༄༅། །འགྲེལ་ཆུང་རྣམས་ཀྱི་སྐོར།
༈ །འཕགས་པ་ཐོག་མེད་ཀྱིས་མཛད་པའི་བསམ་གཏན་སྒྲོན་མེའི་དོན་བསྡུས་ནས་ཞི་གནས་སྒྲུབ་པའི་ཚུལ་བཞུགས་སོ། །
བླ་མ་དང་ལྷག་པའི་ལྷ་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །རབ་ཞི་ཞི་བའི་ལམ་བཟང་སྟོན་མཛད་ཅིང༌། །ཚད་མེད་ཡོན་ཏན་འོད་ཀྱི་དྲྭ་བ་ཅན། །འགྲོ་དྲུག་འདྲེན་མཛད་ཕྲིན་ལས་བླ་ན་མེད། །འགྲོ་བའི་དེད་དཔོན་མཆོག་ལ་ཕྱག་འཚལ་ལོ། །བྱམས་པས་རྗེས་བཟུང་འཕགས་པའི་གོ་འཕང་བརྙེས། །གསུང་རབ་ཀུན་ལ་མི་འཇིགས་སྤོབས་པ་ཅན། །འཇིག་རྟེན་ཀུན་ལ་ཕན་པའི་བདག་ཉིད་ཆེ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །གང་གི་ཞལ་ལས་ལེགས་པར་འོང་བ་ཡི། །བསམ་གཏན་སྒྲོན་མེ་ཞེས་བྱ་ཞི་གནས་ཀྱི། །བསྒྲུབ་ཚུལ་ལེགས་པར་བཤད་པའི་རྗེས་འབྲངས་ནས། །ཞི་གནས་སྒྲུབ་ཚུལ་ལེགས་པར་བཤད་པར་བྱ། འདིར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་སྒྲོན་མེའི་རྗེས་སུ་འབྲངས་ནས། ཞི་གནས་བསྒྲུབ་པའི་ཚུལ་ལ་བཞི་སྟེ། ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་ངོས་བཟུང་བ། གཉེན་པོའི་རབ་ཏུ་དབྱེ་བ། སྤང་གཉེན་སྦྱར་ནས་བསྟན་པ། དེ་ལས་ཐོབ་པའི་འབྲས་བུའོ། །དང་པོ་ལ་ལྔ་སྟེ། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པ་ལྟར་རོ། །ལེ་ལོས་ནི་དང་པོ་ཏིང་ངེ་འཛིན་ལ་འཇུག་པའི་གེགས་བྱེད་དོ། །གདམས་ངག་བརྗེད་པས་ནི་བསྒོམ་བྱའི་དོན་ཤེས་པའི་གེགས་བྱེད་པས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་མི་ནུས་སོ། །འདི་གཉིས་ཀྱིས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ་བོ། །བྱིང་བས་ནི་ཏིང་ངེ་འཛིན་གྱི་དམིགས་པ་མི་གསལ་བར་བྱེད་ལ། རྒོད་པས་ནི་དམིགས་པ་གསལ་ཡང་དེ་ལས་གཞན་དུ་གཡེང་བར་བྱེད་དོ། །འདི་གཉིས་ཀྱིས་ནི་ཏིང་ངེ་འཛིན་གྱི་དངོས་གཞི་ལ་སྒྲིབ་བོ། །བྱིང་རྒོད་གཉིས་བྱུང་བའི་དུས་སུ་གཉེན་པོ་མངོན་པར་འདུ་མི་བྱེད་པ་ནི་མི་མཐུན་ཕྱོགས་ཀྱི་དབང་དུ་སོང་ནས་མཉམ་བཞག་གི་ཏིང་ངེ་འཛིན་ལས་ཉམས་པར་འགྱུར་རོ། །ཏིང་ངེ་འཛིན་གསལ་བའི་དུས་སུ་མི་མཐུན་ཕྱོགས་འབྱུང་གིས་དྭོགས་ནས་གཉེན་པོ་ཧ་ཅང་མངོན་པར་འདུ་བྱེད་ན། ཏིང་ངེ་འཛིན་སྐྱོན་མེད་ཀྱི་ངང་དེ་ལས་གཞན་དུ་གཡེང་བའི་ཕྱིར། དེ་ཡང་སྐྱོན་ཡིན་ནོ། །འདི་གཉིས་ཀྱིས་ནི་མཇུག་ཏུ་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ལ་གེགས་བྱེད་དོ། །གཉིས་པ་གཉེན་པོའི་རབ་ཏུ་དབྱེ་བ་ལ་བརྒྱད་དེ། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དང་པོ་ནི། ཏིང་ངེ་འཛིན་ལ་གོམས་པར་བྱས་ནས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་འབྱུང་བར་ཡིད་ཆེས་པའི་དད་པའོ། །གཉིས་པ་འདུན་པ་ནི། ཏིང་ངེ་འཛིན་ལ་སྤྲོ་བས་འཇུག་པའོ། །གསུམ་པ་བརྩོན་འགྲུས་ནི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྒྱུན་སྲིང་བར་བྱེད་དོ། །བཞི་པ་ཤིན་ཏུ་སྦྱངས་པ་ནི་ཏིང་ངེ་འཛིན་གྱི་ཕན་ཡོན་ཏེ། ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ལུས་སེམས་ཤིན་ཏུ་སྦྱངས་པས་དགའ་བདེ་ཐོབ་ནས། ཏིང་ངེ་འཛིན་བསྒོམ་པ་ལས་བཟློག་པར་མི་འགྱུར་རོ། །ལྔ་པ་དྲན་པས་ནི། ཏིང་ངེ་འཛིན་གྱི་དམིགས་པ་རྣམས་མི་བརྗེད་པར་བྱེད་པའོ། །དྲུག་པ་ཤེས་བཞིན་གྱིས་ནི། བྱིང་རྒོད་གཉིས་བྱུང་ངམ་མ་བྱུང་ལྟ་བའི་བྱ་ར་བའི་ཚུལ་དུ་བྱས་ནས་མི་མཐུན་ཕྱོགས་ནམ་བྱུང་དུས་སུ་རིག་པར་བྱེད་དོ། །བདུན་པ་སེམས་པས་ནི། མི་མཐུན་ཕྱོགས་བྱུང་ན་དེའི་གཉེན་པོར་སེམས་བདེ་བླག་ཏུ་འཇུག་པར་བྱེད་དོ། །བརྒྱད་པ་བཏང་སྙོམས་ཀྱིས་ནི། བྱིང་རྒོད་གཉིས་ཀྱི་མཐར་མ་ལྷུང་བར་ཏིང་ངེ་འཛིན་གསལ་བའི་ངང་ལ་གནས་པ་དེ་ལས་གཞན་དུ་མི་གཏོང་བར་ལྷུན་གྱིས་གྲུབ་པར་བྱེད་དོ། །གསུམ་པ་སྤང་བྱ་དང་གཉེན་པོ་གཉིས་སྦྱར་ནས་བཤད་པ་ལ། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པས་ནི་ལེ་ལོའི་གཉེན་པོ་བྱེད་དོ། །འདི་བཞིས་ནི་ཏིང་ངེ་འཛིན་ལ་ཡིད་ཆེས་ཏེ་སྤྲོ་བས་འཇུག་པའི་ཕྱིར་རོ། །དྲན་པས་ནི། གདམ་ངག་བརྗེད་པའི་གཉེན་པོ་བྱེད་དེ། གདམ་ངག་གི་དོན་མི་བརྗེད་པར་འཛིན་པའི་ཕྱིར་རོ། །ཤེས་བཞིན་གྱིས་ནི། བྱིང་རྒོད་ཀྱི་གཉེན་པོ་བྱེད་དེ། དེ་གཉིས་ཀྱི་སྐྱོན་རིག་ནས་དེ་མ་ཐག་ཏུ་སེལ་བར་བྱེད་པའི་ཕྱིར་རོ། །སེམས་པས་ནི། འདུ་མི་བྱེད་པའི་གཉེན་པོ་བྱེད་དེ། གཉེན་པོ་བདེ་བླག་ཏུ་འདུ་བྱེད་པའི་ཕྱིར་རོ། །བཏང་སྙོམས་ཀྱིས་ནི། བྱིང་རྒོད་མེད་པའི་ངང་ནས་གཞན་དུ་མི་གཏོང་བར་ལྷུན་གྲུབ་ཀྱི་ཚུལ་དུ་གནས་པར་བྱེད་དོ། །དེ་ལྟར་ཡང་དབུས་མཐའ་ལས། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །སྤོང་བའི་རྒྱུ་ལས་བྱུང་བ་འོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་དེ་ལས་ཐོབ་པའི་འབྲས་བུ་ནི། ལྷག་མཐོང་མཐར་ཕྱིན་པར་བྱེད་ཅིང༌། རྫུ་འཕྲུལ་གྱི་མངོན་ཤེས་སོགས་ཐོབ་པར་བྱེད་དོ། །ཏིང་ངེ་འཛིན་གྱི་དངོས་གཞི་སྒོམ་པའི་ཚུལ་རྒྱས་པར་ནི། སེམས་གནས་པའི་ཐབས་དགུས་བསྟན་ཏེ། ནང་ཉིད་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། དམིགས་པ་ལ་སེམས་གླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། རྣམ་པར་ཞི་བར་བྱེད་པ་དང༌། ཟུང་འཇུག་ལ་འབད་པར་བྱེད་པ་དང༌། མཉམ་པར་ཟུང་དུ་འཇོག་པའོ། །དང་པོས་ནི། ཐོག་མར་གང་སྒོམ་པར་འདོད་པའི་དོན་ལས་སེམས་གཞན་དུ་མི་འཕྲོ་བར་དེ་ཉིད་དུ་འཇོག་པའོ། །གཉིས་པས་ནི། དམིགས་པ་ལ་སེམས་འཇོག་པ་ཙམ་དུ་མ་ཟད་རྒྱུན་བསྲིངས་ནས་འཇོག་པའོ། །གསུམ་པས་ནི། གལ་ཏེ་དམིགས་པ་ལས་སེམས་གཞན་དུ་འཕྲོ་ནའང༌། དེ་མ་ཐག་སེམས་ནང་དུ་བཀུག་ནས་དམིགས་པ་ལ་སེམས་གླན་ནས་འཇོག་པའོ། །བཞི་པས་ནི། སེམས་ཕྱིར་འཕྲོས་པ་དེ་རིང་དུ་མི་འཇོག་པར་ཉེ་བར་ནང་དུ་དམིགས་པ་ལ་འཇོག་པའོ། །ལྔ་པས་ནི། མི་མཐུན་ཕྱོགས་འདུལ་བར་བྱེད་པའོ། །དྲུག་པས་ནི། མི་མཐུན་ཕྱོགས་རགས་པ་ཞི་བར་བྱེད་པའོ། །བདུན་པས་ནི། མི་མཐུན་ཕྱོགས་ཕྲ་མོའང་ཞི་བར་བྱེད་དོ། །བརྒྱད་པས་ནི། མི་མཐུན་ཕྱོགས་ལྡང་བ་མེད་པའི་ཚུལ་དུ་ཞི་བར་བྱེད་དོ། །དགུ་པས་ནི། བྱིང་རྒོད་བསལ་ནས་བྱིང་རྒོད་མེད་པའི་ངང་ལ་ལྷུན་གྱིས་གྲུབ་པར་འཇོག་པ་ཡིན་ནོ། །འདི་དགུ་ནི་མངོན་པ་ཀུན་ལས་བཏུས་པའི་ལུགས་བཞིན་བཤད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་དབྱེ་བ་མཐའ་ཡས་པ་ཡོད་ཀྱང་གང་ཞི་གནས་བསྒོམ་པར་འདོད་པའི་དམིགས་པ་དེ་ཐམས་ཅད་ལ་འདི་དག་སྦྱར་ནས་བསྒོམ་པར་བྱའོ། །ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་དུ་གསུངས་སོ། །ཞི་གནས་བསྒོམ་པར་འདོད་པ་མང་ན་ཡང༌། །འདི་འདྲའི་མན་ངག་རྨད་བྱུང་མེད་པ་རྣམས། །རིང་དུ་བསྒོམས་ཀྱང་ངལ་བ་དོན་མེད་ཡིན། །དེ་ཕྱིར་འདི་ལ་འབད་ནས་འཇུག་པར་རིགས། །ཚུལ་འདི་བཤད་པའི་དགེ་ཚོགས་རྒྱ་ཆེན་དེས། །ཕ་མས་གཙོ་བྱས་མཐའ་ཡས་འགྲོ་བ་རྣམས། །སྲིད་པའི་རྒྱ་མཚོ་ཆེ་ལས་མྱུར་བརྒལ་ཏེ། །བླ་མེད་ཐར་པའི་གླིང་དུ་བགྲོད་པར་ཤོག །ཅེས་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་སྒྲོན་མེའི་དོན་བསྡུས་ནས་གསལ་བར་བཤད་པ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དབོའི་ཟླ་བ་ལ་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply