<<དཀར་མཛེས་སྒྱུ་རྩལ་པ་ཞིམ་དངུལ་ལྷ་བཟོ་ཚང་དགེ་སློང་ཀུན་བཟང་རྡོ་རྗེ།>>
སྤྱིར་བཏང་སྒྱུ་རྩལ་ནི་ལུས་ངག་ཡིད་གསུམ་གྱི་འགུལ་བསྐྱོད་དང་འབྲེལ་བའི་རྩལ་ནུས་ཁྱད་དུ་འཕགས་པའམ་དམིགས་བསལ་བ་ཞིག་གིས་ལམ་ནས་བྱུང་བའི་བཟོ་བཀོད་སྣ་ཚོགས་ཀྱིས་གཞན་རྣམས་ཡིད་དབང་མེད་དུ་འཕྲོག་ནུས་པའི་ཁྱད་ཆོས་ཀྱི་མཚན་ཉིད་ལྡན་པའི་སྒྱུ་རྩལ་ཡིན་ཟེར་ན་ཆོག དེ་བཞིན་སྒྱུ་རྩལ་པའི་ཁྱད་ཆོས་གཞན་ཡང་སྒྱུ་རྩལ་པའི་རང་ཉིད་ཀྱི་སེམས་ཁམས་ཤིག་ནས་ཐོན་པའི་བདེན་པ་དང་། དགེ་བ། མཛེས་པ་ནི་སྒྱུ་རྩལ་པས་འཚོལ་བའི་བརྗོད་སྙིང་དང་འཚོ་བའི་ཁ་ཕྱོགས་དང་བསྟུན་པའི་ཁྱད་ཆོས་གསོན་པོ་ཞིག་རེད་སྙམས་པར་སོམས་སོ། དེའི་ཕྱིར་མཁས་པ་དག་གི་གཞུང་ནས་སྒྱུ་རྩལ་དྲུག་ཅུ་རེ་བཞི་དང་དགུ་བཅུ་གོ་དྲུག་བཅས་ཀྱི་སྒྱུ་རྩལ་རྣམ་གྲངས་མི་འདྲ་བ་ཧ་ཅང་མང་ཞིག གནའ་དེང་གི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དང་། སློབ་གསོ་དང་ཚན་རིག རྩོམ་རིག སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་པའི་ཐོག་ནས་རིག་གནས་ཆེ་ཆུང་བཅུའི་སྒྱུ་རྩལ་ལས་གཞན་པའི་སྒྱུ་རྩལ་ཞེས་པའི་མེད་ཟེར་ན་ཆོག་པ་ཞིག་ཡིན། སྒྱུ་རྩལ་པས་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་བསྟུན་དགོས་ལ་འདུ་ཤེས་འཛིན་སྟངས་ཀྱི་ལམ་ནས་གཞན་ངོས་ནས་སེམས་ཚོར་དང་དགའ་སྤོབས་སྐྱེས་ཐུབ་པའི་བློ་སྣེ་འཁྲིད་ཐུབ་པ་ཡང་དགོས། དེ་ནི་སྒྱུ་རྩལ་པས་ཁྱད་ཆོས་གསོན་པོ་ཞིག་ཡིན། དེའི་ཕྱིར་དེ་རིང་ཁོ་བོས་སྒྱུ་རྩལ་པ་ཞིག་གི་ཁྱད་ཆོས་གསོན་པོ་ལྡན་པ་དང་སྤྱི་ཚོགས་སུ་གོ་གནས་དང་བླ་ཆེན། མི་ཆེན་དང་ཡོན་ཏན་ཅན་གྱི་མི་སྣ། སྤྱི་འབངས་སམ་མི་སེར་དཀྱུས་མ་སོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་བཞིན་པའི་དེང་སང་དཀར་མཛེས་སྒྱུ་རྩལ་པ་ཞིམ་དངུལ་ལྷ་བཟོ་ཚང་དགེ་སློང་ཀུན་བཟང་རྡོ་རྗེ་མཆོག་གིས་བཞེངས་པའི་སྟོན་པ་བདེ་བར་གཤེགས་པའི་དད་རྟེན་མཚོན་པའི་མཆོད་རྟེན་སྣ་ཚོགས་དང་ཆེ་ཆུང་མི་འདྲ་བ་བཅས་བཞེངས་ཚུལ་ངོ་སྤྲོད་བསྡུས་པ་ཞིག་འདི་ན་འདོད། དེ་ཡང་དཀར་མཛེས་སྒྱུ་རྩལ་པ་དགེ་སློང་ཀུན་བཟང་རྡོ་རྗེ་མཆོག་ནི་རང་གཤིས་འཇམ་ཞིང་གཞུང་དྲང་བའམ་སེམས་རྒྱུད་བཟང་པོ་དང་ཕྱི་ཐག་རིང་བ་དང་། མི་དང་མིའི་བར་དུ་འགྲོགས་སླ་ཞིག སེམས་ཁམས་མཐུན་པའི་དགེ་སློང་འདུལ་བ་འཛིན་པ་ཞིག སྒྱུ་རྩལ་པ་ཁོང་ནི་སྔོན་མའི་བབ་ཆགས་དུས་ལ་སྨིན་ནས་རང་བཞིན་གྱིས་སྨན་སྦྱོར་ལ་མཁས་པ་དང་མཛེས་རྩལ་རི་མོ་ལ་ཡང་མཁས་པ་ཞིག་རེད། ཡུལ་མི་གྲོང་པ་ཁྱིམ་མཚེས་སོགས་ལ་རྐྱེན་ངན་ནད་པ་རིགས་བྱུང་ཚེ་དུས་ཐོག་ཏུ་སྨན་ཁང་དུ་འགྲོ་མི་ཐུབ་པ་དང་སྨན་རིན་སྤྲོད་མི་ཐུབ་བྱུང་ཚེ། སེམས་རྒྱུད་བཟང་པོའི་དགེ་སློང་ཁོང་གིས་དུས་ཐོག་ཏུ་སུས་ཤིག་གིས་ནང་དུ་སྐད་གཏོང་ཚེ་ཉིན་མཚན་དབྱེ་བ་མེད་པར་རང་དོན་དོར་ནས་གཞན་དོན་ལ་འབོད་ནས་སྨན་སྦྱོར་དང་ཁབ་རྒྱག་པ། གྲིབ་དང་མི་གཙང་བ་དག་བྱེད་པའི་བྱབས་ཁྲིས་དང་བགེགས་བསྐྲད་སོགས་ཀྱི་རམ་འདེགས་གནང་བཞིན་ཡོད། ད་རན་དཀར་མཛེས་སྒྱུ་རྩལ་པ་དགེ་སློང་ཀུན་བཟང་རྡོ་རྗེ་མཆོག་གི་དཀར་མཛེས་ཡུལ་ཕྱོགས་སུ་མཆོད་རྟེན་ཇི་ཙམ་བཞེངས་ཡོད་མེད་ངོ་སྤྲོད་བསྡུས་ཙམ་ཞིག་བྱེད་ན་འདོད། སྤྱི་ལོ ༡༩༩༨ ལོར་གདོང་ཐོག་དགོན་གྱི་ཐོག་བརྩེགས་བཅུ་ཡོད་པའི་དུས་འཁོར་མཆོད་རྟེན་གསར་བཞེངས་དང་། སྤྱི་ལོ ༢༠༠༣ ལོར་ཀཿབྲག་རྡོ་རྗེ་གདན་གྱི་ཉེ་འགྲམ་སློབ་དཔོན་བཻ་རོ་ཙཱ་ནའི་ཕྱག་ཕྲེང་ཕྲེང་རྡོག་རེར་རྟེན་རྩ་དུ་ཡོད་པའི་བརྒྱ་རྩེ་མཆོད་རྟེན་བརྒྱ་དང་བརྒྱད་རྣམས་ཉམས་ཆག་ཏུ་གྱུར་བས་གསར་བཞེངས་དང་རྒྱུ་སྦྱོར་ཡང་ཞིམ་དངུལ་ལྷ་བཟོ་ཚང་སྒྱུ་རྩལ་པ་ཁོང་གི་ཨ་མ་ཡེ་ཤེས་ལྷ་མཚོ་གཙོས་ནང་མི་ནས་རྒྱུ་སྦྱོར་གནང་འདུག དེ་ཡང་འདས་སོང་ཕ་རྒན་བློ་བཟང་ཚེ་རིང་གི་ཆེད་དུ་ཡང་དམིགས་པ་ཞིག་རེད་འདུག མ་ཟད་མཁན་པོ་ཤེས་རབ་མཆོག་གི་སྐུ་གདུང་མཆོད་རྟེན་ཐོག་ཚོད་ཁང་བརྩེགས་གཉིས་ཤིག་ཡོད་གཅིག་གསར་དུ་བཞེངས། སྤྱི་ལོ ༢༠༠༦ ལོར་ཀཿབྲག་ཇོ་ཁང་གི་མདུན་ངོས་སུ་རྣམ་རྒྱལ་མཆོད་རྟེན་ཉམས་གསོ་གསར་བཞེངས་དང་། སྤྱི་ལོ ༢༠༠༧ ལོར་ཉག་རོང་ལྷ་མོ་ར་བླ་མ་འཇའ་ལུས་དུ་གྲུབ་པའི་སྐུ་གདུང་བྱང་ཆུབ་མཆོད་རྟེན་གསར་བཞེངས་གནང་དང་། སྤྱི་ལོ༢༠༠༨ ལོར་དཀར་ཡོལ་འོ་ནང་དུ་བདུད་འདུལ་མཆོད་རྟེན་གསར་བཞེངས་དང་གདོང་ཐོག་དགོན་དུ་བདུད་འདུལ་མཆོད་རྟེན་གསར་བཞེངས་གནང་། སྤྱི་ལོ ༢༠༠༩ ལོར་ཞིམ་དངུལ་ལྷ་བཟོ་ཚང་གིས་ཆོས་སྦྱིན་གནང་ཇོ་ཁང་གི་གཡས་ཕྱོགས་སུ་རྣམ་རྒྱལ་མཆོད་རྟེན་གསར་བཞེངས་གནང་། སྤྱི་ལོ ༢༠༡༡ ལར་སྡེ་དགེ་རྫོང་ཁོངས་སུ་ཡོད་པའི་སྡེ་དགེ་ཡུལ་ལྷུང་ལྷ་རྒྱལ་དགོན་དུ་སྐུ་གདུང་ཆ་བརྒྱད་ཆ་ཚང་གསར་བཞེངས་གནང་། སྤྱི་ལོ ༢༠༡༣ ལོར་དཀར་མཛེས་གྲུབ་འོག་སྟེང་བྱང་ཆུབ་མཆོད་རྟེན་གསར་བཞེངས་དང་། དེ་བཞིན་དུ་ལོ་དེར་ཡར་ལངས་ཆ་ལ་ཡང་བྱང་ཆུབ་མཆོད་རྟེན་གསར་བཞེངས་མཛད། སྤྱི་ལོ ༢༠༡༤ ལོར་དཀར་མཛེས་གཟིག་མགོ་སྒང་དཔལ་འཁོར་མཆོད་རྟེན་གསར་བཞེངས་མགོ་བཙུགས་གནང་། སྤྱི་ལོ༢༠༡༥ ལོར་དཀར་མཛེས་རྟ་ཆུ་མདའ་པད་སྤུངས་མཆོད་རྟེན་གཅིག་དང་། བྱང་ཆུབ་མཆོད་རྟེན་གཉིས། དུང་བསྐོར་གཅིག་བཅས་གསར་བཞེངས་མཛད། སྤྱི་ལོ ༢༠༡༦ ལོར་སྡེ་དགེ་རྫོང་གི་ཁོངས་སུ་སྡེ་དགེ་ཡུལ་ལྷུང་ལྷ་རྒྱལ་དགོན་དུ་བྱང་ཆུབ་མཆོད་རྟེན་གཅིག་ཉམས་གསོ་གནང་བ་དང་བྱང་ཆུབ་མཆོད་རྟེན་གཅིག་གསར་བཞེངས་གནང་། སྤྱི་ལོ་༢༠༡༧ ལོར་དཀར་མཛེས་དཔལ་འཁོར་མཆོད་རྟེན་ཆེན་མོ་གསར་བཞེངས་ལེགས་པར་གྲུབ། མཆོད་རྟེན་འདི་དང་འབྲེལ་བའི་གསལ་བཤད་ཅིག་བྱེད་ན་འདོད་པ་བྱུང་། དེ་ཡང་ཐོག་མ་ཁང་སར་༸ སྐྱབས་མགོན་མཆོག་གིས་དཀར་མཛེས་དཔལ་འཁོར་མཆོད་རྟེན་ཆེན་མོ་གསར་བཞེངས་ཆེད་དུ་ཐོག་མའི་ཐུགས་སྨོན་དང་ཆོས་སྦྱིན་གཏོང་ཕོད་ཆེན་པོ་གནང་འཆར་ལྟར་སྒྱུ་རྩལ་པ་དགེ་སློང་ཀུན་བཟང་རྡོ་རྗེ་མཆོག་ལ་རེ་བསྐུལ་དང་སྦྲགས་ཁོང་གཉིས་མཉམ་དུ་ལྷ་ས་རྒྱ་རྩེ་དཔལ་འཁོར་མཆོད་རྟེན་ཇི་ལྟར་བཞེངས་ཡོད་མེད་བཅས་ལ་ཉམས་ཞིབ་ཆེད་བཅར་གནང་བ་མ་ཟད་ཉེ་འཁོར་མཆོད་རྟེན་སོགས་ལ་ཉམས་ཞིབ་ཚད་དང་ལྡན་པ་གནང་ཡོད། དེ་ནས་སྤྱི་ལོ ༢༠༡༤ ནས་བཟུང་སྟེ་ ༢༠༡༧ ཟླ་བ་ ༨ པའི་ཚེས ༢༠ བར་དུ་སྔ་ལངས་ཉལ་ཕྱི་གནང་ནས་ཐོག་མཐའ་བར་གསུམ་དུ་ཐུགས་འགན་གཅིག་ལྕོག་གནང་སྟེ་ལོ་ངོ་ཧྲིལ་བོ་བཞི་ཙམ་རིང་དུ་སྔ་དགོངས་ཀྱི་འཕྲིན་རྟའི་སྣུམ་ཡང་སོ་སོས་ངོས་ནས་བླུག་ནས་དུས་ཚོད་ངེས་བཅར་ནས་ལུས་སེམས་གང་རུང་གི་ངལ་བ་དོར་ནས་འབོད་པ་གནང་ཡོད། སྒྱུ་རྩལ་པ་ཁོང་གི་སྔ་དགོངས་དུས་གསུམ་སོགས་སུ་དཀའ་ལས་ཅི་ཙམ་ཡོད་མེད་དང་དཀའ་ལས་ཇི་ཙམ་རྒྱག་ཡོད་མེད་ཤེས་དགོས་པ་ཚོར། དེ་བཞིན་དུ་གྲོང་པ་ཁག་གཅིག་གི་མཆོད་རྟེན་བཞེངས་ཕྱོགས་ཐད་ལ་སྒྱུ་རྩལ་པ་ཁོང་ལ་རེ་བསྐུལ་གནང་ཡོད་ལ་བཞེངས་འཆར་ཡང་ཡོད་པ་མང་ཡང་རྫོང་རིམ་པའི་ཆོག་མཆན་མ་རག་ནས་ལུས་པ་སོགས་མང་། ཡུལ་མི་ཚོས་སྒྱུ་རྩལ་པ་ཁོང་ལ་གུས་ཞབས་དང་རྩིས་མཐོང་ཧ་ཅང་ཆེ་བ་མ་ཟད་མཆོད་རྟེན་བཞེངས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཀུན་གྱིས་གླེང་བཞིན་ཡོད། ད་དུང་ཀཿབྲག་ཇོ་ཁང་འདི་ཐོག་མ་ལོ་རྒྱུས་ལ་ཕྱི་མིག་གཅིག་ལྟོས་ན་ཆོས་རྒྱལ་སྲོང་སྒམ་པོ་སྐབས་སུ་བཞེངས་ཡོད་ཚུལ་གསལ། ཐེངས་གཉིས་སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་མཆོག་གིས་ཉམས་གསོ་གནང་། ཐེངས་གསུམ་པ་གདོང་ཐོག་མཆོག་སྤྲུལ་རིག་པའི་རལ་གྲི་རིན་པོ་ཆེ་མཆོག་གིས་ཉམས་གསོ་གནང་། ཐེངས་བཞི་ཁང་གསར་སྐྱབས་མགོན་མཆོག་གིས་ཆོས་སྦྱིན་གནང་བའི་སྐབས་སུ་ཕྱིའི་བཀོད་པའི་བཟོ་དབྱིབས་དང་ནང་ལྡེབས་རིས། སྐུ་འདྲ་གསར་བཞེངས་སོགས་ཀྱི་ལས་ཀའི་ཐོག་མཐའ་བར་གསུམ་གྱི་ཐུགས་འགན་གཙོ་ཁུར་ཡོད། སྐབས་དེར་ཕྱག་རོགས་གདོང་ཐོག་གྲྭ་བསོད་ནམས་དངོས་གྲུབ་ཡང་ཡོད། སྤྱིར་བཏང་སྒྱུ་རྩལ་པ་ཞིམ་དངུལ་ལྷ་བཟོ་ཚང་དགེ་སློང་ཀུན་བཟང་རྡོ་རྗེ་མཆོག་གིས་བཞེངས་པའི་མཆོད་རྟེན་ཐོག་བརྩེགས་ཆེན་ཤོས་ཁང་བརྩེགས་གཉིས་པ་ནས་བཅོ་བརྒྱད་བར་དུ་ཆེ་ཆུང་ཧ་ཅང་མང་པོ་ཞིག་བཞེངས་ཡོད་ན་ཡང་རེ་རེ་ནས་བྲིས་མེད། ཡིན་ཡང་ན་འདི་བྲིས་པའི་དངོས་ཡོད་གཞི་བཟུང་ནས་བྲིས་པ་ལས་ཁུངས་མེད་ཡེ་ནས་བྲིས་མེད། འདི་ཡང་ཁུངས་འཁྱོལ་ཐུབ་པའི་དངོས་ཡོད་ལོ་རྒྱུས་ཤིག་ཡིན།
རྗེས་སོར་སུ་ཞིག་གིས་ལོ་རྒྱུས་ཤིག་བྲིས་ཚེ་དྲང་བདེན་དང་དངོས་ཡོད་འཚོ་བའི་རང་བཞིན་རྣལ་མ་ཡིག་ཐོག་ཏུ་བྲིས་དགོས་པ་རེད། ཁོང་གི་དཀའ་ལས་ཅི་ཙམ་རྒྱག་པ་མ་ཚོར་ནས་མ་ཡིན་ཡིན་ཚུལ་སོགས་ཀྱི་རྫུན་གཏམ་དང་ཧམ་བཤད་བྱེད་ན་ལོ་རྒྱུས་ཤིག་བྲིས་ན་རང་གཞན་སུ་ལ་ཡང་མི་ཕན། ཉེ་ཆར་མིང་མེད་དྲྭ་བྱང་འོག་ནས་མ་ཤེས་ཤེས་མདོག་དང་མ་གོ་གོ་མདོག ཧམ་པ་རྒྱུས་ཡོད་བྱེད་ནས་ལོ་རྒྱུས་བྲིས་ཁུལ་བྱེད་འདུག ཤེས་དགོས། ཚོར་དགོས། གོ་དགོས།
གནས་ཆེན་ཀཿབྲག་རྡོ་རྗེ་གདན་གྱི་ཡུལ་ཕྱོགས་ནས།།
ཞིམ་དངུལ་ལྷ་བཟོ་ཚང་གི་དགེ་སློང་ཀུན་བཟང་གིས།།
དད་རྟེན་མངོན་པར་དགའ་བའི་དཀར་མཛེས་ཡུལ་ཕྱོགས་སུ།།
དྲི་བྲལ་ལྷག་བསམ་རྣམ་པར་དག་པའི་དགེ་བའི་ལས།།
བདེ་གཤེགས་མཆོད་རྟེན་ཆེ་ཆུང་སྣ་ཚོགས་ལེགས་བཞེངས་ཀྱིས།།
ཁ་དགེ་བཀྲ་ཤིས་འོད་སྣང་འབར་ཞིང་འགྲོ་ཀུན་བདེ།།
དགེ་བཀུར་གྲོགས་མཐུན་བསོད་ནམས་ལོངས་སྤྱོད་རྒྱས།།
མི་དགེ་སྡིག་སྦྱོང་དགེ་བཅུ་དཔལ་ལ་འཕེལ་རྒྱས་ཤོག།
ས་ཆུ་མེ་རླུང་བཞི་ཡིས་འཇིག་པ་ཀུན་ཞི་ནས།།
མཐུན་རྐྱེན་ལེགས་ཚོགས་ཡིད་བཞིན་འགྲུབ་གྱུར་ཅིག །
རྣམ་འདྲེན་ཐུབ་པའི་དབང་པོ་ཡི།།
ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་ལ།།
དབང་བསྒྱུར་དཔལ་ལྡན་ས་སྐྱ་པའི།།
བསྟན་པ་ཡུན་རིང་འབར་འགྱུར་ཅིག།
བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ།
མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས།།
གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ།།
ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག།
གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན།།
དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་པ་དང་།།
སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང་།།
ཀུན་ཀྱང་འཕྲིན་ལས་ནམ་མཁའ་མཉམ་པར་ཤོག།།
རྒྱ་གར་འཕགས་ལྗོངས་ནས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་རྒྱ་གར་ལྡི་ལི་ནས་གཟའ་ཉིན་མའི་གུང་གསེང་དང་བསྟུན་ནས་བྲིས། ༢༠༡༧/༨/༢༧
Leave a Reply