བསྟན་སྲུང་རྣམས་ཀྱི་བསྟོད་པའི་སྐོར།

༈ །དཔལ་གུར་གྱི་མགོན་པོ་ལ་བསྟོད་པ་རྔམ་པ་སྒྲ་སྒྲོགས་ཅེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆར་སྤྲིན་དབུས་ན་འཇིགས་པའི་སྐུར་སྟོན་ཅིང༌། །གློག་འཕྲེང་འཁྱུག་པའི་སྤྱན་གསུམ་རྣམ་པར་གཡོ། །རྒྱལ་བའི་བཀའ་བཞིན་བསྟན་པ་སྐྱོང་བར་མཛད། །གྲི་གུག་ཐོད་པ་ཐབས་ཤེས་ཟུང་དུ་སྦྲེལ། །ཆུ་གཏེར་དབུས་ན་རི་རབ་ལྷུན་པོ་བཞིན། །གཟི་བརྗིད་ཕུང་པོ་མཐུ་སྟོབས་དཔག་ཏུ་མེད། །ཉིན་བྱེད་འོད་ཀྱིས་སྐར་མའི་ཚོགས་བཞིན་དུ། །མི་མཐུན་བདུད་དཔུང་ཚོགས་རྣམས་ཟིལ་གྱིས་གནོན། །ཞབས་ཀྱི་གོམ་པ་བསྐྱོད་པས་མཐའ་ཡས་ཤིང༌། །རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་པ་ལྟར། །སྡིག་མཛུབ་གདོང་ཉིད་ཡོངས་སུ་བསྟན་པའི་ཚེ། །ལྷུན་པོའང་གཡོ་བ་མེད་པར་སྡོད་དམ་སྙམ། །ཟད་པའི་དུས་ཀྱི་མེ་ལྕེ་འབར་བ་ཡང༌། །ཞལ་ཀྱིས་དབུགས་ཅིག་བཏབ་པས་རབ་ཏུ་ཞི། །དྲག་པོའི་མཆེ་བ་འབྱུང་པོའི་ཚོགས་རྣམས་ཀྱི། །སྤྱི་བོའི་གཙུག་ཏུ་འདེབས་པར་གཟས་པ་བཞིན། །འཇིགས་པའི་གད་རྒྱངས་རབ་ཏུ་སྒྲོགས་པ་ལས། །མཐུ་སྟོབས་རློམ་པའི་གནོད་བྱེད་ཚོགས་རྣམས་ཀྱང༌། །ཉེ་བར་དམིགས་ནས་ཕྱོགས་བཅུར་བྱེར་བ་དང༌། །གང་ལ་སྐྱབས་གསོལ་དེ་ཀུན་བསྲུང་བར་མཛད། །དབུ་སྐྲ་དམར་སེར་གྱེན་དུ་བསྐྱོད་པའི་འོད། །ཉི་མ་བྱེ་བའི་འོད་ཟེར་འཕྲོག་པར་བྱེད། །སྐུ་ཡི་དཀྱིལ་འཁོར་དྲག་པོར་བསྐྱོད་པ་ཡིས། །མ་ལུས་འཇིག་རྟེན་ཁམས་ཀྱང་རབ་ཏུ་གཡོ། །འགྲན་པའི་ཟླ་མེད་གུར་གྱི་མགོན་པོ་ལ། །བསྟོད་པའི་དགེ་བས་མི་མཐུན་ཕྱོགས་རྣམས་ཀུན། །རབ་ཏུ་ཞི་ཞིང་ཐུགས་བསྟན་རྒྱས་པ་དང༌། །སྒྲུབ་པ་པོ་རྣམས་ཡུན་རིང་ཞབས་བརྟན་མཛོད། །ཅེས་དཔལ་གུར་གྱི་མགོན་པོ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དཔལ་གདོང་བཞི་པ་ལ་བསྟོད་པ་རྨད་དུ་བྱུང་བའི་སྒྲ་སྒྲོགས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བསྟན་སྲུང་དམ་པ་འཇིགས་པའི་གཟུགས་འཆང་བ། །མི་འཇིགས་མཐུ་ལྡན་ཕ་རོལ་ཟིལ་གྱིས་གནོན། །ཞིང་ཁམས་ཀུན་ཏུ་དགྱེས་པའི་གར་བསྒྱུར་ཞིང༌། །འཇིགས་པའི་གད་མོས་སྟོང་གསུམ་མཐའ་དག་གཡོ། །དབུས་ཞལ་རབ་འཇིགས་མཆེ་བ་འཇིགས་པ་སྟོན། །གཡས་གཡོན་གླང་ཆེན་དང་ནི་མ་ཧེའི་ཞལ། །རྒྱབ་ཞལ་སེངྒེའི་གདོང་པ་སྤྱན་གསུམ་དམར། །ཀུན་ཏུ་གཟིགས་པས་གདོན་དང་བགེགས་རྣམས་འཇོམས། །མ་ལུས་དངོས་གྲུབ་མཆོག་རྣམས་སྩོལ་མཛད་ཕྱིར། །རབ་མཛེས་མཚོན་ཆ་དུ་མ་འཛིན་པ་དང༌། །རྣལ་འབྱོར་ཉོན་མོངས་ཚོགས་ཀུན་བསྲེག་བྱའི་ཕྱིར། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །འཇིགས་བྱེད་ཆེན་པོ་གདོང་བཞི་ལྡན་པ་ལ། །འཇིགས་རུང་ཡུམ་ཆེན་དྲག་མོ་བཞི་ཡིས་བསྐོར། །འཇིགས་མཛད་སྤྲུལ་པའི་ཕོ་ཉ་དུ་མ་འགྱེད། །འཇིགས་པའང་འཇིགས་རུང་འཁོར་དང་བཅས་ལ་འདུད། །གང་ལ་བསྟོད་ཚིག་ཅུང་ཟད་བགྱིས་པ་འདིས། །བསྟོད་པས་མཉེས་པའི་དགའ་ཆར་འབེབས་གྱུར་ཅིག །ཅེས་དཔལ་གདོང་བཞི་པ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །མགོན་པོ་ཨ་གྷོ་ར་ལ་བསྟོད་པ་བྱིན་རླབས་ཆར་འབེབས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བསྟན་སྐྱོང་ཆེན་པོ་གཟི་བརྗིད་ཕུང་པོ་ཅན། །ཐུན་མཚམས་སྤྲིན་གྱིས་དམར་བའི་མདངས་འཕྲོག་ཅིང༌། །སྨིན་མཚམས་དབུས་སུ་ཉི་ཟླའི་གཟི་འོད་འབར། །མེ་དང་དུར་ཁྲོད་འཇིགས་རུང་དབུས་ན་བཞུགས། །ཕྱག་གཡས་བདུད་རྣམས་མ་ལུས་སྡིགས་བྱེད་པ། །ཙནྡན་བེང་ཆེན་སྒེག་པའི་ཚུལ་གྱིས་འཛིན། །གཡོན་པ་ཞི་བྱེད་སྨན་གྱི་གང་བུ་བསྣམས། །ཡིད་འོང་བེར་གྱི་ན་བཟའ་སྐུ་ལ་གསོལ། །བཀའ་སྡོད་ནག་པོ་དཔལ་ལྡན་ལྷ་མོར་བཅས། །འཁོར་ཚོགས་ཕྲིན་ལས་མ་ལུས་སྒྲུབ་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ལ། །རབ་གུས་དང་བའི་ཡིད་ཀྱིས་བསྟོད་པར་བགྱི། །ཡོངས་སུ་བསྟོད་པ་ཀུན་ནས་མཉེས་གྱུར་ཅིང༌། །རྣལ་འབྱོར་པ་ལ་དངོས་གྲུབ་མཆོག་སྩོལ་ཅིག །ཅེས་མགོན་པོ་ཨ་གྷོ་ར་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །མགོན་པོ་ཕྱག་དྲུག་པ་ལ་བསྟོད་པ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཇིགས་པའི་གཟུགས་ཅན་བསྟན་པ་སྲུང་མཛད་པ། །མེ་ལྕེ་རབ་ཏུ་འབར་བས་བདུད་དཔུང་བསྲེགས། །གློག་འོད་འཁྱུག་འདྲའི་སྤྱན་གསུམ་རབ་འབར་བས། །ཕས་རྒོལ་བདུད་སྡེའི་དཔུང་ཚོགས་འཇོམས་པར་བྱེད། །བཻཌཱུརྻ་ཡི་ཕུང་པོ་བརྩེགས་པ་བཞིན། །གནོད་སྦྱིན་ཕོ་མོའི་སྟེང་ན་འགྱིང་བག་ཅན། །འཇིགས་པའི་མཚོན་ཆ་སྣ་ཚོགས་འཛིན་པ་དང༌། །ཐོད་པའི་ཕྲེང་བ་དོ་ཤལ་རྒྱན་དུ་བྱས། །གཟི་བརྗིད་ཕུང་པོས་ལས་ཀུན་སྒྲུབ་བྱེད་པ། །འཁོར་ཚོགས་དུ་མའི་དབུས་ན་མངོན་མཐོ་ཞིང༌། །ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་མཆོག །མྱུར་མཛད་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །རྨད་བྱུང་དམ་ཅན་ཁྱོད་ལ་བསྟོད་པ་ཡིས། །རྣལ་འབྱོར་ཅན་གྱི་བར་ཆད་ཞི་བ་དང༌། །དངོས་གྲུབ་ཀུན་སྩོལ་ཐུབ་བསྟན་རྒྱས་པ་ཡིས། །ཐོས་བསམ་སྒོམ་པའི་བྱ་བ་འཕེལ་བར་ཤོག །ཅེས་ཕྱག་དྲུག་པ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དཀར་མོ་ཉི་ཟླ་ལ་བསྟོད་པ་མི་འཇིགས་པའི་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡིད་འོང་ཟླ་བའི་འོད་ནི་འཕྲོག་བྱེད་ཅིང༌། །རབ་དཀར་གངས་རི་ཕུང་པོ་བརྩེགས་འདྲ་བ། །ཕྱག་གཡས་རི་དབང་ལྷུན་པོ་འཛིན་པ་དང༌། །གཡོན་པས་གླིང་བཞི་ཐུར་ལ་བཟློག་པ་བསྣམས། །ཉི་མའི་འོད་ཀྱིས་རྣམ་མང་རྒྱུ་སྐར་བཞིན། །མི་མཐུན་བདུད་ཀྱི་དཔུང་རྣམས་ཟིལ་གྱིས་གནོན། །སྣ་ཚོགས་དར་གྱི་ན་བཟས་མཛེས་བྱས་ཤིང༌། །ཉི་ཟླ་སྟོང་གི་ཕྲེང་བས་རྒྱན་དུ་བྱས། །སྤྱི་བོར་ཉི་ཟླའི་འོད་ཟེར་སྟོང་འབར་བས། །སྤྲུལ་པ་དཔག་མེད་འགྱེད་པའི་མཐུ་དང་ལྡན། །རྣལ་འབྱོར་དམ་ཚིག་ཅན་རྣམས་སྐྱོང་མཛད་པའི། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་ལ་བསྟོད། །གང་ལ་བསྟོད་པའི་མེ་ཏོག་ཕུལ་བ་ཡིས། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་འབྱུང་བར་མཛོད། །ཅེས་བསྟན་སྲུང་དཀར་མོ་ཉི་ཟླ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །པུ་ཏྲ་ལྕམ་སྲིང་གསུམ་ལ་བསྟོད་པ་སྙན་པའི་རྔ་ཆེན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དམ་ཅན་རྒྱ་མཚོའི་ཐུགས་ལས་ལེགས་འཁྲུངས་ཤིང༌། །ཕན་བདེ་ལས་རྣམས་བསྒྲུབ་ལ་བརྩོན་མཛད་པ། །མྱུར་མགྱོགས་དྲག་པོའི་ལས་ལ་རྔམ་པ་ཡིས། །རྣམ་དག་ཞིང་དུ་དགྱེས་པའི་གར་གྱིས་རོལ། །རྣལ་འབྱོར་ཅན་ལ་ཉེ་བའི་ཐུགས་མངའ་བ། །དམ་པས་བཀའ་བསྒོས་བསྟན་པ་བསྲུང་བར་མཛད། །རྫུ་འཕྲུལ་སྟོབས་ལྡན་འབྱུང་པོའི་གནོད་པ་འཇོམས། །བར་ཆད་ཞི་བའི་ལས་ཀུན་བསྒྲུབ་བྱེད་པའི། །བཀའ་སྲུང་ལྕམ་སྲིང་རྣམས་ལ་རབ་ཏུ་བསྟོད། །ཁྱོད་ལ་བསྟོད་ཚིག་ཡིད་འོང་ཕུལ་བ་ཡིས། །རྣམ་པ་ཀུན་ཏུ་དགེ་འདུན་མཐུན་པ་དང༌། །ཐོས་བསམ་སྒོམ་པ་ཀུན་ཏུ་འཕེལ་བར་མཛོད། །ཅེས་པུ་ཏྲ་མིང་སྲིང་ལ་བསྟོད་པ་རོང་སྟོན་ཆེན་པོས་སྦྱར་བའོ།།  ༈ །དཔལ་བདུད་རྒྱལ་ཐོད་ཕྲེང་ལ་བསྟོད་པ་མཐུ་སྟོབས་བསྐྱེད་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཕས་རྒོལ་ཟིལ་གྱིས་གནོན་པའི་མཐུ་ལྡན་ཞིང༌། །རབ་འཇིགས་ཐོད་པའི་ཕྲེང་བ་རྒྱན་དུ་བྱས། །མྱུར་མགྱོགས་རྔམ་པ་རྟ་པའི་དཔུང་ཚོགས་ཅན། །རྣལ་འབྱོར་བར་ཆད་བཟློག་པའི་མཐུ་བོ་ཆེ། །དམ་པས་བསྔགས་པའི་ལམ་ལ་རབ་བརྩོན་ཞིང༌། །མཐུ་རྩལ་རྫུ་འཕྲུལ་ཤུགས་འཆང་སྟོབས་པོ་ཆེ། །རྣོ་བའི་མཚོན་ཐོགས་ཁྲོ་བའི་བཞིན་མདངས་ཅན། །བསྟན་སྲུང་དྲག་པོ་འཁོར་དང་བཅས་ལ་བསྟོད། །མཚན་མོ་རྒྱུ་བ་འབྱུང་པོའི་ཚོགས་རྣམས་ཀུན། །ཉེ་བར་མི་གནས་རིང་དུ་མཐར་བྱེད་ལ། །རབ་ཏུ་བསྟོད་པའི་མཐུ་ལས་ཆོས་གྲྭ་འདིའི། །མཐུན་རྐྱེན་ཀུན་སྒྲུབ་འགལ་རྐྱེན་བར་ཆད་སོལ། །ཅེས་བདུད་རྒྱལ་ཐོད་ཕྲེང་ཅན་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལ་བསྟོད་པ་རྣམ་རྒྱལ་བའི་བསྟོད་དབྱངས་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བསྟན་སྲུང་དམ་པ་གཟི་བརྗིད་ཕུང་པོ་ཅན། །ཕྱོགས་སུ་རབ་རྒྱས་རྣམ་བཞིའི་ཕྱག་ལྡན་པ། །འཇིགས་པའི་མཚོན་ཆ་སྣ་ཚོགས་འཛིན་པ་ཅན། །མ་ལུས་དགྲ་བགེགས་མཐར་བྱེད་ཁྱོད་ལ་འདུད། །བསིལ་བའི་ཚལ་ན་ཀླུ་སྒྲུབ་སྙིང་པོ་ཡིས། །གུས་པས་སྤྱན་དྲངས་རྐང་བརྒྱད་ཚིག་གིས་བསྟོད། །བསྟན་པ་མི་ཉམས་ཡོངས་སུ་བསྲུང་མཛད་པ། །ཀུན་ལས་རྣམ་རྒྱལ་བདུད་ཀྱི་བདུད་ལ་བསྟོད། །མཐའ་ཡས་ཞིང་སྐྱོང་དབུས་ན་མངོན་པར་མཐོ། །རྣལ་འབྱོར་ཅན་ལ་དངོས་གྲུབ་སྟེར་མཛད་ཅིང༌། །མི་མཐུན་ཕྱོགས་ཀུན་འཇོམས་པའི་མཛད་པ་ཅན། །བསྟན་སྲུང་དམ་པ་ཁྱོད་ལ་རབ་ཏུ་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཐམས་ཅད་ཀྱིས། །མི་མཐུན་ཕྱོགས་ཀུན་རབ་ཏུ་ཞི་བ་དང༌། །མཐུན་པའི་རྐྱེན་རྣམས་ལྷུན་གྱིས་གྲུབ་པ་དང༌། །ཐུབ་བསྟན་རྒྱས་པའི་ལས་རྣམས་འགྲུབ་པར་མཛོད། །ཅེས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལ་བསྟོད་པ་རྣམ་པར་རྒྱལ་བའི་བསྟོད་དབྱངས་ཞེས་བྱ་བ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*