ཚད་མའི་སྒོམ་རིམ་ཕུལ་དུ་བྱུང་བའི་སྙིང་པོ།

༄༅། །ཚད་མའི་སྒོམ་རིམ་ཕུལ་དུ་བྱུང་བའི་སྙིང་པོ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་བརྩེའི་ཆ་ཤས་ཡོངས་རྫོགས་ཤིང༌། །ཕྲིན་ལས་འོད་སྟོང་རྒྱས་པ་ཡིས། །འགྲོ་བའི་མི་ཤེས་མུན་སེལ་བ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཤེས་རབ་མཆོག་ཏུ་ཡངས་པའི་མཁའ། །ལེགས་སྦྱངས་རྣམ་དཔྱོད་ཆུ་འཛིན་ལས། །རིག་པའི་གློག་འོད་རབ་འཁྱུག་པ། །ཕྱོགས་ཀྱི་གླང་པོ་ལ་ཕྱག་འཚལ། །རིགས་པས་ཕས་ཀྱི་རྒོལ་བ་བཟློག །ལུང་དོན་ལྟ་བའི་དོན་རྟོགས་པས། །ཆོས་མིན་སྨྲ་བ་སྤོང་མཛད་པའི། །ཆོས་ཀྱི་གྲགས་པ་ལ་ཕྱག་འཚལ། །ཡུན་དུ་བརྟགས་ཀྱང་རྟོགས་དཀའི་དོན། །ཚད་མའི་མན་ངག་གནད་བསྡུས་པའི། །རིགས་ལམ་ངོ་མཚར་ཕུལ་བྱུང་བ། །སྐྱོན་བྲལ་ངག་གིས་བཤད་པར་བྱ། །འདིར་སྐལ་བ་དང་ལྡན་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་ཚང་ལ་མ་ནོར་བ་འདི་ལྟ་སྟེ། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ལམ་གྱི་གཞི་བཟུང༌། ལམ་གྱི་དངོས་གཞི་ཐབས་ཤེས་གཉིས་བསྒོམ་པའི་ཚུལ། དེ་ལས་ཐོབ་པའི་འབྲས་བུ་བསྟན་པའོ། །དང་པོ་ལ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་གསུངས་པས། སྐྱབས་སུ་འགྲོ་བའི་ཡུལ་དང༌། སྐྱབས་འགྲོ་དངོས་བསྟན་ལ། འགྲོ་ལ་ཕན་བཞེད་པ་ཞེས་པས་སེམས་བསྐྱེད་བསྟན་ནོ། །སྟོན་པ་དང༌། བདེ་གཤེགས་དང་སྐྱོབ་པ་གསུམ་གྱིས་ལམ་གྱི་འབྲས་བུ་བསྟན་པ་ཡིན་ནོ། །སློབ་དཔོན་ཕྱོགས་གླང་གིས་ལམ་གྱི་དངོས་གཞི་རྒྱས་པ་ནི། བརྒྱད་སྟོང་དོན་བསྡུས་སུ་བསྟན་ལ། ཇི་སྙེད་པའི་ཆ་ནི་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེར་བསྟན་ནོ། །དཔལ་ལྡན་ཆོས་ཀྱི་གྲགས་པའི་བཞེད་ཚུལ་ནི། རྟོག་པའི་དྲྭ་བ་རྣམ་བསལ་ཞིང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྐྱབས་འགྲོ་བསྟན། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པས་སེམས་བསྐྱེད་བསྟན་ནོ། །གཉིས་པ་ལམ་གྱི་དངོས་གཞིའི་བསྒོམ་ཚུལ་ལའང༌། ཤེས་རབ་སྒོམ་ཚུལ་དང༌། ཐབས་སྒོམ་ཚུལ་གཉིས་སོ། །དང་པོ་ལ་བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་གསུངས་སོ། །དེའང་སྟོང་ཉིད་བསྒོམ་པའི་ཚུལ་དང༌། དེའི་ཡན་ལག་གི་ཆ་གཉིས་སུ་གསུངས་སོ། །དང་པོ་ལ། སྟོང་ཉིད་ལྟ་བས་གྲོལ་གྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་སོ། །ཅིའི་ཕྱིར་སྟོང་པ་ཉིད་ཁོ་ནས་གྲོལ་བར་འགྱུར་གྱི་གཞན་གྱིས་མིན་ཞེ་ན། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་ལ། བདག་འཛིན་གྱི་གཉེན་པོར། བདག་མེད་རྟོགས་པའི་ཤེས་རབ་དགོས་པའི་ཕྱིར་རོ། །ཇི་སྐད་དུ་ཡང༌། ཉེས་པ་རྣམ་པ་ཐམས་ཅད་དག །འཇིགས་ཚོགས་ལྟ་ལས་སྐྱེས་པ་ཡིན། །ཞེས་སོ། །འོ་ན་ལས་སྒྲིབ་དག་པའི་ཐབས་སུ་གཟུངས་སྒྲུབ་དང༌། སྨྱུང་གནས་དང༌། སྦྱིན་སྲེག དཀའ་ཐུབ་ལ་སོགས་བྱས་པས། སྒྲིབ་པ་དང་སྡིག་པ་རྩ་བ་ནས་འདག་གམ་སྙམ་ན། ལས་ཟད་དུབ་པ་དོན་མེད་ཡིན། །ཞེས་སོ། །བྱམས་སོགས་ཚད་མེད་བཞི་བསྒོམས་པས་ཉོན་མོངས་པ་སྤོང་ངོ་སྙམ་ན། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་སོ། །འོ་ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཀྱང་སྤོང་མི་ནུས་སྙམ་ན། བདག་མེད་བདག་དང་འགལ་བས་ན། །བདག་མེད་རྟོགས་པས་དེ་སུན་འབྱིན། །ཞེས་གསུངས་སོ། །འོ་ན་བདག་མེད་རྟོགས་པའི་ལྟ་བ་ཇི་ལྟར་བསྒོམ་ཞེ་ན། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་སྤོང་མི་ནུས། །ཞེས་པས། བདག་ཏུ་འཛིན་པའི་ཡུལ་ཕུང་པོ་ལྔ་གཏན་ལ་ཕབ་ནས། ཡུལ་ཅན་བདག་འཛིན་བཟློག་གོ །ལན་གཅིག་སྤངས་ཀྱང་སླར་ལྡོག་སྙམ་ན། འབད་དུ་ཟིན་ཀྱང་མི་ལྡོག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་སོ། །གང་ཟག་གི་བདག་མེད་བསྒོམ་པ་ཁོ་ནར་མ་ཟད་ཀྱི་ཆོས་ཀྱི་བདག་མེད་ཀྱང་བསྒོམ་དགོས་པར་བསྟན་པ་ནི། ཇི་ལྟ་ཇི་ལྟར་དོན་བསམ་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་གསུངས་སོ། །དོན་བསམ་པར་བྱ་བའི་རིགས་པ་གང་ཞེ་ན། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུས་ན་དེ་དངོས་མེད། །གང་གི་རང་བཞིན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་པས་བསྟན་ནོ། །དེ་ལ་རྩོད་སྤོང་ནི། གཟུང་འཛིན་ཐ་དད་དུ་སྣང་བ་དང་འགལ་ལོ་སྙམ་ན། བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་རིག་པ་དག །ཐ་དད་གཞན་ནི་རྟོགས་པར་འགྱུར། །དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་བ་ཡང༌། །རྣམ་པ་གཞན་དུ་སྣང་བ་བཞིན། །དེ་དག་མ་བསླད་མིག་ཅན་གྱིས། །དེ་ལྟར་མཐོང་བ་མེད་ཕྱིར་རོ། །ཞེས་སོ། །དེས་ན་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ནི་ལྟ་བ་མཐར་ཐུག་གོ །ཇི་སྐད་དུ། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་སོ། །འོ་ན་ཤེས་རབ་རྐྱང་པས་ཆོག་གམ་སྙམ་ན། གཉིས་པ་ཐབས་ཀྱང་དགོས་པར་བསྟན་པ་ནི། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་གྱུར། །ཞེས་གསུངས་སོ། །བདེན་བཞིའི་རྣམ་པ་ལྷག་མ་རྣམས་བསྟན་པ་དོན་མེད་དོ་སྙམ་ན། ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་བསྟན་པས་ནི། ཀུན་འབྱུང་གི་ཉེས་དམིགས་རྟོགས་ནས་མྱུར་དུ་སྤོང་བ་ལ་འཇུག་པའི་དོན་ནོ། །འགོག་པའི་རྣམ་པ་བཞི་བསྟན་པས་ནི། ཐར་པའི་ཕན་ཡོན་མཐོང་ནས་དེ་མངོན་དུ་བྱེད་པ་ལ་འཇུག་གོ །ལམ་གྱི་རྣམ་པ་བཞི་བསྟན་པས་ནི་ཉོན་མོངས་སྤོང་བ་ལ་ལམ་རྒྱུད་ལ་བརྟེན་དགོས་ཞེས་པའི་དོན་ནོ། །གསུམ་པ་དེ་ལས་ཐོབ་པའི་འབྲས་བུ་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་ཤིང༌། རྣམ་ངེས་ལས་ཀྱང༌། འཁྲུལ་པས་དབེན་ཞིང་དྲི་མ་དང་བྲལ་བ་ལས་བཟློག་པ་མེད་པར་དོན་དམ་པའི་འགོག་པ་མངོན་དུ་བྱེད་དོ། །ཞེས་གསུངས་པས། ཡང་དག་པའི་རིགས་པའི་དོན་གྱི་མན་ངག་འདི་ལ་རྩེ་གཅིག་ཏུ་འབད་པར་བྱའོ། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་རྣམས་སུ། །ཚད་མའི་བཤད་པ་བྱེད་པ་མང་ན་ཡང༌། །སྙིང་པོའི་དོན་ཀུན་ཤེས་པ་མ་མཐོང་བས། །རྗེས་འཇུག་སྐྱེ་བོ་རྗེས་སུ་གཟུང་བྱའི་ཕྱིར། །ཚད་མའི་སྒོམ་རིམ་ཕུལ་བྱུང་སྙིང་པོ་བཤད། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །ཚད་མའི་མཁྱེན་ལྡན་སངས་རྒྱས་བཅོམ་ལྡན་འདས། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་ཚད་མའི་སྒོམ་རིམ་ཕུལ་དུ་བྱུང་བའི་སྙིང་པོ་ཞེས་བྱ་བ་འདི་སླར་ཡང་རོང་སྟོན་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག།  །།«་་་་་ཚད་མའི་སྒོམ་རིམ་འདི་གཉིས་དོན་གཅིག་ཏུ་འདུག་ཀྱང་མཆན་དང་རྒྱས་བསྡུས་དབུ་འཇུག་གི་རྩོམ་སོགས་མི་འདྲ་བ་སྔ་ཕྱིར་མཛད་པར་མངོན་པས་གཉིས་ཀ་བཀོད་ཅིང་མ་དཔེ་གཞན་བསྡུར་ས་མ་རྙེད་པས་ཡིག་ནོར་ཡིན་ངེས་ལས་བཅོས་མེད་སོར་བཞག་ཞུས།།  །།» ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*