རྫོང་སར་མཁྱེན་བརྩེའི་གསུང་རྩོམ་གསར་པ་<<སྤྲུལ་སྐུའི་གཏམ་ཚོགས་>>

རྫོང་སར་མཁྱེན་བརྩེའི་གསུང་རྩོམ་གསར་པ་<<སྤྲུལ་སྐུའི་གཏམ་ཚོགས་>>
བློ་དང་འདུན་པ་ཆོས་ལ་ཕྱོགས་ཤིང་། ལས་དང་བྱ་བ་གཞན་ཕན་ལ་བརྩོན་པའི་རྒྱ་ཆེ་བའི་ཁ་བ་རི་བའི་སྤུན་ཟླ་རྣམས་ཀྱི་སྤྱན་སྔར་༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ལྗགས་རྩོམ་གནང་བའི་<<སྤྲུལ་སྐུའི་གཏམ་ཚོགས་>>ཞེས་པའི་གསུང་རྩོམ་གསར་པ་ཞིག་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༨ ནས་བཟུང་རིམ་གྱིས་དང་པོ་དྲྭ་ལམ་དུ་མུ་འགོད་བྱ་རྒྱུ་དང་། དེ་ནས་འཕྲུལ་དེབ་དང་།  རྗེས་སུ་དེབ་གཟུགས་སུ་པར་སྐྲུན་བྱས་ནས་འབུལ་གཏན་ཁེལ་ཡོད་པས། དོན་གཉེར་ཅན་རྣམས་ཀྱིས་དེ་ལུགས་བལྟ་ཀློག་བྱ་རྒྱུའི་གོ་སྐབས་དམ་འཛིན་གནང་བའི་སྐུལ་འདེད་ཞུ་རྒྱུ་ཡིན་ལ། གསུང་རྩོམ་འདིའི་མཇུག་བྱང་ལས་<<སྤྲུལ་སྐུའི་གཏམ་ཚོགས་>>ཞེས་པའི་ཟིན་ཐོ་འདི་ནི་ཉེ་བའི་ལོ་ཤས་སྔོན་ཕྲན་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་སློབ་ཁ་ཤས་དང་ལྷན་དུ་དོན་ཡོད་མེད་གཉིས་ཀའི་སྐོར་ཞིབ་ལྷོད་ངང་ངག་འཁྱལ་གྱི་གཏེར་སྒོ་འབྱེད་བཞིན་པའི་སྐབས་དེར། དེང་སྐབས་དང་འབྱུང་འགྱུར་གྱི་སྤྲུལ་སྐུའི་སྐོར་གྱི་བསམ་ཚུལ་ཐད་མཁན་སློབ་འགའ་ཤས་ནས་བཅར་འདྲི་གནང་བར་ངོས་གང་ཟག་འཆིང་བ་ཀུན་ལྡན་ཞིག་སྤྲུལ་སྐུའི་མིང་ཁྱེར་ཏེ་བགྲང་བྱ་ལྔ་བཅུ་ལྷག་ཙམ་གྱི་རིང་ཡུལ་གྲུ་དུ་མ་དང་། མཐོ་དམན་ཀུན་ཏུ་ཉུལ་པའི་ཀུན་ཏུ་རྒྱུའི་སྤྱོད་ལམ་སྐྱོང་སྐབས་ཉམས་མྱོང་དང་བསམ་ཚུལ་བྱུང་བ་རྣམས་ཟུར་དུ་བཀོད་པ་ཡིན།
སྤྱིར་རང་རེ་བོད་ཀྱི་གོམས་གཤིས་ནང་དུ་བྱ་བ་གང་བྱེད་ཀྱང་ནམ་རྒྱུན་གོམས་གཤིས་གང་ཡོད་ཀྱི་རྗེས་སུ་འབྲང་པ་ལས་ཞིབ་བཤེར་དང་རིགས་གཅིག་རྐང་འཛིན་གནང་བ་ཧ་ཅང་ཉུང་བ་ཡིན་པས་འདི་རིགས་ལ་དོ་སྣང་གནང་ཏེ་ཀློག་མཁན་རྒྱ་ཆེན་པོ་ཡོད་སྣང་མི་ཤར། འོན་ཀྱང་རེ་ཟུང་ཡོད་སྲིད་ན་དེ་དག་ལ་ཕན་དུ་རེ་ནས་ཡིག་ཐོག་ཏུ་ཕབ་ཡོད་ཅིང་། དེ་ཡང་གཙོ་ཆེར་གོ་བདེའི་ཕྱིར་ཁ་སྐད་ཤུགས་ཆེ་བར་བྱས་ཡོད་”ཅེས་གསུངས་པ་ལྟར། གསུང་རྩོམ་འདི་ནི་ཐོག་མར་སྤྲུལ་སྐུ་དང་ཡང་སྲིད་ཀྱི་བྱུང་རིམ། བར་དུ་འཕེལ་རིམ། ད་ལྟའི་ཆར་གྱི་གནས་ཚུལ། མ་འོངས་པའི་ཆེད་དུ་སྤྲུལ་སྐུ་གསོ་སྐྱོང་བྱ་སའི་ཁོར་ཡུག་བསྐྲུན་ཚུལ། སློབ་གསོ་རྒྱག་སྟངས། སྤྲུལ་སྐུ་ཡོད་མེད་ཀྱི་དགེ་སྐྱོན་སོགས་ཚིག་ཉུང་ལ་དོན་ཚང་བ། ཁ་གསལ་ལ་གོ་བདེ་བ། ལེའུ་ཚན་བདུན་གྱི་ནང་དུ་བསྡུས་པ་ཞིག་སྟེ།
དང་པོ་སྤྲུལ་སྐུ་དང་ཡང་སྲིད་ཀྱི་སྐོར། གཉིས་པ་མ་འོངས་པར་སྤྲུལ་སྐུ་དགོས་མཁོ་ཡོད་མེད་ཀྱི་སྐོར། གསུམ་པ་སྤྲུལ་སྐུའི་དམིགས་ཡུལ་དང་ཀུན་སློང་གི་སྐོར། བཞི་པ་ཡང་སྲིད་ངོས་འཛིན་གནང་སྟངས་ཀྱི་སྐོར། ལྔ་པ་ཡུལ་དུས་དང་བསྟུན་པའི་ན་གཞོན་སྤྲུལ་སྐུ་གསོ་སྐྱོང་བྱ་སའི་ཁོར་ཡུག ། དྲུག་པ་མ་འོངས་པའི་སྤྲུལ་སྐུ་རྣམས་ལ་སྐུ་ཡོན་དང་སློབ་གསོ་སྤྲོད་སྟངས། བདུན་པ་བླ་སྤྲུལ་འདས་གྲོངས་རྗེས་སུ་ཇི་ལྟར་བྱ་ཚུལ་དང་བཅས་རེད།
གསུང་རྩོམ་འདི་ཡང་རང་རེ་བོད་བརྒྱུད་ནང་བསྟན་པ་ཡོངས་ལ་ཁ་ཚ་དགོས་གཏུགས་སུ་དགོས་ངེས་ཀྱི་ལམ་སྟོན་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཏུ་འདུག་པས་མཁྱེན་ལྡན་རྣམ་པས་གཟིགས་ཀློག་གི་མྱོང་རོལ་ཐེངས་རེ་ཅིས་ཀྱང་མཛད་པར་ཞུ་ཞེས་ངོ་སྤྲོད་ཀྱི་ཚུལ་དུ་གཟི་བརྗིད་མཐའ་ཡས་ཀྱིས།
༢༠༡༧།༡༢།༡༢ ལ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*