༄༅། །དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །
དབུ་མ་ལྟ་ཁྲིད་ཀྱི་བསྡུས་པའི་དོན་ནི། ལྟ་བས་སྤྲོས་པ་མཐའ་དག་བཅད། སྒོམ་པས་དོན་ཉམས་སུ་བླངས། བོགས་དབྱུང་བའི་མན་ངག་གོ །སྒོམ་པས་དོན་ཉམས་སུ་བླང་བ་ལ་གཉིས། ཞི་གནས་དང་ལྷག་མཐོང་ངོ༌། །ལྷག་མཐོང་ལ་གཉིས། གང་ཟག་གི་བདག་མེད་བསྒོམ་པ་དང༌། ཆོས་ཀྱི་བདག་མེད་བསྒོམ་པ་གཉིས། འདི་གཉིས་ཀྱིས་ནི་ཕྱི་སྟོང་པ་ཉིད་དང༌། ནང་སྟོང་པ་ཉིད་བསྒོམ་པ་བསྟན་ནོ། །བདག་མེད་གཉིས་པོ་ལ་བདེན་པར་ཞེན་པའང་གཅོད་དགོས་པས། གཉིས་ཀ་རང་བཞིན་མེད་པར་བསྒོམ་པས་ན། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པ་བསྟན་ནོ། །སྟོང་ཉིད་བསྒོམ་པ་བཞི་པོ་འདིར་སྟོང་ཉིད་རྟོགས་པའི་ལྟ་བ་བསྒོམ་པ་མ་ཚང་བ་མེད་པར་འདུས་སོ། །སྟོང་ཉིད་དང་པོ་གསུམ་བསྒོམ་པ་ནི། ཆོས་ཅན་ལ་སྒྲོ་འདོགས་གཅོད་པ་ཡིན་ལ། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པ་ནི་ཆོས་ཉིད་ལ་སྒྲོ་འདོགས་གཅོད་པ་ཡིན་ནོ། །ཆོས་ཅན་དང་ཆོས་ཉིད་གཉིས་སུ་མ་འདུས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །འདི་གཉིས་ལ་སྒྲོ་འདོགས་ཆོད་པས་སྒྲོ་འདོགས་མཐའ་དག་ཆོད་པ་ཡིན་ནོ། །ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་པ། །བླ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply