དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་འཇིགས་བྲལ་པ༸ངག་དབང་ཀུན་དགའ་བསོད་ནམས་མཆོག་རྗེས་སུ་དྲན་པ།

 

དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་འཇིགས་བྲལ་པ༸ངག་དབང་ཀུན་དགའ་བསོད་ནམས་མཆོག་རྗེས་སུ་དྲན་པ།

སྔོན་ཆད༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གིས་རྟག་པར་ཁོང་གི་རྩ་བའི་བླ་མ་ཐུབ་དགའ་ཡིད་བཞིན་ནོར་བུ་དང་སྐྱབས་རྗེ་བདག་ཆེན་འཇིགས་བྲལ་པ་གཉིས་ཀྱི་ལོ་རྒྱུས་གསུངས་དར། ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་རྫ་སྟོད་ལྕང་མ་རི་ཁྲོད་ན་བཞུགས་པའི་སྐབས་ཤིག་ལ། ཐུབ་དགའ་ཡིད་བཞིན་ནོར་བུ་ཕྱོགས་གཅིག་ནས་དགོང་ལོ་མཐོ་བ་དང་། གཉིས་སུ་དུས་ཚོད་ཕལ་མོ་ཆེར་ཆོས་ཁྲིད་གསུང་རྒྱུ་དང་ཐུན་གཅད་རྒྱུ་ལས་གཞན། མཁན་སྤྲུལ་བསམ་གྱིས་མི་ཁྱབ་པ་དེ་འདྲ་རྫ་ཆུ་ཁར་ཕེབས་ཡོད་ནའང་། ཆེད་དུ་དབང་ལུང་ཞུ་ས་བྱོན་སྲོལ་མེད། ཡིན་ནའང་ལོ་ཞིག་ལ་བདག་ཆེན་འཇིགས་བྲལ་པ་ཉིད་རྫ་ཆུ་ཁར་ཕེབས་ཡོད་པའི་གནས་ཚུལ་གསན་རྗེས། སློབ་མ་རྣམས་ལ་བྱང་སེམས་བདག་ཉིད་ཆེན་པོ་ཁོང་ཉིད་གསེར་ནག་ཕ་བོང་སྒོར་འགྲིམ་ཞེས་པའི་དཔེ་ལྟར་འདི་ན་ཕེབས་ཡོད་དུས། ད་ང་ཚོ་ཆོས་ཞུ་ས་མ་འགྲོ་ན་ཤིན་ཏུ་གླེན་དྲགས་པ་རེད་གསུངས་ནས། ལྕང་མ་སྒར་གྱི་གྲྭ་སློབ་ཡོངས་རྫོགས་བདག་ཆེན་པའི་སྐུ་མདུན་བྱོན་ནས་ཆོས་ཞུས་ཤིང་། བདག་ཆེན་པའི་སྐུ་ཚེའི་ཞབས་པད་བརྟན་ཕྱིར་དུ་ཞབས་བརྟན་གསོལ།

སྐབས་དེར་བདག་ཆེན་འཇིགས་བྲལ་པ་ཁོང་དགུང་ལོ་ཉི་ཤུ་རྩ་གྲངས་ལས་མིན་ནའང་། ཐུབ་དགའ་ཡིད་བཞིན་ནོར་བུས་རང་གི་རྩ་བའི་བླ་མ་དངོས་དང་འཕྲད་པ་ནང་བཞིན། སློབ་བུ་ཚོ་དང་མཉམ་དུ་ས་ཐོག་ལ་བཞུགས་ནས། བདག་ཆེན་པའི་གསུང་ལ་གུས་བཀུར་ཆེན་པོས་ཉན་པ་རེད་གསུངས་གི  དེ་ནི་ཆོས་རྗེ་བླ་མས་ཐུབ་དགའ་ཡིད་བཞིན་ནོར་བུ་ལ་དད་གུས་བྱེད་པའི་རྣམ་པ་དང་མཚུངས་པ་ཞིག་ཡིན་པར་འདུག་པས། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ཁོང་གི་བརྗེད་མེད་ཀྱི་ཕྱིར་དྲན་ཞིག་ཡིན་ཞེས་ཡང་ཡང་གསུངས་མྱོང་།

