༄༅། །ཏིང་ངེ་འཛིན་བསྒོམ་པའི་གོལ་སའི་མཐའ་དཔྱད་པ་གདམས་ངག་བདུད་རྩིའི་ཐིགས་པ་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ཞིང༌། །རབ་དགའ་ལ་སོགས་ས་བཅུ་པ། །གནས་པའི་བྱང་སེམས་ཐམས་ཅད་དང༌། །གྲུབ་པའི་ས་བརྙེས་ལ་བསྟོད་ནས། །གནད་ཀྱི་མན་ངག་བྲི་བར་བྱ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་གེགས་སྒྲིབ་གཉིས་ཀྱི་མུན་པ་བསལ་ཞིང༌། ཡང་དག་པའི་དོན་ལ་འཇུག་དགོས་པས། དེའི་དོན་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་ཡོངས་སུ་དཔྱད་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་ཡིན་པས། ཏིང་འཛིན་བསྒོམ་པའི་དུས་ཀྱི་མི་མཐུན་པའི་ཕྱོགས་ངོས་བཟུང་བ་ནི། སྒྲིབ་གཉིས་ཀྱི་རྩ་བ་བདེན་འཛིན་ཡིན་ལ། བདེན་འཛིན་སྤོང་བའི་དོན་དུ་སྟོང་པ་ཉིད་ཀྱི་དོན་བསྒོམ་པར་བྱའོ། །དེ་ལ་ཐོག་མར་གང་ལ་བདེན་པར་བཟུང་བའི་ཡུལ་གསལ་གདབ་དགོས་ཏེ། ཁྱད་གཞི་མ་གཟུང་བར་ཁྱད་ཆོས་ལ་བདེན་འཛིན་གྱི་སྒྲོ་འདོགས་གཅོད་མི་ནུས་པའི་ཕྱིར། དེས་ན་ཡུལ་གང་མཐོང་རེ་རེ་ནས་གསལ་གདབ་པ་ལ་བསླབ་པར་བྱའོ། །གསལ་བཏབ་ནས་དེའི་སྟེང་དུ་དབུ་མའི་གཏན་ཚིགས་གང་ཡང་རུང་བ་སྦྱར་ནས་བདེན་མེད་རྟོགས་པར་བྱ་བའམ། ཡང་ན་ཆུ་ཟླའི་དཔེ་དང༌། རྨི་ལམ་དང༌། སྒྱུ་མ་དང༌། རྨིག་སྒྱུ་དང༌། འཇའ་ཚོན་དང༌། གཟུགས་བརྙན་གྱི་དཔེས་བདེན་མེད་དུ་རྟོགས་པར་བྱས་ནས་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྣ་ཚོགས་སུ་སྣང་བ་བདེན་པར་འཛིན་པ་ནི། རྟག་པའི་མཐར་འཛིན་པ་ཡིན་ལ། སྔར་རང་བཞིན་གྱིས་གྲུབ་པ་ཕྱིས་མེད་པར་བལྟས་ན་ནི། ཆད་པར་ལྟ་བ་ཡིན་པས་འདི་གཉིས་ལྟ་བའི་གོལ་སའོ། །སྒོམ་པའི་དུས་སུ་བྱིང་རྒོད་གཉིས་བྱུང་ན་སྒོམ་པའི་གོལ་སའོ། །བྱིང་རྒོད་བྱུང་བའི་སྐབས་སུ་བྱིང་རྒོད་སེལ་བའི་ཐབས་བྱའོ། །ཤེས་བཞིན་གྱི་བྱ་ར་བས་བྱིང་རྒོད་བྱུང་མ་བྱུང་རྟོགས་པར་བྱེད་ལ། གལ་ཏེ་བྱུང་ན་དེ་མ་ཐག་ཏུ་རིག་པར་བྱས་ནས། སླར་ཡང་བྱིང་རྒོད་སེལ་བའི་ཐབས་བྱའོ། །བྱིང་བས་ནི་དམིགས་པ་མི་གསལ་བར་བྱེད་ལ། རྒོད་པས་ནི་རིག་པ་དབྱིངས་ཐོག་ཏུ་མི་གནས་པར་བྱེད་པས། གཉིས་པོ་འདི་སྒོམ་གྱི་སྐྱོན་ཡིན་ནོ། །དབུས་མཐའ་ལས། གཉིས་ནི་ཏིང་འཛིན་ཉམས་པའི་རྒྱུ། །ཞེས་སོ། །བྱིང་རྒོད་ཞི་ནས་ཏིང་ངེ་འཛིན་ལ་རྣལ་དུ་གནས་པའི་དུས་སུ། སྔར་གྱི་ཏིང་ངེ་འཛིན་ལ་གསལ་པོ་དེ་བཞག་ནས། བྱིང་རྒོད་སེལ་བའི་རྩོལ་བ་བྱས་ནས། སྔ་མའི་ཏིང་ངེ་འཛིན་གྱི་རྒྱུན་གཅོད་ནའང་སྐྱོན་ནོ། །དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །སྣ་ཚོགས་སུ་སྣང་བའི་བག་ཆགས་ཀྱི་གཉེན་པོར་སྣང་ལ་རང་བཞིན་མེད་པར་སྒོམ་པའི་རྗེས་སུ་སྣང་བ་ཙམ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས། ནམ་མཁའི་དཀྱིལ་ལྟར་དུ་མཉམ་པར་བཞག་པར་བྱའོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། མཉམ་གཞག་གིས་ནི་ནམ་མཁའི་དཀྱིལ་ལྟར་མཁྱེན་ཏོ། །ཞེས་སོ། །ཡང་སྟོང་པ་ཉིད་ལ་མངོན་པར་ཞེན་པའང་གཞོམ་པར་བྱ་བ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལ་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་པ་དང༌། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་པ་དང༌། གང་ལ་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་དུ་མེད་པར་གསུངས། །ཞེས་པ་དང༌། དཀོན་མཆོག་བརྩེགས་པ་ལས་ཀྱང༌། འོད་སྲུངས། གང་ཟག་གི་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟར་མ་ཡིན་ནོ། །ཞེས་པ་དང༌། ཤེར་ཕྱིན་ལས་ཀྱང༌། སྟོང་པ་ཉིད་སྟོང་པ་ཉིད་གསུངས་པའི་དོན་ཡང་རྟོགས་པར་བྱའོ། །དེས་ན་སྟོང་ཉིད་བསྒོམ་པ་ན་དེ་ལ་ཞེན་པ་བྱུང་ན། དེ་ལ་ཞེན་པའི་བློ་དེའང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བཤིག་པར་བྱའོ། །རེས་འགའ་ནི་ཇི་སྙེད་པའི་རྟོགས་པ་མི་བརྗེད་པའི་དོན་དུ་སྣང་ལ་རང་བཞིན་མེད་པར་གསལ་གདབ་པར་བྱའོ། །ཡང་མཉམ་བཞག་གི་རྟོགས་པ་བོགས་དབྱུང་བའི་དོན་དུ། རྗེས་ཐོབ་ཀྱི་དྲན་པས་སྣང་སྟོང་ནམ་མཁའ་ལྟ་བུ་དང༌། རེས་འགའ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཁོར་ཡུག་ཏུ་གསལ་གདབ་པར་བྱའོ། །དེས་ན་མཉམ་བཞག་གི་བོགས་རྗེས་ཐོབ་ཀྱིས་འདོན། རྗེས་ཐོབ་ཀྱི་བོགས་མཉམ་བཞག་གིས་འདོན་པར་བྱའོ། །འདི་དག་ནི་གནད་ཀྱི་མན་ངག་ཡིན་པས་སྣོད་མ་ཡིན་པ་ལ་མི་སྟོན་ནོ། །དེས་ན་རིན་ཆེན་ཕྲེང་བ་ལས། གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །ཀུན་མཁྱེན་ཐམས་ཅད་མཁྱེན་པས་ཤེས། །ཞེས་སོ། །སྔོན་ཆད་མེད་པའི་གནད་ཀྱི་མན་ངག་འདི། །དད་ལྡན་རྣམས་ལ་བསྟན་གྱི་གཞན་ལ་མིན། །ཚིག་གི་སྤྲོས་པ་མང་པོ་བྱེད་ན་ཡང༌། །དོན་གྱི་སྙིང་པོ་ཤེས་པ་ག་ལ་འགྱུར། །གསུང་རབ་ཀུན་གྱི་སྙིང་པོ་ལེགས་བསྡུས་པ། །འདི་ལྟར་ཤེས་ན་མཁས་པའི་མཆོག་ཡིན་གྱི། །སྙིང་པོ་མེད་པར་ཚིག་གིས་སྤྲོས་པ་ཡིས། །ཕ་རོལ་བསླུ་བར་བྱེད་པ་སྙིང་རྗེའི་གནས། །དེས་ན་གཞན་ཕན་བསམ་པས་འདི་བཤད་པའི། །དགེ་བ་དྲི་མེད་གངྒཱའི་ཆུ་རྒྱུན་གྱིས། །འགྲོ་ཀུན་ཡིད་ཀྱི་དྲི་མ་ཀུན་བསལ་ནས། །ཀུན་མཁྱེན་ཡེ་ཤེས་མངོན་དུ་བྱེད་གྱུར་ཅིག །ཅེས་ཏིང་ངེ་འཛིན་གྱི་གོལ་སའི་མཐའ་དཔྱད་པ། གདམས་ངག་བདུད་རྩིའི་ཐིགས་པ་ཞེས་བྱ་བ་ནི་རོང་སྟོན་ཆེན་པོས་ཤྲཱི་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply