མཁའ་ལ་སྣ་ཚོགས་གདུལ་བྱའི་ངོར། །གཟུགས་སྐུའི་དཀྱིལ་འཁོར་ཡོངས་སུ་སྟོན་མཛད་ཅིང༌། །མཐའ་ཡས་འགྲོ་བ་རྗེས་སུ་འཛིན་གྱུར་པའི། །དཔལ་ལྡན་བླ་མའི་ཞབས་པད་སྤྱི་བོར་མཆོད། །སྨོན་ལམ་རྟ་བདུན་རླུང་གི་བཞོན་པ་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་རྣམ་པར་རྒྱུ། །ཚད་མེད་ཕྲིན་ལས་འོད་སྟོང་འགྱེད་པར་མཛད། །སྐལ་ལྡན་འགྲོ་བའི་མགོན་དུ་གྱུར་ལ་འདུད། །མི་རྟོག་ཏིང་འཛིན་ལྷ་དབང་རྡོ་རྗེ་ཡིས། །ལོག་ལྟའི་ལྷ་མིན་དཔུང་ཚོགས་འཇོམས་མཛད་ཅིང༌། །དམ་ཆོས་བདུད་རྩིའི་དཔལ་ལ་དབང་འབྱོར་པ། །ལྷར་བཅས་འགྲོ་བའི་བླ་མར་གྱུར་ལ་འདུད། །བསླབ་གསུམ་གསེར་གྱི་དྲྭ་བས་གདོང་གཡོགས་ཤིང༌། །བསྡུ་དངོས་བཞི་ཡི་ཡན་ལག་ཕུན་ཚོགས་ལྡན། །བསྟན་པའི་ཁུར་འཛིན་སྤོས་ཀྱི་གླང་པོ་ཆེ། །ཕས་རྒོལ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་དོན་ལ་བརྟན་པ་ཐོབ། །གཞན་ལ་ལྐོག་ཏུ་གྱུར་པ་གཞན་གྱི་སེམས། །མངོན་སུམ་མཁྱེན་པའི་མངོན་ཤེས་ཕུལ་དུ་བྱུང༌། །མཐོང་བ་དོན་ལྡན་ཞབས་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་གཟི་བརྗིད་ཕུང་པོ་ཅན། །གསུང་གི་དཀྱིལ་འཁོར་དམ་ཆོས་འོད་སྟོང་འགྱེད། །ཐུགས་ཀྱི་དཀྱིལ་འཁོར་ཟབ་ཅིང་རྒྱ་ཆེའི་གཏེར། །རྨད་བྱུང་གསུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འཛམ་གླིང་ས་ཡི་དཀྱིལ་འཁོར་ཁྱོན་ཡངས་པར། །གྲགས་པའི་རྔ་སྒྲ་ཕྱོགས་ཀྱི་མཐའ་ཁྱབ་ཅིང༌། །ལེགས་བཤད་ངག་གི་ཟློས་གར་སྒྱུར་མཛད་པ། །མཐའ་ཡས་ཕྲིན་ལས་ལྡན་ལ་ཕྱག་འཚལ་ལོ། །སྟེང་ན་ལྷ་ཡིས་གདུགས་དཀར་ལེགས་བཟུང་ཞིང༌། །འོག་ནས་ཀླུ་ཡིས་མཆོད་སྤྲིན་རྒྱ་མཚོས་མཆོད། །མདུན་ནས་མི་ཡིས་བསྟོད་དབྱངས་རྒྱ་མཚོས་བསྟོད། །ལྷ་མིའི་ཡོན་གནས་དམ་པར་གྱུར་ལ་འདུད། །མཁྱེན་པ་མཐའ་ཡས་འགྲོ་ལ་རབ་དགོངས་ནས། །ཐུགས་རྗེའི་འོད་དཀར་ཕྱོགས་བཅུར་འགྱེད་མཛད་ཅིང༌། །ཕུལ་བྱུང་བྱིན་རླབས་མི་ཟད་འབྱུང་བའི་གནས། །འགྲོ་བའི་བླ་མ་མཆོག་ལ་ཕྱག་འཚལ་ལོ། །སྙན་དངགས་སྟན་བཅོས་ཐོགས་མེད་རྩོམ་ནུས་ཤིང༌། །རྨད་བྱུང་སྤོབས་པའི་གློག་འོད་རབ་འཁྱུག་པ། །ཟབ་ལམ་བདུད་རྩིའི་ཆར་རྒྱུན་འབེབས་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འལ་ལོ། །གྲུབ་པ་རིག་འཛིན་ས་ལ་གནས་གྱུར་པ། །མཚུངས་མེད་བླ་མའི་ཡོན་ཏན་ཆུ་གཏེར་ལས། །ཅུང་ཟད་བརྗོད་པའི་དགེ་ཚོགས་གང་ཐོབ་དེས། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་ཀུན་མཁྱེན་རོང་སྟོན་ཆོས་རྗེ་ཉིད་ཀྱི་གཟིགས་སྣང་དང་མཐུན་པར་བསྟོད་པ་མཛད་པའོ།། ༈ །དཔལ་ལྡན་བླ་མ་བསོད་ནམས་བཟང་པོ་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བསོད་ནམས་མཐུ་ཡིས་དལ་འབྱོར་ལུས་བཟང་ཅན། །ལུང་རིག་མན་ངག་ཀུན་ལ་ལེགས་སྦྱངས་ཤིང༌། །འདུས་པ་རྒྱ་མཚོའི་དབུས་སུ་དམ་ཆོས་སྒྲ། །འབྲུག་གི་སྒྲ་བཞིན་ཆེན་པོར་སྙན་པར་སྒྲོག །སྟན་གཅིག་བརྟུལ་ཞུགས་འཛིན་པའི་མཆོག་ཏུ་གྱུར། །ས་སྐྱོང་དབང་པོ་ཀུན་གྱི་ཅོན་པན་གྱིས། །གུས་པས་རབ་འདུད་གཟི་བརྗིད་ཡོངས་སུ་འབར། །རྣམ་མང་བུ་ཡི་དཔལ་ལ་འགྲན་བཟོད་པའི། །ལོངས་སྤྱོད་ལྡན་ཞིང་སྦྱིན་པ་རྒྱ་ཆེན་འགྱེད། །འཁོར་ཚོགས་དབུས་སུ་ཆོས་སྦྱིན་དཔག་མེད་པ། །ལྷུག་པར་འགྱེད་ཅིང་བྱམས་པའི་ཐུགས་དང་ལྡན། །ཐུགས་རྗེའི་བདག་ཉིད་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་ཡོན་ཏན་ཆ་ཤས་ཙམ། །རབ་ཏུ་བརྗོད་པའི་དགེ་ཚོགས་གང་ཞིག་དེས། །བླ་མ་དམ་པ་ཀུན་ཏུ་མཉེས་བྱས་ནས། །འགྲོ་ཀུན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་བཟང་པོ་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་འདི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ། །ཤུ་བྷཾ།། ༈ །དིང་རི་གླང་འཁོར་གྱི་གདན་ས་ཆེན་པོར་བཞུགས་པ་ཆོས་རྗེ་བློ་གྲོས་རྒྱ་མཚོ་ལ་བསྟོད་པ་ཡོན་ཏན་མི་ཟད་འབྱུང་བའི་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དགེ་ཚོགས་རྒྱ་མཚོ་ལས་འཁྲུངས་དལ་འབྱོར་ལུས། །རྣམ་དག་ཚུལ་ཁྲིམས་མཛེས་པའི་རྒྱན་དང་ལྡན། །མང་དུ་ཐོས་པའི་བློ་གྲོས་ཕུན་ཚོགས་ཤིང༌། །ལུང་རིགས་མན་ངག་རྒྱ་མཚོའི་ཕ་རོལ་སོན། །འདུས་པ་རྒྱ་མཚོའི་དབུས་ན་ལྷུན་པོ་བཞིན། །ཚད་མེད་ཡོན་ཏན་འོད་ཀྱི་གཟི་བརྗིད་ཅན། །དམ་པའི་གསུང་རབ་དམ་ཆོས་ཉི་མའི་འོད། །ཕྱོགས་རྣམས་ཀུན་ཏུ་ཡོངས་སུ་སྤྲོ་བར་མཛད། །མི་ཤེས་མུན་པ་རིང་དུ་སྤོང་མཛད་ཅིང༌། །བསྡུ་དངོས་བཞི་ཡི་མཐའ་ཡས་གདུལ་བྱ་རྣམས། །བརྩེ་བའི་བདག་ཉིད་རྣམ་གྲོལ་ལམ་ལ་འགོད། །རྒྱལ་སྲས་སྤྱོད་པ་མི་དོར་ཡོངས་སུ་འཛིན། །དམ་པའི་ཞབས་པད་གཙུག་གིས་འདུད་པ་དང༌། །དམ་ཆོས་འོ་མའི་བདུད་རྩིས་དབང་པོ་རྒྱས། །བློ་གྲོས་རྒྱ་མཚོ་ཏིང་འཛིན་ཕུལ་བྱུང་མཉེས། །དམ་པའི་རིང་ལུགས་འཛིན་པའི་མཆོག་ལ་འདུད། །གང་ལ་བསྟོད་པའི་དགེ་ཚོགས་ཐོབ་པ་དེས། །ཀུན་དུ་བླ་མ་དམ་པ་མཉེས་བྱེད་ཤོག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ། །ཤུ་བྷཾ།། ༈ །བླ་མ་དམ་པ་མུས་པ་ནམ་མཁའི་རྣལ་འབྱོར་པ་ལ་བསྟོད་པ་ཀུན་ལས་རྣམ་པར་རྒྱལ་བའི་བསྟོད་དབྱངས་ཀྱི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཉིན་བྱེད་དབང་པོའི་འོད་ཟེར་གྱིས། །མི་ཤེས་མུན་པ་རིང་དུ་སྤོང་མཛད་ཅིང༌། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཀུན་དང་ནི། །སྒྲ་རིག་ཡོན་ཏན་ཕུལ་བྱུང་ཀུན་ལ་མཁས། །མངོན་པར་ཤེས་པའི་ཡོན་ཏན་ཚད་མེད་ཅིང༌། །འཇའ་ཚོན་གུར་ཁྱིམ་རབ་ཏུ་བཀོད་པའི་དབུས། །གཟི་བརྗིད་ཕུན་ཚོགས་འོད་འབར་ལྷག་པའི་ལྷ། །རྣམ་པ་མང་པོའི་ཞལ་ཡང་མངོན་སུམ་གཟིགས། །འོད་ཟེར་སྐུ་ལ་རེག་པའི་བྱིན་རླབས་ཀྱིས། །བསམ་གཏན་མི་གཡོ་ཏིང་འཛིན་ཕུན་ཚོགས་བརྙེས། །རྣམ་དག་ཚུལ་ཁྲིམས་དྲི་མེད་ཁྱོན་ཡངས་པར། །ཕ་རོལ་ཕྱིན་དྲུག་ལྗོན་པ་རབ་ཏུ་རྒྱས། །བསྡུ་དངོས་དྲི་ཞིམ་དཀར་བའི་མེ་ཏོག་དང༌། །ཟབ་མོའི་མན་ངག་ཀུན་གྱི་འབྲས་བུ་ཕྱུག །མཁས་པ་ཀུན་གྱི་བསྟོད་ཚིག་འབྲུག་སྒྲ་བསྒྲགས། །རྨད་བྱུང་མཛད་པས་འགྲོ་བ་རྗེས་སུ་འཛིན། །སྐུ་ཡི་གདུང་ལ་འཇའ་ཚོན་འོད་འཁྱིལ་ཞིང༌། །ཚངས་སོགས་ལྷ་ཡིས་མཆོད་པའི་སྤྲིན་ཕུང་དང༌། །འགྲོ་བ་མ་ལུས་དད་པའི་ཚོགས་གཡོ་ཞིང༌། །བཞུགས་པའི་ས་ཕྱོགས་བཀྲ་ཤིས་ཕུན་ཚོགས་ལྡན། །རྒྱ་ཆེ་ཐར་པའི་ལམ་ལ་འགོད་མཛད་པའི། །མཛད་པ་ཕུལ་ཕྱིན་ཁྱོད་ལ་གུས་པས་བསྟོད། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་གྱུར་ཅིག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ། །མངྒལཾ།། ༈ །བླ་མ་དམ་པ་ཉི་མ་དཔལ་བཟང་པོ་ལ་བསྟོད་པ་བྱིན་རླབས་རྣམ་པར་རོལ་པའི་སྤྲིན་གྱི་བཀོད་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གྲུབ་པའི་རིག་འཛིན་རྣམས་ཀྱི་རྗེས་ཞུགས་ཏེ། །ལྷག་པའི་ལྷ་ཡི་གསུང་གི་ནུས་པ་འཛིན། །མང་ཐོས་གསེར་གྱི་རྣ་ཆས་རྒྱན་དུ་བྱས། །མི་རྟོག་ཏིང་འཛིན་ཉི་མའི་སྙིང་པོ་ཅན། །ལྷག་པའི་ལྷ་བརྒྱ་རྣམ་པར་རྒྱས་པའི་ལུས། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཅན། །ཕྲིན་ལས་ཉི་མའི་འོད་ཀྱིས་གདུལ་བྱ་ལ། །ཡང་དག་རྟོགས་པའི་འོད་ཟེར་རབ་ཏུ་འགྱེད། །བཟང་པོའི་ཡོན་ཏན་དཔལ་གྱི་མངོན་མཐོ་བ། །ལྷག་པའི་ལྷ་ཡི་རིགས་སྔགས་བཟླས་པའི་ཚེ། །ལྷག་པའི་ལྷ་མཆོག་དུ་མའི་ཞལ་གཟིགས་ཤིང༌། །ལྷ་ཚོགས་དུ་མའི་གཟུགས་སྐུ་ལུས་ལ་བཀྲམ། །ལྷག་པའི་ལྷ་བཞིན་གུས་པས་བསྟོད་འོས་པ། །བླ་མ་དམ་པ་གཙུག་གི་ནོར་བུ་བཞིན། །གུས་པས་བསྟེན་པས་བྱིན་རླབས་ཆུ་ཆར་བབས། །ཉིན་མཚན་ཀུན་ཏུ་ཏིང་འཛིན་གཡེལ་བ་མེད། །རྡོ་རྗེ་ཐེག་པའི་ཏིང་འཛིན་རབ་བརྟན་ཞིང༌། །བྱིན་རླབས་འོད་སྟོང་ཀུན་ནས་འབར་བ་ཡིས། །གདོན་གྱི་ཆོ་འཕྲུལ་མ་ལུས་ཞི་བ་དང༌། །རྣམ་དག་ཐུགས་ནི་ཞི་བ་མཆོག་ལ་གཞོལ། །ཆེ་བའི་བདག་ཉིད་ཡོན་ཏན་ཚད་མེད་ཅན། །དད་ལྡན་སྐྱེ་བོ་ཀུན་གྱིས་གུས་བསྟོད་ཅིང༌། །འཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་ལ། །རྟག་ཏུ་གུས་པས་ཡིད་ཀྱིས་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་གུས་པས་རབ་བསྟོད་པ། །བསྟོད་ཚིག་སྙན་པ་རབ་ཏུ་སྤེལ་བ་ལས། །དགེ་བ་རབ་དཀར་གང་ཞིག་ཐོབ་པ་དེས། །བླ་མ་དམ་པ་ཀུན་ཏུ་མཉེས་བྱེད་ཤོག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །སྐྱོར་མོ་ལུང་གི་གདན་སར་བཞུགས་པའི་མཁན་ཆེན་བློ་གྲོས་གསལ་བ་ལ་བསྟོད་པ་བྱིན་རླབས་མི་ཟད་འབྱུང་བའི་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་རབ་བདག་ཉིད་དམ་ཆོས་རྔ་སྒྲ་ཡིས། །མཁས་པ་ཀུན་ལ་དམ་ཆོས་དགའ་སྟོན་འགྱེད། །མི་བརྗེད་གཟུངས་ཐོབ་མཁས་པའི་མཆོག་གྱུར་ཅིང༌། །ལེགས་བཤད་མང་དུ་ཐོས་པའི་སྨྲ་བ་པ། །ཞབས་ཀྱི་པདྨོ་མཁས་པ་དུ་མ་ཡིས། །གུས་པས་འདུད་བྱེད་མཁས་པའི་གཙུག་གི་རྒྱན། །ཁྱོད་ལ་བསྟོད་པའི་བསྟོད་ཚིག་རིན་ཆེན་ཕྲེང༌། །ཀུན་གྱིས་མགྲིན་པའི་རྒྱན་དུ་འཛིན་ལ་འདུད། །དེ་ལྟར་བསྟོད་པའི་དགེ་ཚོགས་དམ་པ་དེས། །བླ་མེད་གོང་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བླ་མ་དམ་པ་གངས་ཆེན་པ་ལ་བསྟོད་པ་མི་མཐུན་ཀུན་སེལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་ཏིང་འཛིན་ལེགས་བརྙེས་པས། །གང་དང་གང་དུ་བགྲོད་པའི་ས་ཕྱོགས་དེར། །མི་མཐུན་གནོད་པའི་ཆོ་འཕྲུལ་རབ་ཞི་ནས། །གང་ལ་བརྟེན་པ་དེ་དག་འཇིགས་དང་བྲལ། །རབ་ཞི་བདེ་བའི་འབྲས་བུ་སྦྱིན་མཛད་ཅིང༌། །རིང་ནས་འདུད་པ་དེ་དག་ཐམས་ཅད་ཀྱང༌། །བདེ་བའི་འབྲས་བུ་སྦྱིན་པར་མཛད་པ་ཡི། །མཚུངས་མེད་བླ་མ་དེ་ལ་ཕྱག་འཚལ་ལོ། །ཁྱེད་ལ་བསྟོད་པའི་དགེ་ཚོགས་གང་ཐོབ་པ། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལ་བསྟོད་པ་ཡང་དག་པའི་སྣང་བ་ཀུན་ནས་རྒྱས་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མང་ཐོས་ཤེས་རབ་འཁོར་ལོ་ཆེར་ཡངས་ཤིང༌། །རིག་གནས་ཀུན་ལ་བློ་གྲོས་རྩིབས་སྟོང་རྒྱས། །རྣམ་དག་ཚུལ་ཁྲིམས་དྲི་མེད་ཁྱོན་ཡངས་སུ། །རྒྱལ་བའི་གསུང་རབ་ཀུན་གྱི་བཅུད་རྣམས་བསྡུས། །སོ་སོའི་མཚན་ཉིད་རིག་པའི་བློ་གྲོས་དང༌། །མངོན་པར་ཤེས་པའི་མཚན་མ་དུ་མ་མངའ། །མི་ཤེས་མུན་པ་སེལ་བའི་སྒྲོན་མེ་མཆོག །མཁས་མང་དབུས་སུ་མི་འཇིགས་སེང་གེ་བཞིན། །ལྟ་ངན་རི་དྭགས་མ་ལུས་སྐྲག་བྱེད་ཅིང༌། །ཡང་དག་ལྟ་བའི་དོན་ལ་མཁྱེན་པ་ཅན། །འདི་ནས་སྐུ་ལུས་གཞན་དུ་འཕོ་བའི་ཚེ། །མི་བཟོད་ས་གཞིའི་ཁྱོན་ཡང་རྣམ་པར་གཡོ། །སྙན་པའི་གྲགས་པས་ས་གསུམ་རྣམ་པར་ཁྱབ། །ཁྱབ་བདག་ངོ་བོ་དཔལ་ལྡན་བླ་མར་འདུད། །བསྟོད་འོས་ཀུན་ནས་བསྟོད་པའི་དགེ་ཚོགས་འདིས། །མཐའ་ཡས་འགྲོ་བའི་དོན་གཉིས་འགྲུབ་གྱུར་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །རྣམ་དག་ཕྲིན་ལས་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།། ༈ །སྙན་ངག་མཁན་པོ་ཁ་ཆེ་འཇམ་དབྱངས་ལ་བསྟོད་པ་རྨད་དུ་བྱུང་བའི་གཏམ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རིག་གནས་ལྔ་ལ་བློ་གྲོས་ཐོགས་མེད་ཅིང༌། །སྙན་ངག་ཙམ་ལ་འགྲན་པའི་ཟླ་བྲལ་བ། །ལྷག་པའི་ལྷ་མཆོག་དུ་མའི་ཞལ་ཡང་གཟིགས། །ལེགས་བཤད་གསུང་གི་འོད་ཟེར་རབ་འཕྲོས་པས། །གདུལ་བྱའི་བློ་གྲོས་པདྨོ་རྒྱས་པར་མཛད། །མཁས་པ་དུ་མས་གང་གི་ཞབས་པད་གཏུགས། །ལེགས་བཤད་དགའ་སྟོན་སྟེར་བར་མཛད་པ་ཡི། །ཚད་མེད་ཡོན་ཏན་མངའ་བ་ཁྱོད་ལ་བསྟོད། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །བླ་མ་དམ་པ་མཉེས་བྱེད་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བླ་མ་དམ་པ་སྨན་གོང་འདུལ་བ་ལ་བསྟོད་པ་མེ་ཏོག་ཕྲེང་འཛིན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པའི་གཟི་བརྗིད་ཡལ་འདབ་ཅན། །ཚད་མེད་ཡོན་ཏན་མེ་ཏོག་རབ་རྒྱས་ཤིང༌། །གསུང་རབ་ཀུན་ལ་མི་འཇིགས་འབྲས་བུ་ཅན། །ཡང་དག་རིག་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕས་ཀྱི་རྒོལ་བའི་དཔུང་ཚོགས་ཟིལ་གྱིས་གནོན། །རྩོམ་པ་སྐྱོན་མེད་མཁས་པའི་ཡིད་འཕྲོག་ཅིང༌། །འཆད་པ་ངག་གི་ཟེར་གྱིས་མུན་པ་སེལ། །མཁས་བཙུན་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ། །སྤྱོད་པ་དྲི་མེད་མཛེས་པའི་རྒྱན་དང་ལྡན། །ངག་གི་སྒོ་ནས་བཀྲ་ཤིས་ཕུན་ཚོགས་པ། །ལྷ་ཡི་ཡིད་འོང་མེ་ཏོག་ཆར་པ་ཕབ། །འོད་ཟེར་སྤྲོས་པའི་མཆོད་རྟེན་མངོན་སུམ་མཐོང༌། །གང་གི་ཞབས་པད་གུས་པས་བསྟེན་པ་དག །ཐར་ལམ་མངོན་ཕྱོགས་སྐལ་བ་ཅན་དུ་གྱུར། །དོན་གཉིས་དབང་འབྱོར་དཔལ་ལྡན་བླ་མའི་ཞབས། །གཙུག་གི་ནོར་བུས་གུས་པས་མཆོད་པར་བགྱི། །འདི་ལ་དགེ་བ་གང་ཞིག་ཐོབ་པ་ཡིས། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །དམ་པ་རི་ཁྲོད་པ་ལ་བསྟོད་པ་ལྷའི་རྔ་བོ་ཆེ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དགེ་ཚོགས་ཉི་མའི་དཀྱིལ་འཁོར་རབ་རྒྱས་པས། །བདག་བློའི་མ་རིག་མུན་པ་སེལ་བ་དང༌། །མཐའ་ཡས་གདུལ་བྱ་པདྨོའི་གཉེན་གྱུར་ཅིང༌། །ཏིང་འཛིན་སྦྲང་རྩི་ཡོངས་སུ་འཕེལ་བའི་རྒྱུ། །དམ་པ་རྣམས་ཀྱིས་བསྟོད་པའི་སྒྲ་བསྒྲོགས་ཤིང༌། །རི་བོའི་དབེན་གནས་ཚད་མེད་ཏིང་འཛིན་བསྒོམ། །གངས་རིའི་ཁྲོད་ན་རྣལ་འབྱོར་མཆོག་གྱུར་པ། །ཐར་འདོད་རྣམས་ལ་ཕན་པའི་དགའ་སྟོན་འགྱེད། །མི་རྟོག་ཏིང་འཛིན་ཕུལ་བྱུང་རབ་མཉེས་ཤིང༌། །བྱིན་རླབས་འོད་ཀྱིས་འགྲོ་ཀུན་སྨིན་མཛད་པ། །དམ་པ་རྣམས་ཀྱི་བསྟོད་འོས་ཁྱོད་ལ་ནི། །རྣམ་པ་ཀུན་ཏུ་དད་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་ལས། །འགྲོ་ཀུན་ཀུན་མཁྱེན་མྱུར་ཐོབ་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།། ༈ །མཁས་པ་དཔལ་ཆེན་ལ་བསྟོད་པ་དཔལ་གྱི་འབྱུང་གནས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གསུང་རབ་མང་དུ་ཐོས་པའི་སྨྲ་བ་པ། །རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཅན། །ཉི་མའི་འོད་ཀྱི་སྐར་མའི་ཚོགས་བཞིན་དུ། །རིག་པའི་སྟོབས་ཀྱི་ཕས་རྒོལ་ཟིལ་གྱིས་གནོན། །འཆད་པ་ཉི་མའི་འོད་ཀྱིས་གདུལ་བྱ་ཡི། །བློ་གྲོས་པདྨོ་རབ་ཏུ་རྒྱས་པ་དང༌། །སྐྱོན་བྲལ་རྩོམ་པ་མཁས་པ་དགའ་བྱེད་ཅིང༌། །དུས་རྣམས་རྟག་ཏུ་དགེ་བའི་རང་བཞིན་ཅན། །སྤོབས་པ་མི་ཟད་མཁས་པའི་མཆོག་གྱུར་པ། །བསྟན་པ་ཉིན་མོར་བྱེད་པའི་སྣང་བ་ཅན། །ཀུན་ཏུ་རྣམ་པར་རྒྱལ་བའི་སྟོབས་མངའ་བ། །འགྲོ་བའི་དེད་དཔོན་ཁྱོད་ལ་གུས་པས་འདུད། །མཁས་པ་ཕུལ་ཕྱིན་ཁྱོད་ལ་རབ་བསྟོད་པ། །མཁས་པའི་གོ་འཕང་མཆོག་ཏུ་བརྙེས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།། ༈ །བླ་མ་ཀུན་འདུས་ལ་བསྟོད་པ་སྙན་ངག་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྙན་པར་གྲགས་པའི་བ་དན་རིང་དུ་གཡོ། །ཡང་དག་རིག་པའི་འོད་ཟེར་རབ་འཕྲོ་བས། །ཕས་རྒོལ་རྒྱུ་སྐར་ཚོགས་རྣམས་ཟིལ་གྱིས་གནོན། །བླ་མ་དམ་པ་དཀོན་མཆོག་གསུམ་མཆོད་ལ། །གཞོན་ནུའི་མཚན་ཅན་རྣམ་པར་རྒྱལ་གྱུར་ཅིག །ལུང་དང་རིག་པ་མན་ངག་མ་ལུས་པ། །བློ་གྲོས་ཡངས་པའི་སྣོད་དུ་ཡོངས་རྫོགས་རྗེ། །མཁས་པའི་སྙན་པ་གངས་རི་མངོན་མཐོ་བ། །བློ་གྲོས་རབ་གསལ་ཞེས་བྱ་རབ་ཏུ་བསྟོད། །འདུལ་མངོན་རྒྱ་མཚོ་མ་ལུས་ཐུགས་ལ་རྫོགས། །མང་དུ་ཐོས་པའི་བློ་གྲོས་མི་དམན་ཞིང༌། །ལེགས་པར་སྦྱར་བས་དོན་གཉིས་ཕུལ་ཕྱིན་ཐོབ། །དམར་སྟོན་དཔལ་ལྡན་རིན་ཆེན་ལ་ཕྱག་འཚལ། །སྐྱོབ་པ་རྣམས་དང་སྟོང་ཉིད་ལྟ་བ་ཅན། །མང་དུ་ཐོས་པའི་རྒྱན་གྱིས་རབ་ཏུ་མཛེས། །ཡོན་ཏན་རིན་ཆེན་མང་པོའི་ཐུགས་མངའ་ཞིང༌། །རྣམ་པར་རྒྱལ་བའི་མཚན་གྱིས་སྤྲས་ལ་འདུད། །རྣམ་དག་ཚུལ་ཁྲིམས་དག་པའི་ཁྱོན་ཡངས་སུ། །ཡོན་ཏན་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལྷུར་ལེན་ཅིང༌། །དོན་ཀུན་མཚན་ཉིད་ཐུགས་སུ་ཆུད་ལ་འདུད། །དབུ་མའི་རིང་ལུགས་ཀུན་ལ་མཁས་གྱུར་ཅིང༌། །ཡང་དག་ལྟ་བ་ཕུལ་བྱུང་རབ་བརྙེས་ཏེ། །ཟླ་བ་གྲགས་ལྟར་བཞེད་གཞུང་ཀུན་ལ་མཁས། །ཟླ་གྲགས་གསར་མ་དག་ལ་གུས་ཕྱག་འཚལ། །འདུས་པ་ཀུན་གྱི་དབུས་ན་རབ་མཛེས་ཤིང༌། །རྣམ་དག་ཚུལ་ཁྲིམས་དགའ་བའི་དཔལ་དང་ལྡན། །མི་ཐུབ་ཀུན་ལས་རྒྱལ་བའི་ཡོན་ཏན་མངའ། །བསྟོད་འོས་བླ་མ་དམ་པ་བསྟོད་པར་བགྱི། །སངས་རྒྱས་བསྟན་ལ་མི་ཕྱེད་དད་པ་ཅན། །འདུལ་བ་རྒྱ་མཚོའི་ཚིག་དོན་ཐུགས་ལ་ཆུད། །རྟོག་གེའི་གཞུང་ལུགས་དག་ལའང་ལེགས་པར་སྦྱངས། །སྔགས་ཀྱི་ནུས་པ་ཐོབ་ལ་ཕྱག་འཚལ་ལོ། །སྨྲ་བའི་རྭ་བ་དཔལ་ལྡན་གསང་ཕུ་རུ། །ལུང་རིག་གཉིས་ལ་ལེགས་སྦྱངས་བློ་གྲོས་ཐོབ། །རིག་པའི་དབང་ཕྱུག་དམ་པར་བསྟོད་འོས་པ། །རྨད་བྱུང་དང་བའི་བློ་ཡིས་རབ་ཏུ་བསྟོད། །རླབས་ཆེན་རྒྱལ་སྲས་སྤྱོད་པ་ལྷུར་ལེན་ཅིང༌། །ལེགས་བཤད་བཀའ་ཆེན་བཞི་ལ་སྤོབས་པ་ཐོབ། །མི་གཡོ་བརྟན་པའི་ཏིང་འཛིན་ཕུལ་བྱུང་བརྙེས། །ས་བཟང་པ་ཞེས་རབ་ཏུ་གྲགས་པ་རྒྱལ། །ལུང་རིགས་མན་ངག་ཡང་དག་ཐུགས་ལ་མངའ། །རིག་པ་འཛིན་པའི་ས་ལ་ཉེ་ལམ་མཐོ། །འཛམ་གླིང་ས་སྐྱོང་དབང་པོས་ཞབས་པད་མཆོད། །ཐེག་ཆེན་སྤྱོད་པ་ལྷུར་ལེན་ལ་ཕྱག་འཚལ། །འཇིག་རྟེན་འདི་ན་གྲུབ་བརྙེས་གཙོ་བོ་པ། །དམ་པས་གསུངས་པའི་སྡུག་བསྔལ་ཞི་བྱེད་རྣམས། །རབ་ཏུ་ལྷུར་ལེན་རྟོགས་པ་རྨད་བྱུང་ཐོབ། །རྗེས་འཇུག་བླ་མ་དམ་པ་རྣམས་ལ་འདུད། །གཞན་ཡང་ལུང་དང་མན་ངག་དུ་མ་རྣམས། །རབ་ཏུ་སྦྱིན་བྱེད་བླ་མ་དམ་པ་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །བླ་མ་རྣམས་ལ་ཅུང་ཟད་བསྟོད་པ་ཡིས། །དགེ་བས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བླ་མ་ཀུན་འདུས་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་ལ་བསྟོད་པ་སྙན་ངག་མེ་ཏོག་ཕྲེང་འཛིན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྔོན་བསགས་དགེ་ཚོགས་རབ་ཏུ་རྒྱས་པ་ལས། །དལ་འབྱོར་ལུས་བཟང་ཚུལ་ཁྲིམས་རྒྱན་གྱིས་སྤྲས། །ལུང་རིག་མན་ངག་རྒྱ་མཚོའི་མཐར་སོན་ཅིང༌། །བྱང་ཆུབ་ཐུགས་གཉིས་འབྱོངས་པའི་རྒྱལ་སྲས་མཆོག །གཞན་དོན་ལྷུར་ལེན་སྤྱོད་པ་རྨད་བྱུང་ཞིང༌། །གདུལ་བྱ་སྐྱབས་མཛད་མཁས་པ་ཀུན་གྱི་རྗེ། །སྒྲ་སོགས་རིག་གནས་ཀུན་ལ་ལྷག་པར་མཁས། །སྐད་གཉིས་སྨྲ་བའི་མཚན་གྱིས་མངོན་པར་མཐོ། །མི་རྟོག་ཏིང་འཛིན་བརྟན་པའི་ཐུགས་མངའ་བས། །གངས་ཅན་ངུར་སྨྲིག་འཛིན་པ་ཀུན་གྱིས་བཀུར། །ལྷག་པའི་ལྷ་ཡིས་བྱིན་རླབས་མཐུ་ལྡན་ཞིང༌། །ལེགས་པར་སྨྲ་བ་དག་ལ་འགྲན་ཟླ་བྲལ། །མཁས་པའི་དེད་དཔོན་སྨྲ་བའི་ཉི་མ་སྟེ། །སྐྱབས་ཀྱི་མཆོག་གྱུར་དམ་པ་ཁྱེད་ལ་བསྟོད། །བསྟོད་པའི་དགེ་ཚོགས་གང་ཞིག་ཐོབ་པ་དེས། །ཡོན་ཏན་རྒྱ་མཚོ་བླ་མ་མཉེས་བྱེད་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply