ལམ་ལྔའི་ཁྲིད་ཡིག་ཇོ་བོ་རྗེའི་ལུགས་ཐར་ལམ་ཐེམ་སྐས།

༄༅། །ལམ་ལྔའི་ཁྲིད་ཡིག་ཇོ་བོ་རྗེའི་ལུགས་ཐར་ལམ་ཐེམ་སྐས་ཞེས་བྱ་བ།

༈ །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །ལམ་ལྔའི་ཁྲིད་ཡིག་གསུངས་པའི་དོན། །སྔོན་ཆད་གཞན་གྱིས་མ་རྟོགས་པ། །གཞན་ལ་ཕན་ཕྱིར་བསྟན་པར་བྱ། །དང་པོ་ཚོགས་ལམ་ཆོས་དགུ་སྟེ། ལམ་གྱི་གཞི་སྐྱབས་འགྲོ་དང༌། ཚད་མེད་བཞི་དང༌། སེམས་བསྐྱེད་དང་གསུམ། ལམ་གྱི་དངོས་གཞི་ལ་འཇུག་པའང་གསུམ་སྟེ། ཚུལ་ཁྲིམས་ལ་གནས་ནས། ཐོས་པ་དང༌། བསམ་པའོ། །སྒོམ་དངོས་ལ་གསུམ་སྟེ། དྲན་པ་ཉེ་བར་བཞག་པ་དང༌། ཡང་དག་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པའོ། །དང་པོ་དྲན་པ་ཉེར་བཞག་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ཏེ། ལུས་དྲན་པ་ཉེར་བཞག་བསྒོམ་ཚུལ་ནི། རང་གི་ལུས་དང་གཞན་གྱི་ལུས་དབུ་མའི་གཏན་ཚིགས་ཆེན་པོ་ལྔ་གང་རུང་གིས་སོ་སོར་བརྟགས་ཏེ་རིགས་པས་མ་རྙེད་པའི་གནས་ཚུལ་གྱི་དོན་ལ་མཉམ་པར་འཇོག་པའོ། །དེ་ཡང་ལྷག་མཐོང་གིས་རྟོགས་པའི་དོན་ལ་ཞི་གནས་ཀྱིས་ངེས་པར་གཟུང་བའོ། །ཚོར་བ་དྲན་པ་ཉེར་བཞག་བསྒོམ་ཚུལ་ནི། རང་རྒྱུད་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གང་སྐྱེས་སོ་སོར་རིག་པར་བྱས་ནས། སྔར་བཞིན་དབུ་མའི་རིག་པས་ཞིབ་པར་བརྟགས་ཏེ་རིགས་པས་རྙེད་པའི་དོན་ལྷག་མཐོང་གིས་རྟོགས་ཏེ་ཞི་གནས་ཀྱི་གཟུང་བར་བྱའོ། །སེམས་དྲན་པ་ཉེར་བཞག་བསྒོམ་ཚུལ་ནི། རང་རྒྱུད་ལ་ཉོན་མོངས་པའི་རྟོག་པ་དང༌། ལུང་མ་བསྟན་དང༌། དགེ་བའི་རྟོག་པ་ཇི་སྙེད་སྐྱེས་པ་རྣམས་སོ་སོར་རིག་པར་བྱས་ནས་སྔར་བཞིན་རིགས་པས་བརྟགས་ཏེ་བསྒོམ་མོ། །ཆོས་དྲན་པ་ཉེར་བཞག་བསྒོམ་ཚུལ་ནི། རང་རྒྱུད་ལ་དགེ་མི་དགེའི་སེམས་སེམས་བྱུང་གི་རྟོག་པ་གང་སྐྱེས་ཞིབ་པའི་བློས་རིག་པར་བྱས་ནས་སྔར་བཞིན་བརྟགས་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིག་པས་རྙེད་པའི་དོན་ལ་ཞི་གནས་དང་ལྷག་མཐོང་ཟུང་འཇུག་གིས་བསྒོམ་པར་བྱའོ། །ལུས་རྣམས་ལ་སྣང་སྟོང་དབྱེར་མེད་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་ལ་རིག་སྟོང་དབྱེར་མེད་གྱི་ཚུལ་གྱིས་བསྒོམ་པར་བྱའོ། །གཉིས་པ་ཡང་དག་པར་སྤོང་བ་ཉམས་སུ་ལེན་ཚུལ་ནི། ལུས་དང་ཚོར་བ་ལ་སོགས་པའི་ཆོས་བཞི་ལ། བདེན་འཛིན་གྱི་རྣམ་པར་རྟོག་པ་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་རྣམས་མྱུར་དུ་སྤོང་བའི་བརྩོན་འགྲུས་རྩོམ་མོ། །གཉེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་མ་སྐྱེས་པ་རྣམས་བསྐྱེད་པ་ལ་འཇུག བསྐྱེད་པ་ཡང་དག་པར་རྒྱུན་བསྲིངས་ནས་མཉམ་པར་བཞག་གོ །ལུས་ལ་སོགས་པའི་ཆོས་བཞི་སྟོང་ཉིད་དུ་རྟོགས་པ་ལ་སྦྱར་བར་བྱའོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་ཉམས་སུ་ལེན་པའི་ཚུལ་ནི། སྔར་གྱི་སྟོང་ཉིད་རྟོགས་པའི་ལྟ་བ་ལ་མཉམ་པར་འཇོག་པའི་རྒྱུན་བསྲིངས་ནས་ཏིང་འཛིན་གྱི་ནུས་པ་ལེགས་པར་ཐོབ་པ་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །འདི་དག་ནི་མཉམ་བཞག་ཏུ་དེ་ཁོ་ན་ཉིད་བསྒོམ་པའི་རིམ་པའི་རྣལ་འབྱོར་རོ། །རྗེས་ཐོབ་ཏུ་ནི་སྐྱབས་འགྲོ་སོགས་ཚོགས་ལམ་གྱི་ཆོས་སུ་བསྟན་པས། གཞན་རྣམས་ཀྱང་ཉམས་སུ་བླངས་བར་བྱའོ། །གཉིས་པ་སྦྱོར་ལམ་ཉམས་སུ་ལེན་པའི་ཚུལ་ལ་སྔར་གྱི་ཚོགས་ལམ་གྱི་ཆོས་རྣམས་ཀྱང་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་སྔོན་དུ་བྱ་ལ། ཐུན་མོང་མ་ཡིན་པའི་ཆོས་ལ། རྣམ་པར་རྟོག་པ་བཞིའི་གཉེན་པོ་ཁོ་ན་ཉིད་ཡིད་ལ་བྱེད་པའི་རྣལ་འབྱོར་བཞི་ལ་རིམ་གྱིས་བསླབ་པར་བྱའོ། །ཇི་ལྟར་བསླབ་པའི་ཚུལ་ནི། དང་པོ་སྦྱོར་ལམ་དྲོད་ཀྱི་གནས་སྐབས་སུ་ནི་ཀུན་ནས་ཉོན་མོངས་གཟུང་རྟོག་གི་གཉེན་པོར་རང་རྒྱུད་ལ་འདོད་ཆགས་ཞེ་སྡང་སོགས་གང་སྐྱེས་སོ་སོར་རིག་པ་བྱས་ནས། དེ་དག་རང་བཞིན་མེད་པར་རྟོགས་པའི་ལྟ་བ་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པས། དེ་དག་ལ་བདེན་པར་འཛིན་པའི་རྣམ་པར་རྟོག་པའང་ལྡོག་གོ །རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་པའི་དོན་ནོ། །ཐོག་མར་ཀུན་ནས་ཉོན་མོངས་གཟུང་རྟོག་སྤོང་བ་ལ་ཞུགས་ནས། ཕྱིས་དེའི་གཉེན་པོ་ལ་བདེན་པར་ཞེན་པ་རྣམ་བྱང་གཟུང་རྟོག་སྤང་བར་བྱའོ། །འདི་ནི་གཙོ་བོར་རྩེ་མོའི་གནས་སྐབས་སུ་བསྒོམ་པར་བྱའོ། །བཟོད་པ་བསྒོམ་པའི་ཚུལ་ནི། བཟོད་པའི་སྐབས་སུ་སྤང་གཉེན་གཉིས་ལ་བདེན་པར་འཛིན་པའི་རྫས་འཛིན་རྟོག་པ་སྤོང་བའི་དོན་དུ་སྤང་གཉེན་གཉིས་ཀ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་ལ་གཙོ་བོར་མཉམ་པར་བཞག་པར་བྱའོ། །ཆོས་མཆོག་ཉམས་སུ་ལེན་ཚུལ་ནི། སྤང་གཉེན་གཉིས་ཀ་བདེན་པར་འཛིན་པའི་བདེན་འཛིན་མངོན་གྱུར་བ་ཞི་ནས་བཏགས་པ་ཙམ་དུ་ཞེན་པའི་ལྷག་མ་ཅུང་ཟད་ལུས་པ་སྤོང་བའི་དོན་དུ་བཏགས་པ་ཙམ་དུ་ཞེན་པའང་སྤོང་བའི་དོན་དུ་ཆོས་མཆོག་གི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཚོགས་སྦྱོར་གཉིས་ཀྱི་རྣལ་འབྱོར་བསྟན་ཟིན་ཏོ། །ཆོས་མཆོག་གི་མཇུག་ཐོགས་དེ་མ་ཐག་ཏུ་མཐོང་ལམ་འབྱུང་བས། གསུམ་པ་མཐོང་ལམ་གྱི་མངོན་པར་རྟོགས་པ་ནི། གཟུང་འཛིན་གཉིས་ཀ་མི་དམིགས་པའི་ཆོས་ཉིད་རྟོགས་པ་དང༌། མ་འདྲེས་པར་ནམ་མཁའི་དཀྱིལ་ལྟར་མངོན་དུ་གྱུར་པའོ། །རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་གྱི་རིམ་པ་ལས། སྐད་ཅིག་དུ་མར་ཕྱེའོ། །མཐོང་ལམ་བསྟན་ཟིན་ནས། །བཞི་པ་སྒོམ་ལམ་ཉམས་སུ་ལེན་ཚུལ་ནི། མཉམ་བཞག་ཏུ་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་ལ་རྒྱུན་བསྲིངས་ནས་ཡང་དང་ཡང་དུ་མཉམ་པར་བཞག་ནས། ཡེ་ཤེས་ཀྱི་ཚོགས་གསོག་གོ །རྗེས་ཐོབ་ཏུ་ནི་གཞན་དོན་དུ་སེམས་ཅན་གྱི་དོན་བྱ་བ་ལ་འབད་པ་དང༌། མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་ཡིད་ལ་བྱེད་པ་ལ་འབད་པའོ། །འདི་གསུམ་ཚོགས་ལམ་དང༌། སྦྱོར་ལམ་གྱི་གནས་སྐབས་སུའང་སྦྱར་བར་བྱ་བ་ཡིན་པས་ཡོད་མོད་ཀྱི། འདིར་ཡིད་ལ་བྱེད་པ་བླ་ན་མེད་པའི་བར་དུ་བྱས་སོ། །འདི་དག་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་སོ། །སྒོམ་ལམ་བསྟན་ཟིན་ནས། ལྔ་པ་མི་སློབ་ལམ་གྱི་གནས་སྐབས་སུ་ནི། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་སྒྲིབ་པ་མ་ལུས་པ་སྤངས་ལ། བསོད་ནམས་ཀྱི་ཚོགས་ཀྱིས་ནི་ཡོན་ཏན་མ་ལུས་པ་རྫོགས་པས་ཚོགས་ཀྱི་འབྲས་བུ་ཆོས་སྐུ་དང་གཟུགས་ཀྱི་སྐུ་བརྙེས་ནས། འཕྲིན་ལས་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་དོན་མཛད་དོ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་དོན། །ཤིན་ཏུ་ཟབ་པའི་གནད་རྣམས་ལེགས་བསྡུས་ནས། །གཞན་གྱི་དོན་དུ་འཕགས་པ་བྱམས་པ་ཡིས། མངོན་རྟོགས་རྒྱན་དུ་བསྡུས་ནས་ལེགས་པར་བཤད། །དེ་ཡི་གནད་ཀྱི་དོན་རྣམས་ལམ་ལྔ་རུ། །བསྡུས་ནས་ལམ་གྱི་རིམ་པ་སྒོམ་པའི་ཚུལ། །ཇོ་བོས་མཛད་པའི་རྗེས་སུ་ལེགས་འབྲངས་ནས། །གཞན་ལ་ཕན་པར་བྱ་ཕྱིར་འབད་པས་སྦྱར། །འདིར་འབད་དགེ་ཚོགས་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་ལམ་ལྔའི་ཁྲིད་ཀྱི་མན་ངག་འདི་རོང་སྟོན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*