ཡུན་རིང་མ་འགོར་བར། ཐུབ་དགའ་ཡིད་བཞིན་ནོར་བུ་སྐུ་བསྙུངས་པའི་ཚུལ་མཛད་པས། སློབ་མ་རྣམས་ཀྱིས་ཐུགས་ཁྲལ་རྒྱ་ཆེན་པོ་བྱས། ཐུབ་དགའ་ཡིད་བཞིན་ནོར་བུས་སློབ་བུ་རྣམས་ལ་ང་རང་ཡུན་རིང་འདུག་དང་མི་འདུག་རང་གིས་ཤེས། ཁྱོད་ཚོས་ཀྱང་མོ་ལུང་སོགས་ཡར་འདྲི་མར་འདྲི་མང་པོ་བྱེད་མ་འདུག  ངེས་པར་གསུང་རྟགས་རེ་ཞུ་དགོས་ན། ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་བདག་ཆེན་ཚང་ཁོང་ལ་དྲིས་པས་ཆོག་ཅེས་གསུངས་པས། སློབ་མ་འགའ་མི་ཉག་དཔལ་ལྷ་སྒང་ན་སོང་ནས་ཞུས་ཚེ། ཁོང་གིས་ད་ལོ་ཁྱོད་ཚོས་ཞབས་བརྟན་དང་སྐུ་རིམ་སོགས་ཅིའང་མ་བསྒྲུབས་ཀྱང་ཐུབ་དགའ་ཡིད་བཞིན་ནོར་བུ་ཞིང་མི་བརྗེ་བ་ཁག་ཁུར། ཡིན་ནའང་སང་ཕོད་བཀའ་འགྱུར་བརྒྱ་ཚར་ཞིག་འགྲུབ་པར་བྱས་ཀྱང་བཞུགས་ས་མ་རེད་གསུངས། བསླུ་བ་མེད་པའི་གསུང་གི་ལུང་བསྟན་པ་དེ་བཞིན་དུ། ལོ་རྗེས་མར་ཐུབ་དགའ་ཡིད་བཞིན་ནོར་བུའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་རེད།

རྒྱུ་རྐྱེན་དེ་སོགས་ཀྱིས་ཐུབ་དགའ་ཡིད་བཞིན་ནོར་བུའི་སློབ་རྒྱུད་ཀུན་གྱིས་བདག་ཆེན་འཇིགས་བྲལ་པ་ཁོང་ལ་ལྷག་པར་གཙི་མཐོང་དང་དད་པ་བྱེད། ཆོས་རྗེ་ཡིད་བཞིན་ནོར་བུས་ཀྱང་རྟག་པར་ཆོས་ཁྲིད་ཀྱི་སྐབས་སུ་བདག་ཆེན་འཇིགས་བྲལ་པ་ཁོང་གི་ཡོན་ཏན་ལ་ཡང་ཡང་བསྟོད་བསྔགས་མཛད་ཅིང་། སེམས་དཔའ་ཆེན་པོ་ཁོང་ཉིད་ཞབས་པད་ཡུན་དུ་བརྟན་ཕྱིར་དུ་གསོལ་འདེབས་དང་སྨོན་ལམ་ཡང་ཡང་གནང་དར།

དགོང་མོ་ཞིག་ལ། ཆོས་རྗེ་བླ་མས་ཐག་རིང་ཨ་རི་ན་བཞུགས་པའི་བདག་ཆེན་འཇིགས་བྲལ་པ་ཁོང་དྲན་གི་གསུངས། ཡིན་ནའང་དུས་ཚོད་ཀྱི་སྟབས་ལེགས་པོ་དང་བསྟུན་དགོས་མ་གཏོགས། ཁོང་སྐུ་ངལ་གསོ་བ་ལ་བར་ཆད་བྱེད་མི་རུང་གསུངས་ནས། མཚན་མོར་ཤིན་ཏུ་ཡུན་རིང་ཞིག་བསྒུགས་མཐར་ཞལ་པར་གྱི་ལམ་ནས། ཁོང་རྣམ་པ་ཕན་ཚུན་གཅིག་གིས་གཅིག་ལ་ཡོན་ཏན་གྱི་ཆེ་བ་བརྗོད་རེས་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་རེས་མཛད་པ་དང་། བདག་ཆེན་འཇིགས་བྲལ་པས་ཆོས་རྗེ་བླ་མ་ལ་ཨ་ནས་ཡང་དུ་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེའི་ཞབས་པད་ཡུན་དུ་བརྟན་དགོས་ཞེས་གསོལ་བ་མང་པོ་བཏབ་སོང་།

ངས་ཕྱིར་དྲན་གྱི་ཀློང་ན། ཆོས་རྗེ་བླ་མས་སྐུ་ཚེ་ཧྲིལ་པོའི་ནང་དུ་ཞལ་པར་བརྒྱུད་ནས་བླ་མ་གཞན་པའི་ཟུར་ནས་ཆོས་ཞུ་བ་ནི་དེ་དུས་ཁོ་ན་ཡིན་པ་འདྲ། རྩ་བའི་བླ་མ་ཁོང་གི་བླ་ན་མེད་པའི་རྟོགས་པའི་ནམ་མཁའ་དམན་པ་བདག་ལྟ་བུས་གཞལ་མི་ཐུབ་ནའང་། སྐབས་དེའི་ཤིན་ཏུ་དམིགས་བསལ་བའི་དོན་དེར་ཅིས་ཀྱང་དགོས་པ་དང་རྟེན་འབྲེལ་ཁྱད་པར་ཅན་ཡོད་ངེས་ཡིན།

ལོ་འགའི་སྔོན་དུ། ང་ལ་བདག་ཆེན་འཇིགས་བྲལ་པ་ཁོང་དངོས་སུ་མཇལ་བའི་སྐལ་བ་དང་ལྡན་སོང་། སྤྱིར་ཁོང་ཉིད་རྒྱུན་པར་ཉམས་ལེན་ལ་གཞོལ་ནས་བཞུགས་པ་ལས་མང་པོ་ལ་མཇལ་ཁ་གནང་བ་ཉུང་ནའང་། ཉིན་དེར་ང་ཚོ་མཇལ་ཁ་ལ་འགྲོ་ཆོག་པའི་བཀའ་གནང་དམིགས་བསལ་ཐོབ་པ་དེས། ང་ལ་སྨྲ་མི་ཤེས་པའི་དགའ་དད་ཡང་ཡང་སྐྱེས་ཤིང་། སེམས་སུ་སྐར་མ་རེ་ཟུང་གི་རྗེས་སུ་སྲིད་ན་དཀོན་པའི་འཕགས་པའི་གང་ཟག་ཅིག་མཇལ་ཐུབ་པ་རེད་བསམས་པ་ཡིན། དེ་ནས་ནང་དུ་སོང་བ་ན། ཁོང་གིས་ཐུགས་བརྩེ་བ་ཆེན་པོས་དགྱེས་འཛུམ་ངང་ང་ཚོ་ལ་གཟིགས་བྱུང་། ཁོང་གི་སྐུ་ཡི་རྣམ་འགྱུར་རེ་རེ་ནི་ཉམས་ལེན་གྱི་སྟངས་སྟབས་རེ་རེ་དང་། རིན་བྲལ་གྱི་བཀའ་མོལ་རེ་རེ་ནི་མན་ངག་གི་ཉིང་ཁུ་རེ་རེ་སྟེ། ངས་རྗེ་ཁོང་ཉིད་སྐུ་དངོས་སུ་མཇལ་བའི་སྐད་ཅིག་མ་དེར། རང་གི་རྒྱ་ཡན་དུ་སོང་བའི་རྣམ་རྟོག་གི་གཡོ་མཚམས་རེ་ཞིག་ཆད་དེ། ལུས་སེམས་བདེ་འབོལ་ལེ་བ་ཞིག་བྱུང་བ་དང་། རིམ་གྱིས་ངའི་ལུས་སེམས་ཡོངས་རྫོགས་ཁོང་གི་ཚད་མེད་པའི་བྱམས་སྙིང་རྗེ་དང་། དྲི་མ་བྲལ་བའི་ཤེས་རབ་ཀྱི་ཀློང་དུ་ཁད་ཀྱིས་འཐིམས། སྨྲ་བརྗོད་ལས་འདས་པའི་ཚོར་སྣང་དམིགས་བསལ་པ་དེ་འདྲ་ནི། ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་དང་མཁན་པོ་ཨ་ཁྱུག་ལྟ་བུ་རེ་ཟུང་ཞིག་གིས་ང་ལ་སྤྲད་ནུས་པ་ཡིན།

ཉིན་དེར་བདག་ཆེན་འཇིགས་བྲལ་པ་ཁོང་གིས་ང་ཚོ་ལ་རིན་ཐང་བྲལ་བའི་གདམས་ངག་མང་པོ་བསྩལ་ཅིང་ཚེ་དབང་དང་ཚེ་འགུགས་གསུངས། ད་རུང་བྱིན་རྟེན་ཀྱང་ཁྱད་པར་ཅན་མི་ཉུང་བ་གནང་བྱུང་། ཁོང་གི་ཞལ་ནས། ཁོང་སྐུ་ཚེ་ཧྲིལ་པོ་ལ་བསྒོམ་བྱ་ནི་བྱམས་སྙིང་རྗེ་དང་། གསོལ་བ་གདབ་ཡུལ་ནི་འཕགས་པ་སྤྱན་རས་གཟིགས་ཡིན། རྒྱུན་ལྡན་གཞན་ལའང་དེ་ལྟར་གྱིས་ཟེར་ནས་རེ་བ་འདོན་བཞིན་ཡོད། དེ་བཞིན་དུ་ཁྱོད་ཚོས་ཀྱང་བྱམས་སྙིང་རྗེའི་བློ་སྦྱོང་ལ་བརྩོན་པ་མཚམས་མ་ཆད་པར་བྱ་དགོས། དེ་ནས་སྤྱན་རས་གཟིགས་ཀྱིས་བསྙེན་པ་མང་དུ་སོགས། སེམས་ཅན་ཟེར་བ་འདི་ཤིན་ཏུ་སྡུག་བསྔལ་བའི་རང་བཞིན་རེད། ནམ་ཡང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་བརྗེད་པར་གྱིས་ཞེས་གསུངས་བྱུང་། དེ་ནི་ཁོང་གིས་ང་ཚོ་ལ་བསྩལ་བའི་ཉམས་ལེན་གྱི་མན་ངག་བླ་ན་མེད་པ་ཞིག་ཡིན་པས། ངས་ནམ་ཡང་སེམས་ཀྱི་གཏིང་རིམ་ནས་བརྗེད་པ་ག་ལ་སྲིད།

གཞུང་རྣམས་སུ། ལྷག་བསམ་དག་པས་གསོལ་བ་བཏབ་ན་ཅི་བསམ་འགྲུབ་པ་དང་གང་འདོད་འབྱུང་བའི་ནོར་བུ་ཞིག་ལ་ཡིད་བཞིན་ནོར་བུ་ཞེས་གསུངས་ཡོད། དེས་ན། བདག་ཆེན་འཇིགས་བྲལ་པ་ཁོང་ཉིད་འདི་ལྟར་སྐྱབས་མེད་པའི་སེམས་ཅན་ང་ཚོ་དང་བྲལ་སོང་བ་ནི། དེ་ལྟ་བུའི་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ཞིག་མི་ཡུལ་ནས་བོར་བརླག་ཏུ་སོང་བ་ཡིན། རྗེ་ཁོང་ཉིད་མི་མཇེད་འཇིག་རྟེན་ལས་ཞིང་ཁམས་གཞན་དུ་ཕེབས་སོང་བའི་འཕྲིན་དེ་ཐོས་མ་ཐག ངའི་སེམས་པ་སྐྱོ་བས་ཡོངས་སུ་གཟིར་བྱུང་། ང་དང་ང་ལྟ་བུའི་འཁོར་བ་ན་དབང་མེད་རྒྱུ་བའི་སེམས་ཅན་ལས་ངན་རྣམས་ཅི་འདྲའི་བསོད་ནམས་ཀྱི་བགོ་སྐལ་ཆུང་བ་ལ་ཨང་། ཡིན་ནའང་མི་ཕྱེད་པའི་དད་པས་ཁོང་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ན། ཅིས་ཀྱང་བྱིན་རླབས་ཀྱི་ཚན་ཁ་རང་རྒྱུད་དུ་འཕོ་ངེས་ཏེ། རྒྱུ་མཚན་ཡང་། དམ་པ་ཁོང་ཉིད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཟིན་ཀྱང་། ཐུགས་ཀྱི་བྱམས་རྩེ་སྐད་ཅིག་ཙམ་ཡང་ང་ཚོ་དང་འབྲལ་མི་སྲིད་པས་ཡིན།

ས་སྐྱའི་འཁོན་གདུང་ཞིག་གིས་གསུངས་པ་ལྟར་ན། མི་ལོ་བཅུ་ཕྲག་གི་ཡར་སྔོན་དུ་སློབ་མ་ཞིག་གིས་བདག་ཆེན་ཉིད་ལ། རིན་པོ་ཆེ་ཁྱེད་རང་སྐུ་མྱ་ངན་ལས་འདའ་དུས་ང་ཚོས་མཐོང་ཐུབ་པའི་རྟགས་མཚན་གང་འདྲ་ཡོད་དམ་ཞེས་དྲི་བ་བཀོད་པ་ལ། ཁོང་གིས་དེ་དུས་ཚོན་མདངས་སྣ་ཚོགས་ཅན་གྱི་ཤོག་སྦག་བཀད་པ་ལྟ་བུ་འགྱུར་ཞེས་གསུངས་པ་རེད་ཟེར། དངོས་གནས་ཁོང་ཉིད་སྐུ་མྱ་ངན་ལས་འདས་དུས། ཨ་རིའི་སིས་ཨ་ཏོའི་(Seattle)བར་སྣང་ན་དེ་སྔར་ཤར་མ་མྱོང་བའི་ངོ་མཚར་འཇའ་ཚོན་གྱི་རི་མོ་སྣ་ཚོགས་ཤར་བ་དེ་དྲ་ལམ་ནས་མཐོང་དུས། དེ་མ་ཐག་འགོག་ཐབས་བྲལ་བའི་སེམས་ཀྱི་ཚོར་སྣང་ཞིག་གིས་བདག་གི་མིག་ཟུང་མཆི་མས་བརླན་བྱུང་།

རྗེ་ཁོང་གི་བཞུད་ལམ་ནི་འོད་སྣང་གི་བཞུད་ལམ་ཞིག་ཡིན། ཁོང་གིས་བླ་ན་མེད་པའི་གྱེས་བྲལ་གྱི་མངོན་སྟངས་འདིས། འོད་སྣང་གི་འགྲུལ་བཞུད་ལ་ལྷོད་པར་མེད་པར་མདུན་དུ་བསྐྱོད་ན། ང་ཚོ་རེ་རེའང་ཡིད་བཞིན་གྱི་ནོར་བུ་རེ་རེ་ཡིན་ཆོག་པའི་སྣེ་སྟོན་གནང་ཡོད།

ཅེས་མེ་སྤྲེལ་ལོའི་ས་ག་ཟླ་བའི་ནང་དུ་ཤེས་རབ་བཟང་པོར་འབོད་པ་དེས། དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི༸བདག་ཆེན་འཇིགས་བྲལ་པ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་ལ་སེམས་ཕམ་ཆེན་པོ་དང་བཅས་ཕུལ་བ་ལགས་སོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*