མན་ངག་བསྡུས་པ་གསུང་རབ་ཀུན་གྱི་མན་ངག་གི་གནད་བསྡུས།

༄༅། །སྐུ་གསུང་ཐུགས་མཉམ་པར་བཞག་པའི་མན་ངག་བསྡུས་པ་གསུང་རབ་ཀུན་གྱི་མན་ངག་གི་གནད་བསྡུས་པ་རིན་ཆེན་སྤུངས་པ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁའ་ལྟར་རབ་ཡངས་མཁྱེན་པའི་དཀྱིལ་འཁོར་ཅན། །ཚད་མེད་ཐུགས་རྗེའི་འོད་དཀར་རབ་རྒྱས་ཏེ། །སྲིད་གསུམ་མུན་པ་མ་ལུས་སེལ་མཛད་པ། །རྒྱལ་བ་ཀུན་ལ་གུས་པས་ཕྱག་འཚལ་ལོ། །མི་འཕྲོག་མཁྱེན་རབ་མཆོག་ཏུ་རབ་གསལ་ཞིང༌། །གསུང་དབྱངས་ཡན་ལག་རྣམ་པར་རེག་པར་ཡང༌། །མི་འཇིགས་སྤོབས་པ་མཆོག་ཏུ་སྦྱིན་མཛད་པ། །ཕྱག་འོས་ཀུན་ལ་གུས་པས་ཕྱག་འཚལ་ལོ། །མཆོག་ཏུ་ཟབ་པའི་མན་ངག་རིན་ཆེན་གཏེར། །བླ་མེད་ཐར་པའི་ལམ་བཟང་སྦྱིན་མཛད་པའི། །ཐར་ལམ་བགྲོད་པའི་མན་ངག་ཟབ་མོའི་དོན། །དད་ལྡན་སློབ་མའི་ཚོགས་ལ་བསྟན་པར་བྱ། །གྲུབ་ཆེན་ས་ར་ཧས། སྐུ་གསུང་ཐུགས་མཉམ་པར་བཞག་པའི་མན་ངག་དམ་པ་རྒྱ་གར་ལ་གསུངས་པའི་དོན་བསྟན་པ་ལ། དམ་པས་དཔེའི་སྒོ་ནས་གསུངས་ཏེ། གླང་པོ་ཆེ་སྨྱོན་པ་ལ་བརྡ་ཆོས་རྣམ་པ་གསུམ་སྟེ། ལུས་ལ་དཔའ་ཡོད་པ་དང་གཅིག ངག་ལ་སྐད་ཀྱི་ངར་ཡོད་པ་དང་གཉིས། སེམས་ལ་མི་འཇིགས་པའི་གདེང་ཡོད་པ་དང་གསུམ་མོ། །དཔེ་དེ་བཞིན་དུ། རྣལ་འབྱོར་པས་ལུས་ལ་ཡི་དམ་ལྷའི་དཔའ་ཡོད་པ་དང༌། ངག་ལ་སྔགས་ཀྱི་ནུས་པ་ཡོད་པ་དང༌། སེམས་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་མི་འཇིགས་པའི་གདེང་ཡོད་པ་དང་གསུམ་མོ། །དང་པོ་ནི། སྐུ་མཉམ་པར་བཞག་པ་དང༌། གཉིས་པ་ནི་གསུང་མཉམ་པར་བཞག་པ་དང༌། གསུམ་པ་ནི་ཐུགས་མཉམ་པར་བཞག་པའོ། །སྐུ་མཉམ་པར་བཞག་པ་ལ། བསླབ་པ་རྣམ་པ་གསུམ་དང༌། གསལ་འདེབས་རྣམ་པ་གསུམ་མོ། །དང་པོ་ལ། དབྱིབས་ཆེ་ཆུང་ལ་བསླབ་པ་དང༌། གྲངས་མང་ཉུང་ལ་བསླབ་པ་དང༌། ཁོར་ཡུག་ཏུ་བསླབ་པའོ། །གཉིས་པ་གསལ་འདེབས་རྣམ་པ་གསུམ་ལ། སྐུ་སྟོད་དང་སྐུ་སྨད་ལ་གསལ་འདེབས་པ། ཁོར་ཡུག་དུ་གསལ་འདེབས་པ། ཕྱི་ནང་ལ་གསལ་འདེབས་པའོ། །དང་པོ་ནི། དབུའི་གཙུག་ཏོར་ནས་གདན་གྱི་བར་རིམ་གྱིས་གསལ་འདེབས་པ་སྟེ། ལན་ཉི་ཤུ་རྩ་གཅིག་གི་བར་དུའོ། ཁོར་ཡུག་ཏུ་གསལ་འདེབས་པ་ནི། སྐུའི་ཁོར་ཡུག་ཏུ་ཡིད་ཀྱིས་བསྐོར་ནས་གསལ་འདེབས་པའོ། ཕྱི་ནང་དུ་གསལ་འདེབས་པ་ནི། སྐུའི་ཕྱི་ནང་ལ་ཡང་ཡང་དུ་གསལ་འདེབས་པའོ། །ཆེ་ཆུང་ལ་གསལ་འདེབས་པ་ནི། རེས་འགའ་ཆེ་བ་རི་རབ་ཙམ་དུ་བསྒོམ་པར་བྱའོ། །རེས་འགའ་ཆུང་བ་ཡུངས་འབྲུ་ཙམ་ལ་བསླབ་པར་བྱའོ། །ཞེས་ཇོ་བོ་རྗེས་གསུངས་སོ། །གྲངས་མང་ཉུང་ལ་བསླབ་པ་ནི། རེས་འགའ་སྐུ་དཔག་ཏུ་མེད་པ་སྤྲོ་བར་བྱའོ། །རེས་འགའ་ནི་རྩ་བའི་ལྷ་གཅིག་ཏུ་སྡུད་དོ། །ཞེས་གསུངས་སོ། །ཡང་བསླབ་པ་རྣམ་པ་གསུམ་སྟེ། ལྷའི་སྐུ་སྣང་བཅས་ལ་བསླབ་པ། སྣང་མེད་ལ་བསླབ་པ། ཟུང་འཇུག་ལ་བསླབ་པའོ། །དང་པོ་ལྷའི་སྐུའི་དབྱིབས་ལ་བསླབ་པ། ཁ་དོག་ལ་བསླབ་པ། ཕྱག་མཚན་ལ་བསླབ་པའོ། །གསུམ་པོའང་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ། སྒྱུ་མ་ལྟ་བུ། ཆུ་ཟླ་ལྟ་བུ་ལ་ཡང་དང་ཡང་དུ་གསལ་འདེབས་པ་གནད་ཀྱི་གདམ་ངག་གོ །སྣང་མེད་ལ་བསླབ་པ་ནི། སྐུ་གསུང་ཐུགས་ཀྱི་མན་ངག་གི་དོན་བསྒོམ་ཚུལ་ཐམས་ཅད་ཀྱང་སྤྲོས་པ་ཞི་ནས། ནམ་མཁའི་དཀྱིལ་ལྟ་བུ་སྣང་མེད་ཀྱི་དོན་ལ་མཉམ་པར་བཞག་པར་བྱའོ། །ཟུང་འཇུག་ལ་བསླབ་པ་ནི། སྐུ་གསུང་ཐུགས་ཀྱི་ཆོས་ཐམས་ཅད་རེས་འགའ་འཇའ་ཚོན་ལྟར་མཉམ་པར་བཞག་ཅིང༌། རེས་འགའ་འཇའ་ཡལ་བ་ལྟར་སྤྲོས་མེད་ནམ་མཁའི་དཀྱིལ་ལྟར་བསླབ་པའོ། །འདི་གཉིས་རེས་འཇོག་ཏུ་སློབ་པ་ནི། ཟུང་འཇུག་ལ་སློབ་པའོ། །སྐུ་མཉམ་པར་བཞག་པ་བསྟན་ཟིན་ཏོ། །གསུང་མཉམ་པར་བཞག་པ་ལ། ངག་གི་བཟླས་པ་དང༌། རྡོ་རྗེའི་བཟླས་པའོ། །ངག་གི་བཟླས་པ་ལ། འཕྲོ་འདུའི་བཟླས་པ་དང༌། དོ་ལིའི་བཟླས་པ་དང༌། ཁྱོགས་ཀྱི་བཟླས་པའོ། །རྡོ་རྗེའི་བཟླས་པ་ནི། རླུང་འཇུག་གནས་ལྡང་གསུམ་དང༌། སྐུ་གསུང་ཐུགས་ཀྱི་སྙིང་པོ་རྣམས་དབྱེར་མེད་དུ་ཡིད་ཀྱི་སྦྱར་ནས། ཡིད་ཀྱི་བཟླས་པ་བྱེད་པའོ། །ཀུན་སློང་གཞན་དུ་ཡེངས་པའི་བཟླས་པ་ནི། འདོད་པའི་དོན་མི་འགྲུབ་པར་ཞི་བ་ལྷས་གསུངས་པས། ལྷའི་དམིགས་པ་རྣམས་ཤིན་ཏུ་གསལ་བའི་ངང་ནས་བཟླས་པ་བྱེད་པ་ནི་གནད་ཀྱི་མན་ངག་གོ །«་་་་་མཚམས་འདིར་ཐུགས་མཉམ་པར་བཞག་པའི་ས་བཅད་མི་འདུག གོང་གི་ཡང་བསླབས་པ་རྣམ་པ་གསུམ་ཟེར་བ་དེས་མཐུས་མིན་བརྟག» སྐུ་གསུང་ཐུགས་མཉམ་པར་བཞག་པའི་མན་ངག གྲུབ་ཆེན་ས་ར་ཧས། རྗེ་དམ་པ་རྒྱ་གར་ལ་གསུངས་པའི་གདམས་པ་མན་ངག་དུ་དྲིལ་ཏེ་བཤད་པ་འདི་ནི། རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ། །གསུང་རབ་ཀུན་གྱི་སྙིང་པོའི་དོན་བསྡུས་ནས། །མན་ངག་གནད་ཀྱི་གདམས་པ་རིན་ཆེན་གཏེར། །བླ་མ་དམ་པའི་ཐུགས་ལས་ལེགས་རྙེད་པ། །བཤད་པའི་དགེ་བ་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་སངས་རྒྱས་གོ་འཕང་ཐོབ་པར་ཤོག །འདི་ནི་སློབ་མ་དམ་ཚིག་ཅན་ལ་བསྟན་གྱིས་གཞན་ལ་ནི་མ་ཡིན་ནོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*