༄༅། །བྱང་ཆུབ་སེམས་ཀྱི་བཤད་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་པའི་དོན་འགྲེལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་འོད་ཀྱིས་སྒྲིབ་གཉིས་ཀྱི། །མུན་པ་རིང་དུ་སྤངས་པའི་མཁྱེན་པ་རྒྱས། །གསུང་རབ་ཀུན་གྱི་སྙིང་པོའི་དོན་བསྡུས་པ། །འཕགས་པ་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །བཤད་པར་བྱ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་ནི། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ནི། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་སོ། བི་བར་ཎ་ནི་རྣམ་པར་བཤད་པའོ། །ལྷག་པའི་ལྷ་ལ་ཕྱག་འཚལ་བ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པའོ། །བཤད་པར་བྱ་བ་བྱང་ཆུབ་ཀྱི་སེམས་སྟོན་པའི་ཚིགས་སུ་བཅད་པ་རྣམ་སྣང་གིས་གསུངས་པ་ནི། ཀུན་ཏུ་ཡོད་པ་དང་བྲལ་ཞིང༌། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པའོ། །དེ་ལ་ཀུན་ཏུ་ཡོད་པ་དང་བྲལ་ཞིང་ཞེས་པ་ནི། དངོས་པོ་རང་བཞིན་གྱིས་ཡོད་པར་ལྟ་བ་ནི་སྒྲོ་འདོགས་པ་ཡིན་པས། སྒྲོ་འདོགས་ཀྱི་མཐའ་དགག་པར་བྱ་བའི་ཕྱིར་དུ། གཅིག་དང་བྲལ་བ་ལ་སོགས་པ་གསུངས་པས། དུས་དང་གནས་སྐབས་ཀུན་ཏུ་ངོ་བོ་ཉིད་ཀྱིས་ཡོད་པ་དང་བྲལ་བར་གྲུབ་བོ། །ཞིང་ནི་ཚིག་ཕྱི་མ་སྡུད་པའི་ཚིག་གོ །མདོར་བསྟན་ནོ། །ཡོད་པ་དང་བྲལ་ཞེས་པ་ལས། ཡོད་པ་ངོས་བཟུང་བ་ནི། ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང༌། །གཟུང་དང་འཛིན་པ་ཞེས་པ་ཡན་ཆོད་ཀྱིས་བསྟན་ནོ། །བྲལ་ཞེས་པ་ནི། རྣམ་སྤངས་ཞེས་པས་བཤད་དོ། །ཆོས་ཞེས་པ་ནི། གོང་དུ་བཤད་པ་དེ་དག་གོ །བདག་མེད་པ་ནི། ངོ་བོའམ་རང་བཞིན་མེད་པ་སྟེ། དཔེར་ན་ཆུ་ནང་དུ་ཟླ་བ་སྣང་ཡང་ངོ་བོའམ་མཚན་ཉིད་མེད་པ་ལྟ་བུའོ། །ཕུང་པོ་སོགས་ཐམས་ཅད་སྟོང་པ་ཉིད་དུ་མཚུངས་པས་རང་བཞིན་མེད་པར་མཉམ་པ་ཉིད་དོ། །ཕུང་པོ་ཁམས་དང་སྐྱེ་མཆེད་སྟོང་པ་ཉིད་དུ་བསྟན་པས་ན། གཟུང་བ་ཡུལ་དང༌། འཛིན་པ་སྣང་བ་ཅི་ཞེ་ན། དེའི་ལན། གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་པས་བསྟན་ནོ། །འཛིན་པ་མེད་ན་སེམས་མེད་པར་འགྱུར་རོ་སྙམ་ན། ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་དུ་མཉམ་པས་རང་སེམས་ཀྱང་ཐ་སྙད་དུ་སྣང་བ་ཙམ་ཡིན་གྱི། དོན་དམ་པར་གདོད་མ་ནས་ཞི་བས་མ་སྐྱེས་པ་ཉིད་དོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྲུབ་བོ། །དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །ཞེས་སོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ལོ། །དང་པོ་ནི། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་མཆོག་དུ་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་མ་སྒྲོལ་བ་རྣམས་བསྒྲལ་བར་བྱའོ། །ཞེས་སྤྱིར་བསྟན་ནས། ཇི་ལྟར་བསྒྲལ་བའི་ཚུལ་བསྟན་པ་ནི། མ་སྒྲོལ་བ་རྣམས་བསྒྲལ་བར་བྱའོ། །ཞེས་པ་ནི། འཇིག་རྟེན་ལས་འདས་པའི་ལམ་ལ་འགོད་པའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བའོ། །ཞེས་པ་ནི་ངན་སོང་གསུམ་ལས་འདོན་པས་སྟེ། སྡུག་བསྔལ་གྱིས་བཅིངས་ནས་དབུགས་མ་ཕྱིན་པ་རྣམས་མཐོ་རིས་ཀྱི་བདེ་བ་ལ་འགོད་པས་དབུགས་ཕྱུང་བའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞེས་པས་ནི། མི་སློབ་ལམ་ལ་འགོད་པར་བསྟན་ནོ། །དུས་འདི་ནས་བཟུང་ནས་ཞེས་སོགས་ཀྱིས་ནི། རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སློབ་པར་དམ་བཅའ་བའོ། །མདོར་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དེའི་བསླབ་བྱ་ལ་སློབ་པར་དམ་བཅས་པའོ། །དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་སྨོན་ལམ་གྱི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བསྟན་ཟིན་ཏོ། །གཉིས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ། །དེའི་ཕྱིར་དེའི་རང་བཞིན་བཤད་པར་བྱའོ་ཞེས་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་འཆད་པའི་མཚམས་སྦྱར་རོ། །དོན་དམ་བྱང་ཆུབ་ཀྱི་སེམས་འཆད་པར་བཞེད་ནས། མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་རྡོ་རྗེ་འཆང་སྟེ། དེ་ལ་གུས་པས་བཏུད་ནས་ཞེས་པ་ནི། མཆོད་བརྗོད་དོ། །གང་གིས་བསྒོམ་པས་འཁོར་བའི་རྒྱུ་ཉོན་མོངས་པ་བསྟན་ནས་འཇིག་པར་བྱེད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་བཤད་པ་ནི་རྩོམ་པར་དམ་བཅའ་བའོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ་ཞེ་ན། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་བརྙེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །འདིར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དམ། ངོ་བོ་ངོས་བཟུང་བ་ནི། བདག་ཏུ་འཛིན་པ་དང༌། ཕུང་པོ་ལ་སོགས་ཆོས་སུ་འཛིན་པ་དང༌། རྣམ་པར་རིག་པ་ཙམ་དུ་རྟོགས་པས་མ་བསྒྲིབ་ཞིང༌། རྟག་ཏུ་བདག་དང་ཆོས་སུ་འཛིན་པ་གཉིས་ཀྱི་སྟོང་པར་རྫོགས་པའི་སངས་རྒྱས་ཀྱིས་བཞེད་དོ། །ཐུགས་རྗེ་མངའ་བའི་སངས་རྒྱས་ཀྱིས་རྟག་ཏུ་བསྒོམ་པའི་དོན་དམ་བྱང་ཆུབ་ཀྱི་སེམས་གདུལ་བྱ་ལ་སྙིང་རྗེས་བརླན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རབ་ཏུ་འབད་ནས་བསྒོམ་པར་བྱའོ་ཞེས་གདམས་སོ། །དོན་དམ་བྱང་ཆུབ་ཀྱི་སེམས་ནི། བདག་མེད་གཉིས་རྟོགས་པའི་ཡེ་ཤེས་ཡིན་པས། ཐོག་མར་རྟོགས་པར་བྱ་བའི་གང་ཟག་གི་བདག་མེད་བསྟན་པ་ནི། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ནི་རིག་པས་བརྟགས་ན་མི་རྙེད་དོ། །རིག་པ་གང་ཞེ་ན། རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིགས་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པའོ། །བདག་དེ་རིག་པ་འདིས་དཔྱད་ན་ཕུང་པོ་ལས་གཞན་དུ་འགའ་ཡང་དམིགས་པར་མི་འགྱུར་ཏེ། ཉེར་ལེན་གྱི་ཕུང་པོ་ལྔ་ཁོ་ན་ལ་བདག་འཛིན་འཇུག་གི་དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་རོ། །བདག་དེ་ཕུང་པོ་ཡིན་ན་མི་རྟག་པར་འགྱུར་བས། ཁྱོད་ཀྱིས་བདག་འཛིན་པ་ཤིན་ཏུ་འཁྲུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་བདག་གི་ཚུལ་ལམ་མཚན་ཉིད་མ་ཡིན་པས། བདག་དང་ཕུང་པོ་གཅིག་ཏུ་ཁས་བླངས་པར་མི་བྱའོ། །བདག་དང་ཕུང་པོ་རྟེན་དང་བརྟེན་པའོ་ཞེ་ན། ཕུང་པོ་མི་རྟག་པ་དང༌། བདག་རྟག་པ་ལ་རྟེན་པ་དང་བརྟེན་པ་ཅན་དུ་ནམ་ཡང་མི་འཐད་དོ། །ཕུང་པོ་མི་རྟག་པ་ཡིན་ནས་འཇིག་པ་ན། དེ་ལ་བརྟེན་པའི་བདག་ཀྱང་འཇིག་སྟེ། རྟེན་འཇིག་པ་ན་བརྟེན་པ་འཇིག་པའི་ཚུལ་ཡིན་པའི་ཕྱིར་རོ། །བདག་རྟག་པ་ལ་ཕུང་པོ་མི་རྟག་པ་ཡང་མི་བརྟེན་ཏེ། རྟག་པ་ལ་མི་རྟག་པའི་རྟེན་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །རྣམ་པར་སྤྱོད་པའི་གཞི་ཆོས་ཅན་ཡོད་ན། དེའི་ཁྱད་པར་གྱི་ཆོས་རྣམས་ཡོད་ལ། མེད་ན་འཇིག་རྟེན་ན་ནི་སྤྱོད་པ་འཇུག་པར་མི་རིགས་ལ། རྣམ་པར་སྤྱོད་པའི་གཞི་བདག་མེད་ན་དེའི་ཁྱད་པར་གྱི་ཆོས་རྟག་གམ་མི་རྟག་ཅེས་དཔྱོད་རིགས་པར་ག་ལ་འགྱུར། རི་བོང་གི་རྭ་མེད་ན་དེའི་ཁྱད་པར་རྣོ་རྟུལ་སེམས་པར་མི་རིགས་པ་བཞིན་ནོ། །འདི་ནི་བདག་ཅེས་བྱ་བ་ནི་རིག་པས་བརྟགས་ན་མེད་པས། བདག་འདི་ནི་ལས་བྱེད་པའོ། །བདག་འདི་ནི་ལས་བྱེད་པ་པོའོ། །བདག་འདི་ནི་ལས་མྱོང་བ་པོ་ཞེས་གང་ལ་བརྟག་སྟེ་བརྟག་པར་མི་རིགས་སོ། །བདག་རྟག་པར་འདོད་ན་དོན་བྱེད་པ་མི་རིགས་ཏེ། གང་གི་ཕྱིར་ན་རྟག་པས་རིམ་གྱིས་ཀྱང་དོན་མི་བྱེད་ཅིང༌། ཅིག་ཆར་གྱིས་ཀྱང་དོན་མི་བྱེད་པ་དེའི་ཕྱིར། རྟག་པའི་དངོས་པོ་ཡོད་དོ་ཞེ་ན། རིག་པས་བརྟགས་ན་ཕྱི་ནང་གི་དངོས་པོ་གང་ཡང་མེད་པས། དངོས་པོ་རྟག་པ་ཡོད་དོ་ཞེས་བྱ་བ་ག་ལ་འཐད་དོ། །གལ་ཏེ་རྟག་པས་དོན་བྱེད་པར་ནུས་ན་འབྲས་བུ་བསྐྱེད་པ་ལྷན་ཅིག་བྱེད་རྐྱེན་ལ་ཅིའི་ཕྱིར་ལྟོས་ཏེ། ལྟོས་མི་དགོས་པར་འགྱུར་རོ། །གལ་ཏེ་རྟག་པས་འབྲས་བུ་འབྱིན་པར་ནུས་ན། རྟག་པ་དེ་ནི་རྐྱེན་ཚང་མ་ཚང་གིས་བྱེ་བྲག་མེད་པར་ཅིག་ཆར་འབྲས་བུ་དངོས་སུ་འབྱིན་པར་འགྱུར་རོ། གལ་ཏེ་འདོད་དོ་སྙམ་ན། དང་པོ་རྒྱུའི་དུས་སུ་འབྲས་བུ་ཐམས་ཅད་འགྲུབ་པ་ཉིད་དུ་འགྱུར་རོ། །གང་ཞིག་འབྲས་བུ་བསྐྱེད་པ་དངོས་གཞན་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ན་ནི། རྒྱུ་རྐྱེན་མ་ཚང་བའི་དུས་སུ་འབྲས་བུ་བསྐྱེད་མི་ནུས་པས། དེ་ནི་དུས་རྟག་ཏུ་འབྲས་བུ་བསྐྱེད་པའི་ནུས་པ་དང་ལྡན་པ་མིན་པས། ནུས་པ་མི་རྟག་པར་གྲུབ་བོ། །རྟག་པ་མ་ཡིན་པར་མི་རྟག་པའི་དངོས་པོ་ཡིན་ནོ་ཞེ་ན། དངོས་པོ་རྣམས་རྟག་ཏུ་གནས་པའི་གོ་སྐབས་མེད་པར་སྐད་ཅིག་མ་ཉིད་དུ་འདོད་དགོས་སོ། །སྐད་ཅིག་མ་ཡིན་ན་ནི་གྲུབ་ཙམ་ཉིད་ནས་འཇིག་པའི་ཕྱིར། དངོས་པོ་མི་རྟག་པ་ལ་ནི་བྱེད་པ་པོར་འདོད་པ་ཉིད་ཀྱི་རྒྱུ་མཚན་ཅི་ཡོད། མདོ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་མ་མི་གནས་བྱེད་པ་པོ་ག་ལ་ཡོད། ཅེས་སོ། །སྔར་བདག་དང་ཆོས་ངོ་བོ་ཉིད་ཀྱིས་བྲལ་བར་བསྟན་པ་ལས། འཇིག་རྟེན་གྱི་གནོད་པ་སྤངས་བ་ནི། འཇིག་རྟེན་ན་ཕུང་པོ་སོགས་དངོས་སུ་དམིགས་པ་དང་འགལ་ལོ་ཞེ་ན། འཇིག་རྟེན་ན་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གཟུང་བ་དང༌། འཛིན་པ་སྣང་བ་ཙམ་ལ་བདེན་པར་ཞེན་པ་ཡིན་ནོ། །དེ་དག་གི་གཉེན་པོ་བཤད་པ་ནི། གཅིག་དུ་བྲལ་སོགས་ཀྱི་རིག་པ་ལ་བརྟེན་པའི་བློས་རྣམ་པར་གཞིག་ན་ནི་ཡུལ་མེད་པར་གྲུབ་པས། ཡུལ་ཅན་བདེན་འཛིན་འཇོམས་པར་འགྱུར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་བཤད་པ་དང་འགལ་ལོ་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་ལྔ་རྣམས་ཉན་ཐོས་ལ་ཕན་པར་དགོངས་ནས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །འདིས་ནི་ཉན་ཐོས་རྣམས་ལ་ཆོས་ཙམ་ཞིག་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་མེད་བསྟན་པ་ནི། གཟུགས་ནི་དབུ་བ་རྡོས་འདྲ་དང༌། །ཚོར་བ་ཆུའི་ཆུ་ལྦུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་དང་མཚུངས་ཤིང༌། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་དེ་ལྟར་བསྟན་པ་ནི། །རྐང་གཉིས་མཆོག་གིས་དུས་ཀུན་ཏུ། བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་སོ། །གཞུང་འདི་ལྟར་ན། ཉན་རང་ལ་ཆོས་ཀྱི་བདག་རྟོགས་པ་ཡོད་པ། ཀླུ་སྒྲུབ་ཀྱི་དགོངས་པར་འདོད་པ་ལ་ནི་ཐེ་ཚོམ་ཟའོ། །ཐ་སྙད་ཀྱི་གཟུགས་ཀྱི་ཕུང་པོ་བཤད་ཚུལ་ནི། འབྱུང་བ་བཞིའི་བདག་ཉིད་དུ། །གཟུགས་ཀྱི་ཕུང་པོ་རབ་ཏུ་བཤད། །ཅེས་པའོ། །གཟུགས་ཀྱི་ཕུང་པོ་ལྷག་མ་གཟུགས་སུ་མེད་པའི་སེམས་བྱུང་རྣམས་བདེན་པར་གྲུབ་པ་འགོག་པ་ནི། གཟུགས་ཀྱི་ཕུང་པོ་འགོག་པའི་རིགས་པས་གྲུབ་བོ། །ཇི་ལྟར་གྲུབ་ན། གཟུགས་ཀྱི་ཕུང་པོ་བཀག་པས་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་ཁེགས་ཏེ། གཟུགས་མེད་ན་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་མེད་པའི་ཕྱིར་རོ། །གཟུགས་ཀྱི་སྐྱེ་མཆེད་བཅུ་མེད་ན་བརྟེན་པའི་རྣམ་པར་ཤེས་པ་མེད་དེ། གཟུགས་ཀྱི་སྐྱེ་མཆེད་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་པའི་ཕྱིར་རོ། །དེས་ན་གཟུགས་ཀྱི་ཕུང་པོ་བཀག་པས། ཕུང་པོ་ལྷག་མ་རྣམས་བཀག་པའང་འགྲུབ་བོ། །བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་ཁམས་བཤད་པས་གཟུགས་འགྲུབ་བོ་ཞེ་ན། གང་ཡང་གཟུགས་སོགས་ཀྱི་ཁམས་རྣམས་བཤད་པ་ནི། ངོས་བཟུང་ན། མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་ཡིན་ལ། དེ་དག་ཀྱང་གཟུགས་ཀྱི་ཕུང་པོར་འདུས་སོ། །མིག་སོགས་དང་གཟུགས་སོགས་དེ་དག་ཉིད་ནི་སྐྱེ་མཆེད་དྲུག་དང༌། གཟུགས་འཛིན་དུའང་བཤད་པ་ཡིན་ནོ། །མིག་སོགས་དབང་པོ་རྣམས་ནི་འཛིན་པ་ཡིན་ལ་གཟུགས་སོགས་ཡུལ་གྱི་སྐྱེ་མཆེད་རྣམས་ཀྱི་གཟུང་བ་ཡིན་ནོ། །གཟུགས་ཅན་གྱི་དབང་པོ་ལྔ་ནི། གཟུགས་སོགས་ཀྱི་ཡུལ་ལས་གཞན་དུ་གྲུབ་པ་མེད་དེ། རྡུལ་རྫས་བརྒྱད་འདུས་ལ་འདོགས་པའི་ཕྱིར། བྱེད་པ་པོའི་ཡིད་ཀྱི་དབང་པོའང་མེད་པས། ཤིན་ཏུ་མེད་ཅེས་བཤད་དོ། །ཅིའི་ཕྱིར་མིག་སོགས་ཀྱི་སྐྱེ་མཆེད་མེད་པས་ཡིད་ཀྱི་དབང་པོ་མེད་ཅེ་ན། གཟུགས་ཅན་གྱི་དབང་པོ་ལྔ་མེད་པས་དེ་ལ་བརྟེན་པའི་རྣམ་ཤེས་ལྔ་མེད་དོ། །དེ་མེད་པས་ཡིད་ཀྱི་དེ་མ་ཐག་རྐྱེན་མེད་པའི་ཕྱིར། དེས་ན་གཟུགས་ཀྱི་ཕུང་པོ་འགོག་པའི་རིག་པས། བསྐྱེད་པར་བྱ་བ་དང་བསྐྱེད་པ་པོ་དག་ཡང་དག་པར་བསྐྱེད་བྱ་བསྐྱེད་བྱེད་དུ་རིགས་པ་མ་ཡིན་ནོ། །ཡང་དག་ཅེས་པའི་ཚིག་སྨོས་པས་ནི། ཐ་སྙད་དུ་འགོག་པ་མ་ཡིན་གྱི། དོན་དམ་པར་འགོག་ཅེས་པའི་དོན་ནོ། །གཟུགས་རྡུལ་གྱི་དབང་པོ་བརྩམས་ལ། དབང་པོ་རྣམ་ཤེས་བརྟེན་པས་བསྐྱེད་བྱེད་ཡོད་དོ་ཞེ་ན། གཟུགས་རྡུལ་གྱིས་དབང་ཤེས་བསྐྱེད་པ་མ་ཡིན་ནོ། །གཟུགས་ཀྱི་རྡུལ་ཕྲ་རབ་ནི། གང་གིས་ཀྱང་མ་དམིགས་པའི་ཕྱིར་དབང་པོས་དམིགས་སོ་ཞེ་ན་མ་ཡིན་ཏེ། དབང་པོ་ཡུལ་ལས་འདས་པ་ཡིན་པའི་ཕྱིར། དབང་པོ་འདི་དག་རྡུལ་དུ་མ་འདུས་པས་བསྐྱེད་བྱེད་རྡུལ་རྫས་བརྒྱད་འདུས་པ་ཡིན་པའི་ཕྱིར་ཞེ་ན། འདི་དག་རྡུལ་དུ་མ་འདུས་པས་བསྐྱེད་པ་མིན་ཏེ། རྡུལ་དུ་མ་འདུས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ཀྱང་འགོག་པའི་ཕྱིར་ཕྱོགས་དྲུག་གི་ཆ་ཤས་ཀྱི་རྣམ་པར་ཕྱེ་ན། རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་བའི་ཕྱིར། ཆ་མེད་ཀྱི་རྡུལ་ཕྲ་རབ་མི་རྙེད་དེ། རྡུལ་ཕྲན་གང་ལའང་ཆ་ཤས་ཀྱི་རྣམ་པར་ཕྱེ་ནས་བརྟགས་པ་ན་ཆ་མེད་ཀྱི་རྡུལ་ཕྲན་མི་རྙེད་པས་གཟུགས་ཅན་ཐམས་ཅད་ཀྱི་ཆུང་མཐའ་ཆ་མེད་ཀྱི་རྡུལ་ཕྲན་ཇི་ལྟར་འགྱུར། དེས་ན་རྡུལ་ཕྲ་རབ་དེ་རིག་པས་བརྟགས་པ་ན་ཆ་བཅས་སུ་ཁས་ལེན་དགོས་སོ། །ཉེས་པ་ཅིར་འགྱུར་ཞེ་ན། རགས་པས་འགྱུར་བས་ཀུན་རྫོབ་ཏུ་ཁས་ལེན་དགོས་སོ། །དེ་ལྟར་ན་དོན་དམ་དུ་འདོད་པ་འགལ་ལོ། །ཕྱི་རོལ་གྱི་དོན་མ་གྲུབ་པའི་རིགས་པ་གཞན་ཡང་བསྟན་པ་ནི། ཕྱི་རོལ་གྱི་དོན་རྣམས་ལས་དོན་གཅིག་ལའང༌། གང་ཟག་སོ་སོའི་ཤེས་པ་མི་འདྲ་བ་ཐ་དད་རབ་ཏུ་འཇུག་པའི་ཕྱིར། གང་ཟག་གང་གི་བློའི་མཐོང་ཚུལ་བདེན་པར་འགྱུར། དོན་གཅིག་ལ་ཤེས་པ་ཐ་དད་འཇུག་ཚུལ་བསྟན་པ་ནི། ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ་གཞན་དུ་སྣང༌། །བུད་མེད་ལུས་ནི་གཅིག་ཉིད་ལ། །དཀའ་ཐུབ་འདོད་ཅན་ཁྱི་རྣམས་ཀྱིས། །མི་གཙང་འདོད་བྱ་བཟའ་བྱ་ཞེས། །རྣམ་པར་རྟོག་པ་གསུམ་དུ་འགྱུར། །ཞེས་པའོ། །མདོ་ལས་ཀྱང༌། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོ། །དཔེར་ན་མི་ལ་ཆུར་སྣང་བ་ལྟ་བུ་ཞིག་ལྷ་ལ་བདུད་རྩིར་སྣང་ལ། ཡི་དྭགས་རྣམས་ལ་རྣག་ཁྲག་དུ་སྣང་བས། མཐོང་སྣང་གང་ཞིག་བདེན་པར་གྱུར། དེས་ན་རང་རང་གི་ལས་ཀྱི་མཐོང་སྣང་ཙམ་ཡིན་གྱི། ཤེས་པ་ལས་ལོགས་སུ་ཕྱི་རོལ་དུ་གྲུབ་པ་མེད་དོ་ཞེས་པའི་དོན་ནོ། །རྨི་ལམ་དང་སད་པའི་གནས་སྐབས་གཉིས་དོན་བྱེད་པར་སྣང་བ་ཙམ་དུ་འདྲ་ཡང༌། དོན་ལ་དོན་བྱེད་ནུས་མི་ནུས་ཀྱི་ཁྱད་ཡོད་དེ། གོང་མའི་མཐོང་ཚུལ་བདེན་ལ། འོག་མའི་མཐོང་ཚུལ་མི་བདེན་ནོ་ཞེ་ན། རྨི་ལམ་དང་སད་པའི་གནས་སྐབས་དག་གི་བློ་ཡི་ངོ་ན་དོན་བྱེད་པ་ལ་ཁྱད་པར་མེད་ལ། དོན་དམ་པར་ནི། གཉིས་ཀ་ལའང་ཡུལ་མེད་པར་མཚུངས་སོ། །རྨི་ལམ་ལ་ནི་དོན་བྱེད་པར་རྨིས་ཀྱང་དོན་ལ་མ་གྲུབ་པ་བཞིན། སད་པ་དང་རྨི་ལམ་གཉིས་ཀ་ལ་དོན་བྱེད་པར་སྣང་ཡང་རང་བཞིན་མེད་པར་མཚུངས་སོ། །ཕྱི་རོལ་གྱི་དོན་མེད་ན་གཟུང་བ་མེད་ལ། དེ་མེད་ན་འཛིན་པའང་མེད་པར་འདོད་དགོས་པས། གཟུང་འཛིན་གཉིས་སུ་སྣང་བ་དང་འགལ་ལོ་ཞེ་ན། གཟུང་བ་དང་འཛིན་པ་ཐ་དད་དུ་སྣང་བའི་ཚུལ་གྱིས་ཐ་དད་དུ་ཞེན་པ་ནི། ཐ་སྙད་པའི་ཚུལ་ཡིན་གྱི་དོན་ལ་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་དུ་དོན་དུ་སྣང་བ་ཡིན་གྱི། རྣམ་པར་ཤེས་པ་ལས་ལོགས་ཤིག་ན་ཕྱི་རོལ་དོན་ནི་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་དུ་སྣང་བ་རྣམས་ནི། ཕྱི་རོལ་གྱི་དངོས་པོའི་ངོ་བོར་ནམ་ཡང་མེད་དོ། །འོ་ན་སྔོན་པོ་སེར་པོ་སོགས་སུ་སྣང་བ་དང་འགལ་ལོ་ཞེ་ན། རྣམ་པར་ཤེས་པ་ལ་སྔོན་པོ་སོགས་སོ་སོར་སྣང་བ་ནི། གཟུགས་སོགས་ཀྱི་རྣམ་པས་སྣང་བར་འགྱུར་བ་ཡིན་ནོ། །འོ་ན་གཟུགས་སོགས་ཡོད་དོ་ཞེ་ན། གཟུགས་སོགས་སུ་སྣང་བའི་རྣམ་པ་ནི་ཤེས་པ་ཡིན་པས་ཉེས་པ་མེད་དོ། །འདི་ནི་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་དགག་པའི་དོན་དུ་དགོས་པའི་དབང་གིས་རྣམ་པར་རིག་པའི་ཚུལ་ཞལ་གྱིས་བཞེས་པ་ཡིན་ནོ། །དབུ་མ་པས་ཀྱང༌། རྣམ་པར་རིག་པའི་ཚུལ་དུས་ཐམས་ཅད་དུ་དགག་པ་ནི་མ་ཡིན་ནོ། །རིག་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་སོ། །གཞུང་འདི་ལྟར་ན། རྣལ་འབྱོར་སྤྱོད་པའི་དབུ་མ་པས་བཤད་པ་འཐད་པ་མཐོང་ངོ༌། །འོ་ན་འཛིན་པས་གཟུགས་སོགས་ཕྱི་རོལ་གྱི་དོན་མཐོང་བ་ཅི་ཞེ་ན། ཇི་ལྟར་སོ་སོ་སྐྱེ་བོ་མ་རིག་པས་བསླད་པའི་དབང་གིས་སེམས་རྨོངས་པས། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མཐོང་བ་ལྟར། དཔེ་དེ་བཞིན་དུ་གཟུགས་ལ་སོགས་པ་མཐོང་བ་ཙམ་དུ་ཟད་དོ། འདི་དག་ནི་ངེས་པའི་དོན་ལ་རིམ་གྱིས་ཞུགས་པའི་དོན་ནོ། །དེ་ནས་ཐོག་མར་བདག་ཏུ་འཛིན་པ་བཟློག་པའི་དོན་དུ་གང་ཟག་གི་བདག་མེད་པ་བསྟན་ནོ། །སྟོང་པ་ཉིད་ཀྱི་དོན་ལ་སྐྲག་པ་སྤངས་པའི་དོན་དུ་ཕུང་པོ་ལ་སོགས་ཆོས་ཙམ་ཞིག་བསྟན་པ་སྟེ། འདི་ཡང་དྲང་བའི་དོན་ནོ། །གཟུགས་སོགས་ཕྱི་རོལ་གྱི་དོན་བཀག་ནས་རྣམ་པར་རིག་པ་ཙམ་དུ་བསྒྲུབ་པ་ལ་དགོས་པ་ཅི་ཡོད་ཅེ་ན། སེམས་ཙམ་གྱི་ལྟ་བ་ལ་གནས་ནས་ཕྱི་རོལ་གྱི་དོན་ལ་རྟོག་པ་སྤངས་པའི་དོན་ནོ། །ལང་ཀར་གཤེགས་པའི་མདོ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཞེས་སོ། །ངེས་པའི་དོན་ལ་སྐལ་ལྡན་རྣམས་ཀྱིས་རྣམ་པར་རིག་པ་ཙམ་དུ་ལྟ་བ་དེ་ཡང་སྤང་ངོ༌། །གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང་བ་འདི་དག་སེམས་ཙམ་དུ་བསྒྲུབ་པ་རྣམ་རིག་པ་རྣམས་འདོད་དོ། །སེམས་ཙམ་པའི་འདོད་ཚུལ་བདེན་ནམ་སྙམ་ན། ཕྱི་རོལ་གྱི་དོན་ལ་བདེན་ཞེན་དགག་པའི་དོན་དུ་ཡིན་གྱི་མཐར་ཐུག་ཏུ་མི་བཞེད་དོ། །ད་ནི་སེམས་ཙམ་པའི་ཚུལ་དེ་ཡང་དགག་པར་བཞེད་ནས། རྣམ་པར་རིག་པའི་ངོ་བོ་གང་ཡིན་པ་དེ་ཉིད་ཀྱི་ངོ་བོ་དགག་པ་ཡང་འདིར་བཤད་པར་བྱ་སྟེ། ཐུབ་པའི་དབང་པོས་སེམས་ཙམ་ཞེས་གང་བསྟན་པ་དེ་དག་ཐམས་ཅད་ནི། བྱིས་པ་དངོས་ལ་མངོན་པར་ཞེན་པ་རྣམས་སྐྲག་པ་བསལ་བའི་ཕྱིར་ཏེ། སེམས་ཙམ་དུ་བཤད་པ་དེ་ནི་ཡང་དག་པར་གྲུབ་པར་འདོད་པ་ཉིད་ནི་མ་ཡིན་ནོ། །འགའ་ཞིག་གྲུབ་མཐའ་བཞི་སངས་རྒྱས་ཀྱིས་མ་གསུངས་སོ་ཞེས་འདོད་པ་མི་འཐད་དེ། བརྟག་གཉིས་ལས། དང་པོ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་བསྟན། །དབུ་མ་པ་ཡང་དེ་བཞིན་ཏེ། །ཞེས་སོ། །འདི་མ་འོངས་པའི་ལུང་བསྟན་དུ་འདོད་པའང་མི་འཐད་དེ། དང་པོ་བྱེ་བྲག་སྨྲ་བ་བསྟན། །ཞེས་དང་པོའི་སྒྲ་གསུངས་པ་དང༌། དེ་ནས་ཞེས་པའི་ཚིག་གི་རིམ་པ་གསུངས་པས། དབུ་མའང་མ་འོངས་པའི་ལུང་བསྟན་དུ་ཐལ་བར་འགྱུར་བས་སོ། །རྣམ་པར་རིག་པའི་ཚུལ་མི་འཐད་ན། རྣམ་རིག་པས་ཚད་མར་བྱེད་པའི་མདོ་ལས། ངོ་བོ་ཉིད་གསུམ་གསུང་པ་དང་འགལ་ལོ་ཞེ་ན། མདོ་ལས། ཀུན་བཏགས་དང༌། གཞན་དབང་དང༌། ཡོངས་སུ་གྲུབ་པ་ཉིད་ཀྱང་སྟེ་གསུམ་ཀའང་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་བདག་ཉིད་ཚུལ་གཅིག་གིས་གསུངས་སོ། །འདི་ནི་གསུམ་ཀའང་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཚུལ་དུ་གཅིག་གོ་ཞེས་པའི་དོན་ནོ། །འོ་ན་འདི་གསུམ་གདགས་གཞི་གང་ལ་བརྟེན་ནས་གསུངས་ཤེ་ན། སེམས་ཀྱི་རང་བཞིན་གྱི་རྒྱུན་གཅིག་འདི་ལ་ནི་སོ་སོ་སྐྱེ་བོས་བདེན་པར་བཏགས་པ་དང༌། བཏགས་པའི་གཞི་དང༌། བཏགས་པས་སྟོང་པ་དང༌། གནས་སྐབས་གསུམ་དུ་ཕྱེ་ནས་བཏགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་མེད་བསྟན་ཅེས་པའི་དོན་གསལ་བར་བྱེད་པ་ནི། ཐེག་པ་ཆེན་པོ་ལ་དགའ་བའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་མེད་པ་བསྟན་ནོ། །ཇི་ལྟར་བསྟན་ན། ཆོས་ཐམས་ཅད་བདག་མེད་དུ་མཉམ་ཡང་སེམས་ལ་བདག་མེད་ཀྱི་ཆོས་སྦྱར་ནས་གསུངས་པ་ནི། སངས་རྒྱས་ཀྱིས་མདོར་བསྡུས་པའི་ཚུལ་གྱིས་སེམས་ལ་སྦྱར་ནས་གསུངས་སོ། །ཅིའི་ཕྱིར་སེམས་ལ་སྦྱར་ནས་གསུངས་ཞེ་ན། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་རང་སེམས་ཐམས་ཅད་ཀྱི་བྱེད་པ་པོའི་བདག་ཉིད་ཡིན་པར་འདོད་ལ། སེམས་དེ་ཉིད་གནས་ཡོངས་སུ་གྱུར་ནས་དྲི་མས་དག་པའི་སེམས། གཟུང་འཛིན་གཉིས་བྲལ་གྱི་སེམས་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་བརྗོད་དོ། །སེམས་ལ་བདག་མེད་པར་སྦྱར་ནས་གསུངས་པ་ནི། སེམས་ཅན་འདུལ་བར་བྱ་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། བཤེས་སྤྲིང་ལས། ཕན་པའི་གདམས་ངག་སྙིང་པོ་འདི་ལགས་ཏེ། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་ཀྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་པ་ལྟར་རོ། །སེམས་ཙམ་པས་བཏགས་པའི་རང་རིག་རང་གསལ་དེའང་དུས་གསུམ་དུ་བརྟགས་ན་བདེན་པར་མི་འགྲུབ་སྟེ། འདས་པ་གང་ཡིན་དེ་ཡོད་མིན། །མ་འོངས་པ་ནི་ཐོབ་པ་མེད། །ད་ལྟར་བ་ནི་མི་གནས་ཕྱིར། །གནས་པ་ཡོངས་འགྱུར་ག་ལ་ཡོད། །ཅེས་པའོ། །ཆོས་ཀྱི་བདག་མེད་མ་ཡིན་ཏེ། གཟུང་འཛིན་གཉིས་གྲུབ་པའི་ཕྱིར་རོ་ཞེ་ན། བློ་ལ་གཟུང་འཛིན་གཉིས་སུ་སྣང་བ་ཇི་ལྟ་བ་དེ་ལྟར་དུ་གནས་པ་མ་ཡིན་ཏེ། རིག་པས་དཔྱད་ན་དེར་ཚད་མ་ལ་མི་སྣང་བའི་ཕྱིར་རོ། །འདིས་ནི། གཟུང་དང་འཛིན་པ་རྣམས་སྤངས་པ། །ཞེས་པའི་དོན་བཤད་དོ། །གཟུང་འཛིན་གཉིས་སུ་སྣང་བ་ཇི་ལྟ་བ་དེ་བཞིན་དུ་གནས་ཚུལ་ལ་ཡོད་པ་མ་ཡིན་ནོ། །རྣམ་ཤེས་བདག་མེད་པའི་ངོ་བོ་ཡིན་པས་གཟུང་འཛིན་གཉིས་ཀྱིས་སྟོང་ངོ༌། །རྣམ་པར་ཤེས་པ་ལས་གཞན་པའི་རྟེན་གྱི་བདག་མེད་དོ། །དེས་ན་རྣམ་པར་ཤེས་པའང་བདག་མ་ཡིན། དེ་ལས་གཞན་པའང་བདག་མ་ཡིན་པས་བདག་མ་ཡིན་པར་གྲུབ་བོ་ཞེས་པའི་དོན་ནོ། །གལ་ཏེ་གཟུང་འཛིན་མེད་ན་སེམས་ཀྱང་མེད་ལ། དེ་མེད་ན་ལུས་ལེན་པ་པོའང་མེད་དོ་ཞེ་ན། དཔེར་ན་རྡོ་ཁབ་ལེན་གྱིས་ཡོངས་སུ་དྲངས་པའི་ལྕགས་རང་དབང་མེད་པར་མྱུར་དུ་ཡོངས་སུ་གཡོ་བར་བྱེད་ལ། ཁབ་ལེན་དེ་ལ་སེམས་ཡོད་པ་མ་ཡིན་ཡང༌། སེམས་དང་བཅས་པ་བཞིན་དུ་སྣང་ངོ༌། །དེ་བཞིན་དུ་ཀུན་གཞིའི་རྣམ་ཤེས་ནི་རྫུན་པ་མི་བདེན་པའི་ཆོས་ཅན་ཡིན་ཡང༌། བདེན་པ་ལྟ་བུར་སྣང་ཞིང༌། དེ་ལས་འགྲོ་འོང་སྟེ། སྔ་མ་ལས་འདིར་འོང་བ་སྟེ། ཚེ་ཕྱི་མར་འགྲོ་བས་རྣམ་པར་གཡོ་ཞིང་ཡང་འཁྲུལ། རྟག་ཏུ་སྲིད་པ་གསུམ་དུ་ཡང་ཡང་འཁོར་ཞིང་ལུས་ལེན་ནོ། །དཔེར་ན་འདུ་བྱེད་ཀྱི་བྱེད་པ་འགས་རྒྱ་མཚོའི་མཐས་གཏུགས་པའི་སའང་གཡོ་བར་བྱེད་པ་ལྟར། དེ་བཞིན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་གྱི་ལུས་གཡོ་བས་ཏེ་ལེན་པར་བྱེད་དོ། །དོན་དམ་པར་རྣམ་པར་ཤེས་པ་ལུས་མེད་པ་ལ་ཐ་སྙད་དུ་ལུས་ལེན་པ་ཡོད་པས། ཡོད་པར་བདེན་འཛིན་གྱི་བློས་ཡོངས་སུ་བཏགས་པ་ཡིན་ནོ། །གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་པར་འདོད་ན་ནི། དེ་སུ་ཞིག་གི་རྟོགས་པ་སྨྲ་དགོས་སོ། །དེའི་ཡུལ་ཅན་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཡིན་པས། དེས་རྟོགས་སོ་སྙམ་ན་རང་རིག་མེད་པ་དེས་ཇི་ལྟར་རྟོགས་པར་འགྱུར། གཉིས་མེད་ཀྱི་ཤེས་པ་བདེན་པར་གྲུབ་པ་ཇི་ལྟ་བུ་ཞིག་ཡིན་པ་སྨོས་ཤིག རང་རིག་བདེན་པར་ཡོད་ཅེས་སྨྲ་བ་དེས། རང་རིག་བདེན་པའི་དངོས་པོ་ཡོད་པར་འདོད་ལ། དེ་གཉིས་མེད་རིག་གོ་ཞེས་སྨྲ་ན་ནི། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་འདིའོ་ཞེས་གཞན་ལ་སྨྲ་དགོས་ན། དེའང་བརྗོད་པར་ནུས་པ་མ་ཡིན་ནོ། །དབུ་མ་འཇུག་པ་ལས། གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡོད་ཅེས་བྱར་མི་རུང༌། །ཞེས་གསུངས་པ་ལྟར་རོ། །རང་རྒྱུད་ལ་ངེས་པ་བཞིན་གཞན་དག་ལ་ངེས་པ་བསྐྱེད་པར་བྱ་དགོས་ན། རྟག་ཏུ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་འདི་ལྟ་བུའོ་ཞེས་གཞན་ལ་གཏན་དུ་མེད་པས་ད་དུང་སྒྲུབ་བྱེད་གཞན་གྱིས་སྒྲུབ་པར་བྱ་དགོས་པ་དག་ཏུ་འགྱུར་རོ། །དཔེར་ན་ནད་གསོ་བའི་སྨན་ཤེས་པས་སྨན་པ་ཉིད་དུ་འཇོག་པ་ཡིན་ལ། གལ་ཏེ་སྨན་མི་ཤེས་ན་ནི་སྨན་པ་མ་ཡིན་ནོ། །དེ་ལྟར་སྨན་ཤེས་པས་སྨན་པ་ཉིད་དུ་འཇོག་པ་ལྟར། གཞན་ལ་ཕན་འདོགས་པར་འདོད་པས། ཐོག་མར་སྨན་ཤེས་པས་སྒྲུབ་པར་བྱ་བ་དག་ཡིན་ནོ། །དཔེ་དེ་བཞིན་དུ་ཐོག་མར་རང་གི་རིག་པར་བྱས་ནས་གཞན་ལ་ངེས་པ་བསྐྱེད་དགོས་སོ། །རིག་པ་པོ་ཡེ་ཤེས་ཀྱི་རིག་བྱ་གཟུང་འཛིན་གཉིས་སྟོང་རིག་གོ་ཞེ་ན། རིག་བྱ་མེད་ན་རིག་པ་པོ་ཞེས་གང་གི་སྒོ་ནས་འཇོག་པར་འགྱུར། དེ་ལྟ་བས་ན་རིག་བྱ་གཉིས་སྟོང་དང༌། དེ་རིག་པ་པོ་བྱེད་པ་མེད་པར་ཅིས་མི་འདོད། རིགས་པས་བརྟགས་ན། སེམས་ནི་མིང་ཙམ་ཡིན་པ་སྟེ། ཆོས་ཐམས་ཅད་མིང་ཙམ། བརྡ་ཙམ་ཡིན་པས་སོ། །མིང་ལས་དོན་གཞན་དུ་གྱུར་པ་མེད་པར་གྲུབ་པ་འགའ་ཙམ་ཡང་མེད་དོ། །སེམས་ཙམ་པས་འདོད་པའི་རྣམ་པར་རིག་པ་ཡང་མིང་ཙམ་དུ་ལྟ་བར་བྱ་སྟེ། བཏགས་ན་རིག་པའང་མི་རྙེད་པའི་ཕྱིར་རོ། །མིང་ཡོད་དོ་སྙམ་ན་མི་འཐད་དེ། མིང་ཡང་རང་བཞིན་མེད་པའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས། བཏགས་དང་བརྗོད་དུ་མེད་ཅེས་པ་དང༌། བཏགས་པའི་ཆོས་ཉིད་མི་འགལ་བར་ཞེས་པ་དང༌། དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ཡིན། །ཞེས་པའི་དོན་ཡང་བཤད་དོ། །སེམས་བདེན་པར་དེའི་འཐད་པ་གཞན་ཡང་བསྟན་པ་ནི། རྒྱལ་བ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་སེམས་ཀྱི་རང་མ་གཟིགས་སོ། །ཅིའི་ཕྱིར་ཞེ་ན། ནང་དང་ཕྱི་རོལ་དང༌། གཉིས་ཀའི་བར་ན་མི་རྙེད་པའི་ཕྱིར་རོ། །རང་བཞིན་ངོ་བོ་ཉིད་ཀྱིས་ཡོད་ན་ཅིའི་ཕྱིར་བཙལ་ན་མི་རྙེད། བཙལ་ན་མི་རྙེད་པའི་ཚུལ་ནི། གཟུང་དང་འཛིན་པ་ཉིད་དག་དང༌། །ཁ་དོག་དབྱིབས་ཀྱི་དབྱེ་བ་དང༌། །ཕོ་འམ་མོ་འམ་མ་ནིང་ལ། །སོགས་པའི་གཟུགས་སུ་སེམས་མི་གནས། །དེ་ལས་གཞན་དུའང་མི་རྙེད་དོ། །མདོར་ན་སེམས་ཀྱི་ངོ་བོ་ནི། སངས་རྒྱས་ཐམས་ཅད་ཀྱིས་མ་གཟིགས། གཟིགས་པར་མི་འགྱུར་ཏེ། རང་བཞིན་མེད་པའི་ངོ་བོ་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་བསྟན་ནོ། །མངོན་རྟོགས་རྒྱན་ལས། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་དངོས་པོའོ་ཞེས་ཡོངས་སུ་བཟུང་བ་ནི་རྣམ་པར་རྟོག་པ་ཁོ་ནས་བཏགས་པ་ཡིན་ནོ། །རྣམ་པར་རྟོག་པའི་གཟུང་བའི་ཡུལ་ལས་འདས་པ་ནི། སྟོང་པ་ཉིད་སྤྲོས་བྲལ་ཡིན་ནོ། །གང་ལ་རྣམ་པར་རྟོག་པའི་སྣང་བ་ཡོད་པ་དེ་ལ་ནི་སྟོང་ཉིད་རྟོགས་པ་ག་ལ་ཡོད། སེམས་རྟོག་བཅས་དང༌། རྟོག་བྱེད་ཀྱི་རྣམ་པ་མ་གཟིགས་ཏེ་གཟུང་འཛིན་གཉིས་སུ་སྣང་བའི་སྤྲོས་པ་ཐམས་ཅད་ཞི་བ་ནི། དེ་བཞིན་གཤེགས་པའོ། །གང་ལ་རྟོག་བྱ་རྟོག་བྱེད་གཉིས་སུ་འཛིན་པ་དང༌། གཟུང་འཛིན་གཉིས་ཀྱི་རྣམ་པ་སྣང་བ་ཡོད་པ་དེ་སྲིད་དུ། དེ་དག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ངོས་བཟུང་བ་ནི། མཚན་ཉིད་མེད་ཅིང་སྐྱེ་བ་མེད། །གནས་པ་མེད་ཅིང་ངག་ལམ་བྲལ། །ཞེས་པ་ནི། བརྗོད་པ་དང་བྲལ་ཞེས་པའོ། །བྱང་ཆུབ་ཀྱི་སེམས་དང་ནམ་མཁའ་དང༌། བྱང་ཆུབ་རྣམས་ནི་གཟུང་འཛིན་གཉིས་སུ་མེད་པར་རམ། མཚན་མའི་སྤྲོས་པ་མེད་པར་མཉམ་པའོ། །བྱང་ཆུབ་ངོས་བཟུང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་བདག་ཉིད་ཆེན་པོ་སངས་རྒྱས་དང༌། བརྩེ་ལྡན་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་གྱི་དུས་གསུམ་དུ་ཆོས་ཐམས་ཅད་སྟོང་པ་ནམ་མཁའ་དང་མཚུངས་པར་མཁྱེན་ནོ། །ཆོས་ཐམས་ཅད་གདོད་མ་ནས་སྟོང་པ་ཉིད་ཡིན་པ་དེའི་ཕྱིར། ཆོས་རྣམས་ཀུན་གྱི་གཞི་ཆོས་ཅན་ཐམས་ཅད་གནས་མེད་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་མཚུངས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་རྟོགས་པ་ནི་སྲིད་པ་འཁོར་བ་འཇོམས་བྱེད་ཡིན་པས། སྟོང་པ་ཉིད་འདི་རྟག་ཏུ་བསྒོམ་མོ་ཞེས་འདོམས་སོ། །བསྒོམ་པའི་གོལ་ས་གཅོད་པ་ནི། སྐྱེ་མེད་ལ་བདེན་པར་ཞེན་པ་དང༌། སྟོང་ངོ་ཞེས་བདེན་པར་འཛིན་པ་དང༌། བདག་མེད་ཅེས་པ་དང༌། སྟོང་པ་ཉིད་ཅེས་པ་བདེན་པར་རློམ་པ་ནི་ལྟ་བ་དམན་པའི་བདག་ཉིད་དེ་བདེན་འཛིན་ལས་མ་འདས་པའི་ཕྱིར། དེ་ལྟར་གང་བསྒོམ་པ་དེ་ནི་འདི་ན་གང་ཟག་གི་བདག་བསྒོམ་པ་དང་མཚུངས་པའོ། །འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པ་མཛད། །གང་ལ་དེ་ལ་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་དམད་པར་མཛད། །ཅེས་པ་དང༌། དབུ་མ་རྩ་བ་ལས་ཀྱང༌། རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་དུ་མེད་པར་གསུངས། །ཞེས་པ་དང་ཚིག་གསལ་ལས་ཀྱང༌། འོད་སྲུངས་ཀྱིས་ཞུས་པའི་མདོ་དང་སྦྱར་ནས་གསུངས་སོ། །འདི་ནི་སྟོང་ཉིད་ལ་ཞེན་པ་དགག་པས། སྟོང་པ་ཉིད་བསྒོམ་པའི་གོལ་ས་བཅད་པའོ། །རྣམ་པར་རྟོག་པ་བཅད་པའི་དོན་དུ་སྟོང་ཉིད་གསུངས་ཞེས་པ་ནི། དགེ་མི་དགེའི་རྣམ་རྟོག་གི་རྒྱུན་འཆད་པ་སྟེ་ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་སངས་རྒྱས་རྣམས་ཀྱིས་གསུངས་སོ། །གཞན་ཉི་ཚེ་བའི་སྟོང་པ་ཉིད་བསྒོམ་བྱར་མི་བཞེད་དོ། །མདོ་ལས། ཉི་ཚེ་བའི་སྟོང་ཉིད་ནི་སྟོང་ཉིད་རྣམས་ཀྱི་ནང་ནས་ཐ་ཤལ་པའོ་ཞེས་སོ། །སྟོང་པ་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ནི། དམིགས་གཏད་དང་བྲལ་བའི་སེམས་ཀྱིས་སྟོང་ཉིད་བསྒོམ་པར་བཞེད་དོ། །ཇི་ལྟར་ན་ནམ་མཁའི་མཚན་ཉིད་དེ། མཚན་མའི་སྤུ་རིས་མེད་པར་བསྒོམ་པ་ལ་གནས་པ་ནི། འདི་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་བསྒོམ་པར་བྱེད་པའོ། །མདོ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་བསྒོམ་པའོ། །ཞེས་པའི་དོན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ལ་དངོས་པོར་སྨྲ་བའི་ཀླན་ཀས་འཇིགས་སོ་ཞེ་ན། སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། །རྒོལ་བ་ཐམས་ཅད་སྐྲག་པར་འགྱུར། །ཞེས་གསུངས་སོ། །གང་དང་གང་དུ་སྟོང་ཉིད་དུ་རྟོགས་པའི་བློ་ཞུགས་པ་དེ་དག་ནི། བློ་དེ་དང་དེའི་ངོ་བོར་ནི་སྟོང་ཉིད་དུ་གནས་པར་འགྱུར་རོ། །བློ་ལ་བརྟེན་ནས་སྟོང་ཉིད་བསྒོམ་དགོས་པས་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། བསྒོམ་པ་དེའི་རྟེན་རྣམ་པར་ཤེས་པ་ཆོས་ཅན། རྟག་ཏུ་སྟེ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པར་ཐལ། སྐད་ཅིག་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། སེམས་མི་རྟག་པ་ཡིན་ཞེས་པ་དང༌། སྟོང་ཉིད་ཡིན་ཞེས་པ་འགལ་བར་མི་འགྱུར་བའི་ཕྱིར་རོ། །མདོར་ན་སངས་རྒྱས་རྣམས་ཀྱིས་སེམས་དེ་དག་ཉིད་དུ་ཅིའི་ཕྱིར་ན་བཞེད་པར་མི་འགྱུར་བས་ཏེ་བཞེད་དགོས་ཏེ། སེམས་མི་རྟག་པར་བཞེད་པའི་ཕྱིར་རོ། །ཐོག་མ་སྐྱེས་ཙམ་ཉིད་ནས་སེམས་ཀྱི་རང་བཞིན་མེད་པར་གྲུབ་པས། རེས་འགའ་སྟོང༌། རེས་འགའ་མི་སྟོང་པ་མ་ཡིན་པར་རྟག་ཏུ་སྟོང་པར་གྲུབ་བོ། །གལ་ཏེ་དངོས་པོ་རང་བཞིན་གྱིས་གྲུབ་ན། རང་བཞིན་མེད་ཅེས་བརྗོད་པར་བྱ་བ་མ་ཡིན་ནོ། །རང་བཞིན་མེད་ཅེས་དེ་སྐད་དུ་བརྗོད་པར་རིགས་ན། སེམས་བདག་ཉིད་དམ་ངོ་བོ་ཉིད་ཀྱིས་གནས་པ་སྤངས་པ་ཡིན་ནོ། །ཆོས་རྣམས་རང་རང་གི་རང་བཞིན་ལས་འདས་པ་འདི་ནི་དེའི་ཆོས་ཉིད་ཡིན་ཏེ། དེའི་ཆོས་ཉིད་ནི། དེའི་རང་བཞིན་བརྗོད་དགོས་པའི་ཕྱིར། འཇིག་རྟེན་ན་ཇི་ལྟར་བུ་རམ་རང་བཞིན་མངར་བ་དང༌། མེའི་རང་བཞིན་ཚ་བ་ལྟར། དེ་བཞིན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་འདོད་དགོས་པའི་ཕྱིར། འདི་ནི་འཇིག་རྟེན་ལ་རང་བཞིན་དུ་གྲགས་པ་དཔེར་བརྗོད་ནས། རང་ལུགས་ཀྱི་རང་བཞིན་ངོས་བཟུང་བའོ། །རང་བཞིན་གྱི་སྒྲ་དོན་གཉིས་ལ་འཇུག་སྟེ། དངོས་པོར་སྨྲ་བས་བཏགས་པའི་དགག་བྱ་ལ་རང་བཞིན་དུ་བཏགས་པ་དང༌། རང་བཞིན་མེད་ཅེས་པའི་སྐབས་སུ་ནི། དགག་བྱའི་རང་བཞིན་ལ་ངོས་བཟུང་ལ། རང་བཞིན་གཅིག་ཅེས་པའི་སྐབས་སུ་སྟོང་པ་ཉིད་དུ་རོ་གཅིག་ཅེས་པ་ལ་གཟུང་ངོ༌། །སྟོང་པ་ཉིད་དུ་བརྗོད་པས་རྟག་ཆད་ཀྱི་མཐའ་སྤངས་ཏེ། སྟོང་པའི་རང་བཞིན་དུ་བརྗོད་པས། འགའ་ཞིག་ཆད་པར་སྨྲ་མིན་ཏེ། །དེ་ནི་རྟག་པ་ཉིད་དུ་ཡང༌། །འགའ་ཞིག་སྨྲས་པ་མ་ཡིན་ནོ། །ཞེས་པ་སྟེ། སྟོང་པ་ཉིད་དུ་སྨྲ་བ་ནི། རྟག་ཆད་གང་དུའང་སྨྲ་བ་མིན་ནོ། །བཅོམ་ལྡན་འདས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསུངས་པས་འཁོར་བ་བདེན་པར་ཡོད་དོ་ཞེ་ན། མ་རིག་ནས་བརྩམས་རྒ་ཤིའི་མཐའ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཅེས་གསུངས་སོ། །སེམས་འཁོར་བ་ཡོད་ཅེ་ན། ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །བཅུ་གཉིས་འདི་ལ་འཁོར་བར་བརྗོད། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཅེས་པས་ལན་བཏབ་བོ། །འདི་ལས་གཞན་པའི་འཁོར་བ་པོའི་སེམས་ཅན་གང་ཡང་མེད་དོ། །བཅུ་གཉིས་པོ་འདི་ལས་གཞན་པའི་ལས་འབྲས་ལ་སྤྱོད་པར་འདོད་པའི་གང་ཟག་འགའ་ཡང་མེད་དོ། །ཡན་ལག་བཅུ་གཉིས་ལ་འཁོར་བར་བརྗོད་ན། ཇི་ལྟར་འཁོར་ཞེ་ན། དཔེས་བསྟན་ཏེ་ཇི་ལྟར་མེ་ལོང་ལ་བརྟེན་ཏེ་བཞིན་གྱི་དཀྱིལ་འཁོར་སྣང་བར་གྱུར་པ་ན། བཞིན་ཉིད་ནི་དེར་འཕོས་པའང་མ་ཡིན་ཞིང༌། བཞིན་དེ་མེད་པར་ཡང་དེར་སྣང་བའི་རང་བཞིན་གྱིས་གཟུགས་བརྙན་དེ་ཡོད་པ་མ་ཡིན་ལ། དཔེ་དེ་བཞིན་དུ་ཕུང་པོ་ཉིང་མཚམས་སྦྱོར་བས། སྲིད་པ་གཞན་དུ་སྐྱེ་བའི་གནས་སྐབས་ནའང་རྣམ་པ་ཀུན་ཏུ་སྔ་མ་དེ་ཉིད་ཕྱི་མར་མི་འཕོ་བར་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ། །སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཚུལ་གྱིས་འཁོར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པར་འགལ་ལོ་ཞེ་ན། མདོར་ན་བདེན་པས་སྟོང་པའི་རྒྱུའི་ཆོས་རྣམས་ལས། བདེན་པས་སྟོང་པའི་འབྲས་བུའི་ཆོས་རྣམས་འབྱུང་བ་ཡིན་ནོ། །ལས་བྱེད་པ་པོ་དང༌། ལས་ཀྱི་འབྲས་བུས་མྱོང་བ་པོ་ཀུན་རྫོབ་ཏུ་ཡོད་པར་རྒྱལ་བས་གསུངས་སོ། །ནང་གི་རྟེན་འབྲེལ་ལ་དཔྱད་པ་བྱས་ནས་ཕྱི་རོལ་གྱི་རྟེན་འབྱུང་དཔྱད་པ་ནི། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའང་ནང་གི་རྟེན་འབྱུང་དང་མཚུངས་ཏེ། གང་གི་ཕྱིར་ན་རྒྱུ་རྐྱེན་ཚོགས་པ་དག་ལ་བརྟེན་ནས་ཕྱི་རོལ་གྱི་དངོས་པོའང་འབྱུང་སྟེ། དཔེར་ན། རྔ་ལ་བརྟེན་ནས་རྔའི་སྒྲ་དང༌། ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་བཞིན་ནོ། །ཡན་ལག་བཅུ་གཉིས་སུ་མ་ཟད། ཕྱི་རྟེན་འབྲེལ་ཡང་རྨི་ལམ་དང་སྒྱུ་མ་དང་མཚུངས་པར་འདོད་དོ། །འབྲས་བུའི་ཆོས་རྣམས་རྒྱུ་ལས་རིམ་གྱིས་སྐྱེ་བ་དང༌། སྟོང་པ་ཉིད་དུ་འདོད་པ་ཅུང་ཟད་ཀྱང་འགལ་བར་མི་འགྱུར་རོ། །རྒྱུ་ནི་རྒྱུའི་ངོ་བོ་ཉིད་ཀྱིས་སྟོང་པ་དང༌། རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་དུ་རྟོགས་པའི་ཕྱིར། ཆོས་རྣམས་ཀུན་གྱི་རང་བཞིན་གྱི་སྐྱེ་བ་མེད་པའི་ཆ་ལ་སྟོང་པ་ཉིད་ཡིན་པར་རབ་ཏུ་བཤད་དོ། །དབུ་མ་རྩ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་སོ། །མདོར་ན་ཆོས་ཀྱི་བདག་མེད་ཅེས་གསུངས་པའི་ཆོས་ཀུན་ནི། ཕུང་པོ་ལྔ་པ་རྣམས་ལ་བརྗོད་དོ། །ཕུང་པོ་ལྔའི་དེ་ཁོ་ན་ཉིད་ཀྱི་སྟོང་ཉིད་དོ་ཞེས་ཇི་བཞིན་བཤད་པ་ན། ཀུན་རྫོབ་ཆད་པར་མི་འགྱུར་ཏེ། དེ་ཁོ་ན་ཉིད་དུ་མེད་ཀྱང་ཀུན་རྫོབ་ཐ་སྙད་དུ་ཡོད་པའི་ཕྱིར། ཅིའི་ཕྱིར་དེ་ནི་ཉིད་ལ་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཅེས་བཤད་ཅེ་ན། ཀུན་རྫོབ་ལས་ལོགས་ཤིག་ན་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར། འདིས་ནི་བདེན་གཉིས་དབྱེར་མེད་དུ་བསྟན་ནོ། །མ་དཔྱད་པའི་ངོ་ན་སྣང་བཞིན་དཔྱད་ན་མི་རྙེད་པའི་ཕྱིར། ཤེར་སྙིང་ལས་ཀྱང༌། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །ཀུན་རྫོབ་བདེན་པས་སྟོང་པ་ལ་སྟོང་པ་ཉིད་དུ་བཤད་དོ། །བདེན་པས་སྟོང་བཞིན་དུ་སྣ་ཚོགས་སུ་སྣང་བས་སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། ཞེས་བཤད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཅན་ཀུན་རྫོབ་པ་དང༌། དེའི་རང་བཞིན་སྟོང་ཉིད་མེད་ན་མི་འབྱུང་བར་ངེས་པའི་ཕྱིར་རོ། །དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ། །ཡང་སྟོང་པ་ཉིད་ཀུན་རྫོབ་དུ་བཤད་པའི་དོན་གསལ་བར་སྟོན་པ་ནི། སྟོང་ཉིད་ཆོས་ཅན་ཀུན་རྫོབ་ཡིན་ཏེ། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། འགོག་པའི་བདེན་པ་རྨི་ལམ་འདྲ་བ་སྟེ། །མྱ་ངན་འདས་པ་རྨི་ལམ་ལྟ་བུར་བརྗོད། །ཅེས་པ་དང༌། སློབ་དཔོན་ཟླ་བས་རིགས་པ་དྲུག་ཅུ་པའི་འགྲེལ་པར། དོན་དམ་པའི་བདེན་པའང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས། གཟུགས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་པ་ནས། མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དེ་ལས་ལྷག་པའི་ཆོས་ཤིག་ཡོད་ནའང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་དྲངས་ནས་བཤད་དོ། །འོ་ན་ཀུན་རྫོབ་རྒྱུ་གང་ལས་བྱུང་སྙམ་ན། ཀུན་རྫོབ་འཁྲུལ་པའི་སྣང་བ་ནི། ཉོན་མོངས་པ་དང༌། དེས་བསགས་པའི་ལས་ཀྱིས་བསྐྱེད་དོ། །ལས་གང་གིས་བསྐྱེད་ཅེ་ན། ལས་ནི་སེམས་ལས་བྱུང་བ་ཡིན་ནོ། །འཁྲུལ་པའི་སེམས་ནི་སྔ་མའི་བག་ཆགས་དག་གིས་བསགས་པ་ལས་བྱུང་ངོ༌། །དེས་ན་ཕན་ཚུན་རྒྱུ་དང་རྒྱུ་ཅན་ཡིན་ཏེ། སེམས་ནི་སྔ་མའི་བག་ཆགས་ལས་བྱུང་ལ། བག་ཆགས་ཀྱང་སེམས་ཀྱིས་བསགས་པའི་ཕྱིར་རོ། །བག་ཆགས་དང་བྲལ་བའི་སེམས་ནི་བདེ་བ་དང་ལྡན་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་ཕྱིར་རོ། །བདེ་བ་དང་ལྡན་པའི་སེམས་ནི་ཞི་བ་སྟེ་ཐར་པའོ། །སེམས་སྤྲོས་པ་ཉེ་བར་ཞི་བས་ནི། ཡང་དག་པའི་དོན་ལ་རྨོངས་པར་མི་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ལ་སྒྲིབ་བྱེད་དང་བྲལ་བའི་ཕྱིར། མ་རྨོངས་པས་དེ་ཁོ་ན་ཉིད་ཀྱི་དོན་རིག་ལ། དེ་ཁོ་ན་ཉིད་ཀྱི་དོན་རིག་པས་ཐར་པ་ཐོབ་བོ། །དེས་ན་ཐར་པ་ཐོབ་པ་ནི་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་ཁོ་ན་རིག་པ་ལ་ཐུག་གོ །བྱང་ཆུབ་ཀྱི་མཆོག་ཏུ་གྱུར་པའི་སེམས་ཀྱི་དེ་ཁོ་ན་ཉིད་རིག་པ་ན་སྟོང་པ་ཉིད་རིག་སྟེ། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། སྟོང་པ་ཉིད་རྣམས་མིང་གི་རྣམ་གྲངས་སུ་བཤད་པ་ཡིན་པས་སོ། །ཉེས་པ་ཐམས་ཅད་རྩད་ནས་འཇོམས་པ་ལ་སྟོང་ཉིད་བསྒོམ་དགོས་པ་ཡིན་ལ། རང་གིས་སྟོང་ཉིད་མི་ཤེས་ཤིང་མ་རྟོགས་ན་དེ་ལ་ཐར་པ་ཐོབ་པའི་སྐལ་བ་མེད་དོ། །སྟོང་ཉིད་མ་རྟོགས་པའི་ཉེས་དམིགས་གཞན་ཡང་སྟོན་པ་ནི་བཙོན་པ་ལྟ་བུའི་འགྲོ་བ་དྲུག་གི་སྲིད་པར་འཁོར་རོ། །གང་གིས་འཁོར་ཞེ་ན་དེ་ཁོ་ན་ཉིད་ཀྱིས་དོན་ལ་རྨོངས་པའི་མ་རིག་པས་རྒྱུ་བྱས་ནས་དེ་དག་འཁོར་བར་གྱུར་རོ། །དེ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱི་སྟོང་ཉིད་ཀྱི་དོན་བསྒོམ་པར་བྱ་དགོས་སོ། །མདོར་ན་གོང་དུ་ཅི་ཙམ་བཤད་ཀྱང་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་ཞེས་པའི་དོན་ཡིན་པས། བསྒོམ་བྱ་བདག་མེད་རྒྱས་པར་གཏན་ལ་ཕབ་པ་ཡིན་ནོ། །འོ་ན་རྣལ་འབྱོར་པས་སྟོང་ཉིད་ཀྱི་དོན་ལ་སེམས་གཞོལ་བས་གཞན་གྱི་དོན་དོར་བར་འགྱུར་རོ་ཞེ་ན། རྣལ་འབྱོར་པས་སྟོང་པ་ཉིད་འདི་བསྒོམ་པར་བྱས་ནས། སྟོང་ཉིད་མི་རྟོགས་པའི་གང་ཟག་རྣམས་ལ་སྙིང་རྗེ་ལྷག་པར་སྐྱེས་ནས། གཞན་གྱི་དོན་ལ་དགའ་བའི་བློ་འབྱུང་བ་ཉིད་དུ་ཐེ་ཚོམ་མེད་དོ། །སྦྱར་བས་གཞན་ལ་ཕན་འདོགས་ཚུལ་བསྟན་པ་ནི། གང་དག་སྔོན་ཆད་ཕ་མ་དང༌། །གཉེན་བཤེས་གྱུར་ཅིང་ཕན་བཏགས་པའི། །སེམས་ཅན་དེ་དག་རྣམས་ལ་ནི། །བྱས་པ་གཟོ་བ་སྙམ་དུ་བྱ། །ཞེས་སོ། །ཕན་འདོགས་པར་རིགས་པའི་རྒྱུ་མཚན་བསྟན་པ་ནི། སེམས་ཅན་སྲིད་པའི་བཙོན་ར་རུ། །ཉོན་མོངས་མེ་ཡིས་གདུངས་རྣམས་ལ། །བདག་གིས་སྡུག་བསྔལ་འབྱིན་པ་ལྟར། །དེ་བཞིན་བདེ་བ་སྦྱིན་པར་རིགས། །ཞེས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། འཇིག་རྟེན་ན་བདེ་སྡུག་འབྱུང་བ་མེད་པར་འགྱུར་རོ་ཞེ་ན། འཇིག་རྟེན་བདེ་འགྲོ་ངན་འགྲོ་དང༌། །འདོད་དང་མི་འདོད་འབྲས་བུ་དག །སེམས་ཅན་རྣམས་ལ་ཕན་པ་དང༌། །གནོད་པ་བྱས་ལས་འབྱུང་བར་འགྱུར། །ཞེས་པ་སྟེ། འདི་དག་གི་བདེ་སྡུག་གི་རྒྱུ་ངོས་བཟུང་ནས་དེ་ལས་བདེ་སྡུག་འབྱུང་བར་བསྟན་ནོ། །དོན་དམ་སེམས་བསྐྱེད་བསྒོམ་པའི་འབྲས་བུ་བསྟན་པ་ནི། སྙིང་རྗེས་སེམས་ཅན་ལ་ཕན་བཏགས་པ་ལ་བརྟེན་ནས། བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། ཞེས་པ་ནི། ཚངས་དབང་དྲག་པོ་འཇིག་རྟེན་སྐྱོང༌། །ལ་སོགས་ཐོབ་པར་མཚར་ཅི་ཡོད། །ཅེས་པའོ། །གཞན་ལ་ཕན་པར་བྱས་པའི་ཕན་ཡོན་བསྟན་པ་ནི། སེམས་ཅན་ལ་ཕན་པ་བྱས་པ་ཙམ་གྱི། མ་དྲངས་པ་སྟེ་འབད་རྩོལ་མེད་པར་གནས་སྐབས་ཀྱི་ཕན་ཡོན་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དེ་འགྲོ་བ་གསུམ་པོ་སྟེ། ལྷ་ཀླུ་མི་གསུམ་གྱི་གནས་འདི་དག་ན། འདི་ལས་ལྷག་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །མི་དགེ་བ་བྱས་པའི་ཉེས་དམིགས་བསྟན་པ་ནི། སེམས་ཅན་གནོད་པ་བྱས་པ་ལས། །སེམས་དམྱལ་དུད་འགྲོ་ཡི་དྭགས་གསུམ། །སྡུག་བསྔལ་རྣམ་པ་དུ་མའི་དངོས། །ལུས་ཅན་རྣམས་ཀྱིས་མྱོང་བ་ཡིན། །ཞེས་ཚིག་རྐང་བཞིས་བསྟན་ནོ། །སེམས་ཅན་ལ་གནོད་པ་བྱས་པའི་འབྲས་བུ་ནི། བཀྲེས་དང་སྐོམ་དང་ཕན་ཚུན་དུ། །བསོད་དང་འཇོམས་པའི་སྡུག་བསྔལ་གང༌། །མི་བཟོད་བཟློག་པར་དཀའ་བ་སྟེ། །སེམས་ཅན་ལ་གནོད་པའི་འབྲས་བུ་ཡིན། །ཞེས་སོ། །དགེ་བ་དང་མི་དགེ་བའི་རྣམ་སྨིན་གྱི་ཚུལ་གཉིས་པོ་ནི། སེམས་ཅན་ལ་ཕན་གནོད་བྱས་པ་ལས་བྱུང་བར་ཤེས་པར་བྱའོ། །གཉིས་པོ་གང་ཞེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། བདེ་འགྲོར་འགྲོ་བ་ནི་དགེ་བའི་འབྲས་བུའོ། །ངན་འགྲོ་གང་ཡིན་པ་ནི་མི་དགེ་བའི་འབྲས་བུའོ། །མངོན་པར་མཐོ་བ་ཐོབ་པའི་ཐབས་ནི། སྦྱིན་སོགས་དངོས་པོ་ཀུན་གྱི་སེམས་ཅན་ལ་ཕན་གདགས་ཤིང༌། རང་གི་ལུས་བཞིན་གནོད་པ་ལས་བསྲུང་བར་བྱའོ། །བསྲུང་ཞེས་པའི་དོན་སྟོན་པ་ནི། སེམས་ཅན་རྣམས་ལ་གནོད་པ་ནི་དུག་བཞིན་དུ་འབད་པས་སྤང་བར་བྱའོ། །ངེས་ལེགས་ཐོབ་ཚུལ་ནི། ཆགས་པ་མེད་པར་རང་ཉིད་གཅིག་ཏུ་ཞི་བདེ་དོན་གཉེར་གྱི་རོ་མྱོང་བས་ཉན་ཐོས་བྱང་ཆུབ་དམན་པ་ཐོབ་ཅེས་པ་སྟེ་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་ལམ་ཉམས་སུ་བླངས་ན་ཉན་ཐོས་ཀྱི་དགྲ་བཅོམ་པ་ཐོབ་ཅེས་པའོ། །སྙིང་རྗེས་སེམས་ཅན་གཞན་གྱི་དོན་ཡོངས་སུ་མ་དོར་བར་གཞན་དོན་བྱས་པས་སངས་རྒྱས་རྫོགས་པའི་བྱང་ཆུབ་ཐོབ་ཅེས་པའོ། །གོང་དུ་བསྟན་པ་དེ་ལྟར་སེམས་ཅན་ལ་ཕན་པར་བྱས་པ་དང༌། གནོད་པ་བྱས་པའི་འབྲས་བུ་བདེ་སྡུག་འབྱུང་བ་ལ་བླང་དོར་ལ་སྤྱད་པས་ན། བླང་དོར་ལ་སྤྱད་པ་དེ་དག་སྐད་ཅིག་མ་གཅིག་ཙམ་གྱིས་ཀྱང་རང་དོན་ལ་ཆགས་པ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་ཇི་ལྟར་གནས་ཏེ་མི་གནས་སོ། །གཞན་དོན་བྱས་ན་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུ་ཅན་དུ་འགྱུར་རོ། །བྱང་ཆུབ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་བསྐྱེད་ཅིང༌། དེའི་རྩ་བའང་སྙིང་རྗེ་ཡིན་པས། རེས་འགའ་བསྒོམ། རེས་འགའ་མི་བསྒོམ་པ་མ་ཡིན་པ་བརྟན་པ་དེ་རྒྱལ་བའི་སྲས་པོ་རྣམས་ཀྱིས་རྒྱུན་དུ་བསྒོམ་པར་བྱའོ། །ཅིའི་ཕྱིར་སྙིང་རྗེ་བསྒོམ་དགོས་ཤེ་ན། སྙིང་རྗེ་གང་ཞིག་བསྒོམ་པས་སྙིང་རྗེ་ལ་བརྟན་པས་ཏེ་དབང་ཐོབ་པར་བྱས་པས་ནི། གཞན་གྱི་སྡུག་བསྔལ་མི་བཟོད་པས་རང་དོན་གྱི་བདེ་བ་ཐོབ་པའི་དོན་གྱི་བསམ་པ་དོར་ནས། གཞན་གྱི་དོན་དུ་མནར་མེད་པའང་འཇུག་པར་བྱེད་དོ། །གཏམ་བྱ་རིན་ཆེན་ཕྲེང་བ་ལས། བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་ལྷུན་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་སྙིང་རྗེ་ལགས། །ཞེས་སོ། །གཞན་དོན་དུ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྟོང་ཉིད་དང་བཅས་པ་བསྒོམ་པ་འདི་ནི། རྨད་དུ་བྱུང་བས་ངོ་མཚར་བས་ན་རབ་ཏུ་བསྔགས་སོ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་ཚུལ་ལུགས་མཆོག་ཏུ་གྱུར་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ཀྱིས་རང་ལུས་དང་ནོར་རྣམས་བྱིན་པ་ངོ་མཚར་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་དགེ་བའང་སྤྱད་དུ་མེད་དོ་ཞེ་ན། བདེན་འཛིན་གཅོད་པའི་དོན་དུ་ཆོས་རྣམས་སྟོང་པ་ཉིད་དུ་ཤེས་ནས་ཀྱང༌། དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་ལས་ཀྱང་འདི་རྨད་བྱུང༌། །ཞེས་སོ། །འདི་ནི་རིགས་པ་དྲུག་ཅུ་པ་ལས་ཀྱང་གསུངས་སོ། །སེམས་ཅན་སྐྱོབ་པའི་བསམ་པའི་དོན་འདི་ནི། སེམས་ཅན་མི་འདོར་བ་ཡིན་པས། སེམས་ཅན་ལ་དམིགས་ནས་སྐྱེ་དགོས་པས། སྲིད་པའི་འདམ་དུ་སྐྱེ་མོད་ཀྱི། །ཞེས་གསུངས་སོ། །འོན་ཀྱང་སྲིད་པའི་སྐྱོན་གྱིས་མི་གོས་ཏེ། འདམ་དུ་སྐྱེས་པའི་པདྨ་འདམ་གྱིས་གོས་པ་མེད་པ་བཞིན་དུ། སྲིད་པའི་སྐྱོན་གྱིས་གོས་པ་མེད་དོ། །ཉོན་མོངས་པ་མེད་ན་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་མེད་པའི་ཕྱིར། གཞན་དོན་དུ་སྐྱེ་བ་ལེན་པ་མེད་པར་འགྱུར་ཞེ་ན། ཀུན་ཏུ་བཟང་པོ་ལ་སོགས་པའི་རྒྱལ་སྲས་རྣམས་ཀྱིས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེགས་པས་ཉོན་མོངས་པ་མེད་མོད་ཀྱི། འོན་ཀྱང་ཐུགས་རྗེ་བརྟན་པར་འགྱུར་པ་མངའ་བས། གཞན་གྱི་དོན་དུ་འགྲོ་བའི་མགོན་པོས་མཛད་པའི་ཚུལ་སྟོན་པར་མཛད་དོ། །སྟོན་པར་མཛད་པ་དེ་གང་ཞེ་ན། དགའ་ལྡན་གྱི་གནས་ནས་འཛམ་བུ་གླིང་དུ་གཤེགས་པ་དང༌། བལྟམས་པའི་ཚུལ་བསྟན་པ་དང༌། བཙུན་མོའི་འཁོར་གྱི་རོལ་པ་དང༌། ཁབ་ནས་འབྱུང་བ་དང༌། ནཻ་རན་ཛ་ནའི་འགྲམ་དུ་དཀའ་བ་སྤྱད་པ་དང༌། རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་བརྙེས་པ་དང༌། བདུད་ཀྱི་སྡེ་འཇོམས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ལྷ་ཡི་ཡུལ་དུ་འཇུག་པ་དེ་བཞིན་དུ། རྩྭ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པའི་ཚུལ་ལ་སོགས་པ་ཐུགས་རྗེའི་རྫུ་འཕྲུལ་གྱི་དབང་གིས་སྟོན་པར་མཛད་དོ། །གཞན་ཡང་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་སྟོན་པ་ནི། ཚངས་པ་དང༌། དབང་ཕྱུག་དང༌། ཁྱབ་འཇུག་དང༌། དྲག་པོ་ལ་སོགས་པའི་གཟུགས་སུ་སྤྲུལ་ནས། རྟག་ཏུ་ཐུགས་རྗེ་ཆེན་པོ་རྣམ་པར་རོལ་པའི་སྟོབས་ཀྱིས་འགྲོ་བ་འདུལ་བའི་སྦྱོར་བ་མཛད་དོ། །མཐར་ཐུག་གི་འབྲས་བུ་སངས་རྒྱས་ཁོ་ནར་ངེས་ན། ཐེག་ཆེན་ཁོ་ནར་ངེས་ཀྱི་ཐེག་པ་གཞན་གཉིས་བསྟན་པ་དོན་མེད་དོ་ཞེ་ན། ཐེག་ཆེན་ལས་ལོགས་སུ་ཐེག་པ་གཉིས་པོ་བསྟན་པའི་དགོས་པ་དག་ཀྱང་ནི། སྲིད་པའི་ལམ་གྱིས་དུབ་པ་རྣམས་ལ་བར་སྐབས་སུ་ངལ་བསོ་བའི་དོན་དུ་ཡིན་གྱི། དེ་ཉིད་ངེས་པའི་དོན་དུ་མ་ཡིན་ནོ། །ཉན་ཐོས་དེ་དག་ཀྱང་མཐར་ཐུག་ཐེག་པ་ཆེན་པོས་ངེས་པར་འབྱུང་དགོས་སོ། །འདི་ནི་ཐེག་པ་ཆེན་པོ་ལ་རིམ་གྱིས་དྲངས་པའི་དོན་ནོ། །ཐེག་པ་ཆེན་པོ་ལ་རིམ་གྱི་འཇུག་ཚུལ་ནི། ཉན་ཐོས་དེ་དག་ཇི་ལྟར་དུ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་དེ་སྲིད་དུ། དག་པའི་ཞིང་དུ་པདྨའི་སྦུབས་སུ་སྐྱེས་ནས་ཡེ་ཤེས་ཀྱི་ལུས་གཅིག་གི་གནས། ཏིང་ངེ་འཛིན་གྱིས་མྱོས་པས་བརྒྱལ་ཏེ་གནས་སོ། །དེ་ནས་འོད་དཔག་མེད་ལ་སོགས་པའི་ཡེ་ཤེས་འོད་ཟེར་གྱིས་བསྐུལ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ནས་སྤྲུལ་པའི་གཟུགས་སྣ་ཚོགས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་ལ་དགའ་བར་བྱེད་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས། རིམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །འདི་གཞན་དུ་སྐྱེ་བ་ལེན་པའི་རྒྱུ་ངོས་བཟུང་བ་ནི། སྒྲིབ་པ་གཉིས་ཀྱི་བག་ཆགས་རྒྱུད་ལ་ཡོད་པས་ན། བག་ཆགས་དེ་ཉིད་ལ་སྲིད་པར་སྐྱེ་བའི་ས་བོན་དུ་བརྗོད་དེ། ས་བོན་ཡོངས་སུ་སྨིན་པའི་རྗེས་ཀྱི་མཐར་རྒྱུ་རྐྱེན་ཡོངས་སུ་སྨིན་པའི་དབང་གིས་སྲིད་པར་སྐྱེ་བ་ལེན་པའི་མྱུ་གུ་བསྐྱེད་པར་བྱེད་དོ། །འཇིག་རྟེན་གྱི་བསམ་པའི་དབྱེ་བས་སེམས་ཅན་རྣམ་པ་མང་པོ་ལ། སེམས་ཅན་རྗེས་སུ་འཛིན་པའི་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་བསམ་པ་དང་རྗེས་སུ་མཐུན་པར་འཇིག་རྟེན་མགོན་པོ་རྣམས་ཀྱིས་ཆོས་བསྟན་ནོ། །ཆོས་བསྟན་ཚུལ་ནི། ངེས་དོན་དང་ངེས་དོན་མ་ཡིན་པའི་སྣོད་ཀྱི་དབྱེ་བས་ཟབ་པ་དང་ཟབ་པ་མ་ཡིན་པའི་དབྱེ་བ་དང༌། གནས་སྐབས་ལ་ལར་ནི། ཟབ་པ་དང་ཟབ་པ་མ་ཡིན་པ་གཉིས་ཀའི་མཚན་ཉིད་ཀྱིས་བསྟན་ནོ། །གནས་སྐབས་ལ་ལར་ནི་ཆོས་ཅན་དང༌། སྟོང་པ་ཉིད་གཉིས་སུ་དབྱེར་མེད་པའི་མཚན་ཉིད་བསྟན་ནོ། །འོ་ན་གཉིས་སུ་དབྱེར་མེད་ན་ཐ་དད་དུ་བསྟན་པ་ཅི་ཞེ་ན། གནས་སྐབས་ལ་ལར་ཆོས་ཅན་དང་ཆོས་ཉིད་ཀྱི་དབྱེ་བ་ཐ་དད་དུ་བསྟན་པར་མཛད་ཅིང༌། ཡང་ལ་ལར་གང་ཡང་སངས་རྒྱས་ཀྱི་གཟུགས་སྐུ་ཐ་དད་དུ་བསྟན་པ་རྣམས་དང༌། ས་བཅུ་དང་ཕ་རོལ་དུ་ཕྱིན་པ་སྟེ། བྱང་ཆུབ་ཀྱི་སེམས་རྟོགས་པའི་ཡན་ལག་ཏུ་ཀུན་ལ་སྟོན་ཅིང༌། དེ་རྟོགས་པའི་དོན་དུ་འགོད་པར་མཛད་དོ། །བྱང་ཆུབ་སེམས་དཔའི་ཆེ་བ་ཁྱད་དུ་བརྗོད་པ་ནི། བདེན་འཛིན་བཟློག་པའི་དོན་དུ་ཐམས་ཅད་སྟོང་པ་ཉིད་དུ་རྩོད་པར་བྱེད་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་སེམས་ཅན་གི་དོན་བྱེད་པ་དེ་ལྟར་ན། རྟག་ཏུ་གཞན་དོན་ལ་གནས་པས་གཞན་དོན་རྒྱུན་ཆད་པ་མ་ཡིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པ་ངོས་བཟུང་ནས་དེ་ལ་གནས་པར་བྱེད་པའི་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་འཁོར་བ་དང༌། མྱ་ངན་ལས་འདས་པ་ལ་བླང་དོར་དུ་འཛིན་པའི་ཚུལ་གྱིས་མི་གནས་པ་དེ་ནི། འདིར་སངས་རྒྱས་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པར་བཤད་དོ། །གང་ལ་རྒྱལ་བའི་སྲས་སུ་བརྗོད་ཅེ་ན། སྟོང་ཉིད་རྟོགས་པའི་ཡེ་ཤེས་ནི་བདུད་རྩིའི་མཆོག་ཏུ་གྱུར་པ་ཡིན་པས། བསོད་ནམས་དང་སྙིང་རྗེ་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ། དེ་དག་བདག་དང་གཞན་གྱི་དོན་བསྒྲུབ་པར་བྱ་བའི་དོན་དུ། སྟོང་ཉིད་སྙིང་རྗེ་དང་ལྡན་ཞིང་སྟོང་ཉིད་གང་འཐུང་བ་ནི་རྒྱལ་སྲས་ཡིན་ཞེས་བརྗོད་དོ། །དེ་ནི་འཇིག་རྟེན་གྱི་འདྲེན་པ་སྟེ་རྒྱལ་བའི་གདུང་འཚོབ་ཀྱི་དོན་དུ་བཞུགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཆེ་བ་བརྗོད་ནས་དེ་ལ་འདུད་དགོས་པར་བསྟན་པ་ནི། སྲིད་པ་གསུམ་ན་མཆོད་པར་འོས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལུས་ངག་ཡིད་གསུམ་གྱི་དངོས་པོ་ཀུན་གྱིས་འདུད་དོ། །ཐེག་པ་ཆེན་པོ་ཉམས་སུ་ལེན་པའི་ཚུལ་བསྟན་པ་ནི། ཐེག་པ་ཆེན་པོ་འདི་ལ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་མཆོག་ཏུ་གྱུར་པ་ཡིན་པ་བསྟན་པས་ན། བྱང་ཆུབ་དུ་ནི་སེམས་བསྐྱེད་ནས་སྟོང་པ་ཉིད་ལ་འབད་པས་མཉམ་པར་བཞག་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་མ་བཟུང་བར་སངས་རྒྱས་ནམ་ཡང་མ་མཐོང་ཞིང༌། འཁོར་བར་གནས་ནས་བདག་གཞན་གྱི་དོན་བསྒྲུབ་པ་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ལས་ཐབས་གཞན་ཡོད་པ་མ་ཡིན་ནོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཙམ་གྱིས་ནི། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཉེ་བར་བསགས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་དེ་ལ་གཟུགས་ཡོད་ན། ནམ་མཁའི་ཁམས་སུ་ཤོང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་ཕན་ཡོན་བསྟན་པ་ནི། སྐྱེས་བུ་གང་ཞིག་བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་ཙམ་ཡང་བསྒོམ་པར་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་རྒྱལ་བས་ཀྱང་བགྲང་བར་མི་སྤྱོད་དེ་མཐའ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་ནོར་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གཅིག་པུ་པ་དེ་བཤེས་སྤྲིང་ལས། ནོར་གཞན་ཕན་པ་དོན་མ་མཆིས་རྟོགས་མཛོད། །ཅེས་སོ། །ནོར་གཞན་ནི་འཕྲོག་དུ་ཡོད་ཀྱི། འདི་འཕྲོག་དུ་མེད་དོ་ཞེས་སྟོན་པ་ནི། ཉོན་མོངས་པའི་བདུད་ལ་སོགས་པ་ཆོམ་རྐུན་དང་འདྲ་བ་རྣམས་ཀྱིས་གཞོམ་པ་དང་འཕྲོག་ཏུ་མེད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ལ་གནས་དགོས་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །ཀུན་ཏུ་བཟང་པོའི་སྨོན་བཞིན་དུ། །བྱང་ཆུབ་སེམས་ལ་གཞོལ་བ་ཡིས། །བློ་གྲོས་རབ་ཏུ་བརྟན་པར་བྱ། །ཞེས་གདམས་སོ། །བྱང་ཆུབ་ཀྱི་སེམས་ལ་ངོ་མཚར་བའི་བློ་བསྐྱེད་ནས་ཁྱེད་ཅག་གིས་ཀྱང་གོང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་དེ་ལྟར་དུ་འབད་པར་གྱིས། དེའི་ཕན་ཡོན་ནི། དེ་རྗེས་ཀུན་ཏུ་བཟང་པོས་བསྔགས་པའི་བྱང་ཆུབ་ཀྱི་སེམས་རང་ཉིད་ཀྱིས་རྟོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་འགྲེལ་པ་བརྩམས་པའི་དགེ་བ་བསྔོ་བ་ནི། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་མཆོག་ལ་བསྟོད་པར་མཛད་པས། ཕན་ཡོན་ཆེན་པོ་ཉིད་དུ་རིག་ནས་དེའི་རྗེས་སུ་འབྲངས་ཏེ། བྱང་ཆུབ་སེམས་ཀྱི་འགྲེལ་པ་བྱས་པའི་བསོད་ནམས་མཚུངས་པ་མེད་པར་དེ་རིང་ཀླུ་སྒྲུབ་བདག་གིས་གང་བསགས་པ་དེ་ནི་བསྔོ་རྒྱུའོ། །དགེ་བ་དེས་སེམས་ཅན་སྲིད་མཚོའི་རྦ་ཀློང་ནང་དུ་བྱིང་བ་རྣམས་ཀྱི་ཆེད་དུ་བསྔོའོ། །བསྔོ་བ་ནི། རྐང་གཉིས་དབང་པོ་རྫོགས་པའི་སངས་རྒྱས་ཀྱིས་བརྟེན་པའི་གནས་སུ་འགྲོ་བར་ཤོག་ཅེས་པའོ། །བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པའི་འགྲེལ་བཤད་རྫོགས་སོ།། ༈ །བསྒྱུར་བྱེད་གང་གིས་ཞེ་ན། ཆོས་འདི་མཛད་པའི་ཆེ་བ་དང༌། བརྗོད་བྱ་བཟང་བ་དང༌། རྗོད་བྱེད་དབྱིངས་སུ་གྱུར་པའི་སྟོབས་ཀྱིས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་རྩལ་ཕྱུང་ཞིང་བསྒྱུར་བ་མང་དུ་སྣང་བ་ལས། ལོ་ཙཱ་བ་རབ་ཞི་ཆོས་ཀྱི་བཤེས་གཉེན་ལ་གཞི་བྱས་ཏེ། གུ་རབ་ཆོས་ཀྱི་ཤེས་རབ་ཀྱི་དང༌། སེང་དཀར་ཤཱཀྱ་འོད་དང༌། ཤེས་རབ་གྲགས་པ་དང༌། མར་པ་ཆོས་ཀྱི་དབང་ཕྱུག་དང༌། པ་ཚབ་ཉི་མ་གྲགས་པ་དང༌། མང་སྣ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར་དྲུག་ལས། ཚིག་དོན་གང་བཟང་བ་རྣམས་བྲིས་པའོ། །འཛམ་གླིང་མཁས་པའི་རྒྱན་གྱི་མཆོག་གྱུར་པ། །རྒྱལ་བའི་ལུང་བསྟན་བརྙེས་པ་ཀླུ་སྒྲུབ་ཀྱིས། །ལེགས་པར་གསུངས་པ་བྱང་ཆུབ་སེམས་འགྲེལ་འདི། །གངས་རིའི་ཁྲོད་འདིར་མཁས་རློམ་མང་ན་ཡང༌། །རིང་དུ་བརྟགས་ཀྱང་སྤྱོད་ཡུལ་མ་ཡིན་པས། །གཞུང་གི་འགྲེལ་པ་མཛད་པ་ཇི་བཞིན་དུ། །རྣམ་བཤད་ཉི་མའི་འོད་ཟེར་ཞེས་བྱ་འདི། །གཞན་ལ་ཕན་པའི་བསམ་པས་འདི་བྱས་སོ། །བདེ་གཤེགས་གསུང་རབ་རབ་ཏུ་ཟབ་པའི་དོན། །དོན་བཞིན་རྣམ་འགྲེལ་འགྲེལ་པ་ཟབ་པའི་མཆོག །མཆོག་ཏུ་རབ་བཤད་བཤད་པའི་དགེ་བའི་ཚོགས། །ཚོགས་གཉིས་རབ་རྫོགས་རྫོགས་སངས་རྒྱས་ཐོབ་ཤོག །མཁྱེན་རབ་བདག་ཉིད་རྗེ་བཙུན་འཇམ་དཔལ་དབྱངས། །ཐུགས་རྗེ་ཆེ་ལྡན་འཕགས་པ་སྤྱན་རས་གཟིགས། །མཐུ་སྟོབས་དབང་ཕྱུག་མི་མཐུན་ཀུན་འཇོམས་པ། །རིགས་གསུམ་མགོན་པོས་རྟག་ཏུ་དགེ་ལེགས་མཛོད། །ལྷ་མི་ཀུན་གྱི་མཆོད་པའི་གནས་གྱུར་མཆོག །འགྲོ་བ་ཡོངས་ལ་ཕན་པའི་དགའ་སྟོན་འགྱེད། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བདག་གི་སྨོན་ལམ་ཇི་བཞིན་འགྲུབ་གྱུར་ཅིག །བདག་གི་བློ་གྲོས་མཆོག་ཏུ་ཟབ་པ་དང༌། །མང་དུ་ཐོས་ཤིང་ལེགས་པར་སྦྱངས་པའི་མཐུས། །ལེགས་བཤད་རྩོམ་ལ་ཐོགས་པ་ཡོད་མིན་ཀྱང༌། །རེ་ཞིག་འདི་ཙམ་ཞིག་ལ་གནས་པར་བྱས། །ཞེས་བྱང་ཆུབ་ཀྱི་སེམས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་འདི་ནི། རོང་སྟོན་ཆེན་པོ་ཐམས་ཅད་མཁྱེན་པས་རབ་བྱུང་གི་ལོ་ལ་དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་ཡང་དགོན་ཆོས་ཀྱི་མངོན་པར་མཐོ་བའི་ཆོས་གྲྭར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply