༄༅། །སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་ཇོ་བོ་ཆེན་པོའི་ལུགས་བཞུགས་སོ།།
སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་དོན་ཉམས་སུ་ལེན་པའི་ཚུལ་མན་ངག་གནད་ཀྱི་སྙིང་པོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །གདུལ་བྱ་ཞི་བའི་ལམ་ལ་འགོད་མཛད་ཅིང༌། །འགྲོ་དྲུག་འདྲེན་མཛད་ཕྲིན་ལས་བླ་ན་མེད། །ཐུབ་དབང་ཉི་མའི་གཉེན་ལ་ཕྱག་འཚལ་ལོ། །ལེགས་པར་འདོམས་པ་ལྷ་ཡི་རྔ་བོ་ཆེ། །སྙན་པའི་སྒྲ་ལྡན་རྣ་བའི་བདུད་རྩི་འགྱེད། །མཐའ་ཡས་འགྲོ་བ་མཚན་མོའི་མགོན་གྱུར་པ། །མི་ཕམ་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་འཇིག །བླ་མེད་ཐར་པའི་ལམ་དུ་བགྲོད་པའི་ལམ། །ཟབ་ཅིང་རྒྱ་ཆེའི་སྙིང་པོའི་དོན་སྟོན་པ། །སྐྱོན་བྲལ་ངག་གིས་རྣམ་པར་དབྱེ་བར་བྱ། །སྲིད་པ་ནི་འཁོར་བ་ཡིན་ལ། ཞི་བ་ནི་མྱ་ངན་ལས་འདས་པའོ། །མཉམ་པ་ཉིད་ནི་རང་བཞིན་མེད་པར་མཚུངས་པའི་དོན་ནོ། །འཁོར་བ་ངོས་གཟུང་བ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་རིག་ནས་བརྩམས་རྒ་ཤིའི་བར། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཅེས་གསུངས་ཏེ། དང་པོ་འཁོར་བ་ངོས་བཟུང་ནས་གཉེན་པོ་རང་བཞིན་མེད་པར་བསྒོམ་ཚུལ་ཡང་བསྟན་ནོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། སྲིད་པ་དང་ཞི་བ་ནི་རང་བཞིན་མེད་པར་མཉམ་པ་ཡིན་གྱི་ཡོན་ཏན་གྱིས་མཉམ་པ་ནི་མིན་ནོ། །ཞེས་གསུངས་སོ། །རང་བཞིན་མེད་པར་མཉམ་པ་གང་གིས་གྲུབ་ཅེ་ན། རྨི་ལམ་གྱི་སྣང་བ་ལྟར་བློ་ལ་སྣང་བ་ཙམ་དུ་ཟད་ཀྱི་རང་བཞིན་མེད་པར་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་གྲུབ་བོ། །སྒྱུ་མའི་དཔེས་ཀྱང་རང་བཞིན་མེད་པར་བསྟན་པར་བྱ་སྟེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ལ་སོགས་པ། བློ་ལ་རྟ་གླང་དུ་སྣང་བ་ཙམ་དུ་ཟད་ཀྱི། གདོད་མ་ནས་མེད་པ་བཞིན་དུ་དོར་བྱ་འཁོར་བར་སྣང་བ་དང༌། བླང་བྱ་མྱ་ངན་ལས་འདས་པར་སྣང་བ་ཡང༌། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་གི་ཚུལ་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་ཏུ་རྣལ་འབྱོར་པ་རང་གི་སེམས་ལ་འཁོར་བར་བརྗོད་ལ། འཁོར་བ་རང་བཞིན་མེད་པར་རྟོགས་པ་ནི་མྱ་ངན་ལས་འདས་པར་བརྗོད་དོ། །གཉིས་ཀ་ཡང་དབུ་མའི་རིགས་པ་དང༌། རྨི་ལམ་གྱི་དཔེའི་སྒོ་ནས་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས། ཏིང་ངེ་འཛིན་གྱིས་གཉིས་ཀ་རང་བཞིན་མེད་པ་མཉམ་པ་ཉིད་དུ་རྟོགས་པའི་དོན་ལ། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་གོམས་པ་བསྐྱེད་པར་བྱའོ། །རང་གི་རྒྱུད་ལ་ཉོན་མོངས་པའི་རྣམ་པར་རྟོག་པ་དང༌། མི་དགེ་བའི་རྣམ་པར་རྟོག་པ་དང༌། དགེ་བའི་རྣམ་པར་རྟོག་པ་གང་སྐྱེས་ཀྱང༌། ཤེས་བཞིན་གྱི་བྱ་ར་བས་རྟོག་པ་གང་སྐྱེས་ཐམས་ཅད་རིག་པར་བྱས་ནས། དེ་འཁོར་བར་ངོས་བཟུང་ལ། རྟོག་པ་གང་སྐྱེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་ཅི་ཡང་མ་རྙེད་པ་སྟོང་པ་ཉིད་དུ་རྟོགས་པའི་དོན་བསྒོམ་པ་ནི། དེ་དག་གི་གཉེན་པོར་རིག་པར་བྱས་ལ་རྗེས་སུ་གཉིས་ཀ་རང་བཞིན་མེད་པར་མཉམ་པ་ཉིད་དུ་བསྒོམ་པ་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའོ། །ཚུལ་དེ་བཞིན་དུ་སྤང་བྱ་དང༌། གཉེན་པོ་ཐམས་ཅད་ལ་སྦྱར་ནས་རེ་རེ་བཞིན་དུ་ཞིབ་པར་བསྒོམ་པར་བྱའོ། །གལ་ཏེ་དང་པོར་རང་བཞིན་མེད་པའི་དོན་སྤྱི་ཙམ་ལ་དམིགས་ནས་བསྒོམ་པ་ཡིན་ལ་དོན་སྤྱི་ཙམ་གྱི་ཡུལ་ཅན་ནི་རྟོག་པ་ཡིན་པའི་ཕྱིར་འཁྲུལ་པ་མ་ཡིན་ནམ། ཇི་ཙམ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་ཞེ་ན། དང་པོའི་དུས་སུ་མོས་པ་ཡིད་བྱེད་ཙམ་གྱིས་ཡིན་གྱི། སྟོང་པ་ཉིད་མངོན་སུམ་དུ་མཐོང་བ་མིན་མོད། འོན་ཀྱང་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིར། གོམས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་རོ། །དཔེར་ན་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་དོན་སྤྱི་ལ་ཕྱི་རོལ་གྱི་དོན་དུ་ཞེན་པས་འཁྲུལ་པ་ཡིན་ཡང༌། ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིར། བསམ་པའི་དོན་ལ་བསླུ་བ་མེད་པའི་ཚད་མར་འཇོག་པ་བཞིན་ནོ། །དང་པོར་བདག་མེད་ཀྱི་དོན་བསྒོམ་པ་ལ་གོམས་པ་བསྐྱེད་པས། ཇེ་གསལ་ཇེ་གསལ་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར། ཕྱིས་བདག་མེད་མངོན་སུམ་དུ་མཐོང་བའི་གནས་གྱུར་ཐོབ་པར་འགྱུར་རོ། །གོམས་པ་གསལ་བའི་རྒྱུ་ཡིན་པའི་ཕྱིར། །ཞེས་པ་དང༌། གང་གང་ཡོངས་སུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་འབྲས་བུ་ཅན། །ཞེས་གསུངས་སོ། །གོམས་པའི་སྟོབས་ཀྱིས་གོམས་བྱའི་དོན་ཇེ་གསལ་ཇེ་གསལ་དུ་འགྲོ་བ་ན། དོན་མི་གསལ་བའི་རྟོག་པ་ཇེ་ཕྲ་ཇེ་ཕྲ་རུ་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་དོ། །དང་པོ་བདག་མེད་ཀྱི་དོན་སྤྱི་ལ་ངོ་བོ་རྟོགས་པར་ཞེན་པས། ཕྱིན་ཅི་ལོག་ཡིན་ཡང༌། ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིར། ཕྱིན་ཅི་ལོག་བདེན་འཛིན་གྱི་གཉེན་པོར་རིམ་གྱིས་འགྲོ་བ་ཡིན། དང་པོ་ལམ་ལ་འཇུག་པའི་དུས་སུ་རྟོག་པ་རགས་པ་རགས་པ་འབྱུང་ཞིང༌། གྲངས་ཀྱང་མང་དུ་འབྱུང་བ་ཡིན་ནོ། །ཕྱིས་གོམས་པ་རིམ་གྱིས་ཐོབ་པ་ན། རྟོག་པའི་ནུས་པ་ཇེ་ཆུང་ཇེ་ཆུང་ལ་འགྲོ་ཞིང༌། རྟོག་པ་འཕྲོ་བའི་གྲངས་ཀྱང་ཇེ་ཉུང་དུ་འགྲོ་བ་ཡིན་ནོ། །འདིའི་དོན་ཡང་བདེན་འཛིན་གྱི་རྟོག་པ་ནུས་པ་ཇེ་ཆུང་དང༌། འཕྲོ་བའི་གྲངས་ཀྱང་ཇེ་ཆུང་དང་ཇེ་ཉུང་ལ་འགྲོ་བ་ཡིན་ལ། རང་བཞིན་མེད་པར་རྟོགས་པའི་བློའི་ནུས་པ་ཇེ་ཆེ་དང༌། སྟོང་ཉིད་རྟོགས་པའི་བློའི་རྣམ་པ་ཇེ་གསལ་ཇེ་གསལ་དུ་འགྲོ་བར་འགྱུར་རོ། །གང་དག་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་འདོད་པ་ནི། ཧཱ་ཤང་མཧཱ་ཡ་ནའི་སྒོམ་གྱི་ཕྱོགས་སུ་ལྷུང་བས་ཤིན་ཏུ་འཁྲུལ་ལོ། །དེ་ཡང་སྤྱོད་འཇུག་ལས། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་སོ། །སྒོམ་པའི་དུས་སུ་ཅི་ཡང་ཡིད་ལ་མི་བྱེད་ཅེས་པའི་དོན་ནི། དོན་དམ་སྤྱོད་བྱེད་ཀྱི་རིགས་པས་སྤྲོས་པའི་མཚན་མ་ཅི་ཡང་མ་རྙེད་པའི་དོན་ལ་མཉམ་པར་འཇོག་པ་ལ་དགོངས་ཀྱི། སྟོང་ཉིད་རྟོགས་པའི་རྣམ་པ་ནི་ཤིན་ཏུ་གསལ་བར་ཡིད་ལ་བྱ་དགོས་ཤིང༌། ཆོས་ཅན་གང་སྣང་ལ་སྟོང་ཉིད་ཀྱི་རྣམ་པ་ཁོ་ར་ཁོར་ཡུག་ཏུ་གསལ་འདེབས་དགོས་སོ། །སྐབས་འདིར་སྒོམ་འཁྲུལ་མ་འཁྲུལ་གྱི་རྣམ་དབྱེ་ཕྱེད་པར་བྱ་དགོས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས། སོ་སོར་རྟོག་པའི་ཤེས་རབ་སྤངས་པས། ཧཱ་ཤང་འཁྲུལ་པར་བཤད་པའི་དོན་གྱི་གནད་ཀྱང་འདི་ལ་ཐུག་གོ །སྦྱོར་ལམ་སྐབས་སུ་ཆོས་ཉིད་ཀྱི་དོན་སྤྱི་རྟོགས་པ་ལ་ངོ་བོ་རྟོགས་པར་རློམ་པས་ཕྱིན་ཅི་ལོག་ཏུ་བཤད་ལ། ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་ཏེ། སྟོང་པ་ཉིད་ཀྱི་རྣམ་པ་དང་མ་བྲལ་བར་བསྒོམ་པའི་ཕྱིར་རོ། །མཐོང་ལམ་གྱི་སྐབས་སུ་ཕྱིན་ཅི་མ་ལོག་པ་ཡིན་ལ། འོན་ཀྱང་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱི་དུས་སུ་ཕྱིན་ཅི་ལོག་གི་བག་ཆགས་རྗེས་སུ་འབྲེལ་ལོ། །མི་སློབ་པའི་ལམ་གྱི་སྐབས་སུ་ནི། ངོ་བོ་ཕྱིན་ཅི་མ་ལོག་ཅིང་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་ཡང་མེད་དེ། དབུས་མཐའ་ལས། རྗེས་སུ་འབྲེལ་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་ཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་སྒོམ་པའོ། །ཞེས་པ་དང༌། རྒྱུད་བླ་མ་ལས། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་ཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །ཅེས་གསུངས་སོ། །མདོར་ན་སྣང་བ་ལ་བདེན་པར་འཛིན་པ་ནི། རྣམ་པ་ཀུན་ཏུ་ཕྱིན་ཅི་ལོག་ཡིན་པས་སྤང་བྱ་ཡིན་ལ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ལ། སྟོང་པ་ཉིད་ཀྱི་རྣམ་པ་ཤིན་ཏུ་གོམས་པར་བྱ་དགོས་སོ། །རང་རྒྱུད་ཀྱི་རྣམ་པར་རྟོག་པ་ཇི་རྙེད་པ་ནི་སྲིད་པ་ཡིན་ཞིང༌། དེ་དག་རང་བཞིན་མེད་པར་རྟོགས་པ་ནི་དེའི་གཉེན་པོའོ། །སྤང་གཉེན་གཉིས་ལ་བླང་དོར་རམ་བཟང་ངན་ཐ་དད་མི་རྟོག་པར་གཉིས་ཀ་རང་བཞིན་མེད་པར་མཉམ་པར་བསྒོམ་པ་ནི། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའོ། །ཇོ་བོ་རྗེས་ཡོལ་ཆོས་དབང་སྔགས་ལ་བརྟེན་ནས་སྲིད་ཞི་མཉམ་ཉིད་དུ་ཁྲིད་ཅེས་པ་དང༌། འགར་སྲོང་བཙན་ནམ་མཁའ་བླ་མས་ཕར་ཕྱིན་ལ་བརྟེན་ནས་སྲིད་ཞི་མཉམ་ཉིད་དུ་ཁྲིད་ཅེས་པའི་དོན་འདིར་དྲིལ་ནས་བཀོད་པའོ། །ཐུབ་པའི་གསུང་རབ་ཡོན་ཏན་མི་ཟད་གཏེར། །མི་ཕམ་མགོན་པོས་སྙིང་པོ་ལེགས་བསྡུས་པ། །ལེགས་པར་བཤད་པའི་དོན་གྱི་རྗེས་འབྲངས་ནས། །ལུང་དང་རིགས་པའི་སྟོབས་ཀྱིས་ལེགས་བཤད་པ། །གཞན་གྱིས་མ་རྟོགས་རྟོགས་པར་དཀའ་བའི་དོན། །སྐྱོན་བྲལ་ཚིག་གིས་འབད་ནས་ལེགས་པར་བཤད། །ཇི་བཞིན་རྟོགས་པ་ཉིན་མོའི་སྐར་མ་བཞིན། །ཤིན་ཏུ་དཀོན་ཡང་ལེགས་པར་སྦྱངས་པའི་མཐུས། །སྔོན་མེད་ལེགས་བཤད་རབ་ཏུ་བཀོད་གྱུར་པའི། །དགེ་བ་གང་དེས་སྲིད་པའི་འབྱོར་པ་ཀུན། །མ་ལུས་ཟིལ་གྱིས་གནོན་པའི་ཡོན་ཏན་རྣམས། །ཐོབ་ནས་ཐམས་ཅད་མཁྱེན་པ་ཐོབ་གྱུར་ཅིག །ཅེས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཉམས་སུ་ལེན་པའི་མན་ངག་འདི་ནི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །།དཔེ་གསུམ་བསྡུར་ནས་ཞུས། དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply