༄༅། །སྭསྟི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་མན་ངག་ལམ་ལྔ་གསལ་སྒྲོན་ཞེས་བྱ་བ།
ཐུབ་དབང་མཆོག་དང་བྱམས་པ་ཐོགས་མེད་ཞབས། །ཕ་རོལ་ཕྱིན་པའི་བླ་མ་བརྒྱུད་པ་ལ། །གུས་པས་ཕྱག་འཚལ་ཚོགས་ལམ་ལ་སོགས་པ། །ལམ་ལྔ་ཇི་བཞིན་བསྒོམ་ཚུལ་བཤད་པར་བྱ། །དེ་ཡང་དང་པོ་ཚོགས་ལམ་ཀྱི་ཆོས་ལ་དགུ་སྟེ། མོས་གུས་བླ་མའི་ཁྲི་དང་གཅིག དཀོན་མཆོག་སྐྱབས་འགྲོའི་ཁྲིད་དང་གཉིས། བྱམས་སྙིང་རྗེའི་ཁྲིད་དང་གསུམ། ལྷག་བསམ་སེམས་བསྐྱེད་ཀྱི་ཁྲིད་དང་བཞི། མཉམ་བཞག་ལྟ་བའི་ཁྲིད་དང་ལྔ། རྗེས་ཐོབ་དྲན་ཤེས་ཀྱི་ཁྲིད་དང་དྲུག བྱིང་རྒོད་སེལ་བའི་ཁྲིད་དང་བདུན། བོགས་འདོན་སྤྱོད་པའི་ཁྲིད་དང་བརྒྱད། རྗེས་ཐོབ་དྲན་འཛིན་གྱི་ཁྲིད་དང་དགུའོ། །དང་པོ་བཞི་ནི་རྩིག་པའི་རྨང་གཞི་ལྟ་བུ་ཡིན་པས། འདི་ལ་གཙོ་བོར་སྦྱང་བར་བྱའོ། །ལྔ་པ་ལ་གཉིས། གང་ཟག་གི་བདག་མེད་བསྒོམ་པ་དང༌། ཆོས་ཀྱི་བདག་མེད་བསྒོམ་པའོ། །དང་པོ་ནི། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པས། དེའི་གཉེན་པོ་བདག་མེད་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་བསྒོམ་ཞེ་ན། རང་ལུས་ཉེར་ལེན་གྱི་ཕུང་པོ་ལ་བདག་ཏུ་སྒྲོ་བཏགས་ནས། ངར་འཛིན་འཇུག་པས། དེ་སུན་དབྱུང་བའི་དོན་དུ། ཕུང་པོ་ལ་རིགས་པས་བརྟགས་ཏེ་བཙལ་བས་བདག་མི་རྙེད་དོ། །ཚུལ་ཇི་ལྟར་དུ་བཙལ་ཞེ་ན། ཕུང་པོ་དང་བདག་གཅིག་དུ་ཡོད་དམ། ཐ་དད་དུ་ཡོད་ཅེས་བརྟག་གོ །གལ་ཏེ་གཅིག་དུ་ཡོད་དོ་སྙམ་ན་མ་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། ཕུང་པོ་ནི་མི་རྟག་པ་དང༌། དུ་མ་སྤུངས་པ་དང༌། གཞན་དབང་ཡིན་ལ། བདག་ནི་རྟག་པ་དང༌། གཅིག་པུ་དང༌། རང་དབང་ཅན་དུ་འཛིན་པའི་ཕྱིར་རོ། །རྟག་པར་འཛིན་པ་ཡིན་ཏེ། སྔར་མཐོང་བ་ཉིད་ད་ལྟར་ངོ་ཤེས་པར་རློམ་པའི་ཕྱིར་རོ། །གཅིག་པུར་འཛིན་པ་ཡིན་ཏེ། འདི་ན་ང་གཅིག་པུར་གནས་སོ་ཞེས་འཛིན་པའི་ཕྱིར་དང༌། སེམས་ཅན་སྐྱེ་བ་ན་མི་གཅིག་སྐྱེའོ་ཞེས་འཛིན་པའི་ཕྱིར་རོ། །རང་དབང་ཅན་དུ་འཛིན་པ་ཡིན་ཏེ། ཁ་ནང་དུ་ཕྱོགས་ཏེ། ངོ་བོ་ཞེས་བདེན་པར་འཛིན་པའི་ཕྱིར་རོ། །རྣམ་པར་དཔྱོད་པའི་ཚུལ་འདིས་དཔྱད་པ་ན། ཕུང་པོ་དང་གཅིག་མ་ཡིན་པར་ཁོང་དུ་ཆུད་པས། ཕུང་པོ་ལ་བདག་ཏུ་འཛིན་པ་བཟློག་གོ །ཕུང་པོ་ལས་གཞན་མ་ཡིན་ཏེ། ཕུང་པོ་ལས་གཞན་ལ་ངར་འཛིན་མི་འཇུག་པའི་ཕྱིར་དང༌། ཕུང་པོའི་མཚན་ཉིད་དང་བྲལ་བས་དངོས་པོར་མེད་པར་འགྱུར་ལ། དངོས་པོར་མེད་ན་དོན་བྱེད་ནུས་པར་འདོད་པ་འགལ་ལོ། །དབུ་མ་རྩ་བ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིགས་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཅེས་སོ། །ངར་འཛིན་ལོག་པས་བདག་གིར་འཛིན་པ་མི་འབྱུང་བའི་ཕྱིར། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་བཟློག་གོ །དེ་བཟློག་པས་ཉོན་མོངས་པ་བཟློག་གོ །ཉོན་མོངས་པ་བཟློག་པས་ལས་ཟད་པར་འགྱུར་ལ། ལས་དང་ཉོན་མོངས་པ་ཟད་པས། སྐྱེ་བ་ཟད་པའི་ཕྱིར་ཐར་པ་ཐོབ་བོ། །དབུ་མ་རྩ་བ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ཅེས་སོ། །གཉིས་པ་ཆོས་ཀྱི་བདག་མེད་པ་རིག་པའི་སྒོ་ནས་གཏན་ལ་དབབ་པ་དང༌། མན་ངག་གི་སྒོ་ནས་གཏན་ལ་དབབ་པ་གཉིས་ཡོད་པ་ལས། འདིར་མན་ངག་གི་སྒོ་ནས་གཏན་ལ་དབབ་པ་བསྟན་ནོ། །དེ་ཡང་དཔེའི་སྒོ་ནས་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དཔེར་ན། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ན། ཟླ་བར་སྣང་ཡང་ཟླ་བའི་ངོ་བོའམ་རང་བཞིན་མེད་དེ། ཟླ་བའི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། ཟླ་བ་ལ་དཔག་ཚད་ལྔ་བཅུ་དང་བསིལ་བའི་འོད་ཟེར་འཕྲོ་བ་དང༌། མུན་པ་སེལ་བའི་དོན་བྱེད་ནུས་པ་དང་ལྡན་པ་ལ། ཆུ་ནང་དུ་ཟླ་བར་སྣང་བ་འདི་ལ་ནི། མཚན་ཉིད་དེ་དག་གང་ཡང་མེད་པའི་ཕྱིར་རོ། །དེས་ན་ཟླ་བར་སྣང་བཞིན་པའི་དུས་ན་ཟླ་བའི་ངོ་བོས་སྟོང་ངོ༌། །དཔེ་དེ་བཞིན་དུ། གཟུགས་སོགས་སུ་སྣང་བ་འདི་ཡང༌། སྣང་བཞིན་པའི་དུས་ན་གཟུགས་སོགས་ཀྱི་ངོ་བོས་སྟོང་ངོ༌། །མངོན་རྟོགས་རྒྱན་ལས། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །ཅེས་པ་དང༌། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །ཅེས་སོ། །དོན་དེ་ལྟ་བུ་ཡུལ་གྱི་སྡོད་ཚུལ་ལ་ཡོད་པར་མངོན་པར་མ་ཡིན་ནམ་ཞེ་ན། བདེན་འཛིན་གྱི་མ་རིག་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ཡིན་གྱི། གནས་ཚུལ་ལ་ཡོད་པར་མ་ཡིན་པར་ལུང་རིག་གཉིས་ཀྱིས་གྲུབ་བོ། །རྩ་བ་ཤེས་རབ་ལས། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་སོ། །དྲུག་པ་རྗེས་ཐོབ་དྲན་ཤེས་ཀྱི་ཁྲིད་ལ། མཉམ་བཞག་ཏུ་བདག་མེད་གཉིས་རྟོགས་པ། རྗེས་ཐོབ་ཏུ་དྲན་ཤེས་ཀྱི་ཁོར་ཡུག་ཏུ་གསལ་བཏབ་པས། མཉམ་བཞག་གི་བོགས་འདོན་པར་འགྱུར་རོ། །བདུན་པ་བྱིང་རྒོད་སེལ་བའི་ཁྲིད་ལ། ཏིང་ངེ་འཛིན་བསྒོམ་པའི་དུས་སུ་དམིགས་པ་མི་གསལ་ན་བྱིང་བ་ཡིན་པས་བློ་བཅོས་ཏེ་དམིགས་པ་ཤིན་ཏུ་གསལ་བའི་ཐབས་བྱའོ། །གལ་ཏེ་གང་ལ་མཉམ་པར་བཞག་པའི་ཡུལ་ལ་རང་སེམས་གཞན་དུ་འཕྲོ་ན། རྒོད་པ་ཡིན་པས་སེམས་སླར་བཀུག་སྟེ། སྔར་གྱི་དམིགས་པ་དེ་ཉིད་ལ་སེམས་གཏད་པར་བྱའོ། །དེ་ལྟར་ཡང་ཡང་བཀུག་པས་རྒོད་པ་རང་ཞི་ལ་འགྲོའོ། །བརྒྱད་པ་བོགས་འདོན་སྤྱོད་པའི་ཁྲིད་ལ། ཡུལ་གྱི་རྣམ་པ་གང་དང་གང་ཤར་བ་ལ་སྦྱངས་པས་སྟོང་ཉིད་རྟོགས་པའི་ལྟ་བ་ཡོངས་སུ་འཕེལ་བར་འགྱུར་རོ། །དགུ་པ་རྗེས་ཐོབ་དྲན་འཛིན་གྱི་ཁྲིད་ལ། སྔར་གྱི་དམིགས་པ་རྣམས་དེ་ཉིད་ཐོས་བསམ་གྱི་སྒོ་ནས་ཡང་ནས་ཡང་དུ་གསལ་འདེབས་པའོ། །ཚོགས་ལམ་གྱི་ཆོས་འདི་དག ཚོགས་ལམ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གསུམ་ཡོད་པ་ལས། བདག་མེད་གཉིས་གཙོ་བོར་བསྒོམ་པ་ནི་ཆེན་པོའི་གནས་སྐབས་སོ། །གཉིས་པ་སྦྱོར་ལམ་བསྒོམ་ཚུལ་ནི། སྔར་གྱི་ཆོས་དགུ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་བྱས་ལ། བྱེ་བྲག་ཏུ་བསྒོམ་པའི་ཚུལ། ཉན་ཐོས་དང་ཐུན་མོང་བའི་བསྒོམ་ཚུལ་ནི། དྲོད་དང་རྩེ་མོའི་གནས་སྐབས་སུ་དབང་པོ་ལྔ་དང༌། བཟོད་པ་དང༌། ཆོས་མཆོག་གི་སྐབས་སུ་སྟོབས་ལྔ་བསྒོམ་མོ། །འདིའི་སྐབས་སུ་བདེན་བཞིའི་བླང་དོར་ལ་དངོས་སུ་ཞུགས་པས། བདེན་བཞི་དམིགས་པར་བཞག་པ་ཡིན་ནོ། །དབང་པོ་ལྔ་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །དེ་ལ་དད་པས་ནི། བདེན་བཞིའི་བླང་དོར་ལ་ཡིད་ཆེས་པར་འཇུག་པའི་གཞི་བྱེད་དོ། །དད་པས་འཇུག་པའི་དོན་ལ་བརྩོན་འགྲུས་རྩོམ་མོ། །དྲན་པས་ནི། བསྒོམ་པར་བྱ་བའི་དམིགས་རྣམ་མི་བརྗེད་པར་འཛིན་ནོ། །ཏིང་ངེ་འཛིན་གྱིས་ནི་དེ་ལ་མཉམ་པར་བཞག་གོ །ཤེས་རབ་ཀྱིས་ནི་གང་ལ་མཉམ་པར་འཇོག་པའི་ཡུལ་དེ་ཉིད་ཤེས་པར་བྱེད་དོ། །འདི་དག་ཐོབ་པ་ན། རྣམ་པར་བྱང་བ་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་ནུས་པས་དབང་པོ་ཞེས་བྱའོ། །བཟོད་པ་དང་ཆོས་མཆོག་གི་སྐབས་སུ་ནི། ལྔ་པོ་འདི་དག་ལ་སྟོབས་ཞེས་བྱ་སྟེ། གོམས་པའི་མཐུ་ཐོབ་པས། མི་མཐུན་ཕྱོགས་ཀྱི་བརྫི་བར་མི་ནུས་པའི་ཕྱིར་རོ། །ཐེག་པ་ཐུན་མོང་མ་ཡིན་པའི་བསྒོམ་ཚུལ་ལ། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཀྱི་བསྒོམ་ཚུལ་ནི། རང་རྒྱུད་ལ་ཉོན་མོངས་པ་དུག་གསུམ་མམ། དུག་ལྔ་གང་སྐྱེས་ཀྱང་དེ་ལ་རྟོག་པ་ནི། ཀུན་ནས་ཉོན་མོངས་གཟུང་རྟོག་ཞེས་བྱ་སྟེ། དེའི་གཉེན་པོ་བསྒོམ་པ་ནི། ཉོན་མོངས་པ་དུག་ལྔ་དུག་གསུམ་དེ་དག་ལ་སོ་སོ་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས། རང་བཞིན་མེད་པར་རྟོགས་པ་དེ་ཉིད་ལ་མཉམ་པར་བཞག་པར་བྱའོ། །འདིས་ཀུན་ནས་ཉོན་མོངས་གཟུང་རྟོག་སྤོང་བས། ཉོན་མོངས་པའི་བདུད་འཇོམས་སོ། །དགེ་བའི་ཕྱོགས་གང་ལ་བདེན་འཛིན་བྱུང་ཡང་རྣམ་བྱང་གཟུང་རྟོག་ཡིན་པས། དགེ་བ་ལ་བདེན་པར་འཛིན་པའི་རྟོག་པ་གང་སྐྱེས་ཀྱང༌། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་མི་དམིགས་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །འདིས་ལྷའི་བུའི་བདུད་འཇོམས་སོ། །ཚོགས་ལམ་ཆེན་པོའི་དུས་སུ་འཁོར་འདས་གཉིས་སམ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་ཀ་རང་བཞིན་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་ནས། རང་བཞིན་མེད་པ་རྟོགས་པ་འདྲ་ཡང༌། གཙོ་བོར་བསྒོམ་མི་བསྒོམ་གྱི་བྱེ་བྲག་གི་དྲོད་དང་རྩེ་མོ་གཉིས་ལ་སོ་སོར་བཞག་གོ །བཟོད་པ་བསྒོམ་པའི་ཚུལ་ནི། རང་བཞིན་མེད་པར་བསྒོམ་པ་པོའི་གང་ཟག་བདེན་པར་འཛིན་པ་གཅོད་པའི་དོན་དུ། གང་ཟག་རྫས་ཡོད་དུ་འཛིན་པ་རང་བཞིན་མེད་པར་རྟོགས་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །འདིས་འཆི་བདག་གི་བདུད་འཇོམས་སོ། །ཆོས་མཆོག་གི་བསྒོམ་ཚུལ་ནི། གང་ཟག་རྫས་ཡོད་དུ་འཛིན་པ་སྔར་བཅོམ་པས། འདིས་བརྟགས་ཡོད་དུ་འཛིན་པ་ལྷག་མ་ལུས་པ་འཇོམས་པའི་དོན་དུ། བརྟགས་ཡོད་དུ་མངོན་པར་ཞེན་པའང་རང་བཞིན་མེད་པར་རྟོགས་པར་བྱས་ནས་བསྒོམ་པར་བྱའོ། །འདིས་ཕུང་པོའི་བདུད་འཇོམས་སོ། །སྦྱོར་ལམ་གྱི་ཆོས་བསྟན་ཟིན་ཏོ། །གསུམ་པ་སྦྱོར་ལམ་གྱི་མཇུག་ཐོགས་སུ་མཐོང་ལམ་ཐོབ་པ་དེའི་བསྒོམ་ཚུལ་ནི། འདིར་རྟོག་པ་བཞི་པ་མངོན་གྱུར་བ་བཅོམ་ཡང༌། ས་བོན་སྤོང་བའི་དོན་དུ་མཐོང་སྒོམ་གྱི་ལམ་བསྐྱེད་དགོས་པས། དང་པོ་མཐོང་ལམ་ནི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་སྟེ། རྗེས་ཐོབ་ཏུ་ངེས་ཤེས་ཀྱི་དམིགས་རྣམ་རྟོགས་པ་བརྟན་པར་བྱས་ཏེ་བསྒོམ་མོ། །བཞི་པ་བསྒོམ་ལམ་ལ། རྗེ་ཐོབ་དང་མཉམ་བཞག་གཉིས་སོ། །རྗེས་ཐོབ་ཏུ་ལམ་ཉམས་སུ་ལེན་པའི་ཚུལ་ནི། མོས་པས་དགེ་བའི་རྩ་བ་གསོག་ཅིང༌། བསྔོ་བས་དགེ་བ་མི་ཟད་པའི་ཕྱིར་དུ་དགེ་བ་བྱང་ཆུབ་ཏུ་བསྔོའོ། །བསྔོ་བྱ་བསྔོ་བྱེད་བདེན་པར་མི་དམིགས་པའི་ལྟ་བས་རྒྱས་བཏབ་པའི་ཚུལ་གྱིས་བསྔོ་དགོས་སོ། །རྗེས་སུ་ཡི་རང་ནི། གཞན་གྱི་དགེ་བ་བསགས་པ་ལ་རབ་ཏུ་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རང་བ་བྱས་ནས་སྤེལ་ལོ། །རང་གི་བསགས་པའི་དགེ་བ་ལའང་དེ་བཞིན་ནོ། །མཉམ་བཞག་གིས་ནི་སྔར་མཐོང་ལམ་གྱིས་རྟོགས་པའི་དོན་ཡང་དང་ཡང་དུ་གོམས་ཤིང་འདྲིས་བར་བྱེད་པའོ། །དེ་ཡང་བར་ཆད་མེད་ལམ་གྱི་དུས་སུ་སྒོམ་སྤངས་ཀྱི་ས་བོན་སྤོང་བར་བྱེད་ལ། རྣམ་གྲོལ་ལམ་གྱི་དུས་སུ་ས་བོན་དེ་ལས་གྲོལ་བ་ཐོབ་པའོ། །ལྔ་པ་མི་སློབ་ལམ་གྱི་དུས་སུ་སྒྲིབ་པ་གཉིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས། དེའི་གཉེན་པོ་ལ་སློབ་མི་དགོས་པས། མི་སློབ་ལམ་དུ་ཕྱིན་པས་མཐར་ཕྱིན་ཏོ། །ལེགས་གསུངས་རྟག་ཏུ་ཡོན་ཏན་ལྡན་པའི་ཆོས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་པ་ལས། །རྣམ་པར་བཤད་པའི་གནད་ཀྱི་མན་ངག་དོན། །རབ་ཏུ་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ། །སྔོན་ཆད་གཞན་གྱིས་མ་རྟོགས་ལེགས་བཤད་འདི། །གཞན་གྱི་རྟོགས་ཕྱིར་ཚུལ་བཞིན་བཤད་པ་ལས། །དགེ་བ་གང་ཞིག་ཐོབ་པ་དེ་ཡིས་ནི། །ཤེར་ཕྱིན་ལ་མོས་དགེ་བ་ཕུན་ཚོགས་ཅན། །ས་དང་ལམ་གྱི་རིམ་པ་ལེགས་བགྲོད་ནས། །བླ་མེད་ཐར་པའི་གོ་འཕང་ཐོབ་གྱུར་ཅིག །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྒྱལ་སྲས་མཐུས། །བདག་གི་སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག །ཅེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་ལམ་ལྔ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། རོང་སྟེན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་སྦྱར་བའོ།། །།ཤུབྷཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply