ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་མན་ངག་ཟབ་དོན་སྙིང་པོ།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པའི་མན་ངག་ཟབ་དོན་སྙིང་པོ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གང་ལ་གང་གིས་སྐྱབས་སུ་སོང་བ་གང༌། །མི་འཇིགས་བླ་མེད་ཡོངས་སུ་སྦྱིན་མཛད་པ། །སྐྱོབ་པ་བླ་མེད་ཐུབ་པའི་དབང་པོའི་ཞབས། །དད་པའི་གཙུག་གི་ནོར་བུས་མཆོད་པར་བྱ། །གང་སྐུ་ཡིད་འོང་མཚན་དཔེའི་འོད་སྟོང་ལྡན། །གང་གསུང་སྙན་པ་ལྷའི་རྒྱུད་མངས་སྒྲ། །གང་ཐུགས་དྲི་མེད་མཁའ་ལྟར་རྣམ་དག་པ། །རྒྱལ་བ་མ་ཕམ་པ་ལ་ཕྱག་འཚལ་ལོ། །ལེགས་པར་སྦྱངས་པའི་བློ་གྲོས་མཐུ་ཐོབ་པས། །གཞན་ལ་མ་གྲགས་མན་ངག་སྙིང་པོའི་དོན། །སྔོན་མེད་ལེགས་བཤད་ཤིང་རྟའི་སྲོལ་འབྱེད་འདི། །སྐྱོན་བྲལ་ངག་གི་རྣམ་པར་བཤད་པར་བྱ། །ལམ་ཉམས་སུ་ལེན་པའི་གཞི་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཏེ། སྐྱབས་སུ་འགྲོ་བ་ནི། ལམ་ཉམས་སུ་ལེན་པའི་མི་མཐུན་ཕྱོགས་ཀྱི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་ལ། སེམས་བསྐྱེད་ཀྱིས་ནི་དགེ་བའི་རྩ་བ་ཇི་སྙེད་པ་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བར་བྱེད་དོ། །འདི་གཉིས་ལམ་གྱི་གཞི་དང་རྩ་བ་ཡིན་པས། འདི་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །མདོ་སྡེ་རྒྱན་ལས། ཐོག་མར་སྐྱབས་འགྲོའི་ལེའུ་བསྟན་པ་དང༌། རྒྱུད་བླ་མ་ལས། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བསྟན་ཅིང༌། འདིར་ཡང༌། དཀོན་མཆོག་གསུམ་ལ་འདོམས་པའི་མན་ངག་གིས་བསྟན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཞེས་པའི་ཚིག་སྒྲོགས་པ་ཙམ་གྱིས་མི་ཕན་པས་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །དངོས་གཞི་དམིགས་པ་རྣམས་ཉམས་སུ་ལེན་པའི་ཚུལ་བསྟན་པ་ནི། ཉན་ཐོས་དང་ཐུན་མོང་བ་བདེན་པ་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་སྒོམ་པ་ལ་འཇུག་པར་བྱ་སྟེ། ཚེ་འདི་ལ་མངོན་ཞེན་སྤོང་བ་དང༌། རྨི་ལམ་ལ་འབད་པའི་ཐབས་མི་རྟག་པ་དང༌། སྡུག་བསྔལ་བའི་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཉེས་དམིགས་རིག་ནས་སྤོང་འདོད་བསྐྱེད་པའི་དོན་དུ། རྒྱུ། ཀུན་འབྱུང༌། རབ་སྐྱེས། རྐྱེན་གྱི་རྣམ་པ་བཞི་བསྒོམ་པར་བྱའོ། །ཐར་པ་བསྐྱེད་པའི་དོན་དུ། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་གི་རྣམ་པ་བཞི་བསྒོམ་པར་བྱའོ། །ཀུན་འབྱུང་གི་གཉེན་པོ་གང་ཡིན་ཞེ་ན། དེ་སྤོང་བྱེད་ཀྱི་གཉེན་པོ། ལམ། རིག་པ། སྒྲུབ་པ། ངེས་འབྱིན་གྱི་རྣམ་པ་བཞི་བསྒོམ་པར་བྱའོ། །འདི་རྟོགས་པའི་དོན་དུ། ལམ་རྒྱུད་ལ་བརྟེན་དགོས་པར་བསྟན་པ་ཡིན་ནོ། །དབུས་མཐའ་ལས། སེམས་ཀྱི་དབྱེ་བ་ཆུང་ངུ་ནི། །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །ཞེས་འབྱུང་བས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་བདེན་འཛིན་ཕྲ་མོ་འབྱུང་བ་ཡང་རིག་པར་བྱས་ནས་སྤོང་དགོས་པས། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་སོ། །འདིའི་དོན་ཉམས་སུ་ལེན་པའི་ཚུལ་ནི། མི་རྟག་ལ་སོགས་བཅུ་དྲུག་པོ་རེ་རེ་ཡང༌། དམིགས་ཀྱི་བགར་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱི་བརྟགས་ནས་ཅིར་ཡང་མ་རྙེད་པའི་དོན་ལ། ཏིང་ངེ་འཛིན་དེའི་བྱེད་པ་ཉིད་ཅེས་འབྱུང་བ་ལྟར་བྱིང་རྒོད་གཉིས་དང་བྲལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱའོ། །འདིས་མངོན་པར་ཞེན་པ་འགོག་པ་ནི་འབྲས་བུའོ། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པ་དང༌། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པའི་བསྒོམ་དོན་ནོ། །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་པས་ནི། སྟོང་ཉིད་བསྒོམ་པའི་བྱེད་པ་བསྟན་ནོ། །བདེན་འཛིན་ཕྲ་མོ་ཡང་ཤེས་པར་བྱས་ནས་སྤོང་དགོས་པས། གཟུགས་དང་ཚོར་བ་སོགས་དགག་སྒྲུབ་ཀྱི་རྣམ་པ་ཇི་སྙེད་པ་བྱུང་བ་ཡང་རིག་པར་བྱས་ནས། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་ཚུལ་གྱིས་སོ་སོར་རྟོགས་ནས། མི་དམིགས་པའི་དོན་ལ། ཏིང་ངེ་འཛིན་གྱི་མཉམ་པར་བཞག་པར་བྱའོ། །འདིའི་འབྲས་བུ་ཡང༌། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པ་སྟེ། གཟུགས་སོགས་འདུ་འགོད་བྲལ་ཞེས་པའི་བསྒོམ་དོན་ནོ། །རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་ལ་དམིགས་ནས་བརྗོད་བྱ་དང༌། དེའི་རྗོད་བྱེད་ཀྱི་མིང་ལ། མངོན་པར་ཞེན་པ་ཇི་སྙེད་བྱུང་བ་ཡང༌། ཐོག་མར་རང་རང་གི་མཚན་ཉིད་ལ་བརྟགས། དེ་ནས་སྤྱིའི་མཚན་ཉིད་ལ་བརྟགས། དེ་ནས་རྗོད་བྱེད་ཀྱི་མིང་ལ་བརྟགས། དེ་ནས་བརྗོད་བྱ་དང༌། རྗོད་བྱེད་ཀྱི་མངོན་པར་ཞེན་པ་ལ། ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས་མི་དམིགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པར་བྱའོ། །བརྗོད་བྱ་རྗོད་བྱེད་མངོན་པར་ཞེན་པ་འགོག་པ་ནི། དགོས་པའམ་འབྲས་བུའོ། །གནས་དང་གནས་བྲལ་མེད་ཅེས་པའི་བསྒོམ་དོན་ནོ། །མཉམ་བཞག་ཏུ་བདེན་འཛིན་མངོན་འགྱུར་བའི་ནུས་པ་ཅུང་ཟད་བཅོམ་པས། རྗེས་ཐོབ་ཏུ་བཏགས་པ་ཙམ་དུ་ཞེན་པ་འབྱུང་བས། དེ་འཇོམས་པའི་དོན་དུ། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཞེས་པའི་ཚུལ་དུ་བཏགས་པ་ཙམ་ཡང་མི་དམིགས་པར་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །ཤེས་རབ་ཀྱིས་བརྟགས་ན། དགེ་མི་དགེ་སོགས་གང་ཡང་མི་དམིགས་པས། དགེ་མི་དགེ་སོགས་གང་དུ་ཡང་བརྗོད་དུ་མེད་པའི་ཚུལ་དུ་རྟོགས་པའི་དམིགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པར་བྱའོ། །འདི་ནི་བརྟགས་དང་བརྗོད་མེད་ཅེས་པའི་སྒོམ་དོན་ནོ། །མཉམ་པར་བཞག་པའི་དུས་སུ་བསྒྲིམས་ཀྱང་མི་མཐུན་ཕྱོགས་ཅུང་ཟད་འབྱུང་ན་དྲོད་ཆུང་ངུའོ། །འབད་རྩོལ་ཆེན་པོས་སྒྲིམ་པའི་དུས་སུ་མི་འབྱུང་ན་འབྲིང་པོའོ། །འབད་རྩོལ་ཆེན་པོ་མ་བྱས་ཀྱང་མི་འབྱུང་ན་ཆེན་པོའོ། །ཞེས་དམ་པས་གསུང་ངོ༌། །རྩེ་མོའི་དམིགས་རྣམ་བསྒོམ་ཚུལ་ལ། གཟུགས་སོགས་ལ་མངོན་པར་ཞེན་པའི་ཚུལ་གྱིས་མི་གནས་ཏེ། ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས། གཟུགས་སོགས་མི་དམིགས་པར་རྟོགས་པའི་ཕྱིར་རོ། །ཅིའི་ཕྱིར་ཤེས་རབ་ཀྱིས་བརྟགས་ན་མི་དམིགས་ཤེ་ན། གཟུགས་དང་ཚོར་བ་སོགས་སུ་སྣང་ཡང༌། རང་བཞིན་ནམ་ངོ་བོ་མི་དམིགས་པའི་ཕྱིར་རོ། །གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོ་རང་བཞིན་མེད། །ཅེས་པའི་བསྒོམ་དོན་ནོ། །ཡང་ན་ཤེས་རབ་ཀྱིས་བརྟགས་ནས། གཟུགས་སོགས་ལ་དམིགས་པའི་དོན་ལ་མཉམ་པར་བཞག་པས། རྗེས་ཐོབ་གནས་བྱ་མ་ཡིན་པར་ངེས་པའོ། །གཟུགས་དང་ཚོར་བ་སོགས་རགས་པ་ནི་ངོ་བོ་ཉིད་ཀྱིས་སྟོང་ལ། སྐད་ཅིག་གཅིག་དང༌། རྡུལ་ཕྲ་རབ་ནི་ངོ་བོ་ཉིད་ཀྱིས་མི་སྟོང་སྙམ་དུ་སྟོང་མི་སྟོང་སོགས་ཀྱི་བྱེ་བྲག་ཡོད་པར་འཛིན་པ་བྱུང་ན། དེ་ཡང་སྤང་དགོས་པས། སྟོང་མི་སྟོང་སོགས་ཀྱི་ཐད་དུ་འཛིན་པ་གཞོམ་པའི་དོན་དུ། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་ཚུལ་དུ། ཐམས་ཅད་ཀྱང་སྟོང་པ་ཉིད་དུ་རོ་གཅིག་པར་ལྟ་བས་རྟོགས་ནས། དེ་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པར་བྱའོ། །འོག་ཏུ་ཡང༌། གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་ཉིད་རྣམ་པར་དབྱེར་མེད་པས། །ཞེས་གསུངས་པ་ལྟར་རོ། །དེ་དག་གཅིག་གི་རང་བཞིན་གཅིག་ཞེས་པའི་བསྒོམ་དོན་ནོ། །ཁྱད་གཞི་གཟུགས་ནས་རྣམ་མཁྱེན་གྱི་བར་ཤེས་རབ་ཀྱི་བརྟགས་ན་མི་དམིགས་པས། ཁྱད་གཞི་མེད་པའི་ཕྱིར། ཁྱད་ཆོས་རྟག་མི་རྟག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་སོགས་ཀྱང་བརྟགས་ན་མི་དམིགས་པས། གཟུགས་སོགས་དེ་དག་བརྟགས་པ་དང༌། མི་རྟག་པ་སོགས་དང༌། ཡུལ་ཅན་གཉིས་འཛིན་གྱི་བློ་ཐམས་ཅད་ཀྱང་ཐོག་མར་རེ་རེ་ནས་གསལ་བཏབ་ནས། རྗེས་ཐོགས་སུ་སྟོང་ཉིད་རྟོགས་པའི་བློས་མི་དམིགས་པར་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །དེ་མི་རྟག་སོགས་པར་མི་གནས་ཞེས་པའི་བསྒོམ་དོན་ནོ། །ཅིའི་ཕྱིར། ཤེས་རབ་ཀྱི་བརྟགས་ན་མི་དམིགས་ཤེ་ན། དེ་རྣམས་རང་རང་ངོ་བོས་སྟོང་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་རགས་པ་དང༌། ཤེས་པའི་རྒྱུན་རྣམས་ནི་ཀུན་རྫོབ་ཡིན་པས་ངོ་བོ་ཉིད་ཀྱིས་སྟོང་ལ། རྡུལ་ཕྲ་རབ་དང་སྐད་ཅིག་མ་རྣམས་ནི་དོན་དམ་ཡིན་པས་ངོ་བོ་ཉིད་ཀྱིས་མི་སྟོང་ངོ་སྙམ་ན། ཐམས་ཅད་ཀྱང་རང་རང་གི་ངོ་བོས་སྟོང་པས་སྟོང་པ་ཉིད་དུ་རོ་གཅིག་པར་ལྟ་བས་རྟོགས་ནས་དེ་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པར་བྱའོ། །འདིར་ཡང༌། དེ་དག་སྐད་ཅིག་རང་བཞིན་གཅིག །ཅེས་པའི་བསྒོམ་དོན་ནོ། །ཤེས་རབ་ཀྱིས་བརྟགས་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་མཚན་མ་དང༌། སྤུ་རིས་དང་མི་འདྲ་བའི་ཁྱད་པར་ཡང་མ་དམིགས་པས་ན། ཆོས་རྣམས་ཀྱི་མཚན་མ་མི་དམིགས་པའི་དོན་ལ། ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པར་བྱའོ། ཅིའི་ཕྱིར་བརྟགས་ན་མཚན་མ་མི་དམིགས་ཤེ་ན། ཤེས་རབ་ཀྱིས་བརྟགས་ན་ཆོས་གང་གི་ཡང་མཚན་མར་གཟུང་བྱ་མ་མཐོང་བའི་ཕྱིར། མཚན་མ་མེད་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏེ། ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པའི་བསྒོམ་དོན་ནོ། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པས་ནི་ཐམས་ཅད་ཀྱི་བསྒོམ་དོན་བསྟན་ནོ། །དྲོད་རྩེ་གཉིས་ཀྱི་སྐབས་སུ་སྟོང་ཉིད་ཡང་ཡང་བསྒོམ་པས་བཟོད་པའི་སྐབས་སུ་བསྒོམ་མི་དགོས་སྙམ་ན། བསྒོམ་དགོས་པར་བསྟན་པ་ནི། ཤེས་རབ་ཀྱིས་བརྟགས་ཏེ། གཟུགས་སོགས་ངོ་བོ་ཉིད་མེད་པར་རྟོགས་པར་བྱས་ནས། ཡང་དང་ཡང་དུ་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །ཅིའི་ཕྱིར་གཟུགས་སོགས་ངོ་བོ་ཉིད་མེད་པར་བསྒོམ་པར་བྱ་ཞེ་ན། གཟུགས་སོགས་ངོ་བོ་ཉིད་མེད་པ་ཉིད་གཟུགས་སོགས་ཀྱི་གནས་ཚུལ་ཡིན་པས་ཡང་དང་ཡང་དུ་བསྒོམ་པར་བྱ་དགོས་སོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པ་སྟེ། ཚིག་རྐང་གཉིས་གསུངས། དེའི་བསྒོམ་དོན་ནོ། །འཁོར་བ་ནི་དོར་བྱ། མྱ་ངན་ལས་འདས་པ་ནི་བླང་བྱའོ་སྙམ་དུ་མཚན་མར་འཛིན་པའི་གཉེན་པོ་བསྒོམ་པ་ནི། འཁོར་འདས་གཉིས་སོ་སོ་ནས་རང་བཞིན་མེད་པར་རྟོགས་པར་བྱ་སྟེ། རྗེས་ཐོབ་ཏུ་གཉིས་ཀ་ཡང་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །སྲིད་ཞི་རང་བཞིན་མེད་པར་མཉམ་པ་ཉིད་དུ་བསྒོམ་པ་དང་དོན་གཅིག་གོ །དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཅེས་པའི་བསྒོམ་དོན་ནོ། །སངས་རྒྱས་ཀྱི་སར་སྐུ་གསུང་ཐུགས་རྣམ་པར་དག་པ་ཐོབ་པའི་དོན་དུ། ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམ་པར་བྱའོ་ཞེས་པ་སྟེ། དག་དང་ཞེས་གསུངས་པའི་བསྒོམ་དོན་ནོ། །ཡང་ན་སངས་རྒྱས་ཀྱི་སར་ལུས་ངག་ཡིད་གསུམ་རྣམ་པར་དག་པ་ཐོབ་པའི་རྒྱུ། མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་དགོས་པས་བསྒོམ་ཚུལ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་ནས་སྟོང་པ་ཉིད་དུ་རྟོགས་པར་བྱས་ནས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པའི་ཚུལ་དུ། དམིགས་པ་སོ་སོ་ནས་གསལ་བཏབ་སྟེ། སྟོང་པ་ཉིད་དུ་བསྒོམ་པར་བྱས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེ་རྟོགས་མྱ་ངན་འདས་ཐོབ་རྒྱུ། །རྒྱུ་གཞན་གྱིས་ནི་སྡུག་བསྔལ་ཞི་མི་འགྱུར། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་སོ། །འདི་ནི་དོན་ལེགས་པར་རྟོགས་ནས་བསྒོམ་པ་གལ་ཆེ། སྟོང་ཉིད་བསྒོམ་པའི་ཚུལ་ཡང་རྣམ་པ་གཉིས་ཏེ། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པའི་སྐབས་སུ་བསྟན་པའི་སྒྱུ་མའི་དཔེ་དང༌། ཆུ་ཟླའི་དཔེ་དང༌། རྨི་ལམ་གྱི་དཔེ་དང༌། སྨིག་སྒྱུའི་དཔེ་རྣམས་ཀྱིས་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་བསྒོམ་ཚུལ་སྟེ། སྣང་ཙམ་ལ་དམིགས་ནས། འཛིན་སྟངས་ཀྱི་རང་བཞིན་མེད་པར་རྟོགས་ནས་བསྒོམ་པ་སྟེ། སྣང་སྟོང་དབྱེར་མེད་ཀྱི་ཚུལ་དུ་རྟོགས་ནས་བསྒོམ་པའོ། །འདི་ནི་དབུ་མ་སྒྱུ་མ་ལྟ་བུའི་འདོད་ཚུལ་བསྒོམ་མོ། །ཐོག་མར་སྣང་བ་སོ་སོ་ནས་གསལ་བཏབ་ནས་རྗེས་ཐོབ་ཏུ་སྣང་བ་ཙམ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས་སྣང་བ་ཙམ་ཡང་མི་དམིགས་པ་ནམ་མཁའི་དཀྱིལ་ལྟར་དུ་བསྒོམ་པ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། མཉམ་བཞག་གིས་ནི་ནམ་མཁའི་དཀྱིལ་ལྟར་དུ་མཁྱེན་ཏོ། །ཞེས་གསུངས་སོ། །འདི་ནི་དབུ་མ་རབ་ཏུ་མི་གནས་པའི་འདོད་ཚུལ་གྱིས་བསྒོམ་མོ། །ཁྱད་གཞི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ན། དེ་ལ་མཚན་མར་འཛིན་པ་ལོག་པ་ཡང་དོན་གྱིས་གྲུབ་སྟེ། ཁྱད་གཞི་མ་དམིགས་ན། ཁྱད་ཆོས་མི་དམིགས་པའི་ཕྱིར་རོ། །མཚན་མ་མེད་པའི་བསྒོམ་ཚུལ་བྱེ་བྲག་ཏུ་བཤད་པ་ལས། མཚན་མ་ངོས་བཟུང་བ་ནི། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལས། སོ་སོའི་སྤུ་རིས་མི་འདྲ་བ་དང༌། ངོ་བོའི་ཁྱད་པར་མི་འདྲ་བ་རྣམས་ལ་བྱ་སྟེ། འདུ་ཤེས་ཀྱིས་སོ་སོའི་མི་འདྲ་བའི་ཁྱད་པར་འཛིན་པར་བྱེད་དོ། །དེའི་རྗེས་སུ་འབྲངས་ནས་བདེན་འཛིན་སྐྱེ་བས། མཚན་མ་མི་དམིགས་པ་བསྒོམ་པ་གནད་དུ་ཆེའོ། །ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་མཚན་མ་མེད་ཅེ་ན། ཁྱད་གཞི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས། མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཡིད་ལ་བྱེད་པ་གཉིས་ཀྱི་ཡུལ་མ་དམིགས་པའི་ཕྱིར་རོ། །འདི་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ན། དེ་ལ་བརྟེན་པའི་ཆོས་རྣམས་ཀྱང་མི་དམིགས་པའི་ཕྱིར་ཞེས་པའི་དོན་ཏེ། དག་དང་དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་བརྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པའི་བསྒོམ་དོན་ལེགས་པར་བཤད་དོ། །མཚན་མ་མེད་པའི་དོན་བསྒོམ་ཚུལ་ནི། ཁྱད་གཞི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས། དེ་ལ་བརྟེན་པའི་མཚན་མ་ཡང་མི་དམིགས་པས། མཚན་མ་ལ་སྒྲོ་འདོགས་གཅོད་པའི་ཚུལ་ནི། མཚན་མའམ་སྤུ་རིས་སོ་སོ་ནས་གསལ་བཏབ་ནས། ཤེས་རབ་ཀྱིས་བརྟགས་ཏེ། མི་དམིགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་མཉམ་པར་གཞག་པར་བྱའོ། །ཡང་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་བསྡུས་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། སྟོང་ཉིད་རྟོགས་ནས་བསྒོམ་པར་བྱེད་པའི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། མི་མཐུན་ཕྱོགས་མཚན་མར་འཛིན་པའི་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པའི་ཆ་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བསྟན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། ལྡང་འཇུག་ཐམས་ཅད་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་གྱི་བྱེད་པ་ནི། རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་སྒྲུབ་པའི་ཕྲིན་ལས་འབྱུང་བའོ། །ཏིང་ངེ་འཛིན་བསྒོམས་པས། སངས་རྒྱས་རྣམས་ཀྱི་ལུང་བསྟན་ཐོབ་པ་དང༌། རློམ་པ་དང་ཟད་པའི་ནུས་པ་ཐོབ་པ་ནི། ཏིང་ངེ་འཛིན་གྱི་ཕན་ཡོན་ནོ། །བསྒོམ་བྱ་སྟོང་པ་ཉིད་དང༌། སྟོང་ཉིད་རྟོགས་པའི་ཡུལ་ཅན་ཏིང་ངེ་འཛིན་དང༌། སྟོང་ཉིད་བསྒོམ་པ་པོའི་གང་ཟག་དང་གསུམ་པོ་ཡང་རེ་རེ་ནས་སྟོང་པ་ཉིད་དུ་བསྒོམ་པ་དང༌། རེས་འགའ་ཐམས་ཅད་བསྡོམས་ནས་སྟོང་པ་ཉིད་དུ་རོ་གཅིག་པར་བསྒོམ་པར་བྱ་སྟེ། འདི་ནི་གསུམ་པོ་ཕན་ཚུན་ངོ་བོ་གཅིག་ཅེས་པའི་བསྒོམ་དོན་ནོ། །འདི་ལྟར་བསྒོམ་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །སྟོང་པ་ཉིད་ཀྱང་བདེན་མེད་དུ་བསྒོམ་པར་བྱ་སྟེ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་སོ། །སྟོང་པ་ཉིད་དུ་བདེན་པའི་ཆ་འགོག་པ་ཡིན་གྱི། སྟོང་པ་ཉིད་སྤྱིའི་ལྡོག་ནས་འགོག་པ་ནི་མ་ཡིན་ནོ། །ཀླུ་སྒྲུབ་ཀྱིས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལ་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་སོ། །ཡུལ་ཅན་ཏིང་ངེ་འཛིན་ཡང་བདེན་མེད་དུ་བསྒོམ་པར་བྱ་དགོས་ཏེ། རྟོག་པ་ལ་རློམ་པ་ཡང་བཀག་པའི་ཕྱིར་དང༌། དེ་ལ་སྦྱོར་བ་བཀག་པའི་ཕྱིར་ཞེས་ཀྱང་གསུངས་པས་སོ། །སྟོང་ཉིད་བསྒོམ་པའི་རྣལ་འབྱོར་པ་ཡང་སྟོང་པ་ཉིད་དུ་ཤེས་པར་བྱ་སྟེ། གང་ཟག་རྫས་ཡོད་དུ་འཛིན་པའི་རྟོག་པ་སྤང་དགོས་པའི་ཕྱིར། སྔ་མ་གཉིས་ནི་ཆོས་ཀྱི་བདག་མེད་བསྒོམ་པའི་ཚུལ་ཡིན་ལ། ཕྱི་མས་ནི་གང་ཟག་གི་བདག་མེད་བསྒོམ་པའི་དོན་ཡང་གྲུབ་བོ། །རང་བཞིན་ལྷུན་གྱིས་གྲུབ་པའི་རྟོགས་པ་དང༌། །མངོན་པར་སྦྱངས་པ་བློ་གྲོས་མི་དམན་པས། །ཟབ་དོན་མན་ངག་སྙིང་པོ་རྟོགས་པའི་དོན། །ཕྲག་དོག་རིང་སྤང་དམ་པའི་བློ་ཅན་གྱིས། །རབ་ཏུ་གཟུང་ཕྱིར་རྨད་བྱུང་ལེགས་བཤད་བསྟན། །འགྲན་འདོད་མུན་པའི་ཁྲོད་དུ་ལྷུང་བ་གང༌། །མི་སྨྲའི་བརྟུལ་ཞུགས་བླངས་ནས་གནས་པར་བྱ། །སྔོན་གྱི་མཁས་པ་དམ་པ་དེ་དག་གི། །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །ལེགས་བཤད་འདི་ཡི་རྗེས་འཇུག་སྐྱེ་བོ་རྣམས། །བླ་མེད་གོ་འཕང་ཐོབ་པར་འགྱུར་ཞེས་སྨྲ། །འདིར་འབད་དགེ་བ་གང་ཞིག་ཐོབ་པ་དེས། །ཕ་མས་གཙོ་བྱས་སྲིད་ན་གནས་པ་ཀུན། །ས་དང་ལམ་གྱི་རིམ་པ་ལེགས་བགྲོད་ནས། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ཡང་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲར་སྦྱར་བའི་ཡི་གེ་པ་ནི་ནམ་མཁའ་དཔལ་ལྡན་ནོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།  ༈  །།ཨོཾ་སྭསྟི་པྲ་ཛཱ་བྷྱཿ རྫོགས་སངས་ཡེ་ཤེས་འགྲོ་བློའི་མེ་ལོང་དུ། །གཟུགས་སྐུའི་བཀོད་པ་ཅི་ཡང་འཆར་བ་ལས། །བསྐལ་བཟང་འདྲེན་པ་སྟོང་གི་དྲུག་པར་གྲགས། །རོང་སྟོན་ཆོས་རྗེས་ཡིད་ལ་རོལ་པར་མཛོད། །གང་དེའི་བསྟན་བཅོས་རབ་མང་མུ་ཏིག་གིས། །དོ་ཤལ་སྙིང་ལ་བཀོད་པའི་ལེགས་བཤད་གཏམ། །ཕྱི་དུས་མཛད་པའི་ཆོས་ཚན་བརྒྱ་ཞེ་དྲུག །འདི་ནི་བཀའ་འབུམ་ཐོར་བུའི་པོ་སྟི་ཀ །ཕ་དང་མེས་སུ་སྦྱངས་པའི་ཡི་གེ་པ། །བློ་གསལ་ལགས་པའི་ལག་ལྡན་འགྲམ་ཆང་ལས། །ལེགས་བཤད་རོ་མངར་འབུམ་ཕྲག་ཡི་གེའི་གཟུགས། །ཀུན་མཁྱེན་གཉིས་པའི་གསུང་གི་སྣོད་དུ་འཁྱིལ། །གང་གི་མིང་ནི་དཔལ་ལྡན་གུ་རུ་ཞེས། །དོན་ལྡན་འཛིན་བྱེད་དེ་ཡིས་འདི་བསྐྲུན་ཏེ། །ཞུ་དག་དོ་དམ་ཡོ་བྱད་སྦྱོར་བ་པོ། །དགེ་སློང་ཤེའུ་ལོ་ཙཱ་ཞེས་བྱ་འོ། །འདི་ལས་སྐྱེས་པའི་རྣམ་དཀར་གངས་རིའི་འོད། །སྨོན་ལམ་བདུད་རྩིའི་ཟེར་གྱིས་བྲན་བྱས་པའི། །སྣང་བ་གང་དེས་འགྲོ་བའི་ཆུ་མཐོང་ཆེ། །ཀུན་མཁྱེན་ཡེ་ཤེས་དཀར་པོར་འཇམ་ཀླས་གྱུར། །གླེགས་བམ་འདི་ནི་དཔལ་ལྡན་རྒྱུན་དབང་པོའི། །ན་རིམ་གདན་སའི་གཏོད་ལེན་ཉིད་དུ་ཕུལ། །ལུང་རྒྱུན་འཆད་ཉན་ཛ་ཧུའི་བུ་མོ་བཞིན། །འཛམ་གླིང་འགྲོ་བའི་རྒྱན་དུ་མཛེས་གྱུར་ཅིག །གལ་ཏེ་ཐ་མལ་ནོར་གྱི་སྲེད་ཞགས་ཀྱིས། །འཆིང་བས་རང་འདོད་གནས་སུ་འདྲེན་བྱེད་ན། །རྒྱལ་བ་གང་དེའི་བསྟན་སྲུང་མགོན་པོའི་ཚོགས། །རྗེས་སུ་འབྲང་ཞིང་བསྲུང་བ་ཉིད་དུ་མཛོད། །ཅེས་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོ། །སྨིན་དྲུག་ཟླ་བའི་དཀར་ཚེས་ལ་ཡོངས་སུ་རྫོགས་པར་གྲུབ་པའི་མཐུས། རོང་སྟོན་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག འདིའི་ལུང་གི་བརྒྱུད་པ་ནི། རོང་སྟོན་ཐམས་ཅད་མཁྱེན་པ། ཆོས་རྗེ་བརྒྱ་རྡོ་བ་ནམ་མཁའ་དཔལ་བཟང༌། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། དེས་བདག་དགེ་སློང་དཔལ་བྱམས་པ་ཀུན་དགའ་ཆོས་ཀྱི་གྲགས་པ་ལའོ། །ཤུ་བྷཾ་མསྟུ་སརྦྦ་ཛ་ག་ཏཱཾ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*