ལྟ་བ་བཀའ་བཏགས་ཕྱག་རྒྱ་བཞིའི་དོན་འགྲེལ་སྙིང་པོ་མཆོག

༄༅། །ལྟ་བ་བཀའ་བཏགས་ཕྱག་རྒྱ་བཞིའི་དོན་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ།

བླ་མ་དང་ལྷག་ལྷ་པའི་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མ་གདུལ་བྱ་པདྨོའི་གཉེན། །འཁོར་བའི་མུན་པ་སེལ་བའི་སྒྲོན་མེ་མཆོག །མཐའ་ཡས་བྱམས་པའི་ཐུགས་ཀྱི་ཉེར་འཚོ་བ། །འགྲོ་བའི་བླ་མ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་གསུངས་པའི་གསུང་རབ་ཀྱི། །སྙིང་པོའི་དོན་སྟོན་ལྟ་བ་བཀའ་བཏགས་བཞི། །དྲི་མེད་ལུང་དང་རིགས་པ་མན་ངག་གིས། །མཐའ་ཡས་གདུལ་བྱ་རྣམས་ལ་བཤད་པར་བྱ། །དེ་ལ་ཕྱི་རོལ་པ་རྣམས་ཀྱིས་འདོད་པའི་ལྟ་ལོག་དྲུག་ཅུ་རྩ་བཞི་ནི། །ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིར་འདུ་ལ། དེའང་རྟག་ཆད་ཀྱི་ལྟ་བ་གཉིས་སུ་འདུ་བས། ཆོས་ཀྱི་སྡོམ་བཞི་ལེགས་པར་བཤད་པ་ན། དེ་དག་ཐམས་ཅད་བདེ་བླག་ཏུ་ཁེགས་པར་འགྱུར་རོ། །སྡོམ་བཞི་པོ་གང་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་ཞིང་བདེ། ཆོས་ཐམས་ཅད་བདག་མེད་ཅེས་པའོ། །དེ་ལ་དང་པོར་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་པའི་དོན་རིག་པས་གཏན་ལ་དབབ་པ་ནི་གཉིས་ཏེ། ཕྱིའི་དངོས་པོ་མི་རྟག་པར་སྒྲུབ་པ་དང༌། ནང་གི་དངོས་པོ་མི་རྟག་པར་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུན་གྱི་མི་རྟག་པ་དང༌། སྐད་ཅིག་གི་མི་རྟག་པར་སྒྲུབ་པའོ། །དང་པོ་ནི། མངོན་པ་མཛོད་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་ཆགས་བསྟན་པ་ལྟར་ཤེས་པར་བྱའོ། །སྐད་ཅིག་གི་མི་རྟག་པ་ནི། འདུས་བྱས་ཐམས་ཅད་དང་པོ་གྲུབ་ཙམ་ཉིད་ནས་འཇིག་གམ་མི་འཇིག གལ་ཏེ་གྲུབ་ཙམ་ཉིད་ནས་འཇིག་གོ་ཞེ་ན། འོ་ན་སྐད་ཅིག་གིས་འཇིག་པར་གྲུབ་སྟེ། གྲུབ་མ་ཐག་ཏུ་འཇིག་པའི་ཕྱིར། དཔེར་ན་ནམ་མཁའི་གློག་བཞིན་ནོ། །གལ་ཏེ་གྲུབ་མ་ཐག་ཏུ་མི་འཇིག་གོ་ཞེ་ན། འོ་ན་དང་པོ་གྲུབ་ཙམ་ཉིད་ཀྱི་དུས་ནས་རྟག་པར་འགྱུར་ཏེ། དེའི་དུས་ན་མི་འཇིག་པའི་ཆོས་ཡིན་པའི་ཕྱིར་རོ། །ཕྱིས་འཇིག་པས་རྟག་པར་མི་འགྱུར་རོ་ཞེ་ན། མི་འཐད་དེ། རྟག་པ་ལ་འགྱུར་བ་མེད་པའི་ཕྱིར་རོ། །ནམ་མཁའ་བཞིན་ནོ། །ནང་གི་དངོས་པོ་མི་རྟག་པར་སྒྲུབ་པ་ལ་གཉིས་ཏེ། རྒྱུན་གྱི་མི་རྟག་པ་དང༌། སྐད་ཅིག་གི་མི་རྟག་པའོ། །དང་པོ་ནི། མངོན་པ་མཛོད་ལས། སེམས་ཅན་གྱི་སྐྱེ་འཆིའི་ཚུལ་རྒྱ་ཆེར་བཤད་པ་ལྟར་ཤེས་པར་བྱའོ། །ཁམས་གསུམ་གྱི་སེམས་ཅན་སྐྱེ་འཆིའི་མདོ་ལས་ཀྱང་བཤད་དོ། །སྐད་ཅིག་གིས་མི་རྟག་པར་སྒྲུབ་པ་ནི། སྔ་མ་བཞིན་ནོ། །ཕྱི་ནང་གཉིས་ཀའི་དངོས་པོ་སྐད་ཅིག་གིས་འཇིག་པར་སྒྲུབ་པ་ནི། མར་མེ་སྐད་ཅིག་ཐ་མ་སྐད་ཅིག་གིས་འཇིག་པར་གྲུབ་པ་ན། འདུས་བྱས་གཞན་ཡང་དེ་བཞིན་དུ་འགྱུར་ཏེ། གཉིས་ཀ་འདུས་བྱས་སུ་ཁྱད་པར་མེད་པའི་ཕྱིར་རོ། །དཔེར་ན། དུ་བ་ཞིག་མེ་ལས་སྐྱེ་བར་གྲུབ་པ་ན། དུ་བ་གཞན་ཐམས་ཅད་ཀྱང་མེ་ལས་སྐྱེ་བར་གྲུབ་པ་བཞིན་ནོ། །ཡང་ན་འདུས་བྱས་ཐམས་ཅད་ཕུང་པོ་ལྔར་བསྡུས་ནས། དང་པོ་གཟུགས་ཀྱི་ཕུང་པོ་མི་རྟག་པར་སྒྲུབ་པ་ལ། རགས་པ་རྣམས་མི་རྟག་པར་གཞན་རིག་མངོན་སུམ་གྱིས་གྲུབ་སྟེ། འབྲས་བུ་མི་རྟག་པར་གྲུབ་པས་འབྲས་བུ་རྩོམ་བྱེད་ཀྱི་རྒྱུ་རྣམས་ཀྱང་མི་རྟག་པར་གྲུབ་སྟེ། རྒྱུ་ཡོངས་སུ་འགྱུར་བ་མེད་པར་འབྲས་བུ་འབྱུང་བ་མི་འཐད་པའི་ཕྱིར་རོ། །ནང་གི་གཟུགས་རྣམས་ཀྱང་མི་རྟག་པར་གྲུབ་ཚུལ་དེ་བཞིན་ནོ། །ནང་གི་དབང་པོ་གཟུགས་ཅན་པ་རྣམས་མི་རྟག་པར་མངོན་སུམ་གྱིས་མི་གྲུབ་ཀྱང༌། འབྲས་བུ་དབང་ཤེས་རྣམས་སྐད་ཅིག་གིས་འགྱུར་བར་མཐོང་བས་འབྲས་བུའི་རྟགས་ལས་གྲུབ་བོ། །ཚོར་བ་དང་འདུ་ཤེས་སོགས་ཕུང་པོ་ལྷག་མ་བཞིའང་རང་རིག་གི་སྟོབས་ཀྱིས་མི་རྟག་པར་གྲུབ་བོ། །འདུས་བྱས་ཐམས་ཅད་མི་རྟག་པར་བསྒྲུབས་པས་རྟག་འཛིན་གྱི་བློ་ལྡོང་པས། རྟག་པར་ལྟ་བ་རིང་དུ་སྤོང་ངོ༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བྱ་བ་ལ་སོགས་ལྷག་མ་གསུམ་གྱིས་ནི་ཆད་པར་ལྟ་བ་སྤོང་ངོ༌། །དེ་ལ་ཐོག་མར་ཟག་བཅས་ཐམས་ཅད་སྡུག་བསྔལ་བར་བསྟན་ལ། ཟག་བཅས་ཀྱི་ལས་ནི་ཉོན་མོངས་པས་བསགས་པ་ཡིན་ལ། ལས་ཀྱང་གཉིས་ཏེ། ཐུན་མོང་གི་ལས་དང༌། ཐུན་མོང་མ་ཡིན་པའི་ལས་སོ། །ཡོངས་སུ་དག་པའི་འཇིག་རྟེན་ཀྱི་ཁམས་མ་གཏོགས་པ། འཇིག་རྟེན་གྱི་ཁམས་གཞན་རྣམས་ནི་ཐུན་མོང་གི་ཟག་བཅས་ཀྱི་ལས་ཀྱིས་བསྐྱེད་པའི་ཕྱིར་སྡུག་བསྔལ་བར་འདུས་སོ། །ཐུན་མོང་མ་ཡིན་པའི་ཟག་བཅས་ཀྱི་ལས་ཀྱིས་ནི་ནང་བཅུད་ཀྱི་སེམས་ཅན་གྲུབ་སྟེ། འདི་ཡང་སྡུག་བསྔལ་བརྒྱད་ཀྱི་སྡུག་བསྔལ་ལོ། །བརྒྱད་གང་ཞེ་ན། སྐྱེ་བ་དང༌། ན་བ་དང༌། རྒ་བ་དང༌། འཆི་བ་དང༌། མི་སྡུག་པ་དང་འཕྲད་པ་དང༌། སྡུག་པ་དང་བྲལ་བ་དང༌། རེ་བ་འབྲས་བུ་མེད་པ་དང༌། གནས་ངན་ལེན་གྱི་སྡུག་བསྔལ་ལོ། །འདི་ཐམས་ཅད་གསུམ་དུའང་འདུས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །གལ་ཏེ་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་སོགས་པའང་ཡོད་པ་མ་ཡིན་ནམ་ཞེ་ན། ཐ་མལ་གྱི་ངོར་གནས་སྐབས་བདེ་བར་སྣང་ཡང༌། མཐར་ཐུག་སྡུག་བསྔལ་གྱི་སྡུག་བསྔལ་འདྲེན་པར་བྱེད་པས་འགྱུར་བའི་སྡུག་བསྔལ་དུ་བསྟན་ནོ། །གཙང་བ་དང༌། བདེ་བ་དང༌། རྟག་པར་འཛིན་པ་རྣམས་ཕྱིན་ཅི་ལོག་ཏུ་མཚུངས་པར་བཤད་དོ། །ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བར་བསྟན་པ་ནི། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྐྱེ་བའི་དོན་དུ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་པར་བསྟན་པ་ལ། གང་ཟག་གི་བདག་མེད་པ་དང༌། ཆོས་ཀྱི་བདག་མེད་པ་གཉིས་ལས། དང་པོ་གང་ཟག་གི་བདག་མེད་པར་སྒྲུབ་པ་ནི། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས། ལྷན་སྐྱེས་ཀྱི་ངར་འཛིན་འཇུག་པས། དེའི་འཛིན་སྟངས་ཀྱི་གཟུང་བྱ་ལ་གང་ཟག་དང་བདག་ཅེས་བརྗོད་དོ། །ཕུང་པོ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ཤིང་བཙལ་བ་ན་མེད་ཅིང་མ་རྙེད་པས་གང་ཟག་ངོ་བོ་ཉིད་ཀྱིས་མེད་ཅེས་བྱའོ། །གང་ཟག་ཅེས་བྱ་བ་དང༌། བདག་ཅེས་བྱ་བ་ནི་མ་བརྟགས་པའི་གྲག་ངོ་ན་ཡོད་དེ། གང་ཟག་གི་རབ་ཏུ་དབྱེ་བ་བཤད་པ་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་དང༌། བདག་གིས་བྱས་པའི་ལས་ཀྱི་འབྲས་བུ་བདག་ལ་སྨིན་ནོ། །ཞེས་སོགས་རྣམ་གཞག་བྱེད་ཀྱང༌། རིག་པས་བརྟགས་ན་གནས་ཚུལ་ལ་མེད་པའི་ཕྱིར། གང་ཟག་གི་བདག་མེད་ཅེས་བྱའོ། །ལམ་ཉམས་སུ་ལེན་པའི་ཚེ་འདི་གཙོ་བོར་བསྒོམ་དགོས་ཏེ། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པས་འདི་ལ་ཆེས་ཆེར་འབད་ནས་ཟློག་དགོས་པའི་ཕྱིར་རོ། །ཕྱིའི་དངོས་པོ་ལ་ཆོས་མེད་པར་བསྒོམ་པ་ལ། ཕྱི་ནི་གཟུགས་སོགས་ཕུང་པོ་ལྔའོ། །དེ་དག་བདག་མེད་པར་སྒོམ་ཚུལ་དཔེའི་སྒོ་ནས་སྟོན་པ་དང༌། རིག་པའི་སྒོ་ནས་སྟོན་པའོ། །དང་པོ་ནི། སྒྱུ་མ་དང༌། ཆུ་ཟླ་དང༌། འཇའ་ཚོན་དང༌། སྨིག་རྒྱུ་ལ་སོགས་པའི་དཔེའི་སྒོ་ནས་བསྟན་ཏོ། །དང་པོ་ནི། སྒྱུ་མ་མཁན་གྱི་སྔགས་དང་སྨན་ལ་སོགས་པའི་མཐུ་ལས། འཇིམ་པའི་དུམ་བུ་རྟ་གླང་སོགས་སུ་སྟོན་པའི་ཚེ། རྟ་གླང་དུ་སྣང་ཡང་རྟ་གླང་གི་ངོ་བོའམ། རྟ་གླང་གི་རང་བཞིན་གྱིས་སྟོང་པ་དཔེ་དེ་བཞིན་དུ། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པའི་བདག་འཛིན་གྱི་བག་ཆགས་ཡོངས་སུ་སྨིན་པའི་རྒྱུ་ལས་རྟ་གླང་དུ་མེད་ཀྱང་རྟ་གླང་དུ་སྣང་བ་བཞིན་དུ། གཟུགས་སོགས་སུ་བདེན་པར་མེད་ཀྱང༌། གཟུགས་སོགས་སུ་སྣང་བ་ཙམ་དུ་ཟད་དོ། །གཟུགས་སོགས་སུ་སྣང་བ་ཙམ་མ་གཏོགས། གཟུགས་ཀྱི་ངོ་བོའམ་རང་བཞིན་མེད་པ་ལ་ཆོས་ཀྱི་བདག་མེད་ཅེས་བྱའོ། །ཡང་ཆུ་ཟླའི་དཔེ་ནི། ཆུ་ནང་དུ་ཟླ་བར་སྣང་ཡང༌། སྣང་བཞིན་པའི་དུས་ནས་ཆུ་ནང་དུ་ཟླ་བའི་ངོ་བོའམ། རང་བཞིན་ནམ། ཟླ་བའི་མཚན་ཉིད་ཅུང་ཟད་ཀྱང་མེད་དོ། །དཔེ་དེ་བཞིན་དུ་གཟུགས་སོགས་སྣང་ཙམ་དུ་ཡོད་ཀྱང༌། སྣང་ཙམ་དུ་ཟད་ཀྱི། གནས་ཚུལ་ལམ། སྡོད་ཚུལ་ལམ། འདུག་ཚུལ་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །དེས་ན་སྣང་ཚུལ་དང༌། གནས་ཚུལ་གྱི་ཁྱད་པར་ཞིབ་ཏུ་ཤེས་པར་བྱའོ། །སྣང་ལ་རང་བཞིན་མེད་ཅེས་པའི་དོན་ཡང་འདི་ཉིད་དོ། །འཇའ་ཚོན་གྱི་དཔེ་ནི། ཁ་དོག་བཀྲ་བ་དང༌། གཟུང་དུ་ཡོད་པ་ལྟར་སྣང་ཡང༌། གཟུང་དུ་མེད། བཅིང་དུ་མེད། ཐོགས་པ་མེད་དོ། །དཔེ་དེ་བཞིན་དུ་གཟུགས་སོགས་སུ་སྣང་བའང་རིག་པར་བྱའོ། །སྨིག་རྒྱུ་ཆུར་སྣང་ཡང་ཆུར་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ། གཟུགས་སོགས་ཡོད་པར་སྣང་ཡང༌། གཟུགས་སོགས་གནས་ཚུལ་ལ་ཅུང་ཟད་ཀྱང་མེད་དོ། །དཔེ་དེ་བཞིན་དུ་གཟུགས་བརྙན་སོགས་གཞན་ཡང་སྦྱར་ནས་ཤེས་པར་བྱའོ། །ཐོག་མར་དཔེ་རྟོགས་པར་བྱས་ནས་དེ་ནས་དོན་ལ་སྦྱར་རོ། །དེ་ནས་དཔེ་དོན་དབྱེར་མེད་ཀྱི་ཚུལ་དུ་ཡང་དང་ཡང་དུ་འདྲིས་པར་བྱའོ། །བདག་མེད་སྒོམ་པ་འདི་ཉིད་གལ་ཆེ་བ་ཡིན་ཏེ། འདི་ཉིད་ལ་ཡང་དང་ཡང་དུ་གོམས་པར་བྱས་པས། བདག་འཛིན་ཆོད་པར་འགྱུར་ལ། བདག་འཛིན་ཆོད་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆོད་དེ། རྩ་བ་བཅད་པའི་ཡལ་ག་བཞིན་ནོ། །མྱ་ངན་ལས་འདས་པ་ཞི་ཞིང་བདེ་ཞེས་པའི་དོན་ལ། མྱ་ངན་ལས་འདས་པ་ནི་འཁོར་བའི་འཆིང་བ་ལས་ཡོངས་སུ་ཐར་པའི་སྤངས་རྟོགས་གཉིས་སོ། །ཐེག་ཆེན་གྱི་མྱང་འདས་ཀྱི་སྐུ་གསུམ་མོ། །དེ་ཡང་ངོ་བོ་ཉིད་ཀྱི་སྐུས་ནི་རྟག་པའི་མཐའ་སྤངས་ལ། ལོངས་སྐུ་དང་སྤྲུལ་སྐུ་མཛད་པ་དང་བཅས་པས་ནི་ཆད་པའི་མཐའ་སྤངས་ཏེ། རྟག་ཆད་སྤངས་པ་དབུ་མའི་གོ་འཕང་མཐར་ཐུག་བརྙེས་སོ། །ཆོས་ཀྱི་སྡོམ་བཞིའི་དོན་ལེགས་པར་བཤད་དོ། །ལྟ་བ་བཀའ་བཏགས་རིགས་པས་བསྟན་པ་ལ་རིགས་པ་ནི། རྡོ་རྗེ་གཟེགས་མ་དང༌། ཡོད་མེད་སྐྱེ་འགོག་དང༌། གཅིག་དང་དུ་བྲལ་སོགས་སོ། །དཔེ་ལས་བདེན་མེད་ཀྱི་དོན་རྟོགས་པའི་དགོས་པ་གྲུབ་བོ། །གསུང་རབ་ཀུན་གྱི་སྙིང་པོའི་དོན་བསྡུས་པ། ལྟ་བ་བཀའ་བཏགས་ཕྱག་རྒྱ་བཞི་ཡི་དོན། །ལེགས་པར་བཤད་པའི་དགེ་ཚོགས་དྲི་མེད་དེས། །འགྲོ་ཀུན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལནྡྲའི་ཆོས་གྲྭར་རབ་བྱུང་གི་ལོ་དབང་པོའི་ཟླ་བ་ལ་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

1 Comment

  1. ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཡོད་ནང་པ་ཡིན་པར་འདོད་གམ? རྒྱུ་མཚན་ཞོག།
    ཕྱི་རོལ་པ་ལའང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་གང་རུང་ཚང་ཡོད་མེད་གསུངས་རོ་གནང།

Leave a Reply

Your email address will not be published.


*