༄༅། །བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག གྲུབ་ཆེན་ས་ར་ཧས་འཕགས་པ་ཀླུ་སྒྲུབ་ལ་གསུངས་པའི་དོན་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག།
༈ །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བརྩེ་བའི་བདག་ཉིད་ཚད་མེད་ཐུགས་རྗེ་ཅན། །སྐྱོན་བྲལ་ཡོན་ཏན་ཐར་ཐུག་རབ་བརྙེས་ཤིང༌། །འགྲོ་བ་མ་ལུས་ཡོངས་སུ་སྐྱོབ་པའི་དབང༌། །ཐུབ་པ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཐུབ་པའི་ལུང་བསྟན་རབ་བརྙེས་ཀླུ་སྒྲུབ་དང༌། །ཨཱརྻ་དེ་བ་ལ་སོགས་བླ་མ་རྣམས། །ཞལ་ནས་ལེགས་འོངས་མན་ངག་སྙིང་པོའི་དོན། །བྱང་ཆུབ་སེམས་ཀྱི་མན་ངག་བཤད་པར་བྱ། །མན་ངག་འདི་ཞུ་བའི་སྔོན་འགྲོ་ལ་མཎྜལ་བཞི་བྱ་བར་གསུངས་ཏེ། དཀོན་མཆོག་སྤྱི་ལ་མཎྜལ་གཅིག ལྷག་པའི་ལྷ་ལ་མཎྜལ་གཅིག བླ་མ་སྤྱི་ལ་མཎྜལ་གཅིག རྩ་བའི་བླ་མ་ལ་མཎྜལ་གཅིག་འབུལ་བར་བཤད་དོ། །མན་ངག་གི་དངོས་གཞི་ལ་དོན་བཞི་སྟེ། དང་པོར་སེམས་ངོས་གཟུང༌། བར་དུ་སེམས་སྐྱེ་མེད་དུ་ངོ་སྤྲད། ཐ་མར་དེའི་དོན་ལ་མཉམ་པར་འཇོག་པ་དང༌། དེ་གཞན་ལ་ཡང་སྦྱར་ཚུལ་ལོ། །དང་པོ་ནི་རྣམ་པར་རྟོག་པ་བཞིར་བསྡུས་ཏེ། མི་དགེ་བའི་རྣམ་པར་རྟོག་པ་དང༌། ཉོན་མོངས་པའི་རྣམ་པར་རྟོག་པ་དང༌། ལུང་མ་བསྟན་གྱི་རྣམ་པར་རྟོག་པ་དང༌། དགེ་བའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་དང་པོས་ནི་ངན་སོང་དུ་འཕེན་པར་བྱེད་ལ། གཉིས་པས་ནི་འཁོར་བའི་རྒྱུ་བྱེད་ལ། གསུམ་པས་ནི་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པར་བྱེད། བཞི་པས་ནི་མཐོ་རིས་ཀྱི་གནས་སུ་འཁོར་བར་བྱེད་དོ། །ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་རྣམ་པར་རྟོག་པ་སྤངས་དགོས་པས་དེའི་གཉེན་པོ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚུལ་ཡང༌། དང་པོར་སེམས་ངོས་གཟུང་བ་ལ་རྣམ་པར་རྟོག་པ་བཞི་པོ་རྩ་བ་སེམས་ལས་འཕྲོས་པ་ཡིན་པས་ཤེས་བཞིན་གྱི་བྱ་ར་བས་གང་སྐྱེས་པ་རེ་རེ་ནས་རིག་པར་བྱ་སྟེ། ཉེས་པ་བྱེད་པའི་གང་ཟག་ངོས་ཟིན་པ་དང་འདྲའོ། །གཉིས་པ་བར་དུ་སེམས་སྐྱེ་མེད་དུ་ངོ་སྤྲད་པ་ནི། རྣམ་པར་རྟོག་པ་གང་སྐྱེས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་བརྟག་ཅིང༌། དང་པོར་རྒྱུ་གང་ལས་བྱུང་བ་དང༌། བར་དུ་ཕྱི་ནང་གང་ན་གནས་པ་དང༌། དབྱིབས་དང་ཁ་དོག་སོགས་གང་འདྲ་འདུག་པ་བལྟས་པས། དེ་དག་གནས་ཚུལ་ལ་མེད་པའི་དོན་གྱིས་ཅིར་ཡང་མ་དམིགས་པས་གནས་ཚུལ་རྙེད་པ་ཡིན་ནོ། །ཚུལ་དེ་ལྟར་དུ་རྟོག་པ་གང་སྐྱེས་ལ་སྦྱར་ཏེ་ཁོར་ཡུག་ཏུ་སེམས་ལ་སེམས་ཀྱིས་བལྟས་པས་སྐྱེ་བ་མེད་པའི་དོན་རྙེད་པ་ནི་སེམས་སྐྱེ་མེད་དུ་ངོ་སྤྲད་པའོ། །གསུམ་པ་ཐ་མར་དེའི་དོན་ལ་མཉམ་པར་འཇོག་པ་ནི། རྟོག་པ་གང་སྐྱེས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟག་པས་མ་རྙེད་ཅིང་སྟོང་པ་ཉིད་དུ་རྟོགས་པའི་དོན་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཚུལ་གྱིས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་ནི་སྒོམ་པའི་དོན་ནོ། །གལ་ཏེ་སྒོམ་པའི་དུས་སུ་བསྒོམ་བྱའི་དོན་མི་གསལ་བ་ནི་བྱིང་བ་ཡིན་པས་དམིགས་པ་ཡང་དང་ཡང་དུ་ཤིན་ཏུ་གསལ་བར་བྱའོ། །དམིགས་པ་ལ་སེམས་མི་གནས་པར་གཞན་དུ་འཕྲོ་ན་རྒོད་པ་ཡིན་པས་དམིགས་པ་དེ་ཉིད་ལ་སེམས་ཡང་དང་ཡང་དུ་འགུག་པར་བྱའོ། །རྟོག་གེ་འབར་བ་ལས། སེམས་ཀྱི་གླང་པོ་ཡན་པ་འདི། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ཏེ། །ཤེས་རབ་ལྕགས་ཀྱུས་རང་དབང་བྱ། །ཞེས་སོ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་བྱང་ཆུབ་སེམས་ཡིན་ཞེས་འབྱུང་བས་དེ་སྒོམ་པའི་མན་ངག་ཐུན་མོང་མ་ཡིན་པའོ། །བཞི་པ་དེ་གཞན་ལ་ཡང་སྦྱར་ཚུལ་ནི། སེམས་ལ་ཕྱིའི་དངོས་པོ་ཇི་སྙེད་སྣང་བ་ཐམས་ཅད་ཀྱང༌། ཆུ་ཟླའམ། སྒྱུ་མའམ། འཇའ་ཚོན་ལྟར། བློ་ལ་སྣང་བ་ཙམ་དུ་ཟད་ཀྱི་གནས་ཚུལ་ལམ་སྡོད་ཚུལ་ལ་མེད་པར་རིག་པར་བྱས་ནས་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་ཐམས་ཅད་ལ་སྦྱར་ནས་བསྒོམ་པར་བྱའོ། །སྒོམ་པའི་དོན་ནི། ཡང་དང་ཡང་དུ་སེམས་ལ་དེའི་རྣམ་པར་འཇོག་པ་སྟེ། ཇི་སྐད་དུ། གྲོལ་བའི་དོན་དུ་སྒོམ་གཙོ་ཕྱིར། །སྒོམ་པའི་སེམས་ལ་སྒོམ་ཕྱིར་རོ། །ཞེས་སོ། །བླ་མ་སྔ་མ་རྣམས་ཀྱིས་ལམ་འབྲས་ཀྱང་ཟབ་མོད་ཀྱི། ལམ་བསྐོར་ཕྱི་མ་རྣམས་ཤིན་ཏུ་ཟབ་ཅེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་མན་ངག་སྒོམ་པའི་དོན། །ཚུལ་བཞིན་མ་ནོར་རབ་ཏུ་གསལ་བར་བཤད། །བཤད་པའི་དགེ་བ་རབ་དཀར་དྲི་མེད་དེས། །འགྲོ་བ་མ་ལུས་བྱང་ཆུབ་མྱུར་ཐོབ་ཤོག །གྲུབ་མཆོག་ས་ར་ཧས། སློབ་དཔོན་ཀླུ་སྒྲུབ་ལ་གསུངས་པ། བྱང་ཆུབ་སེམས་སྒོམ་པའི་མན་ངག་ཤིན་ཏུ་ཟབ་པའི་དོན་བཤད་པ་འདི་ནི་དཔལ་ནཱ་ལེནྡྲའི་ཆོས་གྲྭར་རོང་སྟོན་ཆེན་པོས་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply