ཐེག་པ་ཆེན་པོ་རྒྱུད་བླ་མའི་མན་ངག་སྒོམ་ཚུལ།

༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་མན་ངག་སྒོམ་ཚུལ་གྱི་རིམ་པ་མི་ཕམ་དགོངས་རྒྱན་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལྷ་བརྒྱས་གུས་པར་འདུད་བྱས་ཤིང༌། །ཚད་མེད་ཐུགས་རྗེས་འགྲོ་བ་སྨིན་མཛད་པ། །སྲིད་མཐའི་བར་དུ་གནས་ནས་ཐུགས་རྗེ་ཡིས། །ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་ལ་འདུད། །མཁྱེན་པ་ཉིན་མོར་བྱེད་པའི་འོད་སྟོང་གིས། །སྲིད་པའི་མུན་པ་མ་ལུས་སེལ་མཛད་ཅིང༌། །འགྲོ་ཀུན་བྱམས་པའི་ཐུགས་ཀྱིས་ཉེར་འཚོ་བ། །མི་ཕམ་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུའི་ཉེར་ལེན་ནི་དྲི་བཅས་ཀྱི་ཁམས་ཡིན་ལ། དྲི་མ་སྦྱངས་ནས་དྲི་མེད་དེ་བཞིན་དུ་གནས་གྱུར་པ་ཐོབ་པ་ནི་བྱང་ཆུབ་ཡིན་ལ། བྱང་ཆུབ་ཐོབ་པ་ནས་སྟོབས་སོགས་ཀྱི་ཡོན་ཏན་བརྙེས་ཏེ། གཞན་དོན་ཕྲིན་ལས་འགྲུབ་ཅེས་པ་ནི། འདི་ཡི་དོན་ཐམས་ཅད་བསྡུས་ཏེ་བསྟན་པའོ། །ཁམས་ཀྱི་དྲི་མ་སྦྱོང་ཚུལ་ལ། ཐོག་མ་སྒྲིབ་བྱེད་ཀྱི་དྲི་མ་ངོས་བཟུང་བ་ནི། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་པའོ། །འདི་ནི་རྣམ་པ་གསལ་བའི་དཔེའི་སྒོ་ནས་གང་ལ་ཡོད་པའི་མཚན་གཞི་དཔེར་བརྗོད་བསྟན་པ་ཡིན་ནོ། །འདིས་སྦྱང་བྱའི་སྒྲིབ་པ་ངོས་བཟུང་ནས། །དྲི་མ་སྦྱོང་བྱེད་ཀྱི་ལམ་གྱི་རིམ་པ་བསྒོམ་ཚུལ་ནི། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བསྟན་པ་ནི། ལམ་ཉམས་སུ་ལེན་པའི་དུས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་བསྟན་ནོ། །སྒྲིབ་པ་བཞི་སེལ་བྱེད་ཀྱི་སྙིང་པོ་བསྟན་པ་ནི། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །ཞེས་པའོ། །ཐེག་མཆོག་ལ་མོས་ས་བོན་ཞེས་པས་ནི། གཞན་གྱི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས། ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པར་བསྟན་པའོ། །འཇུག་བྱའི་ལམ་དངོས་བསྟན་པ་ནི། བདག་མེད་རྟོག་པའི་ཤེས་རབ་ཀྱིས་བདག་ཏུ་སྲེད་པའི་འཆིང་བ་བཅད་དགོས་པར་བསྟན་ནོ། །བདག་མེད་རྟོག་པའི་ཤེས་རབ་ཀྱི་གྲོགས། ཞི་གནས་ཕུན་སུམ་ཚོགས་པ་དགོས་སོ་ཞེས་པ་ནི། མཉམ་བཞག་ཏུ་སྒོམ་པའི་རིམ་པ་ཡིན་ནོ། །རྗེས་ཐོབ་ཏུ་སྙིང་རྗེའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དགོས་པ་ནི། ལམ་གྱི་དངོས་གཞི་མཐར་ཕྱིན་པའི་གྲོགས་སུ་བསྟེན་དགོས་པའོ། །འདིས་སྒྲིབ་པ་བཞིའི་གཉེན་པོ་ངོས་བཟུང་ནས། སྒྲིབ་པ་བཞི་དང་བྲལ་བའི་འབྲས་བུ་བསྟན་པ་ནི། གཙང་བདག་བདེ་དང་རྟག་ཉིད་ཀྱིས། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་པ་མདོར་བསྟན་རྒྱས་བཤད་ཀྱིས་བསྟན་ནོ། །དོན་ཉེ་བར་བསྡུས་པ་ནི། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བྱང་ཆུབ་མཆོག་དུ་སེམས་བསྐྱེད་དེ། མཉམ་བཞག་དུ་ཞི་གནས་དང༌། ལྷག་མཐོང་གཉིས་བསྒོམ་ནས་རྗེས་ཐོབ་ཏུ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་ཅེས་པའི་དོན་ནོ། །འདི་དག་གིས་རང་རྒྱུད་ཀྱི་ཁམས་ཀྱི་དྲི་མ་སྦྱངས་ནས། དྲི་མ་མེད་པའི་བྱང་ཆུབ་ཐོབ་སྟེ་སེམས་ཅན་གྱི་དོན་བྱེད་དོ། །ཞེས་པའི་དོན་ནོ། །ཐེག་ཆེན་རྒྱུད་བླ་ཉམས་སུ་ལེན་པའི་ཚུལ། །ཇི་བཞིན་མ་ནོར་ངག་གིས་བཤད་པའི་དོན། །ལེགས་པར་བསྡུས་ནས་བཤད་པའི་དགེ་བ་དེས། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་རྒྱུད་བླའི་སྒོམ་རིམ་མི་ཕམ་དགོངས་རྒྱན་ཞེས་བྱ་བ་འདི་ནི་རབ་བྱུང་གི་ལོ་ལ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། 

༈ །སྭསྟི། རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བའི་དོན་བསྡུས་ཏེ་བསྟན་པ་མན་ངག་རིན་ཆེན་སྒྲོན་མེ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྗེས་འཇུག་གདུལ་བྱ་རྣམས་ལ་ཕན་དོན་དུ། །ལེགས་པར་འདོམས་པ་གཏམ་བྱ་རིན་ཆེན་ཕྲེང༌། །སློབ་དཔོན་ཀླུ་སྒྲུབ་ཞལ་ནས་ལེགས་གསུངས་པ། །མན་ངག་གནད་ཀྱི་སྙིང་པོ་བྲི་བར་བྱ། །དམ་པའི་ཆོས་སྒྲུབ་པའི་དོན་མདོར་བསྡུས་ན་རྣམ་པ་གཉིས་ཏེ། ལམ་ལ་འཇུག་པའི་གཞི་དད་པ་དང༌། ལམ་གྱི་ངོ་བོ་ཤེས་རབ་སྟེ། ཇི་སྐད་དུ། ཆོས་སྒྲུབ་པ་ཡི་ཐབས་རྣམས་ནི། །མདོར་ན་དད་དང་ཤེས་རབ་བོ། །དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །ཅེས་སོ། །དང་པོ་ནི། ཆོས་ལ་འཇུག་པའི་གཞི་ཡང་དད་པས་བྱེད། མན་ངག་གི་སྣོད་ཀྱང་དད་པས་བྱེད། ཤེས་རབ་ཀྱི་མཛོད་ཀྱང་དད་པས་བྱེད། དད་པ་མེད་ན་དཀར་པོའི་ཡོན་ཏན་གང་ཡང་མི་སྐྱེ། སྐྱེས་ཀྱང་འགྲིབ་པར་འགྱུར་རོ། །དེའི་ཕྱིར་ཆོས་ལ་འཇུག་པ་ལ་ཐོག་མར་དད་པ་གལ་ཆེ་བར་བསྟན་ནོ། །འཇུག་བྱའི་ཆོས་ནི་མངོན་མཐོའི་ཆོས་དང༌། ངེས་ལེགས་ཀྱི་ཆོས་གཉིས་སུ་འདུས་སོ། །དང་པོ་མངོན་མཐོའི་ཆོས་ལ། ངན་སོང་སྤོང་བའི་ཆེད་དུ་མི་དགེ་བ་བཅུ་སྤོང་བ་དང༌། མཐོ་རིས་ཐོབ་པའི་ཕྱིར་དུ་དགེ་བ་བཅུ་སྒྲུབ་པ་སྟེ། དགེ་བ་བཅུས་ལྷ་མིའི་གོ་འཕང་ཐོབ་ནས་དེའི་རྟེན་ལ་ལམ་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ཡང༌། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོ། །གཉིས་པ་ངེས་ལེགས་ཀྱི་རྒྱུ་ལ་ཐེག་དམན་དང་ཐུན་མོང་བ་དང༌། ཐེག་ཆེན་གྱི་དབང་དུ་བྱས་པའོ། །དང་པོ་ལ་སྤྱོད་པ་དང་ལྟ་བའི་དབང་དུ་བྱས་པ་གཉིས་ལས། སྤྱོད་པ་སྔར་བཞིན་ཡིན་ལ། ལྟ་བ་ནི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་བོ། །སྒོམ་པ་ནི་དེ་ཉིད་ཏིང་འཛིན་གྱིས་གོམས་པར་བྱེད་པའོ། །གཉིས་པ་ཐེག་ཆེན་གྱི་དབང་དུ་བྱས་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གོ །འདིར་ལྟ་བ་དང༌། སྒོམ་པ་དང༌། སྤྱོད་པ་གསུམ་དུ་འདུས་ཏེ། ཤེས་རབ་ཀྱིས་ལྟ་བ་དང༌། བསམ་གཏན་གྱིས་སྒོམ་པ་དང༌། ཚུལ་ཁྲིམས་ཀྱིས་སྤྱོད་པ་བསྡུས་པའི་ཕྱིར། བསླབ་པ་གསུམ་ཡང་འདིར་འདུས་ཏེ། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་ནི་སེམས་ཀྱི་བསླབ་པ་དང༌། ཚུལ་ཁྲིམས་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པའི་ཕྱིར་རོ། །ཚོགས་གཉིས་ཀྱང་འདིར་འདུས་ཏེ། ཕར་ཕྱིན་དང་པོ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཕྱི་མ་གཉིས་ནི་ཡེ་ཤེས་ཀྱི་ཚོགས། བརྩོན་འགྲུས་ནི་གཉིས་ཀའི་གྲོགས་སོ། །དགེ་བ་ཇི་སྙེད་བྱས་པའི་མཇུག་ཐོག་ཏུ་བླ་མེད་བྱང་ཆུབ་ཏུ་བསྔོ་བས་ཟིན་དགོས་སོ། །འདི་ནི་རིན་ཆེན་ཕྲེང་བའི་དོན། །གནད་ཀྱི་མན་ངག་ལེགས་བསྡུས་ནས། །རྣམ་པར་བཤད་པའི་དགེ་བ་དེས། །འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་བ་ཞེས་བྱ་བའི་དོན་བསྡུས་པའི་མན་ངག་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*