༄༅། །སྐྱབས་འགྲོའི་མན་ངག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་བའི་སྐྱོབ་པ་བླ་ན་མེད། །གཟུང་འཛིན་གཉིས་བྲལ་ཞི་བ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་དགེ་འདུན་དམ་པ་སྟེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐར་པ་འདོད་པ་རྣམས་ཀྱི་ལམ་གྱི་རྩ་བ་སྐྱབས་འགྲོ་ཡིན་པས། སྐྱབས་སུ་འགྲོ་བའི་དོན་བསྟན་པར་བྱའོ། །དོན་ནི་འཇིགས་པ་ལས་ཐར་བར་བྱེད་པའི་དོན་དུ་ཡུལ་ཁྱད་པར་ཅན་ལ་བསྟེན་པར་ཁས་ལེན་པའི་ངག་གི་རིག་བྱེད་ཀུན་སློང་དང་བཅས་པའོ། །སྐྱབས་སུ་འགྲོ་བའི་ཡུལ་ནི་དཀོན་མཆོག་གསུམ་མོ། །དེའི་ངོ་བོ་ལ་འདོད་ཚུལ་མི་འདྲ་བ་དུ་མ་སྣང་སྟེ། བྱེ་བྲག་སྨྲ་བས་ནི། སངས་རྒྱས་དཀོན་མཆོག་སངས་རྒྱས་སུ་བྱེད་པའི་ཆོས་ཡེ་ཤེས་ལ་འདོད་ཅིང༌། དགེ་འདུན་ནི། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀའི་ལམ་དང༌། ཆོས་དཀོན་མཆོག་ནི། མྱ་ངན་ལས་འདས་པ་སྟེ། མཛོད་ལས། གང་གི་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །སློབ་དང་མི་སློབ་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །མདོ་སྡེ་པས་ནི། གཟུགས་ཀྱི་སྐུ་ཉིད་ལ་སངས་རྒྱས་དང༌། ཞུགས་གནས་ཀྱི་གང་ཟག་བརྒྱད་ལ་དགེ་འདུན་དང༌། ཆོས་དཀོན་མཆོག་ནི་ལུང་དང་རྟོགས་པ་གཉིས་ཀ་ལ་འདོད་དོ། །ཅིའི་ཕྱིར་ལུང་སྐྱབས་སུ་འཇོག་ཅེ་ན། ལུང་གིས་བླང་དོར་གྱི་གནས་བསྟན་པ་ལྟར་བྱས་པའི་ཐར་པ་ཐོབ་པའི་ཕྱིར་རོ། །ཐེག་ཆེན་ལྟར་ན། ཐུན་མོང་བ་མདོ་སྡེ་པའི་འདོད་ཚུལ་ཡང་མི་འགོག་ལ། ཐུན་མོང་མ་ཡིན་པའི་སྐྱབས་གནས་གསུམ་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་དང༌། བསམ་མེད་གཉིས་མེད་རྟོག་མེད་དང༌། །དག་བསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་དང༌། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་རྒྱུད་བླ་ནས་བསྟན་པ་ལྟར། ཡོན་ཏན་དྲུག་དང་ལྡན་པར་བསྟན་པ་གསུམ་དང༌། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་དཀོན་མཆོག་གི་དོན་བསྟན་པ་ལྟར་ཤེས་པར་བྱའོ། །མངོན་རྟོགས་རྒྱན་ལས། དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་གིས་བསྟན་ནོ། །ཐེག་ཆེན་གྱི་སྐྱབས་འགྲོ་ཁྱད་པར་འཕགས་པ་བསྟན་པ་ནི། མདོ་སྡེ་རྒྱན་གྱི་སྐྱབས་འགྲོའི་ལེའུ་ནས་བསྟན་པ་ལྟར་རོ། །སྐྱབས་སུ་འགྲོ་ཚུལ་ནི་གཉིས་ཏེ། ཐེག་དམན་གྱི་ནི་རང་དོན་དུ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱབས་སུ་འགྲོ་བའོ། །སྐྱབས་འགྲོའི་བསླབ་བྱ་ལ་གཉིས་ཏེ། དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་འདྲེ་ལ་ཕྱག་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པ་དང་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་སྡིག་པ་ཅན་གྱི་གྲོགས་མི་བསྟེན་ནོ། །གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཡན་ཆད་ལའང་གུས་པར་བྱ། ཆོས་ལ་སྐྱབས་སུ་སོང་ནས་གསུང་གི་རྟེན་པུ་ཏི་གླེགས་བམ་ལ་སོགས་པ་ཡན་ཆད་ལའང་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་བསྟན་པ་ལ་ཞུགས་པའི་གང་ཟག་དང༌། དེའི་གོས་སྟན་ཡན་ཆད་ལ་གུས་པར་བྱའོ། །དུས་ཀྱི་ཁྱད་པར་ནི། ཉན་ཐོས་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་ལ། ཐེག་ཆེན་པས་ནི་བྱང་ཆུབ་སྙིང་པོ་ལ་མཐར་ཐུག་གི་བར་དུ་སྐྱབས་སུ་འགྲོ། སྐྱབས་འགྲོའི་དགོས་པ་བསྟན་པ་ནི། ལམ་ཉམས་སུ་ལེན་པའི་དུས་སུ་སྐྱབས་འགྲོ་གལ་ཆེ་སྟེ། ལམ་གྱི་བར་ཆད་སེལ་ལོ། །བསླབ་པ་ལེན་པའི་དུས་སུའང་སྐྱབས་སུ་འགྲོ་གལ་ཆེ་སྟེ། བསླབ་པའི་གཞི་འཛིན་པ་ཡིན་ནོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུའང་སྐྱབས་འགྲོ་གལ་ཆེ་སྟེ། ཐེག་ཆེན་གྱི་བློ་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །དབང་བསྐུར་ཞུ་བའི་དུས་སུའང་སྐྱབས་འགྲོ་གལ་ཆེ་སྟེ། ཐ་མལ་གྱི་རྒྱུད་སྨིན་ནོ། །ལྷ་འདྲེ་སོགས་ཕྱི་ནང་གི་འཇིགས་པ་བྱུང་ནའང་སྐྱབས་འགྲོ་གལ་ཆེ་སྟེ། འཇིགས་པ་ཐམས་ཅད་སེལ་བའི་ཕྱིར་རོ། །དུས་རྟག་ཏུ་སྐྱབས་འགྲོ་བྱ་སྟེ། དེ་ལ་ཕན་ཡོན་དཔག་ཏུ་མེད་པའི་ཕྱིར་དེས་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་འབད་པར་བྱའོ། །ལམ་གྱི་རྩ་བ་སྐྱབས་འགྲོའི་མན་ངག་འདི། །བླ་མ་དམ་པའི་གསུང་ལ་བརྟེན་ནས་ནི། །གཞན་ལ་ཕན་པར་བྱ་ཕྱིར་བཀོད་པ་ཡིན། །དགེ་བས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཐར་ལམ་ཐེམ་སྐས་བགྲོད་འདོད་རྣལ་འབྱོར་པ། །དུས་རྣམས་ཀུན་ཏུ་སྐྱབས་འགྲོའི་མན་ངག་འདི། །གཡེལ་བ་མེད་པར་རྒྱུད་ལ་སྦྱར་བར་རིགས། །ཐེག་པ་ཆེ་ཆུང་ལམ་གྱི་རྩ་བ་ཡིན། འདི་ལྟར་བརྩམས་པའི་དགེ་བ་དྲི་མེད་དེས། །མཐའ་ཡས་འགྲོ་བ་སེམས་ཅན་མ་ལུས་པ། །འཁོར་བའི་འཇིགས་པ་ཀུན་ལས་ཐར་གྱུར་ཏེ། །བླ་མེད་ཐར་པའི་བདེ་གནས་ཐོབ་པར་ཤོག །ཅེས་སྐྱབས་འགྲོའི་མན་ངག་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply