༈ །འཇམ་དབྱངས་ལ་བསྟོད་པ་སྤོབས་པ་མི་ཟད་པའི་གཏེར་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་མཚན་དཔེའི་འོད་སྟོང་འབར། །གསུང་གི་དཀྱིལ་འཁོར་དམ་ཆོས་སྒྲ་དབྱངས་སྒྲོགས། །ཐུགས་ཀྱི་དཀྱིལ་འཁོར་ཤེས་བྱ་མ་ལུས་མཁྱེན། །འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འདབ་བརྒྱའི་སྟེང་ན་བསིལ་ཟེར་བཀོད་པའི་དབུས། །དྷཱིཿཡིག་ལས་འཁྲུངས་རྡོ་རྗེའི་སྐྱིལ་ཀྲུང་ཅན། །ཉིན་བྱེད་བྱེ་བའི་མདངས་འཕྲོག་གུར་ཀུམ་མདོག །ཞལ་གཅིག་ཕྱག་གཉིས་ཟུར་ཕུད་ལྔ་དང་ལྡན། །གཡས་པ་མཁའ་ལྟར་སྔོ་བའི་རལ་གྲི་དང༌། །མ་ལུས་མཁྱེན་ཕྱིར་གླེགས་བམ་གཡོན་ན་བསྣམས། །རྒ་ཤིའི་སྐྱོན་སྤངས་གཞོན་ནུའི་སྐུ་ལུས་འཆང༌། །སྣ་ཚོགས་གོས་དང་རིན་ཆེན་རྒྱན་གྱིས་མཛེས། །ལྷག་བསམ་མི་ཟད་གཏེར་བའི་དཀྱིལ་འཁོར་ཅན། །མཁྱེན་པའི་འོད་སྟོང་སྲིད་གསུམ་མུན་པ་སེལ། །ཚད་མེད་ཕྲིན་ལས་འོད་ཀྱི་དྲྭ་བ་ཅན། །ངག་གི་དབང་ཕྱུག་མཁྱེན་བརྩེའི་གཏེར་ལ་འདུད། །སྲིད་མཐའི་བར་དུ་ཕྲིན་ལས་མི་ཟད་པས། །ཀུན་སྦྱོར་འཆིང་བ་མ་ལུས་གཅོད་པར་མཛོད། །ས་ཡི་ཁྱོད་འདིར་ངག་གི་གར་སྒྱུར་ཅིང༌། །ས་ཡི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཐུ་བོ་པ། །གང་གི་རིག་སྔགས་རབ་ཏུ་དྲན་པས་ཀྱང༌། །བློ་གྲོས་སྤོབས་པའི་སྣང་བ་ཀུན་སྩོལ་བའི། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་ལ་བསྟོད་པ་རབ་སྙན་འདབ་བརྒྱ་པ། །རབ་ཏུ་སྤེལ་བའི་དགེ་ཚོགས་གང་ཐོབ་དེས། །སྲིད་ན་གནས་པའི་འགྲོ་བ་མ་ལུས་པ། །མཁྱེན་བརྩེའི་ཡེ་ཤེས་ཀུན་ནས་ཐོབ་གྱུར་ཅིག །ཅེས་རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་འདི་སླར་ཡང་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡེ་ཤེས་དཀྱིལ་འཁོར་དྲི་མེད་རབ་གསལ་ཞིང༌། །ཕུལ་བྱུང་ལས་ཀྱང་ཕུལ་བྱུང་ཆེར་འབར་བ། །དུས་གསུམ་རྒྱལ་བ་ཀུན་གྱི་བསྐྱེད་བྱེད་ཡུམ། །སྨྲ་བསམ་བརྗོད་མེད་དོན་སྟོན་ཁྱོད་ལ་འདུད། །ཟབ་ཅིང་གཏིང་དཔག་དཀའ་བའི་ཤེས་བྱའི་མཚོ། །མ་ལུས་མངོན་སུམ་མཁྱེན་པའི་ཐུགས་ལྡན་ཞིང༌། །དངོས་འཛིན་འཆིང་བའི་དྲྭ་བ་མངོན་གཅོད་པའི། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང༌། །སྤྲོས་བྲལ་མཁའ་ལ་དམ་ཆོས་ཆར་ཆེན་འབེབས། །གདུལ་བྱའི་ལོ་ཐོག་ཡོངས་སུ་སྨིན་མཛད་པ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བས་ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །ལེགས་པར་གསུངས་པ་རྣམས་ལ་མཆོག་གྱུར་ཅེས། །དམ་པས་བསྔགས་པ་རབ་ཏུ་ལྷུར་ལེན་པས། །བླ་མེད་བྱང་ཆུབ་མཆོག་ཏུ་ངེས་པར་བྱེད། སངས་རྒྱས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །ཡང་དག་རྣ་བའི་ལམ་དུ་གྱུར་པ་ཡང༌། །རྒྱལ་བ་ཀུན་ལ་བྱ་བ་བྱས་སོ་ཞེས། །ལེགས་བཤད་གསུངས་པ་རབ་ཏུ་ཐོབ་བྱས་ནས། །རབ་ཏུ་འབད་པས་ཡིད་ལ་འཇུག་པར་གདམས། །དེས་ན་དུས་དང་རྣམ་པ་ཐམས་ཅད་དུ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །བསྟོད་པའི་དགེ་བས་འགྲོ་བ་མ་ལུས་པ། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་རྟོགས་ཤོག །ཅེས་ཤེར་ཕྱིན་ལ་སླར་ཡང་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །སྭསྟི། དཀོན་མཆོག་གསུམ་ལ་བསྟོད་པ་བྱིན་རླབས་རྒྱ་མཚོའི་རྣམ་པར་རོལ་པའི་སྤྲིན་གྱི་བཀོད་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷག་ལ་ཕྱག་འཚལ་ལོ། །རྨད་བྱུང་འཕྲིན་ལས་མཆོག་ལ་གཞོལ་བའི་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་དུ་དགེ་ཚོགས་བསྒྱུར་བའི་བརྩོན་འགྲུས་ཀྱིས། །དཔག་ཡས་བྱང་ཆུབ་མཆོག་བརྙེས་གཞན་དོན་ཆོས་འཁོར་བསྐོར། །སྐྱོབ་པའི་དབང་པོ་མཆོག་ལ་གཙུག་གིས་ཅོད་པན་འདུད། །ཀུན་ཏུ་རྟོག་པའི་སྒྲིབ་གཉིས་དྲི་མ་རྣམ་བསལ་ཞིང༌། །ཀུན་ནས་རབ་ཞི་ཞི་བའི་ངང་ཚུལ་རྣམ་དག་པ། །ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས་མཆོག་གྱུར་ཏེ། །ཇི་ལྟ་ཇི་སྙེད་གསལ་བའི་དམ་ཆོས་ཉི་མར་འདུད། །མཁྱེན་པའི་ལྟ་ཟེར་ལྟ་ངན་མུན་པ་བཅོམ་མཛད་ཅིང༌། །ཡེ་ཤེས་རལ་གྲི་ཀུན་སྦྱོར་འཆིང་བ་གཅོད་མཛད་པ། །ལྷ་མིས་མཆོད་པའི་ཞིང་དུ་ཉེ་བར་གནས་པ་ཅན། །དགེ་འདུན་དམ་པ་རིགས་གྲོལ་ཚད་མེད་ལྡན་ལ་འདུད། །འཇིགས་པ་ཀུན་སྐྱོབ་དཀོན་མཆོག་གསུམ་བསྟོད་དགེ་ཚོགས་ཀྱིས། །སེམས་ཅན་ཀུན་ལ་ཕན་བདེའི་དགེ་ཚོགས་རྒྱས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཐུབ་པའི་བསྟོད་པ་བྱིན་རླབས་ཀྱི་ཆར་སྤྲིན་རྣམ་པར་གཡོ་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་མཚན་དཔེ་ཆ་ཤས་རྫོགས། །གསུང་གི་དཀྱིལ་འཁོར་ཡན་ལག་དྲུག་ཅུའི་དབྱངས། །ཐུགས་ཀྱི་དཀྱིལ་འཁོར་མ་ལུས་མཁྱེན་པ་པོ། །ཐུབ་དབང་སྐྱོབ་པ་བླ་མེད་དེ་ལ་འདུད། །མཁྱེན་རབ་རྒྱ་མཚོའི་ཁོར་ཡུག་ཆེར་ཡངས་པས། །ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཞིང༌། །རབ་ཡངས་བརྩེ་བའི་ཕྲིན་ལས་དམ་ཆོས་ཀྱི། །ཆར་རྒྱུན་བབས་པས་འགྲོ་རྣམས་སྨིན་པར་མཛད། །ལྷ་བརྒྱའི་གཙུག་གི་ནོར་བུས་ཞབས་མཆོད་ཅིང༌། །རྨད་བྱུང་ཕྲིན་ལས་མི་ཟད་གཏེར་མངའ་བ། །འགྲོ་བ་ཀུན་ལ་ཕན་བདེ་དགའ་སྟོན་འགྱེད། བྱང་ཆུབ་སྙིང་པོའི་མཁའ་ལ་རབ་འཆར་བ། །བདེ་ལེགས་ཉིན་བྱེད་དབང་པོའི་གཟུགས་བརྙན་དག །གདུལ་བྱའི་སྣོད་དུ་དཔག་མེད་ཅིག་ཅར་སྣང༌། །བསྟོད་པའི་སྒྲ་དབྱངས་རབ་ཏུ་སྒྲོགས་པ་ཡང༌། །བྱང་ཆུབ་ཐོབ་པའི་སྐལ་བ་ཅན་དུ་མཛད། །བྱང་ཆུབ་ཤིང་དབང་དྲུང་དུ་མི་གཡོ་བའི། །ཏིང་འཛིན་མཆོག་ལ་རབ་ཏུ་གནས་པའི་ཚེ། །མི་ཟད་བདུད་ཀྱིས་འཕངས་པའི་མཚོན་ཆ་ཡང༌། །བྱམས་པའི་སྟོབས་ཀྱིས་མེ་ཏོག་ཆར་དུ་བསྒྱུར། །འགྲོ་བའི་དོན་དུ་གནས་རྣམས་ཀུན་ཏུ་ཡང༌། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་མཛད་ནས། །ཞི་བའི་གྲོང་ཁྱེར་ལམ་བཟང་སྟོན་མཛད་པ། །དཔག་མེད་གདུལ་བྱ་སྨིན་པར་མཛད་ལ་འདུད། །སྟོབས་བཞིའི་སྟོབས་ཀྱིས་བདུད་བཞིའི་དཔུང་ཚོགས་བཅོམ། །མི་འཇིགས་བཞི་ཡི་འཁོར་དབུས་སེང་གེ་བཞིན། །མཁའ་ལྟར་མ་འདྲེས་ཐུགས་སུ་ཆུད་གྱུར་ནས། །ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །དྭངས་པའི་མཚོ་ལ་གཟུགས་བརྙན་སྟོན་པ་ལྟར། །གཟུགས་སྐུའི་དཀྱིལ་འཁོར་ཡོངས་སུ་སྟོན་པར་མཛད། །ཀུན་ཏུ་བརྗོད་མེད་རྟོགས་ཀྱང་བླང་དོར་སྣ་ཚོགས་མཛད། །སྐྱེ་བའི་འཆིང་བ་བྲལ་ཡང་སྐྱེ་བ་སྣ་ཚོགས་སྟོན། །སྤྲོས་མེད་ཐུགས་སུ་ཆུད་ཀྱང་སྤྲོས་པ་སྣ་ཚོགས་མཛད། །ཀུན་མཁྱེན་ཡེ་ཤེས་ཡོན་ཏན་ཕུང་པོ་ཅན། །ལྷུན་གྱིས་གྲུབ་པའི་ཡོན་ཏན་བླ་ན་མེད། །འགྲོ་བ་ཀུན་གྱིས་བླ་མར་གྱུར་ལ་འདུད། །དཔལ་ལྡན་ཡོན་ཏན་དམ་པ་ཡོངས་བཟུང་བ། །ཐུབ་པ་མཆོག་ལ་ལེགས་བཤད་བསྟོད་པའི་ཚིག །སྙན་པའི་སྒྲ་ལྡན་ལེགས་བཤད་དྲིལ་སྒྲ་འདིས། །འགྲོ་ཀུན་མ་རིག་གཉིད་ལས་སངས་པར་ཤོག །ཅེས་པ་འདི་སླར་ཡང་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའོ།། ༈ །འཕགས་པ་བྱམས་པ་ལ་བསྟོད་པ་མཁས་པ་དགའ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གང་སྐུ་ཡིད་འོང་ཐུན་མཚམས་སྤྲིན་གྱི་གོས་བཟང་ཅན། །གང་གསུང་སྙན་པ་ལྷ་ཡི་མི་ཟད་རྔ་བོ་ཆེ། །གང་ཐུགས་སྒྲིབ་གཉིས་སྤྲིན་བྲལ་ཡོངས་སུ་དག་པའི་མཁའ། །རྒྱལ་སྲས་ཐུ་བོ་མི་ཕམ་ཞབས་ཀྱི་པདྨོར་འདུད། །འགྲོ་ཀུན་བྱམས་པའི་ཐུགས་ཀྱི་ཉེར་འཚོ་ཞིང༌། །སྙིང་རྗེ་མེ་ཏོག་དཀར་པོ་རྒྱས་གྱུར་པ། །འགྲོ་ཀུན་འདྲེན་མཛད་ཕྲིན་ལས་བླ་ན་མེད། །དྭངས་པའི་མཚོ་ལ་སྐར་མའི་གཟུགས་བརྙན་བཞིན། །སྐུ་ཡི་དཀྱིལ་འཁོར་ཁྱབ་བདག་སྟོན་པར་མཛད། །སྟོབས་བཅུའི་སྟོབས་ཀྱིས་བདུད་བཞིའི་དཔུང་ལས་རྒྱལ། །མི་འཇིགས་བཞི་ཡི་དཔུང་ཚོགས་རབ་རྒྱས་ཏེ། །མ་འདྲེས་ཡོན་ཏན་བླ་ན་མེད་པ་བརྙེས། །པདྨོའི་མཚོ་ལ་ཉིན་བྱེད་དབང་པོ་ཡིས། །འོད་ཟེར་ཆ་ཤས་རབ་ཏུ་ལྷུང་བ་ལྟར། །འགྲོ་བ་པདྨོའི་གཉེན་དུ་གྱུར་པ་ཡིས། །མཐའ་དག་འགྲོ་བའི་དེད་དཔོན་མཆོག་ཏུ་གྱུར། །རབ་སྙན་གྲགས་པ་རྒྱ་མཚོའི་མཐའ་ལ་འགྲན། །བཞིན་རས་ཉིན་བྱེད་དབང་པོའི་ཚ་ཟེར་གྱིས། །ནག་ཕྱོགས་བདུད་ཀྱི་ཀུ་མུད་ཟུམ་པ་དང༌། །ཕན་བདེ་སྦྲང་རྩི་ཡོངས་སུ་འཕེལ་བའི་རྒྱུ། །ཡོད་མེད་ཕྱོགས་འཇིག་དབུ་མའི་ལྟ་བ་ཡིས། །ཕས་རྒོལ་དངོས་སྨྲའི་དཔུང་ཚོགས་ཕམ་བྱས་ཏེ། །ཀུན་སྦྱོར་འཆིང་བ་སྤྱོད་མཛད་ཞི་བའི་ལམ། །མཐའ་ཡས་འགྲོ་ལ་རབ་ཏུ་སྟོན་པར་མཛད། །འཇིག་རྟེན་ཕུན་ཚོགས་མ་ལུས་བསྡུས་པ་ལ། །རྒྱུ་སྐར་དབང་པོ་རབ་ཏུ་ངོ་མཚར་ནས། །ལྟ་བའི་སླད་དུ་གླིང་འདིར་འོངས་པ་བཞིན། །འོག་ནས་ཀླུ་ཡིས་རྒྱ་མཚོའི་མཆོད་ཡོན་འབུལ། །བར་དུ་མི་ཡིས་བསྟོད་དབྱངས་རྒྱ་ཆེན་སྒྲོག །སྟེང་ནས་ལྷ་ཡིས་སྤྲིན་དཀར་གདུགས་འཛིན་ཅིང༌། །གཞན་ཡང་ལྷ་མིའི་མཆོད་པ་ཕུལ་བྱུང་བརྙེས། །གཟུགས་སྐུའི་དཀྱིལ་འཁོར་ཡིད་ལ་སིམ་བྱེད་ཅིང༌། །རྨད་བྱུང་ཕུན་ཚོགས་རིག་སྔགས་བཟླ་བྱེད་པ། །ཡིད་ལ་གནས་པའི་སྒྲིབ་གཉིས་སྤྲིན་ཚོགས་ཀྱིས། །དྲག་པོའི་རླུང་གིས་མཁའ་ལ་ཇི་བཞིན་ནོ། །ཡིད་འོང་འཇའ་ཚོན་ལྟ་བུར་རྣམ་བཀྲ་བ། །ཕུལ་དུ་བྱུང་བའི་ངོ་མཚར་གང་དེའི་གཟུགས། །ལྟ་བའི་སླད་དུ་རྒྱ་མཚོའི་རྦ་རླབས་ཀྱང༌། །དང་བའི་བློ་ཡིས་རྒྱན་དུ་འཐོན་པ་བཞིན། །རྒྱལ་བའི་དབང་པོ་དམ་རབ་དབང་བསྐུར་བ། །མི་ཕམ་མགོན་པོ་བསྟོད་པའི་དགེ་ཚོགས་ཀྱིས། །དུས་གསུམ་ཕ་མ་དང་བཅས་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་རྒྱལ་བ་མི་ཕམ་པ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའོ།། ༈ །བཅོམ་ལྡན་འདས་སངས་རྒྱས་ཀླུ་དབང་ལ་བསྟོད་པ་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ། བླ་མ་དང་ལྷག་མའི་ལྷ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་སྲིད་གསུམ་ཀུན་ཁྱབ་ཅན། །ཉིན་བྱེད་བྱེ་བའི་གཟི་བརྗིད་འཕྲོག་བྱེད་ཅིང༌། །རྒྱལ་སྲས་ཚོགས་ཀྱིས་མཆོག་ཏུ་རབ་བསྟོད་པ། །རྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་འཚལ། །ཉི་མའི་དྲུང་དུ་ཟླ་བས་བགྲོད་པ་བཞིན། །དགྲ་ངན་དཔུང་ཚོགས་མ་ལུས་ཟིལ་གྱིས་གནོན། །རྒྱ་མཚོའི་ཀློང་གནས་ཀླུ་མཆོག་མ་ལུས་པ། །གུས་པའི་ཚུལ་གྱིས་ཐལ་སྦྱར་རབ་ཏུ་འདུད། །ཨིནྡྲ་ནི་ལའི་མདངས་ལྡན་གཟི་བརྗིད་འབར། །ཐུན་མཚམས་སྤྲིན་གྱི་མདོག་ཅན་བླ་གོས་འཛིན། །ཆོས་སྒྲོག་ཕྱག་རྒྱ་མི་ཕྱེད་ཐུགས་ཀར་བཅིངས། །རབ་མཛེས་གཙུག་ན་ཀླུ་མགོའི་གདེངས་ཀ་ཅན། །སྔོ་སངས་ནམ་མཁའི་མདོག་ཅན་འདབ་བརྒྱ་པ། །ཟླ་བའི་དཀྱིལ་འཁོར་བཀོད་པའི་དབུས་ན་མཛེས། །ཀུ་མུད་མདངས་ལྡན་སྒྲིབ་པ་རྣམ་སེལ་བ། །རིན་ཆེན་མྱུ་གུ་ཡིད་འོང་བུམ་པ་རྣམས། །དམར་བའི་འོད་ཆགས་མི་ཕམ་བྱམས་པ་ཡིས། །ཀླུ་ཤིང་མེ་ཏོག་རིལ་བ་སྤྱི་བླུག་དང༌། །འཇམ་དབྱངས་གསེར་འོད་རབ་ཏུ་འབར་བ་ཅན། །གླེགས་བམ་རལ་གྲི་ཡོངས་སུ་འཛིན་པར་མཛད། །ཐུགས་རྗེ་ཆེན་པོ་དམར་འོད་མེ་ཏོག་འཛིན། །འཁོར་ཚོགས་དཔག་མེད་དབུས་ན་མངོན་མཐོ་བ། །མཐའ་ཡས་ཞིང་ཁམས་བྱིན་རླབས་འོད་ཟེར་འགྱེད། །ཚུལ་བཟང་ཡོངས་སུ་རྫོགས་པ་ཀླུ་དབང་ལ། །གུས་པས་བསྟོད་པའི་དགེ་ཚོགས་གང་ཐོབ་པ། །དུས་གསུམ་ཕ་མ་དང་བཅས་འགྲོ་བ་རྣམས། །རྣམ་མཁྱེན་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་སངས་རྒྱས་ཀླུ་དབང་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པ་བྱིན་རླབས་ཀྱི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་མཚན་དཔེའི་ཕུང་པོ་ནི། །གསུང་གི་དཀྱིལ་འཁོར་ཡན་ལག་དྲུག་ཅུའི་དབྱངས། །ཐུགས་ཀྱི་དཀྱིལ་འཁོར་ཤེས་བྱ་མ་ལུས་མཁྱེན། །རྒྱལ་བ་ཀུན་ལ་དང་བས་ཕྱག་འཚལ་ལོ། །ཚད་མེད་ཡོན་ཏན་འོད་ཀྱི་སྣང་བ་ཡིས། །ཁམས་གསུམ་མུན་པ་མ་ལུས་རབ་བསལ་ཏེ། །སྣ་ཚོགས་གདུལ་བྱ་ཡང་དག་ལམ་ལ་འགོད། །ཁྱབ་བདག་ཐུགས་རྗེའི་ཉི་མ་ལ་ཕྱག་འཚལ། །འཁོར་བ་ཆུ་སྲིན་འབྱུང་གནས་ཆེན་པོ་ལས། །འགྲོ་བ་ཐར་པའི་གླིང་དུ་འདྲེན་མཛད་པ། །སྐྱོབ་པ་བླ་མེད་དེད་དཔོན་མཆོག་གྱུར་ཅིང༌། །སྤྲོས་པ་ཉེར་ཞི་ཞི་བའི་ཐབས་ལ་མཁས། །མ་འདྲེས་ཡོན་ཏན་མཁའ་ལྟར་རྣམ་དག་ཅིང༌། །རྡུལ་གཅིག་ཡུལ་ལ་རབ་འབྱམས་འཇིག་རྟེན་ཀུན། །མ་ལུས་ཡོངས་སུ་རྫོགས་པའི་རྫུ་འཕྲུལ་དང༌། །མཐའ་ཡས་འགྲོ་ལ་གཟུགས་སྐུའི་དཀྱིལ་འཁོར་སྟོན། །རབ་ཏུ་ཕྲ་རྡུལ་རགས་པར་མི་འགྱུར་ཞིང༌། །འཇིག་རྟེན་ཕྲ་བར་མི་འགྱུར་བསམ་མི་ཁྱབ། །སྐྱེ་འཆི་སྤངས་ཀྱང་སྐྱེ་བ་སྣ་ཚོགས་སྟོན། །འཛིན་པ་མེད་ཀྱང་གདུལ་བྱ་རྗེས་སུ་འཛིན། །ཐུགས་རྗེའི་བདག་ཉིད་ཡིན་ཡང་བདུད་དཔུང་འཇོམས། །སྤྲོས་པ་མེད་ཀྱང་དམ་ཆོས་སྤྲོས་པ་སྟོན། །ཁྱོད་ནི་ཅུང་ཟད་དྲན་པས་བྱང་ཆུབ་ཏུ། །ངེས་པར་མཛད་པའི་ཕྲིན་ལས་བླ་ན་མེད། །རྒྱལ་བ་ཀུན་ལ་བསྟོད་པའི་མེ་ཏོག་གི། །ཕྲེང་བ་རབ་ཏུ་སྤེལ་བའི་དགེ་ཚོགས་ཀྱིས། །འགྲོ་ཀུན་ས་ལམ་རིམ་པ་ལེགས་བགྲོད་ནས། །ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའོ།། ༈ །སངས་རྒྱས་རབས་བདུན་ལ་བསྟོད་པ་ཆོས་ཀྱི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་པ་ལས། །སྐྱོབ་པར་མཛད་པ་ཚད་མེད་ཐུགས་རྗེ་ཅན། །སྟོབས་བཞིའི་སྟོབས་ཀྱིས་བདུད་བཞིའི་དཔུང་ཚོགས་ཀུན། །མ་ལུས་འཇོམས་མཛད་འདྲེན་པ་བླ་ན་མེད། །སངས་རྒྱས་རྣམ་པར་གཟིགས་དང་མར་མེ་མཛད། །རིན་ཆེན་གཙུག་ཏོར་ཅན་སོགས་སྔོན་བྱུང་གི། །སངས་རྒྱས་རྣམས་ལ་དད་པའི་གཙུག་གིས་ནི། །རྣམ་པ་ཀུན་ཏུ་ཕྱག་འཚལ་མཆོད་པར་བགྱི། །འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང༌། །སྐྱོབ་པའི་དབང་པོ་ཤཱཀྱའི་རྒྱལ་པོ་སྟེ། །དཔལ་ལྡན་སངས་རྒྱས་དཔའ་བོ་བདུན་ལ་ནི། །རྟག་པར་གུས་པས་ཡིད་ཀྱིས་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །བླ་མེད་ཐར་པའི་གནས་སུ་འདྲེན་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།། ༈ །དེ་བཞིན་གཤེགས་པ་འཆི་མེད་རྔ་སྒྲ་ལ་བསྟོད་པ་འཆི་མེད་མཛོད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྟོབས་བཅུའི་སྟོབས་ལྡན་འཆི་མེད་གོ་འཕང་བརྙེས། །དམ་ཆོས་འཆི་མེད་རྔ་སྒྲ་སྙན་པའི་གསུང༌། །མཐའ་ཡས་ཞིང་གི་ཁྱོན་ལྟར་ཡངས་པའི་ཐུགས། །གདུལ་བྱ་ཀུན་ལ་འཆི་མེད་བདུད་རྩི་འགྱེད། །འཆི་བདག་བདུད་ལས་སྐྱོབ་མཛད་དེ་བཞིན་གཤེགས། །གཟི་བརྗིད་འོད་ཀྱིས་ཁམས་གསུམ་མུན་པ་སེལ། །མ་ལུས་འགྲོ་བའི་གཉེན་དུ་གྱུར་པའི་མཆོག །མཆོག་གི་དངོས་གྲུབ་ཡོངས་སུ་སྟེར་བ་དང༌། །འཇིག་རྟེན་ཀུན་གྱིས་སྒྲོན་མེ་མཆོག་ཏུ་གནས། །པདྨོའི་མཚོ་ལ་ཉི་མའི་འོད་བཞིན་དུ། །བློ་གྲོས་པདྨོ་ཀུན་ནས་རྒྱས་པའི་གཉེན། །འཆི་བདག་མུན་པ་རིང་དུ་སྤོང་མཛད་ལ། །མཆོག་ཏུ་གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །དགེ་འདིས་འཆི་བདག་བདུད་ལས་རྣམ་རྒྱལ་ཏེ། །འཆི་མེད་དངོས་གྲུབ་མྱུར་དུ་ཐོབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་སྤྲིན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་འོ་མའི་ཆུ་ཆར་བསྲུབས་པ་ལས། །ལེགས་པར་འཐོན་པ་སྐུ་ཡི་རི་བོང་ཅན། །མཐའ་ཡས་ཞིང་གི་སྟོན་ཟླའི་འོད་ཚོགས་ཀུན། །མ་ལུས་གཅིག་ཏུ་བསྡུས་པའི་འོད་འཕྲོ་ཞིང༌། །པད་ཟླའི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས། །ཐུགས་རྗེའི་ཞགས་པས་འགྲོ་རྣམས་སྲིད་མཚོ་ལས། །འདྲེན་པར་མཛད་པའི་ཕྲིན་ལས་བླ་ན་མེད། །ཕྱག་གཡས་འོ་མའི་ཆུ་རྒྱུན་འབབ་པ་ལས། །སྡུག་བསྔལ་ཁུར་གྱི་ངལ་བའི་འགྲོ་བ་རྣམས། །ཡོངས་སུ་ཚིམ་པར་མཛད་པ་སྐྱོབ་པའི་དབང༌། །སྒྲིབ་གཉིས་དྲི་མ་མ་ལུས་རབ་སྤངས་པས། །གཡོན་པའི་ཕྱག་ན་མེ་ཏོག་དཀར་པོ་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །འཇིག་རྟེན་ལྷ་བརྒྱས་བསྟོད་དབྱངས་རབ་སྒྲོག་ཅིང༌། །བླ་ན་མེད་པའི་མཆོད་སྤྲིན་ཕུང་པོས་མཆོད། །ཉམས་ཐག་འགྲོ་བ་རྗེས་འཛིན་མཆོག་ཏུ་བསྔགས། །ཚད་མེད་ཐུགས་རྗེས་ཁམས་གསུམ་མ་ལུས་ཁྱབ། །གདུལ་བྱའི་བསམ་པའི་བྱེ་བྲག་མ་ལུས་པ། །མངོན་སུམ་མཁྱེན་ནས་འདུལ་བའི་ཐབས་མང་གིས། །སྡུག་བསྔལ་ཁུར་གྱིས་ངལ་བའི་སེམས་ཅན་རྣམས། །བླ་མེད་ཐར་པའི་ལམ་དུ་འདྲེན་མཛད་པ། །རྗེ་བཙུན་ཁ་སར་པ་ཎི་ཆེ་མཆོག་ལ། །བསྟོད་ཚིག་ཆར་སྤྲིན་ཕྲེང་བས་མཆོད་པར་བགྱི། །གང་ལ་བསྟོད་པའི་དགེ་བས་འགྲོ་བ་རྣམས། །ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །མགོན་པོ་ཚེ་དཔག་མེད་ལ་བསྟོད་པ་འཆི་མེད་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རབ་མཛེས་དམར་བའི་འོད་ཅན་འདབ་སྟོང་སྟེང༌། །ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་དབུས། །མཉམ་པའི་སྟབས་ཀྱིས་གྱེན་དུ་བཞེངས་པའི་སྐུ། །པདྨ་ར་གའི་མདོག་ཅན་འོད་སྟོང་ལྡན། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་སྣོད། །ཕྱག་གཉིས་ཐུགས་ཀར་བསྣོལ་བའི་དབུས་ན་འཛིན། །འཆི་མེད་བདུད་རྩི་སྟེར་བ་ལྷག་པའི་ལྷ། །དམར་བའི་འོད་ཀྱིས་ཁོར་ཡུག་དབུས་ན་མཛེས། །དབུ་སྐྲའི་ཅོད་པན་ལན་བུ་རྟིང་པར་ནོན། །དུས་མིན་འཆི་བ་མ་ལུས་བཟློག་མཛད་པ། །ཉམས་ཐག་སྡུག་བསྔལ་གྱུར་པ་ཀུན་གྱི་སྐྱབས། །རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འཆི་མེད་དངོས་གྲུབ་སྩོལ་བའི་ཚེ་དཔག་མེད། །གུས་པས་བསྟོད་པའི་དགེ་བ་གང་ཐོབ་པ། །འཆི་བདག་བདུད་ལས་རྣམ་པར་རྒྱལ་གྱུར་ཏེ། །འོད་དཔག་མེད་པའི་གོ་འཕང་ཐོབ་པར་ཤོག །ཅེས་ཚེ་དཔག་མེད་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །མཁའ་འགྲོ་མ་སྨེ་བརྩེགས་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས་ཞེས་བྱ་བ། བླ་མ་དང་དཔལ་ལྡན་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀུན་གྱི་བདག་ཉིད་ཅན། །དངོས་གྲུབ་མ་ལུས་སྟེར་མཛད་པ། །དག་བྱེད་བདུད་རྩིའི་ཆར་རྒྱུན་འབེབས། །མཁའ་འགྲོ་མ་ཡི་གཙོ་བོར་འདུད། །མུན་པའི་མདོག་ཅན་པདྨའི་སྟེང༌། །ཉིན་བྱེད་དཀྱིལ་འཁོར་བཀོད་པའི་དབུས། །ཞབས་ཟུང་མཉམ་པའི་འདུག་སྟངས་ཅན། །གཟི་བརྗིད་རབ་འབར་གྱེན་དུ་བཞེངས། །མུན་ནག་ཆར་སྤྲིན་མདོག་ཅན་མ། །དབུ་སྐྲ་དམར་སེར་ཐུན་མཚམས་སྤྲིན། །སྤྱན་གསུམ་དམར་འོད་གློག་ཕྲེང་བཞིན། །བདུད་རྩིའི་བུམ་པ་ཐུགས་ཀར་འཛིན། །མ་དག་དྲི་མ་སྦྱོང་མཛད་ཅིང༌། །མི་རྟོག་ཏིང་འཛིན་གཡོ་བ་མེད། །དངོས་གྲུབ་མ་ལུས་སྩོལ་བའི་དཔལ། །དཔལ་ལྡན་མཁའ་འགྲོ་མ་ལ་འདུད། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་བཀོད་པའི་དབུས། །ཧཱུྃ་ཡིག་མཐིང་ནག་ལས་བྱུང་བདུད་རྩིའི་རྒྱུན། །ལུས་ངག་ཡིད་ཀྱི་དྲི་མ་ཀུན་སེལ་མ། །མཁའ་འགྲོ་མ་ལ་གུས་པས་བསྟོད་པར་བགྱི། །བསྟོད་པའི་དགེ་ཚོགས་དྲི་མེད་པས། །མ་དག་དྲི་མ་དག་གྱུར་ཅིག །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མ་ལུས་ཐོབ་གྱུར་ཅིག །ཅེས་རོང་སྟོང་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །མཁའ་སྤྱོད་དཀར་མོ་ལ་བསྟོད་པ་བྱིན་རླབས་རྣམ་རོལ་ཞེས་བྱ་བ། འཇིག་རྟེན་ལྷ་བརྒྱའི་གཙུག་གིས་རབ་མཆོད་ཅིང༌། །བདེ་སྟོང་ཏིང་འཛིན་སྟོབས་ཀྱི་དབང་པོ་རྒྱས། །པད་ཟླའི་སྟེང་ན་ཡིད་འོང་འཇའ་ཚོན་སྐུ། །རིགས་ལྔའི་ཐོད་ཕྲེང་འདུ་བྱེད་ལྔ་བཅུ་དག །ཡོངས་སུ་དག་པའི་འོད་ཕྲེང་རྒྱན་དུ་བྱས། །ཞིང་ཁམས་རྒྱ་མཚོར་རྣམ་པར་འཕྲོ་བའི་འོད། །ཁམས་གསུམ་མུན་པ་མ་ལུས་སེལ་མཛད་ཅིང༌། །དཔག་མེད་རྫུ་འཕྲུལ་སྟོབས་ཀྱིས་རྣམ་པར་རོལ། །མཁའ་ལ་སྤྱོད་པའི་རིག་འཛིན་མཆོག་གནས་སུ། །འགྲོ་བ་འདྲེན་མཛད་ཕྲིན་ལས་བླ་ན་མེད། །གྲི་ཐོད་ཟུང་གི་རྒྱན་གྱིས་ཕྱག་གཉིས་མཛེས། །སྡུག་བསྔལ་ཀུན་སྐྱོབ་བརྩེ་བའི་བདག་ཉིད་ཅན། །ལྷག་པའི་ལྷ་མཆོག་དཔལ་མོ་བདེ་ཆེན་གནས། །དད་པའི་མེ་ཏོག་ཕྲེང་བ་གུས་པས་བསྟོད། །བསྟོད་པའི་དགེ་ཚོགས་གང་ཞིག་ཐོབ་པ་དེས། །དག་པ་མཁའ་སྤྱོད་གནས་སུ་བགྲོད་པར་ཤོག །ཅེས་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།། ༈ །མཁའ་སྤྱོད་དཀར་མོ་ལ་བསྟོད་པ་རིན་ཆེན་རྒྱན་ཕྲེང་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །པད་ཟླའི་དབུས་ན་ཧྲཱིཿཡིག་ལས་བྱུང་མ། །ཉོན་མོངས་གདུང་སེལ་རབ་དཀར་ཟླ་འོད་ཅན། །ཕྱིན་དྲུག་རྫོགས་པའི་རྒྱན་ཕྲེང་འོད་འབར་ཞིང༌། །ཉོན་མོངས་རབ་བསྲེག་མེ་དཔུང་དབུས་ན་བཞུགས། །ལང་ཚོ་རབ་མཛེས་ཤིན་ཏུ་ཡིད་འོང་མ། །བཅུ་དྲུག་ལོ་ལོན་ཚུལ་གྱིས་གཟི་མདངས་ཅན། །འཁོར་བའི་སྐྱོན་གྱིས་མ་གོས་དཀར་བའི་སྐུ། །གོས་བཟང་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །མ་རིག་གཉིད་ཀྱིས་ནོན་པའི་འགྲོ་བ་རྣམས། །སད་ཕྱིར་སྒྲ་སྟོང་ཧཱུྃ་དང་ཕཊ་སྒྲ་སྒྲོགས། །བདེ་སྟོང་ཟུང་འཇུག་དབྱེར་མེད་ལྷན་ཅིག་སྐྱེས། །དམར་མོ་སྤྱན་གསུམ་མཁའ་ལ་རབ་གཟིགས་མ། །ཕྱོགས་བཅུའི་སངས་རྒྱས་རྣམས་ནི་ལེགས་མཆོད་ཅིང༌། །དུ་བ་འཁྱིལ་བའི་དབུ་སྐྲ་སིལ་བུར་འཆང༌། །ཐབས་ཤེས་གཉིས་མེད་རུས་པའི་རྒྱན་དང་ལྡན། །མཚོན་ཆའི་མཆོག་ནི་མཆན་ཁུང་གཡོན་ན་མཛེས། །དུག་གསུམ་ལྗོན་པ་རྩད་ནས་གཅོད་པའི་ཕྱིར། །ཕྱག་གཡས་གྲི་གུག་མཁའ་ལ་རབ་འཛིན་ཅིང༌། །གཉིས་མེད་བདུད་རྩི་རྣམ་པར་རོལ་པའི་ཕྱིར། །གཡོན་པའི་ཕྱག་གིས་ཐོད་པ་ཡོངས་སུ་འཛིན། །འགྲོ་ལ་རབ་དགྱེས་ཞལ་ནི་འཛུམ་ཁྲོར་བཅས། །ཆོས་ཉིད་འགྱུར་མེད་དབུ་སྐྲ་བུང་བའི་མདོག །རིགས་ལྔའི་ཐོད་པས་དབུ་ལ་རབ་བརྒྱན་ཞིང༌། །རྣམ་རྟོག་རབ་སྤངས་བརྒྱ་ཕྱེད་ཐོད་ཕྲེང་ཅན། །སྒྱུ་མའི་དོན་རྟོགས་འཇའ་ཚོན་གུར་ཁྱིམ་དབུས། །གཟི་བརྗིད་ཕུང་པོ་རི་དབང་ལྷུན་པོ་བཞིན། །འགྲོ་བ་མཁའ་སྤྱོད་གནས་སུ་འདྲེན་མཛད་མ། །བཅོམ་ལྡན་ལྷ་མོའི་གཙོ་ལ་ཕྱག་འཚལ་བསྟོད། །གང་སྐུ་ཡིད་འོང་ཡིད་ལ་སེམས་པ་དང༌། །གསུང་གི་རིག་སྔགས་ཅུང་ཟད་བཟླ་བྱེད་པ། །དག་པ་མཁའ་སྤྱོད་གནས་སུ་འདྲེན་པ་དང༌། །བསྟོད་ཚིག་བརྗོད་པ་དག་ཀྱང་སྐལ་བར་ལྡན། །མདུན་གྱི་ནམ་མཁར་མཛེས་པའི་འཛུམ་ཞལ་ཅན། །ལེགས་པར་བཞུགས་ནས་བྱིན་རླབས་མཐུ་སྟོབས་ཀྱིས། །རིག་འཛིན་མཁའ་སྤྱོད་དབྱིངས་སུ་དྲངས་མཛོད་ཅིག །ཚེ་འདིར་ཐོས་བསམ་སྒོམ་པ་འཕེལ་བར་མཛོད། །ཁྱེད་ལ་བསྟོད་པའི་དགེ་ཚོགས་གང་ཐོབ་པས། །ངན་འགྲོའི་སྡུག་བསྔལ་མ་ལུས་རབ་ཞི་ཞིང༌། །མཐོ་རིས་ཡོན་ཏན་ཕུན་སུམ་ཚོགས་པ་དང༌། །དག་པ་མཁའ་སྤྱོད་གནས་སུ་འདྲེན་པར་ཤོག །ཅེས་སླར་ཡང་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །མཁའ་སྤྱོད་དམར་མོ་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་མ་ལ་ཕྱག་འཚལ་ལོ། །ཚད་མེད་ཡོན་ཏན་འོད་ཀྱི་དྲྭ་བ་ཅན། །པད་ཟླའི་སྟེང་ན་ཅུང་ཟད་འགྱིང་བའི་ཚུལ། །བྱི་རུའི་མདངས་འཕྲོག་ཐུན་མཚམས་སྤྲིན་གྱིས་འོད། །ལང་ཚོ་རབ་རྒྱས་སྒེག་པའི་ཚུལ་འཆང་མ། །དུས་གསུམ་གཟིགས་པའི་སྤྱན་གསུམ་དམར་འོད་ཅན། །ཡོངས་སུ་དག་པའི་མཁའ་ལ་རབ་ཏུ་གཟིགས། །འཇིག་རྟེན་ལྷ་བརྒྱས་ཞབས་ཀྱི་པདྨོ་ལ། །གུས་པས་རབ་འདུད་བཅོམ་ལྡན་མ་ལ་བསྟོད། །ཚུལ་བཟང་ཡོངས་སུ་རྫོགས་པ་གང་གི་སྐུ། །ཀ་ལ་པིང་ཀའི་དབྱངས་ཀྱི་སྒྲ་ལྡན་དང༌། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས་མངའ་ཞིང༌། །དཔག་ཡས་ཡོན་ཏན་ཟག་མེད་བདེ་ཆེན་གནས། །སྲིད་པའི་འཇིགས་གནས་འགྲོ་བ་མ་ལུས་པ། །མཁའ་སྤྱོད་གནས་སུ་འདྲེན་པའི་འཕྲིན་ལས་མ། །མདུན་གྱི་ནམ་མཁར་བཞུགས་ནས་ཐུགས་རྗེ་ཡིས། །འོད་ཟེར་ཀུན་ནས་འཕྲོ་བར་མཛད་དུ་གསོལ། །དམར་བའི་མདོག་ཅན་མཁའ་སྤྱོད་མ་བསྟོད་པའི། །དགེ་ཚོགས་ཚད་མེད་གང་དག་ཐོབ་པ་ལས། །སྡུག་བསྔལ་རབ་འདས་དག་པ་མཁའ་སྤྱོད་གནས། །འགྲོ་ཀུན་བདེ་བླག་ཉིད་དུ་བསྒྲོད་པར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་བསྟོད་པ་བྱིན་རླབས་མྱུར་མགྱོགས་ཞེས་བྱ་བ། བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཚད་མེད་འགྲོ་ལ་ཐུགས་རྗེའི་བདག་ཉིད་ཅན། །སྟོང་ཉིད་རྟོགས་པའི་ཡེ་ཤེས་རབ་རྒྱས་ཏེ། །རྫུ་འཕྲུལ་ཤུགས་ཀྱི་མཁའ་ལ་རབ་འགྲོ་མ། །ཡོན་ཏན་བརྗོད་ལས་འདས་ཀྱང་ཅུང་ཟད་བསྒྲགས། །མན་ངག་བདུད་རྩིའི་རྒྱུན་གྱིས་དྲི་མ་ཀུན། །རབ་ཏུ་དག་བྱེད་དཔའ་བའི་བློ་ལྡན་མ། །སྐྱེ་འཆིའི་སྡུག་བསྔལ་ཀུན་ལས་སྐྱོབ་མཛད་པའི། །ཕུལ་བྱུང་ལས་ཀྱང་ཆེས་ཆེར་ཕུལ་དུ་བྱུང༌། །གསུང་གི་རྔ་སྒྲ་རྣམ་པར་རེག་པ་ལས། །ཡིད་ཀྱི་ཆུ་མཚོར་རྟོགས་པའི་རླབས་གཡོ་ཞིང༌། །མི་རྟོག་ཏིང་འཛིན་ཉི་མའི་སྙིང་པོ་དང༌། །ལྷན་སྐྱེས་བདེ་བའི་འོད་ཟེར་མཉམ་དུ་རྒྱས། །ལྷག་པར་ཞིང་འདིར་གསུང་ཟེར་རབ་འཕྲོས་པས། །གདུལ་བྱ་དུ་མས་རྨད་བྱུང་རྟོགས་པ་ཐོབ། །འཕྲིན་ལས་བཟང་པོ་མི་ཟད་འབྱུང་བའི་གཏེར། །དྲན་པ་ཙམ་གྱིས་བྱིན་རླབས་འཇུག་ལ་འདུད། །ཁྱོད་ལ་བསྟོད་པའི་བསོད་ནམས་ཕུན་ཚོགས་ཀྱིས། །ཐར་པའི་ལམ་དང་ཏིང་འཛིན་ཐོབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།། ༈ །རྡོ་རྗེ་ཕག་མོ་ལ་བསྟོད་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་གི་དགོངས་པའི་ས་ཐོབ་ཅིང༌། །ཟག་མེད་བདེ་ཆེན་རྗེས་ཆགས་བྱི་རུའི་མདོག །ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་བ་ཡིས། །གྲི་ཐོད་བསྣོལ་བས་ཐུགས་ཀར་རྣམ་པར་བརྒྱན། །སྟོང་ཉིད་དོན་རྟོགས་སྐུ་གསུམ་འབྲས་བུ་ཅན། །ཁ་ཊྭཱཾ་ག་ནི་གྲུ་མོར་གྱེན་ཕྱོགས་ཤིང༌། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷ་བརྙེས་པས། །རིགས་ལྔའི་ཅོད་པན་གཙུག་ན་རྣམ་པར་མཛེས། །འདུ་བྱེད་ལྔ་བཅུ་དྲི་མེད་ཡོངས་དག་པས། །མི་མགོའི་ཕྲེང་བའི་དོ་ཤལ་འཕྱང་བ་དང༌། །ཉོན་མོངས་བུད་ཤིང་མཐའ་དག་རབ་བསྲེག་ཕྱིར། །བསྐལ་པའི་མེ་ལྟར་འབར་བའི་དབུས་ན་གནས། །མཆོག་གི་དངོས་གྲུབ་ཀུན་སྟེར་བཅོམ་ལྡན་མ། །དྲན་པ་ཙམ་གྱིས་འཆི་མེད་བདུད་རྩི་ཐོབ། །རྒྱལ་བ་མཆོད་བྱེད་རྣམ་དག་སྐུ་འཛིན་མས། །ས་ཡི་ཁྱོན་འདིར་དགྱེས་པའི་གར་སྟབས་བསྒྱུར། །གང་ལ་མཆོད་བྱེད་སྐྱེ་འཆིའི་འཇིགས་པ་ལས། །གྲོལ་བར་མཛད་པ་རྨད་བྱུང་ལྷག་པའི་ལྷ། །དཔལ་ལྡན་ཕག་མོའི་སྐུ་གསུང་ཐུགས་མཆོག་ལ། །རབ་ཏུ་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བྱིན་རླབས་གཏེར་མཛོད་རྡོ་རྗེ་ཕག་མོ་ལ། །བསྟོད་པའི་དགེ་བས་འཁོར་བའི་འཇིགས་པ་ལས། །གྲོལ་ནས་མཆོག་གི་དངོས་གྲུབ་ཐོབ་པ་དང༌། །ཀུན་ཀྱང་ལྷ་མོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །དཔལ་གསང་བ་འདུས་པ་ལ་བསྟོད་པ་བྱིན་རླབས་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཡེ་ཤེས་ཡོན་ཏན་མི་ཟད་གཏེར། །མཐའ་ཡས་འགྲོ་ལ་བརྩེ་བའི་དགའ་སྟོན་འགྱེད། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པ། །རྨད་བྱུང་འཕྲིན་ལས་ཀུན་འདུས་བསྟོད་པར་བགྱི། །འདབ་སྟོང་སྟེང་ན་ཉི་མའི་དཀྱིལ་འཁོར་དབུས། །ཉིན་བྱེད་འབུམ་གྱི་གཟི་བརྗིད་འཕྲོག་བྱེད་ཅིང༌། །འཕྲིན་ལས་བཞི་ཡི་བདག་ཉིད་ཡིད་འོང་སྐུ། །སྟོབས་བཅུའི་སྟོབས་ཀྱི་བདུད་བཞིའི་དཔུང་ཚོགས་གནོན། །དྲེགས་ལྡན་ཀུན་གྱི་ཞབས་པད་བརྟན་པའི་དཔལ། །ཞལ་གསུམ་ཕྱག་དྲུག་ཨུཏྤལ་མཐིང་ཀའི་མདོག །གཡས་ཞལ་དཀར་པོ་གཡོན་པ་དམར་བའི་མདོག །ཕྱག་གཡས་རྡོ་རྗེ་འཁོར་ལོ་པདྨ་འཛིན། །ཕྱག་གཡོན་དྲིལ་བུ་རིན་ཆེན་རལ་གྲི་དང༌། །ཐུགས་ཀའི་པདྨོ་དམར་བའི་འོད་ལྡན་པ། །ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཡང༌། །ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་འོད་དང་བཅས། །སྤྱན་གསུམ་གློག་འོད་དྲག་པོ་རྣམ་གཡོ་ཞིང༌། །སྐུ་ཡི་དཀྱིལ་འཁོར་འཇའ་འོད་གུར་ཁྱིམ་དང༌། །མཚམས་དཀར་རིན་ཆེན་ཕྲེང་བ་ཀུན་དའི་མདོག །མཐའ་ཡས་ཞིང་ཀུན་ཁྱབ་པའི་འོད་ཟེར་ཅན། །དངོས་གྲུབ་ཀུན་གྱི་གཏེར་གྱུར་ལ་ཕྱག་འཚལ། །ཤེས་བྱ་མ་ལུས་རྣམ་པར་སྣང་མཛད་ཅིང༌། །གསེར་འོད་འཁྱུག་པ་རིན་ཆེན་ཀུན་གྱི་གཏེར། །དམར་བའི་འོད་ཆགས་འཛིན་པ་སྣང་མཐའ་ཡས། །དོན་ཀུན་གྲུབ་མཛད་རིགས་ཀྱི་ལྷ་བཞི་རྒྱལ། །རབ་མཛེས་འཇའ་ཚོན་སྐུ་ཅན་རིགས་ཀྱི་ཡུམ། །སྡུག་བསྔལ་ཉེར་ཞིའི་ཕྲིན་ལས་བསྒྲུབ་མཛད་པ། །མཆོད་པའི་སྤྲིན་གྱིས་རྒྱལ་བ་རྒྱ་མཚོའི་ཚོགས། །རབ་ཏུ་མཆོད་པར་བྱེད་ལའང་ཕྱག་འཚལ་ལོ། །ལྷག་བསམ་དྲི་མེད་ཀུན་ལ་རབ་འཇུག་ཅིང༌། །གཞན་དོན་ཁུར་གྱིས་མི་ངལ་སྲིད་མཐའི་བར། །དོན་གཉིས་བསྒྲུབ་ལ་གཡེལ་བ་མེད་འཇུག་པ། །རྣམ་དག་ཐུགས་མངའ་རྒྱལ་སྲས་རྣམས་ལ་འདུད། །འཇིགས་པའི་གཟུགས་ཅན་སྤྱན་གསུམ་དམར་བའི་འོད། །ཟད་པའི་དུས་ཀྱི་མེ་ཆེན་རབ་འབར་བ། །སྣ་ཚོགས་གཟུགས་ཅན་ཀླུ་དབང་རྒྱན་དུ་བྱས། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །བསྟོད་པའི་དགེ་ཚོགས་གང་ཞིག་ཐོབ་པ་དེས། །མཐོང་བའི་ཆོས་ལ་བདེན་དོན་མཐོང་བ་དང༌། །སྒྲིབ་གཉིས་མུན་པའི་དཔུང་ལས་རྒྱལ་གྱུར་ཅིག །བྱང་ཆུབ་ཉེ་ལམ་མྱུར་བའི་དངོས་གྲུབ་བརྙེས། །བདེ་བླག་ཉིད་དུ་རྩོལ་བར་མཛད་ནས་ཀྱང༌། །ཕྱོགས་རྣམས་ཀུན་ཏུ་བདེ་ལེགས་ཁྱབ་པ་དང༌། །བཀྲ་ཤིས་ཕུན་ཚོགས་རྣམ་པར་རྒྱལ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་ཁང་བཟང་དམ་པར་སྦྱར་བའོ།། ༈ །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་འཁོར་ལོར་འཁོད་པའི་ཁྲོ་བོ་བཅུ་ལ་བསྟོད་པ་རྔམ་པ་སྒྲ་སྒྲོགས་ཞེས་བྱ་བ། བླ་མ་དང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་འགྲོ་ལ་བརྩེ་བ་ཅན། །ཀུན་ལ་བྱམས་པ་འདོར་བ་མེད་གྱུར་ཀྱང༌། །གདུལ་བྱ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །འདབ་སྟོང་དབུས་ན་ཉིན་བྱེད་བཀོད་པའི་སྟེང༌། །གཟི་བརྗིད་རབ་འབར་གར་གྱི་སྟངས་སྟབས་ཅན། །མེ་ལྕེའི་གུར་ཁྱིམ་འབར་བའི་ཀློང་དཀྱིལ་ནས། །སྒེག་ཅིང་དཔའ་བའི་ཚུལ་གྱིས་རྣམ་པར་བཞུགས། །སྤྱན་གསུམ་དམར་བ་གློག་ལྟར་རབ་འཁྱུག་པས། །བདུད་ཀྱི་དཔུང་ཚོགས་མཐའ་ཡས་འཇིགས་བྱེད་ཅིང༌། །ཀུན་གྱི་དབུས་ན་རི་དབང་ལྷུན་པོ་བཞིན། །ཕྱོགས་རྣམས་དུ་མར་འཇིགས་པའི་འོད་ཟེར་འཕྲོ། །ཆར་སྤྲིན་ཁྲོད་ན་གློག་ཕྲེང་རྒྱུ་བ་ལྟར། །དྲག་པོའི་ལྗགས་བསྐྱོད་སྣ་ཚོགས་སྐྲག་བྱེད་ཅིང༌། །འཇིགས་རུང་མཚོན་ཆ་སྣ་ཚོགས་འཛིན་པ་དང༌། །སྟོབས་བཅུའི་སྟོབས་ཀྱིས་བདུད་དཔུང་འཇོམས་པར་མཛད། །དབུ་སྐྲ་དམར་སེར་གྱེན་དུ་བསྐྱོད་པའི་འོད། །རབ་བརྗིད་ཉི་མའི་འོད་ཀྱང་ཕམ་བྱེད་པ། །སྐུའི་ཆ་ཤས་ཅུང་ཟད་བསྐྱོད་པས་ཀྱང༌། །མ་ལུས་འཇིག་རྟེན་ཁམས་ཀུན་གཡོ་བར་འགྱུར། །དབུགས་རླུང་འཕྲོ་བས་ལྷུན་པོའང་འཇིགས་བྱེད་ཅིང༌། །བསྐལ་པའི་མེ་ཆེན་དྲག་ཏུ་འབར་བ་ཡང༌། །ཞལ་ནས་དབུགས་གཅིག་བཏབ་པས་ཞི་མཛད་པའི། །དཔའ་ཆེན་དཔའ་བོ་དཔལ་ལྡན་འཇིགས་སུ་རུང༌། །ཞབས་ཀྱི་གོམ་པ་རབ་ཏུ་བསྐྱོད་པ་ལས། །རྒྱ་མཚོའི་གོས་ཅན་སྐྲག་པས་འདར་བ་བཞིན། །གཟུགས་སྐུའི་དཀྱིལ་འཁོར་ཡིད་ལ་བཀོད་ཙམ་གྱིས། །ཉེར་འཚེའི་འཇིགས་པ་གང་དག་ཞི་བར་འགྱུར། །བཞད་པའི་ང་རོས་སྟོང་གསུམ་འབྲུག་སྒྲ་ཡང༌། །མཐའ་ཡས་ཟིལ་གྱིས་གནོན་པའི་སྒྲ་དབྱངས་ཅན། །རྣམ་དག་ཐུགས་ཀྱིས་མ་ལུས་མཁྱེན་པ་དང༌། །འཇིགས་པ་ཀུན་སྐྱོབ་ཁྲོ་བོའི་ཚོགས་ལ་བསྟོད། །བསྟོད་པའི་དགེ་ཚོགས་གངྒཱའི་ཆུ་རྒྱུན་གྱིས། །ཡིད་ཀྱི་དྲི་མ་མ་ལུས་དག་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །དཔལ་གསང་བ་འདུས་པའི་རིགས་བཞིའི་ལྷ་མོ་རྡོ་རྗེ་མ་ལྔ་ལ་བསྟོད་པ་རིན་ཆེན་རྒྱན་ཕྲེང་ཞེས་བྱ་བ། བླ་མ་དང་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཟག་མེད་བདུད་རྩིས་དབང་པོ་རབ་རྒྱས་ཤིང༌། །དགའ་བདེའི་དཔལ་གྱིས་རྣམ་པར་རོལ་པ་ཅན། །ཚད་མེད་བཞི་ཡིས་འགྲོ་བ་རྗེས་སུ་འཛིན། །འཕྲིན་ལས་རྣམ་བཞིའི་མཛད་པ་ཕུལ་དུ་བྱུང༌། །རིགས་བཞིའི་འགྲོ་བ་མ་ལུས་འདྲེན་པའི་དཔལ། །བགེགས་རྣམས་རབ་འཇིགས་ཡམས་ནད་ཞི་བ་དང༌། །ཚད་མེད་གདུལ་བྱ་ཡོངས་སུ་སྡུད་མཛད་ཅིང༌། །བདུད་བཞིའི་འཇིགས་པ་ལས་སྐྱོབ་ལྷག་པའི་ལྷ། །ཡིད་འོང་མཆོད་སྤྲིན་རྣམ་པར་མཛེས་པ་ལས། །ཡེ་ཤེས་ལྔ་ཡི་བདག་ཉིད་དག་པའི་ལྷ། །རྒྱལ་བ་ཀུན་མཆོད་འདོད་ཡོན་སྤྲིན་ཚོགས་ཀྱིས། །ནམ་མཁའི་དབྱིངས་ཀུན་ཁྱབ་པར་མཛད་པ་མོ། །མི་ཕྱེད་རྡོ་རྗེའི་སྐུ་ཅན་སྐུ་ལྔ་ཡིས། །ཡེ་ཤེས་ལྔ་ལྡན་ལྷ་མོའི་ལྷ་ཚོགས་ཀྱི། །ཞབས་ཀྱི་པདྨོ་སོར་མོའི་འདབ་ཕྲེང་ཅན། །དད་པའི་བློ་ཅན་བདག་གིས་སྤྱི་བོས་འདུད། །བསྟོད་པའི་དབྱངས་སྙན་ཡོངས་སུ་སྤེལ་བ་ལས། །དགེ་ཚོགས་གང་ཞིག་ཐོབ་པ་དེ་ཡིས་ནི། །ལྷག་པའི་ལྷ་ཚོགས་རབ་ཏུ་མཉེས་གྱུར་ཏེ། །རྨད་བྱུང་བྱིན་རླབས་ཡིད་ལ་འཇུག་གྱུར་ཅིག །ཅེས་པ་འདི་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།། ༈ །བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་རྒྱུན་རྣམ་པར་གཡོ་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །བླ་མེད་རྒྱུད་སྡེ་སྙིང་པོའི་དོན་གྱི་ལྷ། །བྱིན་རླབས་འོད་སྟོང་རྣམ་པར་འགྱེད་པ་དང༌། །ཕྲིན་ལས་བཞི་ཡིས་རིགས་བཞིའི་དོན་མཛད་པ། །འགྲོ་བ་ཀུན་གྱི་སྐྱོབ་པ་བླ་ན་མེད། །རྣམ་པར་ཐར་བརྒྱད་དག་པའི་ཞལ་མངའ་ཞིང༌། །བཅུ་ཕྲག་གཉིས་དང་ཆུ་གཏེར་སྤྱན་ཡངས་མཛེས། །ཆར་སྤྲིན་མདངས་འཕྲོག་མུན་པའི་མདངས་ཅན་དེ། །སྔོ་དཀར་དམར་དང་དུད་ཁའི་ཞལ་ནི་མཛེས། །ཚངས་དབང་ཉེ་དབང་དྲག་པོ་བསྣོལ་བའི་སྟེང༌། །སྐུའི་དཀྱིལ་འཁོར་གྱེན་དུ་མངོན་འཕགས་ཤིང༌། །ཞབས་ཀྱི་དཀྱིལ་འཁོར་འཁོར་ལོ་རྣམ་བཀོད་པ། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །སྟོང་ཉིད་བཅུ་དྲུག་རྣམ་པར་དག་པའི་ཕྱག །གཡས་གཡོན་ཕྱོགས་སུ་རྣམ་པར་རྒྱལ་གྱུར་ཏེ། །མི་ཟད་བདུད་ཀྱི་དཔའ་བོ་འཆིང་བྱེད་ཅིང༌། །རིན་ཆེན་རུས་ཕྲེང་སོགས་ཀྱིས་རྣམ་པར་བརྒྱན། །སྟོང་ཉིད་སྙིང་རྗེའི་བདག་ཉིད་སྐུར་གྱུར་པ། །ཐབས་དང་ཤེས་རབ་དབྱེར་མེད་ཡུམ་དང་བཅས། །དངོས་ཀུན་རང་བཞིན་མཆོག་ཏུ་གདོད་ནས་དག །འགྲོ་ཀུན་སྐྱོན་ཀུན་སྐྱོབ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགྱེས་པ་རྡོ་རྗེ་ལ། །ཆ་ཙམ་བསྟོད་པའི་དགེ་བ་ཡིས། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་གོ་འཕང་མྱུར་ཐོབ་ཤོག །ཅེས་དགྱེས་པ་རྡོ་རྗེ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་བསྟོད་པ་རྣམ་པར་རོལ་པའི་སྒྲ་དབྱངས་ཞེས་བྱ་བ། བླ་མེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་རོལ་པ་ཀུན་ཏུ་མི་གཏོང་ཞིང༌། །ཞི་བའི་ཐུགས་མངའ་མི་གཡོ་གནས་གྱུར་ཀྱང༌། །གདུལ་བྱའི་དོན་དུ་ཁྲོས་པའི་སྐུར་སྟོན་པ། །འཇིགས་མཛད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་མཆོག་གནས་གདུལ་བྱའི་དོན་མཛད་པ། །ཀུན་ལས་རྣམ་པར་རྒྱལ་བའི་སྟོབས་ལྡན་པས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མཛད་ཅིང༌། །མ་ཧེའི་གདན་ལ་ཞབས་ཀྱི་དཀྱིལ་འཁོར་བཀོད། །བྱི་རུའི་མདངས་འཕྲོག་གཟི་བརྗིད་ཕུང་པོ་ཅན། །དམར་བའི་འོད་ལྡན་སྤྱན་གསུམ་གློག་ཕྲེང་གཡོ། །ཕྱག་གཡས་རྣམ་པར་རྒྱལ་བའི་དབྱུག་པ་དཀར། །ཕྲག་པའི་སྟེང་ན་འཕྱར་བའི་ཚུལ་ཅན་རྒྱལ། །གཡོན་པ་ཐུགས་ཁར་ཐོད་པའི་སྣོད་འཛིན་ཅིང༌། །མེ་ཆེན་འབར་བའི་ཁྲོད་ན་རབ་འགྱིང་བ། །ཉོན་མོངས་དུག་ལྔ་དག་པའི་སྐུ་མངའ་ཅན། །ཡེ་ཤེས་ལྔ་ལྡན་སྐུ་ལྔ་མཆོག་ལ་འདུད། །གང་ལ་བསྟོད་པའི་དགེ་ཚོགས་དྲི་མེད་པས། །ཀུན་ལས་རྣམ་པར་རྒྱལ་བའི་སྐུ་ཐོབ་ཅིང༌། །མཛད་པ་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང༌། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཅེས་རོང་སྟོན་ཆེན་པོས་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལ་བསྟོད་པ་འཇིགས་པའི་སྒྲ་སྒྲོགས་ཞེས་བྱ་བ། བླ་མ་དང་དཔལ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཁྲོས་པའི་ཚུལ་གྱིས་སྐུར་སྟོན་པ། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །ནག་ཕྱོགས་བདུད་ཀྱི་དཔུང་ཚོགས་བཅས་པ་ཀུན། །མ་ལུས་མཐར་བྱེད་མཐུ་སྟོབས་ཅན་ལ་འདུད། །སྤྲུལ་པའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་ཅིང༌། །རྣམ་མང་དབུ་ལ་རེ་རེའི་སྤྱན་གསུམ་དམར། །རྣམ་དག་ཕྱག་ན་འཇིགས་པའི་མཚོན་ཆ་ཅན། །མ་ཧེའི་གདན་ལ་འཇིགས་པའི་ཚུལ་གྱིས་བཞུགས། །མི་འཇིགས་དཔུང་ཚོགས་རྒྱས་པའི་མེ་འོད་ཀྱིས། །སྲིད་པའི་མུན་ནག་མ་ལུས་རྣམ་སེལ་ཞིང༌། །འགྲོ་ཀུན་དབུགས་འབྱིན་མཛད་པའི་ཕྲིན་ལས་ཅན། །རྫུ་འཕྲུལ་ཞབས་ལྡན་ཁྲོ་བོའི་རྒྱལ་པོར་འདུད། །ཡོན་ཏན་མི་ཟད་མཆོག་ཏུ་གྱུར་པའི་ལྷ། །འཇམ་དབྱངས་ཁྲོས་པའི་ཚུལ་སྟོན་གཟུགས་ཀྱི་སྐུ། །བདུད་དཔུང་མ་ལུས་རྣམ་པར་འཇིགས་བྱེད་པ། །བཅོམ་ལྡན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གང་ལ་གུས་པས་བསྟོད་པའི་དགེ་ཚོགས་ཀྱིས། །མི་མཐུན་ཕྱོགས་རྣམས་ཀུན་ལས་རྒྱལ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ། །ཤུ་བྷཾ།། ༈ །དཔལ་འཁོར་ལོ་བདེ་མཆོག་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡིད་འོང་མཚན་དཔེ་རབ་ལྡན་གཟི་བརྗིད་འབར། །ཟག་མེད་བདེ་ཆེན་མཆོག་གིས་གང་བ་པ། །ལས་བཞིའི་དབང་བྱེད་སྐུ་བཞིའི་ཞལ་མངའ་ཞིང༌། །མཐིང་ཀ་ལྗང་དང་དམར་སེར་ཞལ་ཀྱི་མདོག །ཁྲོ་འཛུམ་དཀྱིལ་འཁོར་རེ་རེའང་སྤྱན་གསུམ་འབར། །བཅུ་གཉིས་དག་པའི་ཕྱག་གིས་རབ་མཛེས་ཤིང༌། །ཐབས་ཤེས་ཟུང་གིས་རྡོར་དྲིལ་ཐུགས་ཀར་བསྣོལ། །གཏི་མུག་རབ་སྤངས་གླང་ཆེན་ལྤགས་པ་འཛིན། །ལེགས་པར་འདོམས་པའི་སྒྲ་དབྱངས་ཌཱ་མ་རུ། །སྲིད་རྩ་གཅོད་པའི་དགྲ་སྟྭ་གྲི་གུག་དང༌། །དུག་གསུམ་རབ་འཇོམས་རྩེ་གསུམ་གཡས་ནས་བསྣམས། །ཁ་ཊྭཱཾ་ཀ་དང་ཐོད་པ་ཞགས་པ་དང༌། །ཚངས་པའི་མགོ་བོ་གཡོན་པའི་ཕྱག་མཛེས་ཤིང༌། །ཨིནྡྲ་ནི་ལའི་ཕུང་པོ་བརྩེགས་པའི་སྐུ། །ཉིན་མོར་བྱེད་པའི་གཟི་བརྗིད་འཕྲོག་བྱེད་ཅིང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །མྱུར་བའི་མཁྱེན་པས་མ་ལུས་ཅིག་ཅར་མཁྱེན། །མྱུར་བའི་རྫུ་འཕྲུལ་དཔག་མེད་སྟོན་མཛད་ཅིང༌། །མྱུར་བའི་མངོན་ཤེས་རྣམ་དག་སྐྱོན་བྲལ་བ། །མྱུར་བའི་དངོས་གྲུབ་སྩོལ་བར་མཛད་ལ་འདུད། །ལྷག་པའི་ལྷ་མཆོག་བསྟོད་པའི་དགེ་ཚོགས་ཀྱིས། །ལུས་ཅན་མ་ལུས་སྲིད་མཚོ་ལས་བསྒྲལ་ནས། །དཔག་ཡས་ཡོན་ཏན་ཀུན་གྱིས་རབ་མཛེས་པ། །བླ་མེད་ཐར་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བདེ་མཆོག་གི་འཁོར་ལོ་བཞིའི་ལྷ་ཚོགས་ལ་བསྟོད་པ་བདུད་རྩིའི་དགའ་སྟོན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་རྫུ་འཕྲུལ་དཔག་མེད་ཀྱིས། །མཐའ་ཡས་ཞིང་གི་གདུལ་བྱ་སྨིན་མཛད་ཅིང༌། །གསུང་གི་དཀྱིལ་འཁོར་ཡན་ལག་དྲུག་ཅུའི་དབྱངས། །དམ་ཆོས་བདུད་རྩིས་འགྲོ་ལ་ཁྱབ་པར་མཛད། ཐུགས་ཀྱི་དཀྱིལ་འཁོར་མཐའ་བྲལ་མངོན་གྱུར་ནས། །མ་ལུས་མངོན་སུམ་མཁྱེན་པར་མཛད་པ་ཡིས། །དམ་ཚིག་འཁོར་ལོ་གནས་པའི་ལྷ་ཚོགས་ཀྱི། །རྨད་བྱུང་དངོས་གྲུབ་སྦྱིན་པར་མཛད་ལ་འདུད། །དགའ་བདེ་མི་ཟད་སྦྱིན་པའི་གཏེར་མངའ་བ། །བདེ་མཆོག་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པའི། །དགེ་ཚོགས་གང་ཞིག་ཐོབ་པ་དེ་དག་གིས། །ཚེ་འདི་ཉིད་ལ་དངོས་གྲུབ་མཆོག་ཐོབ་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །སྙིང་པོའི་རྣལ་འབྱོར་མ་བཞིའི་བསྟོད་པ་སྙིང་པོ་མཆོག་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །ཟག་མེད་བདུད་རྩིའི་རྣམ་པར་རོལ་པའི་སྐུ། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག་གྱུར་པ། །རྣལ་འབྱོར་མ་རྣམས་ཀུན་གྱི་མཆོག་གྱུར་གནས། །འཕྲིན་ལས་བཞི་ཡིས་འགྲོ་དོན་མཛད་ལ་འདུད། །རིགས་བཞིའི་གདུལ་བྱ་ཡོངས་སུ་སྨིན་པ་དང༌། །ཟག་མེད་བདེ་བའི་དགའ་སྟོན་འགྱེད་པའི་གཏེར། །འགྲོ་ལ་ཕན་པའི་ཕྲིན་ལས་རབ་སྩོལ་བ། །ཚད་མེད་ཡོན་ཏན་དག་གིས་སྤྲས་ལ་འདུད། །རྣལ་འབྱོར་མ་རྣམས་གུས་པས་རབ་བསྟོད་པའི། །དགེ་བས་རྣལ་འབྱོར་མ་ཚོགས་འགྲུབ་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲར་སྦྱར་བའོ།། ༈ །འཇམ་དབྱངས་སྨྲ་སེང་ལ་བསྟོད་པ་ཤེས་རབ་ཀྱི་གཏེར་མཛོད་ཅེས་བྱ་བ། བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་ལྟ་ངན་འཇོམས་མཛད་པ། །སྨྲ་བའི་སེང་གེ་མཁྱེན་པའི་བདག་ཉིད་ཅན། །ཡན་ལག་དྲུག་ཅུ་གསུང་གི་སྒྲ་དབྱངས་ཀྱིས། །ཕས་རྒོལ་ལོག་རྟོག་ཀུན་འཇོམས་ཁྱོད་ལ་འདུད། །ཐུགས་ཀྱི་ཆར་སྤྲིན་མཁྱེན་རབ་གློག་འོད་འཁྱུག །མ་རིག་མུན་པ་རིང་དུ་སྤོང་བ་དང༌། །ངག་གི་སྤོབས་པ་འབྱིན་མཛད་ལྷག་པའི་ལྷ། །སྨྲ་བའི་སེང་གེ་འཇམ་དཔལ་དབྱངས་ལ་འདུད། །གང་སྐུ་ཡིད་འོང་ཡིད་ལ་སེམས་བྱེད་ཅིང༌། །ངག་གིས་རིགས་སྔགས་དག་ཀྱང་བཟླ་བྱེད་པ། །སྤོབས་པ་མི་ཟད་ཡོངས་སུ་སྟེར་བའི་མཛོད། །གུར་གུམ་མདོག་ཅན་འཇམ་དཔལ་དབྱངས་ལ་འདུད། །ཁམས་གསུམ་ཀུན་ལ་རྒྱལ་བའི་སྟོབས་མངའ་བ། །གདོང་ལྔའི་སྟེང་ན་རབ་མཛེས་ཞི་བའི་སྐུ། །ཟུར་ཕུད་ལྔ་ལྡན་རིན་ཆེན་རྒྱན་གྱིས་མཛེས། །ཆོས་སྒྲོགས་ཕྱག་རྒྱས་ཐུགས་ཁར་མཚན་ལ་འདུད། །གང་ལ་ཅུང་ཟད་བསྟོད་པས་འགྲོ་བ་ཀུན། །ལྷག་པའི་ཤེས་རབ་རྣམ་པར་རྒྱས་གྱུར་ཅིག །ཅེས་འཇམ་དབྱངས་སྨྲ་སེང་ལ་བསྟོད་ལ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བཅོམ་ལྡན་འདས་མི་གཡོ་མགོན་པོ་ལ་བསྟོད་པ་སྤོབས་པ་མི་ཟད་འབྱུང་བའི་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་གཟི་བརྗིད་འོད་སྟོང་ལྡན། །གསུང་གི་དཀྱིལ་འཁོར་དཔག་མེད་སེང་གེའི་སྒྲ། །ཐུགས་ཀྱི་དཀྱིལ་འཁོར་མི་འཇིགས་སྤོབས་པ་བརྙེས། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །འདབ་སྟོང་དབུས་ན་ཉིན་བྱེད་དཀྱིལ་འཁོར་དག །རྣམ་པར་བཀོད་པའི་དབུས་ན་ལྷུན་པོ་བཞིན། །གྱད་ཀྱི་དཔའ་བོ་རོལ་པའི་སྟངས་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་དབུས་ན་རབ་ཏུ་བཞུགས། །མཐའ་ཡས་ཞིང་གི་ཉིན་བྱེད་དཀྱིལ་འཁོར་གྱི། །འོད་སྟོང་མ་ལུས་བསྡུས་པའི་གཟི་བརྗིད་ཅན། །ཆར་སྤྲིན་དབུས་ན་གློག་ཕྲེང་འགྱུ་བ་ལྟར། །མཐའ་ཡས་ཞིང་གི་ཉིན་བྱེད་དཀྱིལ་འཁོར་གྱི། །འོད་སྟོང་མ་ལུས་བསྡུས་པའི་གཟི་བརྗིད་ཅན། །ཆར་སྤྲིན་དབུས་ན་གློག་ཕྲེང་འགྱུ་བ་ལྟར། །དམར་བའི་ལྗགས་བསྐྱོད་སྣ་ཚོགས་འཇིགས་པ་སྟོན། །དབུགས་རླུང་རྣམ་པར་འཕྲོ་བས་ལྷུན་པོ་ཡང༌། །རབ་ཏུ་འཇིག་ཅིང་རྡུལ་ཕྲན་ལྟར་མཛད་དེ། །ཞབས་ཀྱི་གོམ་པ་བསྐྱོད་པས་རབ་འབྱམས་ཞིང༌། །རྒྱ་མཚོའི་གོས་ཅན་སྐྲག་པས་འདར་བ་སྙམ། །ཟད་པའི་དུས་ཀྱི་མེ་ཆེན་འབར་བ་ཡང༌། །ཞལ་གྱི་དབུགས་གཅིག་བཏབ་པས་འཇིལ་བ་དང༌། །ཡངས་པའི་ལྟོ་བར་འཇིག་རྟེན་ཀུན་རྫོགས་ཤིང༌། །ཆར་སྤྲིན་སྟུག་པོ་འཐིབས་ལྟར་རྔམ་པའི་གཟུགས། །དུས་གསུམ་གཟིགས་པ་སྤྱན་གསུམ་དམར་བ་ཡི། །ཁོར་ཡུག་བཀོད་པས་བདུད་དཔུང་སྐྲག་མཛད་ཅིང༌། །ཕྱག་གཡས་རལ་གྲི་མེ་ལྕེ་འབར་བའི་འོད། །འཇིག་རྟེན་མ་ལུས་ཡོངས་སུ་སྣང་བར་བྱེད། །སྡིགས་མཛུབ་རྡོ་རྗེར་བཅས་པས་འཇིག་རྟེན་གྱིས། །ས་གཞིའི་ཁྱོན་རྣམས་མ་ལུས་འཆིང་བྱེད་ཅིང༌། །མི་ཟད་བདུད་སྡེའི་དཔུང་གིས་ཕྱག་བྱས་པ། །བ་སྤུ་རེ་ལས་ཁྲོ་རྒྱལ་སྤྲུལ་པ་འགྱེད། །སྐུ་ཡི་དཀྱིལ་འཁོར་ཡིད་ལ་སེམས་པ་དང༌། །ངག་གི་རིགས་སྔགས་རྒྱལ་པོ་བཟླ་བྱེད་པ། །སྤོབས་པ་མི་ཟད་སྩོལ་པའི་བཅོམ་ལྡན་འདས། །རབ་བརྗིད་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ། །ལྷག་པའི་ལྷ་མཆོག་མི་གཡོ་མགོན་པོ་ལ། །བསྟོད་པའི་དགེ་ཚོགས་གང་ཞིག་གྲུབ་པ་དེས། །མཁྱེན་པའི་འོད་སྟོང་རབ་ཏུ་འབར་བ་ལས། །ཁམས་གསུམ་མུན་པ་མ་ལུས་སེལ་གྱུར་ཅིག །ཅེས་བཅོམ་ལྡན་འདས་མི་གཡོ་དཀར་པོ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བཅོམ་ལྡན་འདས་ཀུན་རིག་ལ་བསྟོད་པ་ཡེ་ཤེས་ཀྱི་སྣང་བ་ཀུན་ཏུ་རྒྱས་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་པའི་གངས་རི་ཀུན་ནས་མངོན་མཐོ་ཞིང༌། །བརྩེ་བའི་ཆུ་རྒྱུན་དྲི་མེད་རབ་རྒྱས་པས། །འགྲོ་བའི་སྡུག་བསྔལ་དྲི་མ་ཀུན་སེལ་བ། །ཚད་མེད་རིག་པ་ཐུགས་རྗེ་ཅན་ལ་འདུད། །པད་དཀར་ཟླ་བའི་དཀྱིལ་འཁོར་བརྩེགས་པའི་དབུས། །རྡོ་རྗེ་སྐྱིལ་ཀྲུང་མི་གཡོ་བརྟན་བཞུགས་ནས། །ཏིང་འཛིན་ཕྱག་རྒྱ་ཡོངས་སུ་འཆིང་མཛད་ཅིང༌། །རབ་དཀར་ཀུ་མུད་ཟླ་བའི་འོད་དང་ལྡན། །མཛོད་སྤུའི་འོད་ཀྱིས་ཁམས་གསུམ་སྣང་བྱས་ཏེ། །འགྲོ་ཀུན་ངན་སོང་སྡུག་བསྔལ་མུན་པའི་ཚོགས། །མ་ལུས་ཞི་མཛད་ཚད་མེད་ཐུགས་རྗེ་ཅན། །སྦྱོང་བའི་རྒྱལ་པོ་བཅོམ་ལྡན་འདས་ལ་འདུད། །ངན་སོང་ཁུར་གྱིས་ངལ་བའི་ལུས་ཅན་རྣམས། །བླ་མེད་ཐར་པའི་ལམ་དུ་འདྲེན་མཛད་པ། །ཟླ་ཟེར་མངོན་པར་མཐོ་བའི་གངས་རི་བཞིན། །འཁོར་ཚོགས་རྒྱ་མཚོའི་དབུས་ན་མངོན་པར་མཐོ། །ཆོས་དབྱིངས་མཁའ་ལྟར་སྣང་བའི་རྫུ་འཕྲུལ་གྱིས། །ཉོན་མོངས་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས། །སྡུག་བསྔལ་ཉེར་ཞི་ཞི་བའི་སར་འགོད་པ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས་ལ་འདུད། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུར་དམིགས་ནས། །རིག་སྔགས་རྒྱལ་པོ་བཟླས་པ་ཙམ་གྱིས་ཀྱང༌། །ཁམས་གསུམ་སྡུག་བསྔལ་མ་ལུས་ཞི་བྱེད་པའི། །བཅོམ་ལྡན་ཀུན་རིག་འཁོར་དང་བཅས་ལ་འདུད། །གང་ལ་གུས་པས་བསྟོད་པའི་དགེ་ཚོགས་ཀྱིས། །མ་ལུས་འགྲོ་བས་ཀུན་རིག་ཐོབ་གྱུར་ནས། །ངན་སོང་གནས་རྣམས་མ་ལུས་སྟོངས་པ་དང༌། །བདག་གི་སྨོན་ལམ་ཇི་བཞིན་འགྲུབ་གྱུར་ཅིག །བཅོམ་ལྡན་འདས་ཀུན་རིག་ལ་བསྟོད་པ་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།། ༈ །ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལ་བསྟོད་པ་འཆི་མེད་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་འོ་མའི་ཆུ་བོ་བསྲུབས་པ་ལས། །ལེགས་པར་འཐོན་པ་ཟླ་འོད་འཕྲོ་བའི་སྐུ། །ཡིད་འོང་འཇའ་ཚོན་གུར་ཁྱིམ་བཀོད་པའི་དབུས། །ཉི་མའི་འོད་ཀྱིས་རེག་པའི་གངས་རི་བཞིན། །ཕྱག་ན་མི་ཕྱེད་རྡོ་རྗེ་རབ་འབར་བས། །འཆི་བདག་བདུད་ཀྱི་དཔུང་ཚོགས་འཇོམས་པ་དང༌། །མི་འཇིགས་སྦྱིན་པ་སྐྱབས་སྦྱིན་ཕྱག་རྒྱ་ཡིས། །མཐའ་ཡས་འགྲོ་བའི་སྡུག་བསྔལ་སྐྱོབ་པར་མཛད། །སེམས་ཅན་ཀུན་གྱི་མགོན་དུ་གྱུར་ནའང༌། །མེ་ཏོག་མདའ་ཅན་དཔུང་ཚོགས་ཕམ་མཛད་དེ། །མུ་མཐའ་བྲལ་བའི་མཐའ་ཡས་ཐུགས་རྗེ་ཡིས། །ཞིང་རྡུལ་གྲངས་མཉམ་འགྲོ་ལ་འོད་སྟོང་འགྱེད། །གང་གི་མདུན་ཕྱོགས་ལྷ་ཡི་གུས་པས་འདུད། །གདེངས་ཅན་དབང་པོས་རྒྱ་མཚོའི་མཆོད་ཡོན་དང༌། །ལྷ་བུ་གཞོན་ནུས་སྤྲིན་དཀར་གདུགས་འཛིན་སོགས། །རབ་སྙན་ལྷ་མིའི་མཆོད་པ་ཕུལ་བྱུང་བརྙེས། །ཡིད་འོང་སྐུ་ཡི་དཀྱིལ་འཁོར་མཛེས་པ་ལ། །རྒྱུ་སྐར་དབང་པོ་ངོ་མཚར་ལྡན་པའི་བློས། །སྐར་ཚོགས་དུ་མའི་ཚོགས་དང་ལྷན་ཅིག་ཏུ། །རབ་ཏུ་བསྐུལ་ནས་གླིང་འདིར་འོངས་པ་བཞིན། །ཉིན་མོར་བྱེད་པའང་འགྲན་ཟླ་འཚོལ་ཕྱིར་དུ། །གླིང་བཞི་ཀུན་ཏུ་ཡང་ཡང་རྒྱུ་ན་ཡང༌། །འགྲན་ཟླ་མ་མཐོང་ཤིན་ཏུ་ངལ་གྱུར་པས། །ནུབ་ཀྱི་ཕྱོགས་སུ་འབྲོས་པར་རྩོམ་པ་ན། །འཆི་བདག་བདུད་ལས་རྒྱལ་བའི་ཕྲིན་ལས་ཀྱིས། །མཐའ་ཡས་ཞིང་དུ་དམ་ཆོས་ཟློས་གར་བསྒྱུར། །གསུང་དབྱངས་འཆི་མེད་རྔ་སྒྲའི་དཔལ་འཕྲོག་ཅིང༌། །རྣམ་དག་ཐུགས་ནི་མཁའ་ལྟར་ཡངས་ལ་འདུད། །འཆི་བདག་བདུད་འཇོམས་ལྷག་པའི་ལྷ་ཚོགས་ལ། །བསྟོད་ཚིག་མེ་ཏོག་སྙིམ་པས་གུས་མཆོད་པས། །ལྷ་མིའི་བདེ་བ་ཕུན་ཚོགས་ལྡན་གྱུར་པ། །འཆི་བདག་བདུད་ལས་རྣམ་པར་རྒྱལ་གྱུར་ཅིག །ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཀུན་ཏུ་བཟང་པོ་ལ་བསྟོད་པ་དགའ་བའི་མེ་ཏོག་ཀུན་ནས་རྒྱས་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཀུན་ཏུ་དགའ་བའི་འོད་ཟེར་ཕྲེང་བ་ཡིས། །སྲིད་པའི་མུན་པ་རིང་དུ་སྤོང་མཛད་ཅིང༌། །མ་སྨད་ཡིད་འོང་བཟང་པོའི་མཛོད་འཛིན་པ། །ཀུན་བཟང་བླ་མ་ལྷ་ཡི་ལྷ་ལ་འདུད། །གངས་རིའི་ངོས་ལ་ཟླ་འོད་གཡོ་བ་ལྟར། །རབ་དཀར་དྲི་མེད་འོད་སྟོང་རྒྱས་པའི་མདངས། །ཕྱོགས་བཅུར་འཕྲོས་པས་མཐའ་ཡས་འགྲོ་ཀུན་གྱིས། །མི་ཤེས་མུན་པ་རིང་དུ་སྤོང་བར་མཛད། །མ་དྲོས་མཚོ་ལ་ཆུ་ཀླུང་འབབ་པ་བཞིན། །བྱིན་རླབས་ཆུ་རྒྱུན་ཕྱོགས་བྲལ་རབ་ཏུ་གཡོ། །ཉིན་བྱེད་དབང་པོ་འོད་རིས་གཡོ་བ་ལས། །ཀུ་མུད་མཛེས་ཀྱང་ཟུམ་ནས་ཐོན་མ་ནུས། །ཕ་རོལ་ཡིད་དགའ་འཛུམ་ཟེར་མེ་ཏོག་གི །འདབ་མའི་རྩེ་ལ་ཆུ་ཡི་ཐིགས་པ་དག །རླུང་གིས་རབ་ཏུ་བསྐྱོད་པས་ལྷུང་བ་ལྟར། །ཐུགས་རྗེའི་ཟེག་མས་རབ་ཏུ་གཡོ་བ་བྱེད། །མྱ་ངན་མེད་པའི་ཤིང་གི་མེ་ཏོག་བཞིན། །འགྲོ་ཀུན་དགའ་བའི་གེ་སར་འཛུམ་མདངས་ཅན། །སྒྲིབ་གཉིས་དྲི་མེད་སེལ་བའི་དྲི་ཞིམ་དང༌། །ཕུན་ཚོགས་ཡོན་ཏན་དཔག་མེད་མཉམ་དུ་རྒྱས། །མ་ལུས་འགྲོ་བའི་དབུགས་འབྱིན་མཛད་པ་ལ། །ཀུན་ཏུ་ཕྲིན་ལས་བཟང་པོའི་འོད་ཟེར་དག །རྣམ་པར་འཕྲོ་བས་ཀུན་སྦྱོར་མུན་པ་རྣམས། །རིང་དུ་སྤངས་པའི་ཡེ་ཤེས་སྣང་བ་ཅན། །ལྷ་དང་ལྷ་མིན་སྤྱི་བོར་ཐལ་སྦྱར་ནས། །སྐྱབས་གསུམ་ཞབས་ཀྱི་པདྨོར་འདུད་པ་དང༌། །ཞི་འོད་ཆགས་པས་ཕ་རོལ་ཡིད་དགའ་ཞིང༌། །དཀར་པོའི་ཡོན་ཏན་ཆ་ཤས་མ་ལུས་རྫོགས། །སྐྱབས་མེད་རྣམས་ཀྱིས་སྐྱོབ་པའི་མགོན་གྱུར་པ། །དྲན་པ་ཙམ་གྱིས་སྡུག་བསྔལ་རབ་ཞི་ཞིང༌། །བརྩེ་བའི་བདག་ཉིད་འདྲེན་པའི་གཙོར་གྱུར་པ། །ཡིད་འོང་མཚན་དཔེའི་མེ་ཏོག་རྣམ་པར་རྒྱས། །གཞན་དོན་ལྷུར་ལེན་ཉམས་ཐག་སྐྱེ་བོ་ལ། །ཐུགས་རྗེའི་འོད་དཀར་ཀུན་ནས་འཕྲོ་མཛད་པ། །ཀུན་ཏུ་བཟང་པོའི་ཞབས་པད་དྲི་མེད་ལ། །རབ་ཏུ་གུས་པས་ཡིད་ཀྱིས་ཕྱག་འཚལ་བསྟོད། །བསྟོད་ཚིག་མེ་ཏོག་ཕྲེང་བས་མཆོད་པ་ལས། །དགེ་ཚོགས་གྲུབ་པ་གང་དེས་འགྲོ་བ་ཀུན། །སྐྱོབ་པ་བླ་མེད་གོ་འཕང་མྱུར་ཐོབ་ཅིང༌། །ཀུན་བཟང་སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག །ཅེས་ཀུན་ཏུ་བཟང་པོ་ལ་བསྟོད་པ་རོང་སྟོན་ཆེན་པོས་སྦྱར་བའོ།། ༈ །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་བསྟོད་པ་ཡེ་ཤེས་ཀྱི་སྣང་བ་ཀུན་ནས་རྒྱས་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལྷ་བརྒྱའི་གཙུག་གིས་རབ་མཆོད་ཅིང༌། །འོད་ཟེར་རབ་རྒྱས་འཇའ་ཚོན་ལྟ་བུའི་སྐུ། །རབ་སྙན་གསུང་ནི་ལྷ་ཡི་རྒྱུད་མངས་ལྟར། །རྣམ་པར་མཛེས་པའི་དགའ་སྟོན་འགྱེད་པར་མཛད། །ཤེས་བྱ་མ་ལུས་མངོན་སུམ་མཁྱེན་པ་ཡིས། །ཆོས་ཀུན་མ་འདྲེས་སོ་སོར་རྣམ་འབྱེད་ཀྱང༌། །རོ་མཉམ་ཉིད་དུ་ཡང་དག་ཐུགས་ཆུད་ཅིང༌། །མཐའ་ཡས་ཞིང་དུ་སྐུ་ཡི་རྫུ་འཕྲུལ་འགྱེད། །ས་ཡི་མཐར་ཐུགས་སྤངས་རྟོགས་ཀུན་བརྙེས་ཤིང༌། །ཡེ་ཤེས་འོད་ཀྱི་སྣང་བ་རབ་རྒྱས་པས། །དཔག་ཡས་གདུལ་བྱར་གྱུར་པའི་འགྲོ་རྣམས་ཀྱི། །སྒྲིབ་གཉིས་མུན་པ་མ་ལུས་རྣམ་པར་སེལ། །ཆོས་རྣམས་དམིགས་སུ་མེད་ཀྱང་ཆོས་ཀུན་སྟོན། །བདེན་མེད་རྟོགས་ཀྱང་བདེན་པ་སྟོན་པར་མཛད། །འབད་རྩོལ་མེད་ཀྱང་ཕྲིན་ལས་སྣ་ཚོགས་བསྒྲུབས། །ཀུན་སྦྱོར་འཆིང་བ་བདུད་ཀྱི་དཔའ་བོ་འཆིང༌། །སྒྲིབ་པ་རྣམ་སེལ་བརྩེ་བའི་བདག་ཉིད་ཅན། །འགྲོ་བ་ཀུན་ལ་ཕན་བདེའི་མཆོག་སྩོལ་བ། །སྐྱབས་མེད་རྣམས་ཀྱི་སྐྱོབ་པ་མཆོག་ལ་ནི། །རབ་ཏུ་དང་བས་ཡིད་ཀྱིས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ། །བསྟོད་པའི་དགེ་བས་འགྲོ་བ་མ་ལུས་པའི། །སྒྲིབ་པ་མ་ལུས་རྣམ་པར་སེལ་གྱུར་ཅིག །སྒྲིབ་བྲལ་ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །སྒྲོལ་མ་ཨུ་གྲ་ཏཱ་ར་ལ་བསྟོད་པ་སྤོབས་པ་མི་ཟད་པའི་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡིད་འོང་པདྨའི་གདན་མཆོག་བཀོད་པའི་དབུས། །སེམས་བྲལ་གཟུགས་ཀྱི་བཀོད་པ་གནས་པའི་སྟེང༌། །གཟི་བརྗིད་ཕུང་པོ་བལྟ་བར་མི་བཟོད་པ། །ཆར་སྤྲིན་མདངས་འཕྲོག་དྲག་པོའི་གཟུགས་ཀྱིས་གནས། །ཕས་ཀྱི་རྒོལ་བའི་དཔུང་ཚོགས་ཟིལ་གྱིས་གནོན། །མཁྱེན་པའི་འོད་ཟེར་ཀུན་ནས་རབ་རྒྱས་པས། །རྨོངས་པའི་མུན་པ་ཀུན་ནས་སེལ་མཛད་མ། །རྗེ་བཙུན་ལྷ་མོ་དྲག་མོ་ཁྱོད་ལ་འདུད། །གང་ཐོད་གྲི་གུག་ཟུང་གིས་ཐུགས་ཀར་མཛེས། །རལ་གྲི་ཨུཏྤལ་ཕྱག་མཚན་འཛིན་པ་དང༌། །རབ་མཛེས་སྔོ་བའི་མདོག་ཅན་སྤྱན་གསུམ་མ། །གཡས་བརྐྱངས་གཡོན་བསྐུམ་སྟབས་ཀྱིས་མཛེས་པར་བཞུགས། །བསྐལ་པའི་མེ་ལྟར་འབར་བའི་ཀློང་གནས་ཤིང༌། །ལྷག་པའི་ཤེས་རབ་མི་ཟད་འབྱིན་པའི་ལྷ། །རིག་གནས་མ་ལུས་རིག་པ་དོན་གཉེར་བས། །ལྷག་པར་བརྟེན་འོས་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་ཡིད་ལ་སེམས་བྱེད་ཅིང༌། །ངག་གི་རིགས་སྔགས་རབ་ཏུ་བཟླ་བྱེད་པ། །ཀུན་ནས་ཀུན་ཏུ་མཁྱེན་པ་རྒྱས་བྱེད་མ། །གཙུག་གི་ནོར་བུས་གུས་པས་འདུད་པར་བགྱིད། །གང་ལ་བསྟོད་ཚིག་འདི་ཡིས་བསྟོད་བྱེད་པ། །སྤོབས་པ་མི་ཟད་ཀུན་ནས་རྒྱས་གྱུར་ཅིག །མཁས་པའི་གོ་འཕང་མྱུར་དུ་ཐོབ་པ་དང༌། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཐོབ་ཤོག །ཅེས་སྒྲོལ་མ་ཨུ་གྲ་ཏཱ་ར་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །ཉེ་བའི་སྲས་བརྒྱད་ལ་བསྟོད་པ་བྱིན་རླབས་ཀྱི་ཆུ་ཆར་གཡོ་བའི་སྤྲིན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་སྐུ་སྤྲིན་བྲལ་ཡོངས་སུ་དག་པའི་མཁར། །མཁྱེན་པའི་འོད་ཅན་ཕྱོགས་བྲལ་གཡོ་བ་ཅན། །སྲིད་གསུམ་མུན་པ་མ་ལུས་རྣམ་སེལ་བ། །ཐུབ་དབང་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཚད་མེད་ཐུགས་རྗེས་ཉེ་བར་ཀུན་བསྡུས་ཤིང༌། །རྒྱལ་བ་ཀུན་གྱི་སྲས་གྱི་ཐུ་བོ་པ། །ཚད་མེད་འཕྲིན་ལས་འགྲོ་བ་འདྲེན་པའི་དཔལ། །ཉེ་བའི་སྲས་ལ་དང་བས་བསྟོད་པར་བགྱི། །རབ་དཀར་དགེ་ཚོགས་གངས་རི་བཞུ་བའི་རྒྱུན། །གཞན་ཕན་ཆུ་བོ་བྱེ་བ་རབ་རྒྱས་པ། །མཐའ་ཡས་གདུལ་བྱའི་སྣོད་དུ་ལྷུང་གྱུར་ནས། །སྒྲིབ་གཉིས་དྲི་མ་དག་བྱེད་ཉེ་བར་འཛིན། །ཡོན་ཏན་རིན་ཆེན་རྨད་དུ་བྱུང་བའི་སྲས། །འཁོར་བ་ཆུ་སྲིན་འབྱུང་གནས་ཆེན་པོ་ལས། །འགྲོ་བ་འདོན་པའི་ཐབས་ལ་མཁས་གྱུར་ཅིང༌། །མཁྱེན་པའི་ཉི་མ་མཐའ་ཡས་འགྲོ་བའི་གཉེན། །ཕྲིན་ལས་འོད་ཟེར་སོ་སོ་རབ་སྤྲོས་པས། །སྐྱེ་དགུའི་ཚོགས་རྣམས་སོ་སོར་ཐར་མཛད་ཅིང༌། །ཐུགས་རྗེའི་ཞགས་པས་མཐའ་ཡས་ཞིང་ཁམས་སུ། །འགྲོ་རྣམས་ཐར་པའི་ལམ་དུ་ཁྲིད་པར་མཛད། །གདུལ་བྱ་དག་པའི་ཆུ་ཡི་སྣོད་ཡངས་སུ། །སྤྲུལ་པའི་གཟུགས་བརྙན་ཅིག་ཆར་སྟོན་པ་དང༌། །བསམ་ལས་འདས་པའི་ཡོན་ཏན་གྲངས་མེད་པས། །ཀུན་ཀྱང་རྗེས་སུ་འཛིན་པའི་ཕྲིན་ལས་ཅན། །པདྨོ་རྒྱས་པས་དགའ་བའི་ཡིད་འཕྲོག་བཞིན། །མཐོང་བ་ཙམ་གྱིས་ཀུན་དགའི་དཔལ་སྟེར་བ། །ཐུགས་རྗེའི་ལྕགས་ཀྱུས་འཁོར་བའི་འདམ་ནང་ནས། །འདྲེན་པའི་ཕྲིན་ལས་རྨད་དུ་བྱུང་གྱུར་པ། །ཆ་ཤས་ཡོན་ཏན་བརྗོད་པ་ཙམ་གྱིས་ཀྱང༌། །བསམ་ཡས་ཡོན་ཏན་ཀུན་གྱི་སྣོད་གྱུར་ནས། །བྱང་ཆུབ་ཆེན་པོའི་སྐལ་བ་ཅན་མཛད་པའི། །རྒྱལ་སྲས་གཞོན་ནུའི་ཚོགས་ལ་ཕྱག་འཚལ་ལོ། །གང་གི་ཡོན་ཏན་དཔག་ཏུ་མེད་པ་ལས། །ཅུང་ཟད་ཙམ་ཞིག་བརྗོད་པའི་དགེ་བ་ཡིས། །འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །བླ་མེད་ཐར་པའི་གླིང་དུ་བགྲོད་པར་ཤོག །ཅེས་ཉེ་བའི་སྲས་བརྒྱད་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། ༈ །བཅོམ་ལྡན་འདས་ཀྱི་ཉེ་བའི་སྲས་མཆོག་ཟུང་གཅིག་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་སྐུ་གཡོ་བ་མེད་ཀྱང་གཟུགས་སྐུར་སྟོན། །བརྗོད་པ་ཀུན་དང་བྲལ་ཡང་དམ་ཆོས་གསུང༌། །འབད་པའི་རྩོལ་བ་མེད་ཀྱང་འཕྲིན་ལས་མཛད། །སྐྱོབ་པའི་དབང་པོའི་ཞབས་པད་སྤྱི་བོར་འདུད། །མཆོག་གི་ཡོན་ཏན་ལྡན་པ་ཉེ་བའི་སྲས། །གང་དེའི་ཡོན་ཏན་ཆུ་ཆར་དང་མཚུངས་ཀྱང༌། །བསྟོད་ཚིག་པདྨོ་ཆུ་ཐིགས་དང་འདྲ་བས། །ཁྱབ་པར་གྱུར་པ་རྣམ་པ་གཉིས་ལ་བསྟོད། །མཆོག་ཏུ་གྱུར་པའི་ཤེས་རབ་ཕུལ་ཕྱིན་པས། །ལྷག་པའི་ཤེས་རབ་ལྷག་པའི་ཡོན་ཏན་བརྙེས། །རྒྱལ་བའི་གསུང་རབ་གྲངས་མེད་མཐའ་ཡས་པས། །སྐད་ཅིག་གཅིག་ལ་འཛིན་པའི་ཤེས་རབ་ལྡན། །ཤེས་རབ་ཅན་ཞེས་བརྗོད་པ་མ་ནོར་ཞིང༌། །ཤེས་རབ་འཁོར་ལོར་སྲིད་པའི་འཆིང་བ་དག །མ་ལུས་བཅད་ནས་ཡེ་ཤེས་སྣང་བ་ཡིས། །སྲིད་པའི་མུན་པ་རིང་དུ་སྤོང་བར་མཛད། །རྫུ་འཕྲུལ་སྟོབས་ཀྱིས་སྟོང་གསུམ་བརྒྱད་ཁྲི་དག །སྐད་ཅིག་གཅིག་ལ་བགྲོད་པའི་རྫུ་འཕྲུལ་དང༌། །ངོ་མཚར་དཔག་མེད་སྟོན་པའི་རྫུ་འཕྲུལ་གྱིས། །འགྲོ་བ་དཔག་མེད་བསྟན་ལ་འགོད་པར་མཛད། །རབ་འཇིགས་རྫུ་འཕྲུལ་ཆེར་ལྡན་པས། །བདུད་ཀྱི་དཔུང་ཚོགས་ཀུན་འཇོམས་ཤིང༌། །ལེགས་ཚོགས་ཐམས་ཅད་འབྱུང་བའི་གཏེར། །རྫུ་འཕྲུལ་ཆེ་མཆོག་ཁྱོད་ལ་འདུད། །མཆོག་གཉིས་ཡོན་ཏན་ཅུང་ཟད་བརྗོད་པ་ལས། །བྱུང་བའི་དགེ་ཚོགས་གང་ཞིག་ཐོབ་པ་ཡིས། །ཤེས་རབ་རྫུ་འཕྲུལ་ཆེན་པོ་དང་ལྡན་ཞིང༌། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply