༄༅། །སྭསྟི། རྒྱལ་པོ་ཆེན་པོ་འཆར་བྱེད་ལ་གདམས་པའི་མདོའི་འགྲེལ་པ་ཟབ་དོན་གནད་ཀྱི་སྒྲོན་མེ་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་པ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཅན། །ཚད་མེད་གསུང་རབ་འོད་སྟོང་རབ་རྒྱས་པས། །འགྲོ་བའི་བློ་མུན་མཐའ་དག་རབ་སེལ་བ། །སྟོབས་བཅུའི་སྟོབས་ལྡན་ཐུབ་དབང་ལ་ཕྱག་འཚལ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་པད་ས་ལའི་རྒྱལ་པོ་འཆར་བྱེད་ལ་དངོས་སུ་གདམས་པའི་མདོ་ཤླཽ་ཀ་ཕྱེད་དང་བཅུས་བདག་མེད་གཉིས་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་གསལ་བར་གསུངས་པའི་དོན་ལ་གཉིས་ལས། དང་པོ་གང་ཟག་གི་བདག་མེད་བསྒོམ་ཚུལ་ལ། གང་ཟག་གི་སྒྲ་དོན་ནི། རྒྱུད་ནི་ལས་དང་ཉོན་མོངས་པས་གང་ཞིང༌། དེའི་རྒྱུས་འབྲས་བུ་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་ལུས་བླངས་པ་ནི་ཟག་པ་ཞེས་བྱའོ། །ཐོག་མ་མེད་པ་ནས་གོམས་ཤིང་འདྲིས་པར་བྱེད་པའི་བདག་འཛིན་གྱི་ཕུང་པོའི་རྒྱུན་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པ་འདི་ནི་ངར་འཛིན་ཞེས་བྱའོ། །དེའི་འཛིན་སྟངས་ཀྱི་ཡུལ་ལ་བདག་ཅེས་བརྗོད་དོ། །དེ་ལ་ཆགས་ཤིང་བདེན་པར་གཟུང་བ་ལས་ཆགས་སྡང་སྐྱེས་ཏེ་རིགས་དྲུག་ཀུན་ཏུ་འཁོར་རོ། །དེའི་གཉེན་པོར་གང་ཟག་གི་བདག་མེད་སྒོམ་པ་དངོས་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕུང་པོ་ལ་རིགས་པས་བརྟགས་ཤིང་བཙལ་བ་ན། ཅུང་ཟད་ཀྱང་མ་རྙེད་པའི་ཕྱིར། བདག་འཛིན་འཁྲུལ་པར་རིག་ནས། ཕུང་པོ་བདག་མེད་པར་བསྒོམས་ཤིང་གོམས་པར་བྱས་པས་གང་ཟག་གི་བདག་ཏུ་འཛིན་པ་བཟློག་པས། གང་ཟག་གི་བདག་མེད་བསྒོམ་པའི་དགོས་པ་འགྲུབ་བོ། །འོ་ན་རྣམ་སྨིན་མྱོང་བ་པོའི་གང་ཟག་ཀྱང་མེད་དོ་སྙམ་ན། རིགས་པས་མ་དཔྱད་པའི་གྲགས་ངོ་ཙམ་ན། བདག་དང༌། སེམས་ཅན་དང༌། གང་ཟག་ཡོད་མོད་ཀྱི། རིགས་པས་དཔྱད་པའི་ཚེ། ཕུང་པོའི་གནས་ཚུལ་ལ་གང་ཟག་མེད་པས། མཉམ་པར་འཇོག་པའི་ཚེ་གནས་ཚུལ་ལ་མཉམ་པར་འཇོག་དགོས་པ་ཡིན་ནོ། །གཉིས་པ་ཆོས་ཀྱི་བདག་མེད་སྒོམ་པའི་ཚུལ་ལའང༌། ཆོས་ནི་གཟུགས་སོགས་ཐམས་ཅད་ཡིན་ལ། ཆོས་ཀྱི་བདག་ནི་ཐ་མལ་པའི་བློ་ལ་སྣང་བའི་རང་རང་གི་མཚན་ཉིད་དུ་བདེན་པར་གྲུབ་པ་འདི་ལ་བརྗོད་དོ། །ཐ་མལ་པ་ལ་རང་རང་གི་མཚན་ཉིད་དུ་བདེན་པར་སྣང་བའི་རྒྱུ་ནི། ཐོག་མ་མེད་པ་ནས་གོམས་པའི་ལྷན་སྐྱེས་ཀྱི་མ་རིག་པའོ། །དེ་དག་བདག་མེད་པར་དཔེ་དང་རིགས་པ་གཉིས་ཀྱིས་སྟོན་པ་ལ། དཔེ་ནི། ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལྟ་བུ་ནི་ཆོས་ཡིན་ལ། དེ་གནས་ཚུལ་ལ་ཟླ་བར་གྲུབ་པ་ནི་ཆོས་ཀྱི་བདག་གོ །དེ་ཟླ་བར་སྣང་བཞིན་པའི་དུས་ན་ཟླ་བས་སྟོང་པ་ནི་ཆོས་ཀྱི་བདག་མེད་དོ། །ཡང་དཔེར་ན། འཇའ་ཚོན་ཁ་དོག་སྣ་ཚོངས་སུ་བཀྲ་ཞིང་གཟུང་དུ་ཡོད་པ་ལྟར་སྣང་བ་ནི་ཆོས་སོ། །དེ་གནས་ཚུལ་ལ་གཟུང་དུ་ཡོད་པ་ནི་ཆོས་ཀྱི་བདག་གོ །དེ་སྣང་བའི་དུས་ཉིད་ན་གནས་ཚུལ་ལ་གཟུང་དུ་མེད་ཅིང་རང་གི་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་པ་ནི་ཆོས་ཀྱི་བདག་མེད་དོ། །ཡང་དཔེར་ན། སྒྱུ་མའི་རྟ་གླང་དུ་སྣང་བ་ནི་ཆོས་སོ། །དེ་གནས་ཚུལ་ལ་རྟ་གླང་དུ་གྲུབ་པ་ནི་ཆོས་ཀྱི་བདག་གོ །དེ་སྣང་བའི་དུས་ཉིད་ནས་རྟ་གླང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དོ། །དེ་བཞིན་དུ་སྒྲ་སྙན་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་དཔེ་རྣམས་ཀྱི་སྟེང་དུ་རྟོགས་པར་བྱས་ནས། ཆོས་ཐམས་ཅད་ལ་སྦྱར་ཞིང་སྒོམ་པར་བྱེད་པ་ནི། ཆོས་ཀྱི་བདག་མེད་བསྒོམ་པར་བྱེད་པའི་ཚུལ་ལོ། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས་ཀྱང༌། དཔེའི་སྒོ་ནས་བདག་མེད་སྒོམ་པའི་ཚུལ་འདི་གསལ་བར་གསུངས་སོ། །གཉིས་པ་ཆོས་ཀྱི་བདག་མེད་པར་རིགས་པས་སྟོན་པ་ནི། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་རིགས་པ་ལ་སོགས་པས། བདག་མེད་པར་གཏན་ལ་ཕབ་པའི་དོན་ལ་རྩེ་གཅིག་ཏུ་སྒོམ་དགོས་པ་ཡིན་ནོ། །འོན་ཀྱང་རིགས་པ་མི་ཤེས་པ་རྣམས་ལ་ནི་གོང་དུ་བསྟན་པའི་དཔེ་རྣམས་ཀྱི་སྒོ་ནས། བདག་མེད་པར་གཏན་ལ་ཕབ་སྟེ་བསྒོམས་པས་ཀྱང་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་ཞིང་དོན་འགྲུབ་བོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོའི་དོན་བསྡུས་ཏེ་གསལ་བར་བཤད་ཟིན་ཏོ། །འདི་ལ་དགོས་པ་ཤིན་ཏུ་ཆེ་སྟེ། ཇི་སྐད་དུ་མདོ་གཞན་ལས་ཀྱང༌། འཇིག་རྟེན་ཁམས་ནི་དཔག་མེད་ཏུ། །ང་ཡིས་ཆོས་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །ཞེས་དང༌། མི་གང་དོན་ལ་མཁས་གྱུར་པས། །དངོས་པོ་གཅིག་ནི་བསམས་བྱས་ནས། །དེ་དག་ཐམས་ཅད་སྒོམ་གྱུར་ཏེ། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །ཞེས་གསུངས་པ་ལྟར་རོ། །ཐུབ་པའི་དབང་པོས་རྒྱལ་པོ་འཆར་བྱེད་ལ། །གསུང་རབ་ཀུན་གྱི་སྙིང་པོ་གདམས་པའི་མདོ། །གསལ་བར་བཤད་པས་འགྲོ་བའི་ཁམས་ཀུན་ལ། །ཡང་དག་ལྟ་བའི་སྣང་བ་རྒྱས་པར་ཤོག །ཅེས་པ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་རབ་བྱུང་གི་ལོ་ས་ག་ཟླ་བ་ལ་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply