༄༅། །སྭསྟི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་སུ་ལེན་པའི་ཚུལ་ཐར་ལམ་བདེ་བའི་འཇུག་ངོགས་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྲིད་པའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །རབ་དགའ་ལ་སོགས་ས་བཅུ་སྒྲུབ་བྱེད་པ། །ཕྱིན་དྲུག་ཉམས་སུ་ལེན་ཚུལ་བསྟན་པར་བྱ། །སྦྱིན་པ་ཡིས་ནི་ཡི་དྭགས་འགྲོ་བ་སྤོང༌། །དབུལ་བ་འདོར་ཞིང་འགྲོ་བ་རྗེས་སུ་འཛིན། །ལོངས་སྤྱོད་མི་ཟད་ཡོངས་སུ་ཐོབ་བྱེད་ཅིང༌། །དགའ་བདེའི་ལོངས་སྤྱོད་རྒྱ་ཆེན་འགྱེད་པར་བྱེད། །ཚུལ་ཁྲིམས་ཀྱིས་ནི་ངན་འགྲོའི་སྡུག་བསྔལ་གཅོད། །མི་ཁོམ་གནས་ལས་རིང་དུ་འདའ་བར་འགྱུར། །དལ་བའི་ཡོན་ཏན་ཕུན་ཚོགས་རབ་རྙེད་ཅིང༌། །ལུས་ངག་ཡིད་གསུམ་དུལ་བ་དྲི་མེད་ཐོབ། །བཟོད་པས་ངན་སོང་གསུམ་དུ་འཕེན་པའི་རྒྱུ། །ཁོང་ཁྲོ་བཅོམ་ཞིང་དམ་པ་རྒྱ་ཆེན་ཐོབ། །གཟུགས་བཟང་དམ་པ་ལྟ་བའི་འོས་འགྱུར་ཞིང༌། །ཐར་པའི་ལམ་བཟང་ཤིན་ཏུ་ཡིད་འོང་འཛིན། །བརྩོན་འགྲུས་ཀྱིས་ནི་དགེ་བ་འཕེལ་གྱུར་ཞིང༌། །བྱང་ཆུབ་གནས་སུ་བདེ་བླག་ཕྱིན་པ་དང༌། །བསོད་ནམས་ཡེ་ཤེས་ཚོགས་ནི་གཉིས་ཀྱི་རྒྱུ། །ཡོན་ཏན་མ་ལུས་ཡོངས་སུ་རྫོགས་པར་བྱེད། །བསམ་གཏན་གྱིས་ནི་གཡོ་བ་དུལ་བྱེད་ཅིང༌། །བཟོད་པ་ཡོན་ཏན་རྨོངས་པ་རབ་ཏུ་འདོར། །རྫུ་འཕྲུལ་རྐང་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ཐོབ། །ཤེས་རབ་ཀྱིས་ནི་སྟོང་ཉིད་རབ་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་འདའ་བར་བྱེད། །སྒྲིབ་གཉིས་མུན་པ་མ་ལུས་བསལ་གྱུར་ཅིང༌། །ཡེ་ཤེས་སྣང་བ་ཀུན་ཏུ་རྒྱས་པར་འགྱུར། །ཚུལ་ཁྲིམས་དང་ནི་བསམ་གཏན་ཤེས་རབ་ལ། །བསླབ་པ་རྣམ་གསུམ་ཞེས་ནི་བརྗོད་པ་ཡིན། །ལྟ་སྒོམ་སྤྱོད་པ་དག་ཀྱང་འདི་གཉིས་ཏེ། །བསོད་ནམས་ཡེ་ཤེས་ཚོགས་ཀྱང་འདི་ལ་བརྗོད། །སྦྱིན་སོགས་དང་པོ་ལྔ་པོ་ཐབས་ཀྱི་ཆ། །དྲུག་པ་ཤེས་རབ་ཆ་ནི་བསྡུས་པའི་ཕྱིར། །ཐབས་དང་ཤེས་རབ་དག་ཀྱང་འདི་ལ་འདུས། །བྱང་ཆུབ་ཡན་ལག་བདུན་དང་འཕགས་ལམ་བརྒྱད། །འདི་ཉིད་ཀྱིས་ནི་ཡོངས་སུ་རྫོགས་པར་འགྱུར། །ས་བཅུ་དག་ཀྱང་འདི་ཡིས་རྫོགས་པར་གསུངས། །རེ་རེའང་འཁོར་གསུམ་རྣམ་དག་གིས། །ཟིན་པར་བྱས་ནས་སྤྱོད་པ་བླ་ན་མེད། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གསུང་རབ་ཀུན་ལ་རྒྱལ་བས་རབ་ཏུ་བསྒྲགས། །དཀོན་མཆོག་གསུམ་ལས་དམ་ཆོས་དཀོན་མཆོག་སྟེ། །ལམ་གྱི་བདེན་པ་དག་ཀྱང་འདི་ཉིད་དོ། །འདི་ལ་བསྟོད་པའི་དགེ་ཚོགས་གང་ཐོབ་པས། །ཚོགས་གཉིས་དྲི་མ་མེད་པ་རབ་རྫོགས་ནས། །ས་བཅུའི་མི་མཐུན་ཕྱོགས་རྣམས་རབ་སྦྱངས་ཏེ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་སུ་ལེན་པའི་ཚུལ་ཐར་ལམ་བདེ་བའི་འཇུག་ངོགས་ཞེས་བྱ་བ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply