དབུ་མ་འཇུག་པའི་སྒོམ་རིམ་རིན་ཆེན་སྒྲོན་མེ།

༄༅། །དབུ་མ་འཇུག་པའི་སྒོམ་རིམ་རིན་ཆེན་སྒྲོན་མེ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དབུས་ན་ལྷུན་པོ་བཞིན། །དགེ་ལེགས་ཐུན་མཚམས་སྤྲིན་གྱི་གོས་བཟང་ཅན། །འགྲོ་བ་མ་ལུས་དབུགས་འབྱིན་མཛད་པ་པོ། །ཐུབ་དབང་སྐྱོབ་པའི་དབང་པོ་ལ་ཕྱག་འཚལ། །བདག་མེད་སེང་གེའི་སྒྲ་ཡིས་རྒོལ་བའི་ཚོགས། །མ་ལུས་སྐྲག་མཛད་རིགས་པ་སྨྲ་བའི་གཙོ། །རྒྱལ་བའི་ལུང་བསྟན་རབ་བརྙེས་མཆོག་གྱུར་པ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་གསུང་རབ་བདུད་རྩི་ཡིས། །བློ་གྲོས་དབང་པོ་མཆོག་དུ་རབ་རྒྱས་པ། །དབུ་མའི་གཞུང་ལུགས་རིགས་སྲོལ་རྣམ་པར་འབྱེད། །ཀླུ་སྒྲུབ་རྗེས་འཇུག་བླ་མ་རྣམས་ལ་འདུད། །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས། །ཡང་དག་རིགས་པའི་བསིལ་ཟེར་རབ་རྒྱས་པ། །ཕས་རྒོལ་མུན་པའི་དཔུང་ཚོགས་ཆ་ཤས་ཀུན། །མ་ལུས་ཕམ་མཛད་ཟླ་གྲགས་ཞབས་ལ་འདུད། །དབུ་མ་འཇུག་པའི་དོན་རྣམས་མན་ངག་ཏུ། །བསྡུས་ནས་སྒོམ་པའི་རིམ་པ་གཞན་དག་གིས། །མ་རྟོགས་སྔོན་མེད་རབ་ཏུ་གསལ་བར་བྱ། །དེ་ཡང་རིན་ཆེན་ཕྲེང་བ་ལས། བླ་མེད་བྱང་ཆུབ་ཐོབ་འདོད་ན། དེའི་རྩ་བ་བྱང་ཆུབ་སེམས། །རི་དབང་ལྷུན་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། གཉིས་ལ་མི་བསྟེན་ཡེ་ཤེས་ལགས། །ཞེས་བཤད་པའི་དོན་དུ་དབུ་མ་འཇུག་པ་བརྩམས་པ་ཡིན་ལ། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང༌། གསུམ་པོ་འདི་གཞིར་བཟུང་ནས་བསྒོམ་རིམ་བཤད་དོ། །གཞུང་འདིའི་ཐོག་མར་ཡང་སྙིང་རྗེ་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་བསྟེན་ཏེ་བསྟོད་པ་མཛད་པས། ཐོག་མར་སྙིང་རྗེ་བསྒོམ་དགོས་པར་བསྟན་ནོ། །དེའི་རྩ་བ་བྱང་ཆུབ་སེམས། །ཞེས་པས། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ། ཐེག་པ་ཆེན་པོའི་སེམས་བསྐྱེད་བསྒོམ་དགོས་པ་བསྟན་ནོ། །གཉིས་ལ་མི་བསྟེན་ཡེ་ཤེས་ལགས། །ཞེས་པའི་དོན། ས་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་སྦྱར་ནས་བཤད་དེ། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཤེར་ཕྱིན་བསྒོམ་བྱའི་གཙོ་བོར་བསྟན་པ་ནི། ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་ལ། མ་རིག་པའང་གཉིས་ཏེ། ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་སུ་གཏོགས་པའོ། །དང་པོ་ནི། སྟོང་ཉིད་བདུན་ཅུ་པ་ལས། ཡང་དག་རྣམ་པར་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་སོགས་གསུངས་པའི་ཡན་ལག་བཅུ་གཉིས་ཀྱི་ནང་དུ་གཏོགས་པ་ནི་ཉོན་མོངས་པར་གཏོགས་པའོ། །གཙོ་བོ་ཤེས་ཕྱིན་ཉམས་སུ་ལེན་པའི་ཚུལ་ལ། མདོ་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་ནི་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲགས་པ་ནུས་མ་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམ་གྱུར་ཏེ། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །ཞེས་གསུངས་སོ། །འདིར་ཐོག་མར་བདེན་པ་གཉིས་ལ་མཁས་པར་བྱ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་གནས་ཚུལ་ལ་ཐ་དད་པ་གཉིས་སུ་ཡོད་པ་མ་ཡིན་ཏེ། བདེན་གཉིས་དབྱེར་མེད་དུ་ཤེས་ནས་བསྒོམ་པ་ནི་བསྒོམ་བྱ་དངོས་ཀྱི་གཙོ་བོ། མངོན་རྟོགས་རྒྱན་གྱི་ཕྲིན་ལས་ཀྱི་སྐབས་སུ། འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་པའོ། །དེ་ཡང་དཔེས་བསྟན་པར་བྱ་སྟེ། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་མཁས་པ་ནས་བྱིས་པའི་བར་བསྙོན་དུ་མེད་པར་སྣང་ལ། ཟླ་བར་སྣང་བའི་དུས་ཉིད་ནས་ཟླ་བའི་ངོ་བོའམ་རང་བཞིན་ནམ་མཚན་ཉིད་ཅུང་ཟད་ཀྱང་མེད་དོ། །ཟླ་བར་མེད་ཀྱང་ཟླ་བར་སྣང་ལ། ཟླ་བར་སྣང་ཡང་ཟླ་བའི་ངོ་བོར་མེད་དོ། །འདི་ནི་སྣང་ལ་རང་བཞིན་མེད་པའི་དོན་ནོ། །བོད་འདིར་སྣང་ལ་རང་བཞིན་མེད་པ་ཚིག་ཙམ་དུ་སྒྲོགས་པར་ཟད་དོ། །ཤེར་སྙིང་ལས་ཀྱང༌། སྒྲོ་འདོགས་བསལ་བའི་དོན་དུ། གཟུགས་སྟོང་པའོ་ཞེས་གསུངས་ལ། སྐུར་འདེབས་བསལ་བའི་དོན་དུ་སྟོང་པ་ཉིད་གཟུགས་སོ་ཞེས་གསུངས་སོ། །བདེན་གཉིས་དབྱེར་མེད་ཀྱི་དོན་ནི། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །དེས་ཕྱིའི་ཡུལ་རྣམས་འཇའ་ཚོན་ནམ་ཆུ་ཟླའི་དཔེས་སྣང་སྟོང་དབྱེར་མེད་དུ་བསྒོམ་མོ། །ནང་གི་སེམས་ལ་རྩ་ཉོན་དང༌། ཉེ་ཉོན་གང་སྐྱེས་ཀྱང་ལྟ་བ་པོས་ཉེས་པ་ངོས་ཟིན་པ་དང་འདྲ་བར། གང་སྐྱེས་སོ་སོར་རིག་པར་བྱས་ནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་མ་རྙེད་པའི་དོན་ལ་མཉམ་པར་བཞག་གོ །འདི་ནི་རིག་སྟོང་དབྱེར་མེད་དུ་བསྒོམ་མོ། སྣང་སྟོང་དབྱེར་མེད་དང་རིག་སྟོང་དབྱེར་མེད་གཉིས་རེས་འཇོག་ཏུ་བྱས་ནས། རྗེས་ཀྱི་དྲན་ཤེས་ཀྱིས་ཁོར་ཡུག་ཏུ་གསལ་འདེབས་པར་བྱའོ། །སྒོམ་ཚུལ་འདིས་སྲིད་པ་གསུམ་པོ་འདི་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པར། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་དང་འདྲ་བར་རྟོགས་ནས། རྣལ་འབྱོར་པ་རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་ཞེས་གསུངས་སོ། །དབུ་མ་འཇུག་པའི་སྒོམ་པའི་རིམ་པ་བསྟན་ཟིན་ཏོ། །མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་དང༌། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་གཞན་དོན་དུ་བཞུགས་པ་ནི། ཤེས་པར་བྱ་བའི་ཡན་ལག་ཙམ་དུ་བསྟན་ནོ། །ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །ཞེས་སོགས་ཀྱི་ཚིག་ལ་བརྟེན་ནས། སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་ནི་མི་རིགས་ཏེ། ཆོས་དབྱིངས་བསྟོད་པ་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ཏེ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱི་ཐེག་ཆེན་ལམ་གྱི་རིམ་པ་འདིར་བསྡུས་ཏེ་དཔལ་ལྡན་ཟླ་གྲགས་ཀྱིས་བཀྲལ་བའི་ཕྱིར་རོ། །ཐེག་ཆེན་དབུ་མ་བསྒོམ་པའི་རིམ་པ་འདི། །སློབ་དཔོན་ཀླུ་སྒྲུབ་ཞལ་ནས་གསུངས་པ་དག །ཟླ་བ་གྲགས་པས་བསྡུས་ནས་འདིར་བཤད་པ། །ལེགས་པར་རྟོགས་ནས་བདག་གིས་འདི་སྦྱར་རོ། །དགེ་བ་གང་དེས་འགྲོ་བ་མ་ལུས་པ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག །ཅེས་དབུ་མ་འཇུག་པའི་སྒོ་རིམ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་རབ་བྱུང་གི་ལོ་ལ་དཔལ་ནཱ་ལེནྡྲའི་ཆོས་སྡེ་ཆེན་པོར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*