གསར་འགོད་རང་དབང་གི་བཅའ་ཁྲིམས།

གསར་འགོད་རང་དབང་གི་བཅའ་ཁྲིམས། 

(Charter for a free press)

༡༽ གསར་འགོད་རང་དབང་ཞེས་པ་ནི་མི་མང་ལ་རང་དབང་ལྡན་པ་ཞིག་གོ་བ་དང༌། དེའི་ཆེད་དུ་གཤམ་གསལ་གནད་དོན་གཙོ་བོ་ཁག་ངེས་པར་དུ་ཚང་དགོས་པ་ཡིན། གསར་འགྱུར་དང་གནས་ཚུལ་རིགས་བྱུང་བ་རྣམས་རྒྱལ་ཁབ་ཕྱི་ནང་དབར་མཐའ་མཚམས་མེད་པར་མཁོ་འདོན་བྱེད་པར་གཏན་ནས་བཀག་འདོམས་མེད་པ་དང༌། མང་གཙོའི་ལམ་ལུགས་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཐབས་གནང་མཁན་ཚོས་ཕྱོགས་ཡོངས་ནས་དམ་བཅས་པའི་སྒོ་ནས་འོས་ཤིང་འཚམ་པའི་མཐུན་འགྱུར་རྒྱབ་སྐྱོར་བྱེད་དགོས་པ་ཡིན།

༢༽ མངོན་གསལ་ལམ་མངོན་པ་མི་གསལ་བའི་སྒོ་ནས་གསར་འགྱུར་བརྒྱུད་ལམ་ལ་ཐེ་བྱུས་དང་དམ་དྲག་གིས་ཞིབ་བཤེར་བྱེད་པ་(Censorship)ངོས་ལེན་བྱ་མི་ཐུབ་པ་ཡིན། གསར་འགྱུར་བརྒྱུད་ལམ་ཁག་གིས་རང་དབང་གི་སྒོ་ནས་གནས་ཚུལ་གང་ཞིག་བསྡུ་རུབ་དང་འགྲེམས་སྤེལ་རྒྱང་བསྲིངས་བྱེད་རྒྱུའི་ཐོབ་ཐང་ཁག ཁྲིམས་དང་དམ་དྲག་ལག་བསྟར་བྱེད་པ་གཏན་ནས་མཚམས་འཇོག་བྱེད་དགོས་པ་དང༌། གཞུང་གི་དབང་འཛིན་པ་ཚོས་རྒྱལ་ཡོངས་དང་ཡང་ན་ས་གནས་ཁག་དུ་གསར་ཤོག་དང་རླུང་འཕྲིན་བརྙན་འཕྲིན་ཁག་གི་གསར་འགྱུར་ཁག་གི་བརྗོད་གཞི་རྣམས་ལ་ཐེ་བྱུས་དང༌། ཡང་ན་གསར་འགྱུར་གང་ཞིག་གི་འབྱུང་ཁུངས་འཚོལ་བར་ངེས་པར་དུ་དམ་དྲག་བྱེད་མི་ཆོག་པ་ཡིན།

༣༽ འཛམ་གླིང་རྒྱལ་ཁབ་ཡོངས་རྫོགས་ནང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གསར་ཤོག་དང་དུས་དེབ༌། རླུང་འཕྲིན་དང་བརྙན་འཕྲིན་ཁག་བཅས་ཀྱིས་རང་དབང་གི་སྒོ་ནས་གསར་འགྱུར་འགྲེམས་སྤེལ་དང་རྒྱང་བསྲིངས་བྱེད་རྒྱུར་ངེས་པར་དུ་ཆོག་མཆན་སྤྲད་དགོས།

༤༽ རྒྱལ་ཁབ་གང་ཞིག་ཏུ་གསར་འགྱུར་བརྒྱུད་ལམ་ཁག་གི་ལས་དོན་བྱེད་སྟངས་དང་དཔལ་འབྱོར། ཡང་ན་གནད་དོན་གཞན་བཅས་ཀྱི་ཐོག་གཞུང་གིས་ཉེ་རིང་ཁྱད་འཛིན་དང་དབྱེ་འབྱེད་བྱེད་མི་ཆོག གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཡོད་པའི་རྒྱལ་ཁབ་དེ་ཚོ་ལ་ཡང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལའང་གསར་ཤོག་དང་དུས་དེབ་པར་སྐྲུན་བྱེད་པ། བརྙན་འཕྲིན་དང་རླུང་འཕྲིན་ཁག་དེ་ཚོས་གསར་འགྱུར་རྒྱང་བསྲིངས་བྱེད་པའི་ལས་དོན་ཁག་གི་ཆེད་དགོས་ངེས་ཅན་གྱི་མཐུན་རྐྱེན་དང་ཡོ་ཆས་ཡོངས་རྫོགས་གཞུང་དང་གཅིག་མཚུངས་འཛིན་སྐྱོང་བྱེད་རྒྱུའི་ཐོབ་ཐང་ངེས་པར་དུ་དགོས་པ་ཡིན།

༥༽ གསར་ཤོག་དང་དུས་དེབ་པར་སྐྲུན་བྱེད་རྒྱུའི་ཆེད་པར་སྐྲུན་གྱི་མཐུན་རྐྱེན་དང་འགྲེམས་སྤེལ་གྱི་ལས་རིམ་ཁག གསར་ཁང་ཁག་གི་ལས་དོན་ཁག དེ་བཞིན་རྒྱང་བསྲིངས་བྱེད་རྒྱུའི་མཐུན་རྐྱེན་དང་རྒྱུ་ཆ་ཇེ་ལེགས་གཏོང་རྒྱུ་བཅས་ལ་གཞུང་སོ་སོས་དམ་དྲག་ངེས་པར་དུ་བྱེད་མི་ཆོག་པ་ཡིན།

༦༽ གཞུང་འབྲེལ་འབྲེལ་མཐུད་དམ་དྲིལ་བསྒྲགས་ལས་ཁུངས་ཁག་གི་དབང་འཛིན་པ་ཚོས་ཁྲིམས་དང་ཐབས་ཚུལ་གཞན་བཅས་ཀྱི་ཐོག་ནས་དམ་དྲག་དང༌། དཔྱ་ཁྲལ་འགེལ་བ་བཅས་ཀྱི་ཐོག་ནས་གསར་འགྱུར་འགྲེམས་སྤེལ་བྱེད་རྒྱུར་མཚམས་འཇོག་བྱེད་དུ་བཅུག་པ་དང༌། གནས་ཚུལ་ཡོངས་རྫོགས་བཀག་འདོམས་དམ་དྲག་བྱེད་པ་བཅས་ལ་ངོ་རྒོལ་ལམ་སྐྱོན་བརྗོད་བྱེད་དགོས་པ་ཡིན།

གཞུང་འབྲེལ་བརྒྱུད་ལམ་ཀྱི་གླེང་བརྗོད་ཁག་ལ་ངེས་པར་དུ་རང་དབང་དངལྡན་པའི་ངང་ལོངས་སྤྱོད་དགོས་པ་དང༌། དེ་ཡང་ལྟ་ཚུལ་དང་བསམ་ཚུལ་སྣ་ཚོགས་པ་ཞིག་གི་ཐོག་སྒོ་མོ་ཕྱེ་དགོས་ལ། དེ་ཡང་ཁྲིམས་དང་ལག་བསྟར་གཉིས་ཀའི་ཐོག་ནས་དྲང་བདེན་དགོས་པ་ཡིན།

༧༽ རྒྱལ་ཁབ་གང་ཞིག་ནང་དུ་ཡོད་པའི་གསར་ཤོག་དང་དུས་དེབ། བརྙན་འཕྲིན་དང་རླུང་འཕྲིན་ཁག་གིས་དམ་དྲག་མེད་པའི་སྒོ་ནས་ཕྱི་ཕྱོགས་ནས་ཡོང་བའི་གནས་ཚུལ་དང་གསར་འགྱུར་ལས་རིམ་རྣམས་མཁོ་སྒྲུབ་འགྲེམས་སྤེལ་དང་རྒྱང་བསྲིངས་བྱེད་རྒྱུའི་རང་དབང་དགོས་པ་དང༌། མི་མང་ངོས་ནས་ཀྱང་ཕྱི་རྒྱལ་གྱི་གསར་ཤོག་དང་དུས་དེབ། བརྙན་འཕྲིན་དང་རླུང་འཕྲིན་བཅས་ལ་ལྟ་ཉན་ཀློག་གསུམ་བྱེད་རྒྱུའི་རང་དབང་གཅིག་མཚུངས་ཡོད་པས་ཐེ་བྱུས་དང་བཀག་འདོམས་བྱེད་མི་ཆོག

༨༽ རྒྱལ་མཚམས་སོ་སོར་ཕྱི་རྒྱལ་གསར་འགོད་པ་ཚོར་སྒོ་མོ་ཕྱེས་ནས་འཇོག་དགོས་པ་ལས་ཁོ་ཚོའི་རང་དབང་ལ་ཚད་གཞི་བཟོ་བ་གཏན་ནས་མི་ཆོག དེ་བཞིན་ཁོ་ཚོའི་ཐོངས་མཆན་གྱི་ཆེད་ཞུ་སྙན་དང་གསར་འགོད་ལག་ཁྱེར། གཞན་ཡང་ཁོང་ཚོའི་ལས་དོན་ཆེད་དགོས་ངེས་ཀྱི་ཡིག་ཆ་ཁག་འཕྲལ་དུ་མཐུན་འགྱུར་ཆོག་མཆན་སྤྲོད་དགོས་པ་ཡིན། དེ་བཞིན་ཕྱི་རྒྱལ་གསར་འགོད་པ་རྣམས་རྒྱལ་ཁབ་གང་ཞིག་ཏུ་རང་དབང་ངང་འགྲོ་བསྐྱོད་ཆོག་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པ་གཉིས་ཀའི་གསར་འགྱུར་དང་གནས་ཚུལ་རྣམས་བསྡུ་རུབ་དང་མཁོ་སྤྲོད་བྱེད་པའི་རང་དབང་ཡོད་པ་དང༌། ཁོ་ཚོའི་དགོས་མཁོ་ཆེ་བའི་གསར་འགོད་ལས་རིགས་དང་འབྲེལ་བའི་ཡོ་ཆས་དང་ལག་ཆ་རྣམས་ཀྱང་རང་དབང་གི་སྒོ་ནས་ནང་འདྲེན་དང་ཕྱི་འདྲེན་བྱེད་ཆོག་པ་ཡིན།

༩༽ གསར་འགོད་ལས་རིགས་སུ་རང་དབང་གི་སྒོ་ནས་འཛུལ་ཞུགས་བྱེད་རྒྱུར་དམ་དྲག་དང༌། ཡང་ན་གསར་འགོད་ལས་རིགས་ཀྱི་ལས་དོན་ཐོག་དམ་དྲག་བྱེད་པ། གསར་འགོད་ལས་རིགས་དེབ་སྐྱེལ་བརྒྱུད། ཡང་ན་གཞན་གསར་འགོད་ལག་ཁྱེར་སྤྲོད་ཕྱོགས་བཅས་ལ་དམ་དྲག་བཀག་འདོམས་རྣམས་རྩ་བ་ནས་འདོར་དགོས་པ་ཡིན།

༡༠༽ གསར་འགོད་པ་རྣམས་ནི་མི་མང་དང་གཅིག་མཚུངས་ལྟར་ངེས་པར་དུ་མི་རེ་ངོ་རེར་སྲུང་སྐྱོབ་བྱེད་དགོས་ལ། ཁྲིམས་ཐོག་ནས་ཀྱང་སྲུང་སྐྱོབ་ཆ་ཚང་གནང་དགོས་པ་ཡིན། སྒོས་སུ་དམག་འཁྲུག་ནང་ཞུགས་པའི་གསར་འགོད་པ་ཚོ་མི་སེར་ལ་ངོས་འཛིན་གྱིས་མི་སེར་ལ་ཐོབ་ཐང་གང་ཡོད་པ་ཡོངས་རྫོགས་ཁོ་ཚོར་ཚང་དགོས་པ་ཡིན།

བཅའ་ཁྲིམས་འདིའི་སྐོར།

གསར་འགོད་རང་དབང་གི་བཅའ་ཁྲིམས་འདི་ཡི་དོན་ཚན་ཁག་རྒྱལ་ཁབ་སུམ་ཅུ་སོ་བཞིའི་གསར་འགོད་པ་ཚོས་གསར་འགྱུར་བརྒྱུད་ལམ་ལ་བཙན་དབང་གིས་ཞིབ་བཤེར་བྱེད་པའི་དཀའ་ངལ་སྐོར་དབྱིན་ལན་ཌིའི་རྒྱལ་ས་ལོན་ཌོན་དུ་ཕྱི་ལོ་༡༩༨༧ ལོའི་ཟླ་༡ པོའི་ཚེས་༡༦ ནས་༡༨ བར་རང་དབང་གི་འབོད་སྒྲ་ཞེས་པའི་འཛམ་གླིང་གསར་འགོད་རང་དབང་གི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བ་ཞིག་ཡིན།

ཚོགས་ཆེན་དེ་བཞིན་འཛམ་གླིང་གསར་འགོད་རང་དབང་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་ཞིག་དང་འཛམ་གླིང་གི་གསར་ཤོག་མཐུན་ཚོགས་(World Association of Newspapers)ཞེས་པ། རྒྱལ་སྤྱིའི་གསར་འགོད་ལས་རིགས་ཁང་(International Press Institute)དང༌། ཨ་རིའི་ནང་ཁུལ་གྱི་གསར་འགོད་པའི་མཐུན་ཚོགས་(Inter American Press Association)ཞེས་པ། བྱང་ཨ་མི་རི་ཀའི་རྒྱལ་ཡོངས་རླུང་འཕྲིན་དང་བརྙན་འཕྲིན་གསར་འགོད་པའི་མཐུན་ཚོགས་(North American National Broadcasters Association)དང་རྒྱལ་སྤྱིའི་གསར་འགྱུར་དུས་དེབ་སྤྱི་མཐུན་ཚོགས་པ་(International Federation of the Periodical Press)བཅས་ནས་མཉམ་རུབ་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བ་ཞིག་ཡིན།

རང་དབང་གི་སྒོ་ནས་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་དགོས་ངེས་ཀྱི་གཙོ་གནད་དེ་དག་གི་ཐོག་དོན་ཚན་ཁག་ལ་ཕྱོགས་ཡོངས་ནས་གྲོས་འཆམ་བྱུང་བ་ཞིག་ཡིན་པ་དང༌། དེ་བཞིན་ཡོ་རོབ་ཀྱི་ཚོགས་པ་(OSCE)ཞེས་པའི་ཚོགས་ཆེན་དང་ཚོགས་ཆེན་གཞན་བཅས། ཕྱོགས་མཚུངས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་(U.N. Secretary-General)དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་(UNESCO’s Director-General) དང༌། འཛམ་གླིང་ནང་གི་གསར་འགོད་མཐུན་ཚོགས་མང་པོ་ཞིག་གིས་ཀྱང་མཐུན་འགྱུར་རྒྱབ་སྐྱོར་དང་གྲོས་ཆོད་བཞག་པའི་དོན་ཚན་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ཞིག་ཡིན།།

རང་དབང་གི་བརྒྱུད་ལམ་ཁག་དང་རང་དབང་ཆེད་གནད་དོན་འདི་དག་དུས་ནམ་ཡང་དགོས་མཁོ་ལྡན་པ་ཞིག་བྱུང་ན་བཅའ་ཁྲིམས་འདིས་ཕན་ཐོགས་སམ་བེད་སྤྱོད་ཆེན་པོ་ཡོང་བ་ང་ཚོས་རེ་བ་ཞུ་ཡི་ཡོད།།

བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡེ་ཤེས་ཆོས་བཟང་གིས་༢༠༠༧ ལོའི་ཟླ་༦ ཚེས་༡༨ ཉིན་དབྱིན་ཡིག་ནས་ཕབ་བསྒྱུར་ཞུས།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*