མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་ཞབས་བརྟན་འཆི་མེད་བདུད་རྩི།

༄༅། །སྐྱབས་མཆོག་འཁོར་ལོའི་མགོན་པོ་ངོར་ཨེ་ཝཾ་ཤར་ཆེན་
ཀླུ་ལྡིང་པ་ཆེན་པོ་འཇམ་དབྱངས་བསྟན་པའི་ཉི་མའི་
ཞབས་བརྟན་འཆི་མེད་བདུད་རྩིའི་གྲུ་ཆར་
ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི་སིདྡྷཾ།

འཆི་མེད་རིག་འཛིན་རྩ་བརྒྱུད་བླ་མ་དང་། །
འཆི་མེད་མཆོག་སྩོལ་ཡི་དམ་ཞི་ཁྲོའི་ལྷ། །
འཆི་མེད་གྲུབ་པ་དཔའ་བོ་མཁའ་འགྲོ་ཡིས། །
འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །

འཇ༵མ་དཔལ་དབྱ༵ངས་དངོས་རྗེ་བཙུན་ས་སྐྱ་པའི། །
ལུང་རྟོགས་བསྟ༵ན་པ་པདྨའི་ཚལ་ཆེན་པོ། །
འཕྲིན་ལས་སྣང་བས་རྟག་ཏུ་རྒྱས་མཛད་པའི༵། །
མཁན་ཆེན་ཆོས་ཀྱི་ཉི་༵མ༵་ཞབས་བརྟན་གསོལ། །

འཆི་མེད་འོད་གསལ་གྲོང་ལས་བྱོན་པ་ཡི། །
འོད་གསལ་རླངས་རིགས་བདག་ཆེན་ཤར་པ་ཡི། །
གདུང་རིགས་ཁྱད་པར་ཅན་དུ་ལེགས་བྱོན་པའི། །
ཤར་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །

མདོ་རྒྱུད་རིག་གནས་ཀུན་ལ་སྦྱངས་པས་མཁས། །
ཐོས་དོན་རྒྱུད་སྦྱར་ཞི་ཞིང་དུལ་བས་བཙུན། །
རྟག་ཏུ་བསྟན་འགྲོའི་དོན་ཆེན་མཛད་པས་བཟང་། །
སྨྲ་བའི་དབང་ཕྱུག་ཆེན་པོ་ཞབས་བརྟན་གསོལ། །

ལྟ་བ་རྣམ་དག་གཉིས་འཛིན་མཐའ་དང་བྲལ། །
སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །
སྤྱོད་པ་རྣམ་དག་སངས་རྒྱས་གསུང་བཞིན་མཛད། །
བསླབ་གསུམ་ནོར་བུའི་མཛོད་འཛིན་ཞབས་བརྟན་གསོལ། །

སྐུ་མཆོག་འགྱུར་མེད་རི་བོ་བཞིན་དུ་བརྗིད། །
གསུང་དབྱངས་འགགས་མེད་དྲི་ཟའི་ངག་ལྟར་འཇེབས། །
ཐུགས་རྗེ་ཚད་མེད་ནམ་མཁའ་བཞིན་དུ་ཡངས། །
གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། །

ཕྱི་རུ་ཉན་ཐོས་འདུལ་བའི་སྤྱོད་པས་མཛེས། །
ནང་དུ་རིམ་གཉིས་རྣལ་འབྱོར་རྒྱུན་ཆད་མེད། །
མདོ་སྔགས་ལམ་བཟང་མི་འགལ་གྲོགས་སུ་ཁྱེར། །
རྡོ་རྗེ་འཛིན་པའི་དབང་པོ་ཞབས་བརྟན་གསོལ། །

ཨེ་ཡིག་ཤེས་རབ་སྟོང་ཆེན་དགའ་མ་དང་། །
ཝཾ་ཡིག་ཐབས་མཆོག་བདེ་ཆེན་རྡོ་རྗེ་གཉིས། །
མི་འབྲལ་ཁ་སྦྱོར་ཡན་ལག་བདུན་ལྡན་པ། །
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཞབས་བརྟན་གསོལ། །

ལུང་གི་བསྟན་པ་སྡེ་སྣོད་འཆད་ཉན་དང་། །
རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །
མཁས་བཙུན་གྲུབ་པའི་ཡོན་ཏན་ཕུལ་དུ་བྱུང་། །
བསྟན་པའི་དབང་ཕྱུག་ཆེན་པོ་ཞབས་བརྟན་གསོལ། །

གཞུང་ལུགས་ཐམས་ཅད་གདམས་པ་ཉིད་དུ་ཤར། །
བསྟན་པ་ཐམས་ཅད་འགལ་མེད་ཚུལ་དུ་རྟོགས། །
བཀའ་གདམས་གོང་མའི་རྣམ་ཐར་ཚུལ་བཞིན་བསྐྱངས། །
མཚུངས་བྲལ་བཤེས་གཉེན་ཆེན་པོ་ཞབས་བརྟན་གསོལ། །

རྒྱལ་བས་བསྔགས་པའི་མེ་ཏོག་ལེགས་འཐོར་བའི། །
རྒྱལ་བ་གཉིས་པ་ཀུན་དགའ་བཟང་པོ་ཡི། །
རྒྱལ་ཚབ་དམ་པ་ཉིད་དུ་དབང་བསྐུར་བའི། །
རྒྱལ་བའི་རྒྱབ་ཚབ་ཆེན་པོ་ཞབས་བརྟན་གསོལ། །

སྟོན་པས་ལྔ་བརྒྱའི་ཐ་མར་གྱུར་པ་ན། །
ང་ཉིད་སློབ་དཔོན་གཟུགས་སུ་བྱོན་པར་གསུངས། །
དེ་ནི་ཁྱོད་འདྲ་ལགས་པར་ཚད་མས་གྲུབ། །
སྐྱེ་དགུའི་འདྲེན་མཆོག་ཆེན་པོ་ཞབས་བརྟན་གསོལ། །

ངོར་ཆེན་རྒྱལ་བའི་མཛད་པ་ཇི་བཞིན་དུ། །
རབ་བསྙེན་སྟོང་ཕྲག་དུ་མའི་མཁན་པོ་མཛད། །
བསྟན་རྩ་དམ་ཆོས་འདུལ་བའི་བསྟན་པ་སྤེལ། །
འདུལ་འཛིན་བྱེ་བའི་གཙུག་རྒྱན་ཞབས་བརྟན་གསོལ། །

སྙན་བརྒྱུད་རྣམ་བཞིའི་ཤར་རིའི་ཕྲག་པ་ནས། །
ཚད་མ་བཞི་ཡི་དཀྱིལ་འཁོར་རབ་ཏུ་རྒྱས། །
སྨིན་གྲོལ་ཆོས་ཀྱི་འོད་སྣང་ཕྱོགས་བརྒྱར་འགྱེད། །
རྣལ་འབྱོར་མཚན་མོའི་མགོན་པོ་ཞབས་བརྟན་གསོལ། །

རྒྱལ་ཀུན་སྤྱི་གཟུགས་རྗེ་བཙུན་གོང་མ་ལྔ། །
རྒྱལ་བས་ལུང་བསྟན་ཨེ་ཝཾ་པ་ལ་སོགས། །
རྒྱལ་བ་གཉིས་པའི་བཀའ་སྲོལ་ཇི་སྙེད་པ། །
རྒྱལ་བ་ཇི་བཞིན་སྤེལ་མཛད་ཞབས་བརྟན་གསོལ། །

ཨེ་ཝཾ་པ་ཡི་ལུགས་མཆོག་མན་དཱ་ར། །
འཕགས་བོད་ནོར་འཛིན་བུ་མོའི་ཕང་པ་རུ། །
ཁྱབ་པར་སྤེལ་བའི་ངོ་མཚར་མཛད་པ་ཅན། །
མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །

འཇ༵མ་དབྱ༵ངས་རྣམ་འཕྲུལ་དཔལ་ལྡན་ས་སྐྱ་པའི། །
ལུང་རྟོགས་བསྟ༵ན་པ༵འི་ཁུར་ཆེན་འདེགས་པ་ལ། །
ཐུགས་སྟོབས་མཛད་རྗེས་བཀའ་དྲིན་མཚུངས་མེད་པའི། །
འདྲེན་མཆོག་སྨྲ་བའི་ཉི༵་མ༵་ཞབས་བརྟན་གསོལ། །

རབ་འབྱམས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །
གསང་གསུམ་ཡེ་ཤེས་གཅིག་བསྡུས་རྡོ་རྗེ་འཆང་། །
འཇམ་དཔལ་དབྱངས་དངོས་བསྟན་པའི་ཉི་མ་ཡི། །
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །

སྐྱབས་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ། །
སྒོ་གསུམ་མི་ཕྱེད་གདུང་ཤུགས་དྲག་པོ་ཡིས། །
དུས་གསུམ་ཀུན་ཏུ་རྩེ་གཅིག་གསོལ་འདེབས་ན། །
གསང་གསུམ་མི་འགྱུར་བསྐལ་བརྒྱར་རྟག་བཞུགས་གསོལ། །

སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཆོས་ཀྱི་རྗེའི། །
སྐུ་ཚེ་མི་ཤིག་རྡོ་རྗེའི་རང་ཁམས་བརྟན། །
བརྒྱུད་འཛིན་སློབ་མའི་ཚོགས་ཀྱིས་ས་སྟེང་ཁྱབ། །
ལས་བཞིའི་འཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག །

སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །
ཆོས་ཉིད་རྟེན་འབྲེལ་མི་བསླུ་བདེན་པའི་མཐུ། །
བླ་སློབ་དམ་ཚིག་མ་ཉམས་གཙང་བའི་མཐུས། །
སྨོན་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །

ཅེས་པའང་འདི་ནས་བརྩིས་པའི་བགྲང་བྱ་ཉེར་ལྔའི་ཡར་སྔོན་གྱི་ཤིང་ཕོ་ཁྱི་ཡི་ལོར་སྐྱབས་རྗེ་རྡོ་རྗེ་འཆང་ཉིད་ཐུགས་སྲས་རྒྱལ་ཚབ་རྣམ་གཉིས་དང་བཅས་བྱང་ཕྱོགས་གངས་རིའི་ལྗོངས་སུ་ཞབས་པད་བཀྲ་ཤིས་ཀྱི་རེ་ཁཱ་མངོན་པར་བཀོད་པའི་ཚེ་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་མོ་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཟབ་མོའི་བཀའ་དྲིན་རྒྱ་ཆེར་ཐོབ་པ་དང་། སླར་མེ་བྱ་ལོ་འདིར་གངས་ལྗོངས་ཆོས་ཀྱི་ཞིང་དུ་ཆིབས་བསྒྱུར་གནང་བའི་ཚེ་དབྱར་ཟླ་འབྲིང་པོའི་གྲལ་ཚེས་བཅོ་བརྒྱད་ཉིན་མདོ་སྨད་ཙོང་ཁའི་ཡུལ་གྱི་བྱེ་བྲག་ཟི་ལིང་གྲོང་ཁྱེར་ཆེན་མོ་ནས་གསེར་ཞལ་དངོས་མཇལ་གྱི་སྐལ་བཟང་བྱུང་སྟེ། དེ་འཕྲལ་ཉིད་དུ་གུས་འབངས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་གསོལ་བ་བཏབ་པ་བི་ཛ་ཡནྟུ། །ཤུ་བྷཾ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*