དབུ་མ་རྒྱན་ཆུང༌།

༄༅། །དབུ་མ་རྒྱན་ཆུང་ཞེས་བྱ་བ་བཞུགས་སོ།།

༈ ཟབ་ཡང་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་པ། །ཚིག་གི་འདབ་ཕྲེང་སྙན་པའི་གེ་སར་ཅན། །ངེས་དོན་ཟབ་མོའི་ཟེའུ་འབྲུ་རབ་གསལ་བ། །རྒྱལ་བའི་གསུང་རབ་སྐྱེ་དགུའི་གཙུག་ན་རྒྱལ། །རྒྱལ་སྲས་ཀླུ་སྒྲུབ་ཆུ་གཏེར་པདྨོའི་ཚལ། །སྟོང་ཉིད་ནོར་བུའི་སྦྲང་རྩིས་ལེགས་གཏམས་ཤིང༌། །ལེགས་བཤད་སྤྲིན་ལྡན་རྣམ་དག་དྲི་བསུང་ཅན། །མཁྱེན་པ་ཟབ་ཡངས་དྲི་མེད་མདངས་གསལ་བ། །ཕན་བདེའི་ལམ་སྟོན་དེ་ལ་ཕྱག་འཚལ་ནས། །དབུ་མའི་ལམ་བཟང་རྟེན་འབྲེལ་ཟབ་མོའི་དོན། །ཇི་ལྟར་རྟོགས་པའི་ཚུལ་དང་བཅས་པ་རྣམས། །ལུང་དང་རིགས་པས་གསལ་བར་བསྟན་པར་བྱ། །མཁྱེན་བརྩེའི་འོད་ཟེར་གྱི་དྲྭ་བས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་ཕྱིན་ཅི་མ་ལོག་པ་གསལ་བར་སྟོན་པར་མཛད་ཅིང༌། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དཀྱིལ་འཁོར་དྲི་མ་མེད་པར་སངས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟར་གནས་པ་བཞིན་བསྟན་པའི་སྣོད་དུ་གྱུར་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱ་ཆེར་གསུངས་པའི་དོན། ཇི་ལྟར་རྟོགས་པའི་ཚུལ་དང་བཅས་པ་ལུང་དང་རིགས་པས་གསལ་བར་བསྟན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཡོད་པ་དང་མེད་པར་འཛིན་པ་ལ་སོགས་པའི་ལྟ་བ་ངན་པ་ཐམས་ཅད་ཀྱི་རྟེན་སོ་ཡིན་པའི་ཕྱིར། དེ་སྐད་དུ་འཇུག་པ་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོགས་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ཡིན་ནོ། །རྟོགས་བྱ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གང་ཞེ་ན། རྒྱུ་དང་རྐྱེན་ལ་ལྟོས་ནས་འབྱུང་བ་ལ་རྟེན་ཅིང་འབྲཻལ་བར་འབྱུང་བ་ཞེས་བྱ་ཞིང༌། དེ་ཉིད་ལས་སྟོང་པ་ཉིད་དུའང་བཤད་དེ། རྒྱུ་དང་རྐྱེན་ལ་ལྟོས་པས་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །ཇི་སྐད་དུ་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དང༌། ལངྐར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་སོ་ཞེས་པ་དང༌། འཕགས་པ་བརྒྱ་ལྔ་བཅུ་པ་ལས་ཀྱང༌། ཆོས་ཐམས་ཅད་སྟོང་པ་དེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་གསུངས་པ་དང༌། དབུ་མ་རྩ་བ་ལས་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་སོ། །སྟོང་པ་ཉིད་གང་ཡིན་པ་དེ་བརྟེན་ནས་བཏགས་པ་ཞེས་བྱ་བ་ཡིན་ཏེ། ཡན་ལག་འཕང་ལོ་དང་གཟེར་བུ་སོགས་ལ་བརྟེན་ནས། ཤིང་རྟའི་ཐ་སྙད་འདོགས་པ་ལ་བཏགས་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་མ་སྐྱེས་པ་ཡིན་ཞིང༌། གང་རང་བཞིན་གྱིས་མ་སྐྱེས་པ་དེ་ཉིད་སྟོང་པ་ཉིད་ཡིན་པས་སོ། །རང་བཞིན་གྱིས་མ་སྐྱེས་པ་དེ་ལ་དབུ་མའི་ལམ་ཞེས་བྱ་བར་ཡང་བརྗོད་དེ། ཡོད་པ་དང་མེད་པའི་མཐའ་གཉིས་ལས་འདས་པའི་ཕྱིར་རོ། །ཇི་ལྟར་མཐའ་གཉིས་ལས་འདས་ཞེ་ན། རང་བཞིན་གྱིས་མ་སྐྱེས་པས་ཡོད་པའི་བདག་ཉིད་དུ་ཡང་གྲུབ་པ་མེད་ལ། འཇིག་པ་མེད་པའི་རང་བཞིན་དུའང་གྲུབ་པ་མེད་པའི་ཕྱིར། དཔྱད་ན་ངོ་བོ་ཅིར་ཡང་མི་རྙེད་ཅིང་མ་དཔྱད་ན་རྟེན་འབྱུང་དུ་སྣང་བའི་ཕྱིར་རོ། །དེ་སྐད་དུ་རྩ་བ་ལས། དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་སྟོང་པ་ཉིད་དང་བརྟེན་ནས་བཏགས་པ་དང་དབུ་མའི་ལམ་ཞེས་བྱ་བ་འདི་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་མིང་གི་རྣམ་གྲངས་སོ། །འདི་ལས་ས་བོན་མྱུ་གུ་ལྟ་བུའི་ཕྱིའི་རྟེན་འབྲེལ་དང༌། མ་རིག་པ་དང་འདུ་བྱེད་ལྟ་བུ་ནང་གི་རྟེན་འབྲེལ་གཉིས་ཡོད་པ་ལས། ཕྱིའི་རྟེན་འབྲེལ་རྟག་ཆད་ལས་གྲོལ་བའི་ཚུལ་ནི། ས་བོན་མྱུ་གུ་ལས་གཞན་དུ་མ་གྲུབ་པའི་ཕྱིར། མྱུ་གུའི་ཚེ་ས་བོན་གཞིག་པ་མེད་པས་ཆད་པའི་མཐའ་སྤངས་ལ། གཅིག་ཏུ་ཡོད་པ་ཡང་མ་ཡིན་པ་དེའི་ཕྱིར་མྱུ་གུའི་ཚེ་ས་བོན་ཡོད་པ་ཡང་མ་ཡིན་པས་རྟག་པའི་མཐའ་ལས་གྲོལ་བ་ཡིན་ནོ། །དེ་སྐད་དུ་རྒྱ་ཆེན་རོལ་པ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་པ་དང༌། རྩ་བ་ལས་ཀྱང༌། གང་ལ་རྟེན་དེའང་གང་ཡིན་པ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པ་ལ་མ་ཡིན། །དེ་ཕྱིར་རྟག་མིན་ཆད་མ་ཡིན། །ཞེས་པ་དང༌། འཇུག་པ་ལས་ཀྱང༌། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུ་ཚེ་ས་བོན་གཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང༌། །མྱུ་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་གསུངས་པ་ཡིན། རང་བཞིན་གྱིས་སྐྱེ་བ་མེད་པས་མི་འཐད་དེ། སྐྱེ་བ་མངོན་སུམ་གྱིས་མཐོང་བའི་ཕྱིར། མཐོང་བ་ལས་བརླིང་བའི་ཚད་མ་ཡང་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་དག་གིས་མཐོང་བར་ཟད་དེ། རྩ་བ་ལས། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་གསུངས་སོ། །དངོས་པོ་རང་བཞིན་གྱིས་གྲུབ་ན། སྟོང་ཉིད་སྒོམ་པའི་རྣལ་འབྱོར་པས་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པར་འགྱུར་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་པ་ལ་རང་བཞིན་གྱིས་མ་དམིགས་པར་ལྟ་བར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་ཡང༌། དངོས་པོ་འཇིག་པའི་རྒྱུར་འགྱུར་བ་ཡིན་ཏེ། དངོས་པོ་རང་བཞིན་མེད་པར་བསྒོམས་པའི་སྟོབས་ལས་དངོས་པོ་བདེན་མེད་དུ་མཐོང་བའི་ཕྱིར་རོ། །གཞན་ཡང་སྟོང་པ་ཉིད་མཐོང་བ་ལ་ཡོན་ཏན་མེད་ཅིང་ཉེས་པ་དང་ལྡན་པར་འགྱུར་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་ལ་སྟོང་པ་ཉིད་དུ་མཐོང་བས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟན་གྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེའི་དངོས་ཡོད་མིན། །ཞེས་པ་དང༌། བཞི་བརྒྱ་པ་ལས་ཀྱང༌། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །ཅེས་གསུངས་པ་ཡིན་ནོ། །དེས་ན་སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་དང་བྲལ་བ་ནི་རྟེན་འབྲེལ་རང་བཞིན་མེད་པར་སྨྲ་བར་ཁོ་ན་ལ་འབྱུང་གི། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ནི་གདོན་མི་ཟ་བར་རྟག་ཆད་ཀྱི་མཐར་ལྷུང་བར་འགྱུར་ཏེ། རྩ་བ་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་འབྱུང་ད་ལྟར་མེད་ཅེས་པ། དེས་ན་ཆད་པར་ལྟ་བར་འགྱུར། །ཞེས་གསུངས་སོ། །ནང་གི་རྟེན་འབྲེལ་ལ་རྟག་ཆད་སྤོང་ཚུལ་ཡང་མུ་འདི་ཉིད་ལས་རྟོགས་པར་བྱའོ། །རྟེན་འབྲེལ་རྟག་ཆད་དང་བྲལ་བར་རྟོགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་རྟེན་འབྲེལ་མཐའ་དག་ཏུ་རྟོགས་པ་ལས། དངོས་པོའི་གནས་ལུགས་ལ་མ་རྨོངས་པར་འགྱུར་ཞིང༌། མ་རྨོངས་པའི་རིག་པ་ཐོབ་པ་ལས་མ་རིག་པ་སྤངས་ནས་སྐྱེ་རྒ་ན་འཆིའི་མཚན་མ་ཉེ་བར་ཞི་བའི་བྱང་ཆུབ་མངོན་དུ་བྱེད་པའི་དགོས་པ་དང་བཅས་པ་ཡིན་ནོ། །དེ་སྐད་དུ་རྩ་བ་ལས། མ་རིག་འགགས་པར་གྱུར་པ་ནི། །འདུ་བྱེད་རྣམ་ཀུན་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཅེས་འབྱུང་བ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་བྲལ་དུ་བསྟན་ནས། ད་ནི་དེ་དག་རྟོགས་པའི་ཚུལ་བསྟན་པར་བྱ་སྟེ། འདི་ལ་ཐལ་འགྱུར་བ་དང༌། རང་རྒྱུད་པའི་བཞེད་ཚུལ་གཉིས་ཡོད་པ་ལས། ཐལ་འགྱུར་རྣམས་ཀྱི་བཞེད་ཚུལ་ནི། རབ་རིབ་དང་བྲལ་བའི་གང་ཟག་རྣམས་ཀྱི་སྐྲ་ཤད་ཀྱི་ངོ་བོ་ཅིར་ཡང་མ་དམིགས་པའི་ཚུལ་གྱིས་རྟོགས་པ་དེ་བཞིན་དུ། སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་སྐྱེས་པར་གྱུར་པ་དེའི་ཚེ་ཆོས་རྣམས་ཀྱི་ངོ་བོ་ཅིར་ཡང་མ་དམིགས་པའི་ཚུལ་གྱིས་རྟོགས་པ་ཡིན་ནོ། །ཅི་ཡང་མ་དམིགས་ན་ཇི་ལྟར་རྟོགས་པར་བརྗོད་ཅེ་ན། རྣམ་དཔྱོད་དང་ལྡན་པ་ཁྱོད་ལེགས་པར་ཉོན་ཞིག བདག་གིས་དྲི་མ་མེད་པའི་ལན་གྱིས་ཚིམ་པར་བྱའོ། །ཅིར་ཡང་མ་དམིགས་པའི་ཚུལ་གྱིས་མཐོང་ཞེས་པའི་དོན་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་པ་ན། ཆོས་རྣམས་ཀྱི་ངོ་བོ་ཅིར་ཡང་མ་རྙེད་པའི་དོན་ལ་ཞི་གནས་དང་ལྷག་མཐོང་མཚུངས་པར་བསྟན་པའི་རྣལ་འབྱོར་གྱིས་གོམས་པར་བྱས་ཤིང༌། གོམས་པ་ཕུལ་དུ་བྱུང་བ་ཐོབ་པ་ན། ཡུལ་ཆོས་ཀྱི་དབྱིངས་མཐའ་གང་དུ་ཡང་མི་གནས་པ་དང་མཐུན་པར། ཡོད་མེད་སོགས་ཀྱི་སྤྲོས་པ་ཅིར་ཡང་མ་མཐོང་བས་རྟེན་འབྲེལ་གྱི་དེ་ཁོ་ན་རྟོགས་པར་ཐ་སྙད་ཀྱི་བདེན་པའི་རྗེས་སུ་འབྲངས་ནས་བཏགས་པ་ཡིན་ཏེ། རི་བོ་ལ་སོགས་པའི་སྒྲིབ་གཡོག་མ་མཐོང་བ་ལ་ནམ་མཁའ་མཐོང་ཞེས་བརྗོད་པ་བཞིན་ནོ། །ཇི་སྐད་དུ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མ་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མ་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་བ་མེད། །ཡིད་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཅིར་ཡང་མ་དམིགས་པ་ལ་རྟོགས་པའི་ཐ་སྙད་ཙམ་ཡང་བྱ་བར་མི་རིགས་སོ་ཅེ་ན། ཡུལ་ཆོས་ཀྱི་དབྱིངས་མཐའ་གང་དུ་ཡང་མི་གནས་པ་ལ་མཉམ་པར་བཞག་ཀྱང༌། དེའི་རྣམ་པ་ཅན་དུ་སྐྱེས་པའི་ཕྱིར་རྟོགས་པའི་ཐ་སྙད་འཐད་དེ། ཡུལ་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ལ། སྔོན་པོ་རྟོགས་པའི་ཐ་སྙད་བྱེད་པ་བཞིན་ནོ། །དེ་སྐད་དུ་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཅིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་རྟོག་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ་དེ་ཡོངས་ཤེས་པ། །དེ་བཞིན་ཐ་སྙད་རྟེན་ནས་རིག་པ་ཡིན། །ཞེས་གསུངས་པས་སོ། །འོ་ན་མཉམ་པར་བཞག་པའི་གནས་སྐབས་ན་ཤེས་པ་ཡོད་དམ་མེད། ཡོད་ན་ཤེས་པ་ནི་ཡུལ་རྟོག་པས་རབ་ཏུ་ཕྱེ་བའི་ཕྱིར། ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཡོད་པར་འགྱུར་ལ། མེད་ན་མཉམ་བཞག་གིས་ཆོས་ཉིད་རྟོགས་པ་མེད་པར་འགྱུར་རོ་ཞེ་ན། ཡུལ་ཆོས་དབྱིངས་ཀྱི་རྒྱ་མཚོ་ལ་སྤྲོས་པའི་རླབས་མ་ལུས་པ་ཉེ་བར་ཞི་བའི་ཕྱིར། ཤེས་བྱ་ཤེས་བྱེད་ཀྱི་སྤྲོས་པ་མི་མངའ་བ་ཡིན་ནོ། །འོན་ཀྱང་མཉམ་བཞག་ཏུ་ནམ་མཁའི་དཀྱིལ་ལྟར་འགའ་ཡང་མཐོང་བ་མེད་པ་ལ་རྗེས་ཐོབ་ཀྱི་སྒོ་ནས་ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་ཐ་སྙད་བྱེད་པའི་ཕྱིར་ཤེས་པ་མེད་ཀྱང་སྐྱོན་མེད་དེ། དེ་ལྟར་ན་ས་བཅུ་གཅིག་གི་མཉམ་བཞག་ལ་རང་གི་ངོ་བོས་བྱས་པའི་དབྱེ་བ་མེད་དེ། ཐམས་ཅད་ཀྱང་དེ་བཞིན་ཉིད་རྣམ་པ་དག་པ་ཙམ་དུ་ཟད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མཐའ་དག་ལྡོག་པས་ན་དམིགས་པ་ལོགས་པ་ཅིར་ཡང་མེད་དེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་གསུངས་སོ། །འོ་ན་ས་དེ་དག་གི་ཁྱད་པར་གང་གིས་འཇོག་ཅེ་ན། རྗེས་ཐོབ་ཀྱི་ངེས་པ་འདྲེན་པའི་ཚུལ་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ཡོན་ཏན་གྱི་རྣམ་གྲངས་ཀྱི་དབྱེ་བ་ལ་སོགས་པ་ལས་རྣམ་པར་འཇོག་གོ །ཀུན་ཏུ་འོད་ཀྱི་ས་ལ་ནི་རྗེས་ལ་ཐོབ་པ་ཡང་མི་མངའ་སྟེ། རྟག་ཏུ་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པའི་ཕྱིར་རོ། །འོ་ན་སེམས་ཅན་གྱི་དོན་བྱེད་པ་འོས་པ་ཡང་མེད་པར་འགྱུར་ཞེ་ན། ཆོས་ཀྱི་སྐུས་རྟག་ཏུ་ཆོས་ཀྱི་དབྱིངས་ལ་མཉམ་པར་འཇོག་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་རྣམ་པར་མི་རྟོག་བཞིན་དུ་གཞན་གྱི་དོན་ཇི་སྲིད་འཁོར་བ་གནས་ཀྱི་བར་དུ་འབྱུང་བ་ཡིན་ཏེ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་ནོ། །དེ་སྐད་དུ་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་གསུངས་པ་ཡིན་ནོ། །འོ་ན་ཆོས་སྟོན་པ་ལ་སོགས་པ་ཡང་མེད་པར་འགྱུར་ཏེ། རྣམ་པར་རྟོག་པ་མི་མངའ་བའི་ཕྱིར་རོ་ཞེ་ན། རྣམ་པར་རྟོག་པའི་རྩོལ་བ་མི་མངའ་ཡང་གདུལ་བྱའི་སྐལ་པ་དང་འཚམ་པར་ཆོས་སྟོན་པའི་སྣང་བ་འབྱུང་སྟེ། རླུང་གིས་སྐུལ་བའི་སིལ་སྙན་ལ་བཀྲོལ་བྱེད་ཀྱི་སྐྱེས་བུའི་རྩོལ་བ་མེད་ཀྱང་སྙན་པའི་སྒྲ་འབྱུང་བ་བཞིན་ནོ། །ཇི་སྐད་དུ་མདོ་ལས། འཁྲུལ་འཁོར་ལས་བྱས་སིལ་སྙན་ནི། །ཇི་ལྟར་རླུང་སྐུལ་སྒྲ་འབྱུང་ན། །དེ་ལ་བཀྲོལ་བྱེད་མེད་མོད་ཀྱི། །འོན་ཀྱང་སྒྲ་དག་འབྱུང་གྱུར་པ། །དེ་བཞིན་ལེགས་པར་སྔར་སྦྱངས་ཕྱིར། །སེམས་ཅན་བསམ་པས་སྐུལ་གྱུར་པ། །སངས་རྒྱས་གསུང་དག་འབྱུང་གྱུར་ཡང༌། །ཡིད་ལ་རྟོག་པ་ཡོང་མི་མངའ། །ཞེས་གསུངས་པ་ཡིན་ནོ། །ཐལ་འགྱུར་བ་རྣམས་ཀྱི་བཞེད་པ་བསྟན་ཟིན་ཏོ།།  ༈ །རང་རྒྱུད་པ་རྣམས་ཀྱི་བཞེད་ཚུལ་བསྟན་པ་ལ། ལེགས་ལྡན་འབྱེད་དང་ཡེ་ཤེས་སྙིང་པོ་ལ་སོགས་པ་སྣང་མེད་པའི་རང་རྒྱུད་པ་རྣམས་ཀྱི་བཞེད་པ་ནི། སྣ་ཚོགས་སུ་སྣང་བའི་སྤྲོས་པ་མ་ལུས་པ་ཞི་བའི་མཉམ་བཞག་གིས་སྟོང་ཉིད་དངོས་སུ་རྟོགས་ནས་ཆོས་ཅན་སྒྱུ་མ་ལྟ་བུ་ལ་ཞུགས་པ་སྒྲོ་འདོགས་པ་ཡོངས་སུ་གཅོད་པ་ཡིན་ནོ། །ཅིའི་ཕྱིར་སྣང་བ་མི་མངའ་ཞེ་ན། སྣང་བ་ནི་མ་རིག་པའི་འབྲས་བུ་ཡིན་ན། མཉམ་བཞག་ཏུ་མ་རིག་པ་མེད་པའི་ཕྱིར་རོ། །དཔེར་ན་མེ་མེད་ན་དུ་བ་མི་འབྱུང་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ་ཞེས་གསུངས་སོ། །ཤེས་པ་མེད་པ་ནི་མ་ཡིན་ཏེ། མཉམ་བཞག་ཉིད་དོན་དམ་དཔྱོད་པའི་རིག་པ་མཐར་ཐུག་ཡིན་པའི་ཕྱིར་དང༌། རིག་ཤེས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་མཉམ་བཞག་དུ་ཤེས་པ་མེད་ན་ཆོས་ཉིད་རྟོགས་པའི་སྒྲུབ་བྱེད་མེད་པར་འགྱུར་ཏེ། རང་རིག་མེད་པའི་ཕྱིར་དང༌། ཤེས་པ་གཞན་གྱིས་བསྒྲུབས་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཀྱི་ས་ལ་རྗེས་ཐོབ་པ་མེད་པ་ཡང་མ་ཡིན་ཏེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་དབྱིངས་ལ་མཉམ་པར་བཞག་ཀྱང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གཅིག་ཅར་དུ་མཁྱེན་པའི་ཕྱིར་རོ། །དེས་ན་མཉམ་བཞག་ཏུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་རྒྱུ་ལས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པའི་རང་དོན་ཆོས་ཀྱི་སྐུ་ཐོབ་པར་འགྱུར་ཞིང༌། རྗེས་ཐོབ་དུ་བསོད་ནམས་ཀྱི་ཚོགས་བསགས་པའི་རྒྱུ་ལས། ཞི་བའི་མཐའ་ལ་མི་གནས་པའི་གཞན་དོན་གཟུགས་ཀྱི་སྐུ་བརྙེས་པར་མཛད་ནས། མཛད་པ་ཕྲིན་ལས་ཀྱིས་གདུལ་བྱའི་དོན་བྱེད་པར་བཞེད་དོ། །འཕགས་པ་དང་སེང་གེ་བཟང་པོ་ལ་སོགས་པ་སྣང་བཅས་པ་རྣམས་ཀྱི་བཞེད་པ་ནི། མི་བསླུ་བར་བྱེད་པའི་རིགས་པ་དོན་དམ་པས་སྣ་ཚོགས་སུ་སྣང་བ་བདེན་པའི་ངོ་བོ་ཉིད་མེད་པར་རྟོགས་པའི་དོན་རྩེ་གཅིག་ཏུ་གོམས་པར་བྱས་པའི་མཐུ་ལས་གོམས་པ་མཐར་ཕྱིན་པ་ན། དོན་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་རྗེས་སུ་སོང་བས་དངོས་པོ་བདེན་པར་འཛིན་པའི་ཕྱིན་ཅི་ལོག་ལྡོག་པའི་ཕྱིར་རྣལ་འབྱོར་པ་དག་གིས་གྲོལ་བ་ཐོབ་པར་འགྱུར་རོ། །དེ་ཡང་ཤེས་རབ་ཀྱི་མིག་གིས་བདེན་པའི་ངོ་བོ་ཉིད་འགའ་ཡང་མཐོང་བ་མེད་པ་ཉིད་དེ་ཁོ་ན་མཐོང་བར་འདོད་ཀྱི། མིག་བཙུམས་པའམ་དམུ་ལོང་ལ་སོགས་པ་དང་འདྲ་བར་རྟེན་མ་ཚང་བ་ཙམ་གྱིས་ཅི་ཡང་མ་མཐོང་བ་ནི་མ་ཡིན་ནོ། །རིགས་པ་དག་གིས་ཀྱང་བདེན་པའི་ངོ་བོ་ཉིད་འགོག་པ་ཡིན་གྱི་སྣང་བ་འགོག་པ་མ་ཡིན་ཏེ། སྣང་བ་བཀག་པ་ལ་དགོས་པ་མེད་པའི་ཕྱིར་དང༌། བཀག་ཀྱང་མི་ཁེགས་པའི་ཕྱིར་རོ། །ཅིའི་ཕྱིར་དགོས་པ་མེད་ཅེ་ན། ཉེས་པ་ཐམས་ཅད་མངོན་པར་ཞེན་པ་ལས་བྱུང་བ་ཡིན་གྱི་སྣང་བ་ཙམ་གྱིས་མ་བསྐྱེད་པའི་ཕྱིར་རོ། །ཇི་སྐད་དུ་སྤྱོད་འཇུག་ལས། ཇི་ལྟ་མཐོང་ཐོས་ཤེས་པ་དག །འདིར་ནི་བཀག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་གསུངས་སོ། །དེས་ན་མཉམ་བཞག་གིས་སྣང་ལ་རང་བཞིན་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་དམིགས་པ་ཡིན་ནོ། །སྟོང་པ་འབའ་ཞིག་ལ་དམིགས་པ་འདོད་པའི་ཕྱོགས་ནི། ཡེ་ཤེས་ཆད་སྟོང་གི་སྤྱོད་ཡུལ་ཅན་དུ་ཐལ་བར་འགྱུར་ཏེ། སྣང་བ་དང་བྲལ་བའི་སྟོང་པ་ཉིད་འབའ་ཞིག་ལ་དམིགས་པའི་ཕྱིར་རོ། །འོ་ན་མཉམ་བཞག་འཁྲུལ་བར་འགྱུར་ཏེ། གཟུང་འཛིན་གཉིས་སྣང་ཅན་ཡིན་པའི་ཕྱིར་དང༌། སྣང་བ་ཀུན་རྫོབ་པའི་ཡུལ་ཅན་ཡིན་པའི་ཕྱིར་ཞེ་ན། ཀུན་རྫོབ་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་པའི་ཀུན་རྫོབ་དང༌། སྒྲིབ་བྱེད་ཀྱི་ཀུན་རྫོབ་གཉིས་ཡོད་པ་ལས། འདིར་རྣལ་འབྱོར་པའི་ཀུན་རྫོབ་ཀྱི་ཡུལ་ཅན་དུ་འདོད་པའི་ཕྱིར་སྐྱོན་མེད་དོ། །གཟུང་འཛིན་གཉིས་སྣང་ཅན་དུ་ཡང་མི་འགྱུར་ཏེ། ཡུལ་དང་ཡུལ་ཅན་ཐ་དད་པར་སྣང་བ་མ་ཡིན་པའི་ཕྱིར་རོ། །སྣང་བ་དོན་དམ་དུ་ཡོད་པར་འགྱུར་ཏེ། མཉམ་བཞག་གི་ཡུལ་ཡིན་པའི་ཕྱིར་ཞེ་ན། མཉམ་བཞག་གིས་ཀུན་རྫོབ་ལ་དམིགས་པ་ཡིན་མོད་ཀྱི། མཉམ་བཞག་གི་འཛིན་སྟོང་གི་གཟུང་བྱ་མིན་པས་སྣང་བ་དོན་དམ་དུ་ཐལ་བར་ག་ལ་འགྱུར། གཞན་ཡང་མཉམ་བཞག་ཏུ་ཤེས་པ་མེད་པར་འདོད་པ་ནི་མི་རིགས་ཏེ། རྗེས་ཐོབ་ཏུ་གཉིས་སྣང་འབྱུང་བའི་རྒྱུ་མེད་པར་ཐལ་བ་དང༌། མཉམ་བཞག་ཏུ་ལྷག་མཐོང་ཡང་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་མཉམ་པར་འཇོག་ཁའི་གཉིས་སྣང་ལས་འབྱུང་ངོ་ཞེ་ན། མི་འཐད་དེ། བར་དུ་རིག་པ་རྒྱུན་ཆད་པའི་ཕྱིར་རོ། །ལས་འགགས་ནས་ཡུན་རིང་དུ་གྱུར་པ་ལས་ཀྱང་འབྲས་བུ་འབྱུང་བས་མ་ངེས་སོ་ཞེ་ན། ལས་འབྲས་ཀྱི་སྐབས་སུ་རིག་པ་རྒྱུན་ཆགས་སུ་ཡོད་པའི་ཕྱིར་ཚུལ་མི་འདྲ་བ་ཡིན་ནོ། །གཞན་དུ་ན་སངས་རྒྱས་ལ་ཡང་གཉིས་སྣང་འབྱུང་བ་ཇི་ལྟར་དགག་པར་ནུས། གཞན་ཡང་འདུ་ཤེས་མེད་པས་སྙོམས་འཇུག་བཞིན་དུ་སྒྲིབ་པ་སྤོང་བར་མི་འགྱུར་ཏེ། མ་རིག་པའི་གཉེན་པོ་ལྷག་མཐོང་དང་བྲལ་བའི་ཕྱིར་རོ། །མཉམ་བཞག་ལས་ལྡང་བ་ཡང་འདུ་ཤེས་མེད་པའི་སྙོམས་འཇུག་ལས་ལྡང་བ་བཞིན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྐྱེ་བའི་ཕྱིར། རྣལ་འབྱོར་པ་མ་གྲོལ་བ་ཉིད་དུ་འགྱུར་རོ། །འདུ་ཤེས་མེད་པའི་སྙོམས་འཇུག་དང་མི་འདྲ་སྟེ། ལྟ་བ་རྣམ་དག་གིས་སྤྲོས་པའི་སྒྲོ་འདོགས་བཅད་པ་སྔོན་དུ་བཏང་ནས་གསལ་སྟོང་འཛིན་མེད་དུ་འཇོག་པའི་ཕྱིར་རོ་ཞེ་ན། ལན་གཅིག་སྔོན་དུ་བཏང་བས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རམ། ཡང་ཡང་སྔོན་དུ་བཏང་བ་སྨྲོས། དང་པོ་ལྟར་ན། ལྟ་བ་སྔོན་དུ་སོང་བའི་གཉིད་དང་བརྒྱལ་བ་ལ་སོགས་པས་ཀྱང་སྒྲིབ་པ་སྤོང་བར་ཅིའི་ཕྱིར་ཁས་མི་ལེན། གཉིས་པ་ལྟར་ན་ཡང་མཉམ་བཞག་ཏུ་སྒྲིབ་པ་སྤོང་བའི་གཉེན་པོ་དུ་མར་འགྱུར་ཏེ། སྒྲིབ་པ་སྤོང་བ་ལྟ་བ་ཁོ་ནར་རག་ལས་པ་ཡིན་ལ། ཁྱོད་ཀྱི་ཕྱོགས་ལ་མཉམ་བཞག་ཏུ་ལྟ་བ་མེད་པའི་ཕྱིར་རོ། །འོ་ན་མཉམ་བཞག་གིས་ཆོས་ཉིད་མ་རྟོགས་པར་འགྱུར་ཏེ། སྣང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། སྣང་བ་དང་རང་བཞིན་མེད་པ་གྲུབ་པ་དང་བདེན་པ་ཐ་མི་དད་པའི་ཕྱིར་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པས་སྐྱོན་མེད་དོ། །གཞན་ཡང་སྤང་བྱ་དང་གཉེན་པོ་ནི་སྒྲ་རྟག་པར་འཛིན་པའི་སྒྲོ་འདོགས་དང་རྗེས་ཐོབ་བཞིན་དུ་ཡུལ་གཅིག་ལ་འཛིན་སྟངས་ཐ་དད་ཀྱི་སྒོ་ནས་འཇུག་དགོས་ན། ཁྱོད་ཀྱི་སྤང་བྱ་དང་གཉེན་པོ་ནི་ཡུལ་ཐ་དད་པ་ཁོ་ན་ལ་དམིགས་པའི་ཕྱིར་མཉམ་བཞག་གིས་སྒྲིབ་པ་སྤོང་བར་མི་འགྱུར་རོ། །མཉམ་བཞག་གོམས་པའི་སྟོབས་ཀྱིས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཡང་མེད་པར་འགྱུར་ཏེ། གོམས་བྱེད་ཀྱི་བློ་མེད་པའི་ཕྱིར་རོ། །ས་བཅུ་གཅིག་གི་མཉམ་བཞག་ལ་ཁྱད་པར་མེད་པའི་ཕྱིར་འདོད་པ་ཁོ་ན་འོ་ཞེ་ན། རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་ལ་ཁྱད་པར་མེད་པར་འགྱུར་ཏེ། རྒྱུ་མཉམ་བཞག་ལ་ཁྱད་པར་ཅུང་ཟད་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། འབྲས་བུ་ཁྱད་པར་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར། གཞན་ཡང་ཡེ་ཤེས་ཡོད་ན་རང་དང་གཞན་ཤེས་པ་ལས་མ་འདས་ན། རང་ཤེས་པར་ཁྱོད་ཀྱིས་རང་རིག་མེད་པར་འདོད་པ་དང་འགལ་བ་ཡིན་ནོ། །སྣང་བ་མེད་པ་ཡང་འགལ་ཏེ། རང་ཉིད་སྣང་བའི་ཕྱིར་རོ། །རང་གཞན་གང་ཡང་མ་ངེས་བཞིན་དུ་ཡེ་ཤེས་སུ་ཁས་ལེན་ན། ཤིང་ལ་སོགས་པ་ཡང་ཡེ་ཤེས་སུ་ཅིའི་ཕྱིར་ཐལ་བར་མི་འགྱུར། གལ་ཏེ་ཡེ་ཤེས་མེད་པར་འདོད་ན་མཉམ་བཞག་སྒྲིབ་པའི་ས་བོན་རྩད་ནས་འབྱིན་པར་བྱེད་པའི་གཉེན་པོ་མེད་པར་ཐལ་བར་འགྱུར་ཏེ། ས་བཅུའི་གནས་སྐབས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང༌། རྫོགས་པའི་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡང་མེད་པར་འགྱུར་ཏེ། ཡེ་ཤེས་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་ལེགས་པར་གསུངས་སོ། །འོ་ན་ཡེ་ཤེས་ཀྱང་ཀུན་རྫོབ་ཉིད་དུ་ཐལ་བར་འགྱུར་ཏེ། ཡུལ་ཀུན་རྫོབ་ལ་དམིགས་པའི་ཕྱིར། གཞན་དུ་ཡུལ་དང་ཡུལ་ཅན་མི་མཐུན་པར་འགྱུར་རོ། །ཡེ་ཤེས་ཀུན་རྫོབ་པ་ཉིད་ཡིན་ན། དེ་ཁོ་ན་ཉིད་ཀྱི་དོན་ལ་སྒྲིབ་པར་བྱེད་པའི་ཕྱིར། ཡེ་ཤེས་ཀྱིས་སྒྲིབ་པ་སྤོང་བར་མི་འགྱུར་ཞེ་ན། ལན་བརྗོད་པར་བྱ་སྟེ། མ་རིག་པ་ནི་རྟག་པ་ལ་སོགས་པའི་ཡུལ་ཅན་ཡིན་ལ། ཡེ་ཤེས་ནི་དེ་ལས་བཟློག་པ་ཚད་མས་མི་གནོད་པའི་ཡུལ་ཅན་ཡིན་པའི་ཕྱིར། ཀུན་རྫོབ་པ་ཡིན་ཡང་མ་རིག་པ་དང་འགལ་བའི་བདག་ཉིད་དུ་སྐྱེས་པས། སྣ་ཚོགས་སུ་སྣང་བའི་རྟེན་འབྲེལ་སྒྱུ་མ་ལྟ་བུའི་གནས་ལུགས་སྤྲོས་པ་དང་བྲལ་བ་ལ་འཛིན་ཀྱང་སྤྲོས་བྲལ་དུ་འཇོག་པའི་ཕྱིར། སྐྱོན་མེད་པ་ཁོ་ནའོ། །འོ་ན་སོ་སྐྱེ་དང་འཕགས་པ་ཡང་ཁྱད་པར་མེད་པར་འགྱུར་ཏེ། ཡུལ་ཀུན་རྫོབ་པ་ལ་འཇུག་པར་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཁྱད་པར་ནི་འདི་ཡིན་ཏེ། སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མ་ལ་མངོན་པར་ཞེན་པ་མེད་པ་བཞིན་དུ། འཕགས་པ་རྣམས་ཀྱིས་རྟེན་འབྲེལ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་སྣ་ཚོགས་སུ་སྣང་བ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། འཕགས་པ་རྣམས་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཡིན་ལ། སོ་སོ་སྐྱེ་བོ་རྣམས་ནི་སྒྱུ་མ་མཁན་གྱིས་སྤྲུལ་པ་ལ་ལྟད་མོ་བ་དང་འདྲ་བར་སྣང་བ་ལ་མངོན་པར་ཞེན་པའི་ཕྱིར་འཁོར་བ་གནས་པ་ཡིན་ནོ། །གཞན་ཡང་སོ་སྐྱེ་རྣམས་ཀྱིས་སྣང་དུས་ན་རང་བཞིན་མེད་པར་རྟོགས་ལ། འཕགས་པ་རྣམས་ཀྱིས་སྣང་དུས་ན་བདེན་པའི་རང་བཞིན་མེད་པར་ཁོང་དུ་ཆུད་པའི་ཕྱིར་ཁྱད་པར་ཡོད་དེ། སྣང་བ་དང་སྟོང་པ་ནི་བློ་འཁྲུལ་བ་དང་མ་འཁྲུལ་བ་གཉིས་ལ་ལྟོས་ནས་བཞག་པའི་ཕྱིར། སྣང་དུས་ན་སྟོང་པ་ཡོད་པར་མི་འཐད་དོ་ཞེ་ན། འོ་ན་སྣ་ཚོགས་སུ་སྣང་བ་རྟེན་འབྲེལ་མ་ཡིན་པར་འགྱུར་ཏེ། མི་སྟོང་པའི་ཕྱིར་རོ། །བདེན་གཉིས་ཟུང་དུ་མི་འཇུག་པར་ཡང་ཐལ་བར་འགྱུར་ཞིང༌། སྣང་བ་བདེན་དངོས་སུ་ཡང་ཁས་ལེན་དགོས་ཏེ། སྣང་བ་སྟོང་པ་དང་མ་འབྲེལ་བའི་ཕྱིར། འཕགས་པའི་རྗེས་ཤེས་ཀྱིས་སྣང་བ་རང་བཞིན་མེད་པར་ཡང་རྟོགས་པར་འགྱུར་ཏེ། སྣང་བ་དམིགས་པའི་བློས་རང་བཞིན་མེད་པ་མ་དམིགས་པའི་ཕྱིར། སྣ་ཚོགས་སུ་སྣང་བའི་སྟེང་དུ་བདེན་པའི་གཅིག་དུ་བྲལ་ཡང་མ་དམིགས་པར་འགྱུར་ཞིང༌། གཅིག་དང་དུ་བྲལ་གྱི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་བློ་ཡང་རིག་པ་དམ་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་རྟགས་ལས་སྐྱེས་པའི་བློ་ལ་དོན་དམ་པའི་སྒྲས་བརྗོད་པ་མ་ཡིན་ནོ། །དེ་ཡང་ཀུན་རྫོབ་པ་ཡིན་པའི་ཕྱིར། ཇི་ལྟར་དོན་དམ་པ་ཡིན། དེའི་དབང་གིས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་རྣམ་པར་འཇོག་ན། བློ་དེ་ཡང་ངོ་བོ་ཉིད་མེད་པར་གང་གིས་རྣམ་པར་འཇོག བློ་དེ་ཉིད་ཀྱིས་རྣམ་པར་འཇོག་པ་ཡང་རིགས་པ་མ་ཡིན་ནོ། །བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གཞན་གྱི་རྣམ་པར་འཇོག་པ་ཡང་རིགས་པ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བའི་ཕྱིར། འོན་ཏེ་བློ་དེ་ལས་གཞན་པ་རྣམས་རྣམ་པར་འཇོག་པ་ན། བློ་དེ་ཉིད་ངོ་བོ་ཉིད་མེད་པར་མ་བཞག་པ་ཐམས་ཅད་བདག་མེད་པར་མ་གྲུབ་པར་འགྱུར་ཞེ་ན། དོན་དམ་པ་དངོས་པོ་མ་ཡིན་པ་ནི་ལེགས་མོད་ཀྱི། ས་བོན་ཀྱང་སྤྲོས་པ་མ་ལུས་པ་དང་བྲལ་བའི་དོན་དམ་པ་དང་རྗེས་སུ་མཐུན་པའི་ཕྱིར་ཇི་སྐད་བཤད་པའི་བློ་ལ་དོན་དམ་པར་བརྗོད་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཡང་དེ་ཉིད་ལ་རྣམ་པར་འཇོག་ཅིང༌། བདག་ཉིད་ལ་བྱེད་པ་འགལ་བ་ཡང་མ་ཡིན་ཏེ། སྤྱིའི་ཚུལ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་འཇོག་པའི་ཕྱིར་དང༌། བློ་དེའི་རང་གི་ངོ་བོ་ཡང་སྤྱིའི་མཚན་ཉིད་ཀྱིས་ཁོངས་སུ་འདུ་བའི་ཕྱིར་རོ། །དེའི་ཕྱིར་ན་བརྩད་དུ་མེད་དོ། །དེ་ལྟར་གཅིག་དང་དུ་བྲལ་གྱི་རྟགས་ལས་སྐྱེས་པའི་བསམ་པ་ལས་བྱུང་བའི་ཤེས་རབ་རྣམ་དག་གིས་སྣང་བའི་སྟེང་དུ་སྤྲོས་པའི་སྒྲོ་འདོགས་ཡོངས་སུ་བཅད་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་རབ་ཀྱི་མིག་གིས་ངེས་པར་རྟོགས་པའི་དོན་ལ་བསྒོམས་པའི་སྟོབས་ཡོངས་སུ་རྫོགས་པ་ན། ཉེས་པ་ཐམས་ཅད་དང་འགལ་བ་བདག་མེད་པའི་དོན་མངོན་སུམ་དུ་མཐོང་བས་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་བདག་ཉིད་ཀྱིས་ཉམས་སུ་མྱོང་བ། སྙིང་རྗེ་ཆེན་པོ་དང་འབྲེལ་བའི་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཀུན་རྫོབ་པ་ནི། རྣལ་འབྱོར་བཞིའི་རིམ་པ་རྣམ་པར་དག་པའི་རྒྱུ་ལས་རྟེན་ཅིང་འབྲེལ་བ་འབྱུང་བའི་ཆོས་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །དེ་ལྟར་སྐྱེས་པ་དེའི་ཚེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་གེགས་མེད་པས། སྤྲིན་ལ་སོགས་པའི་སྒྲིབ་གཡོགས་དང་བྲལ་བའི་ནམ་མཁའ་ལ་ཉི་མའི་འོད་བཞིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོའི་དེ་ཁོ་ན་བརྟགས་པའི་དངོས་པོ་ཐམས་ཅད་དང་བྲལ་བ་ལ། རྣལ་འབྱོར་པའི་མངོན་སུམ་གྱི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་འཇུག་ཐོག་སྣང་བ་བཀག་ན་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱང་རྫོགས་པར་མི་འགྱུར་ཞིང༌། ལམ་སྒོམ་པའི་རྟེན་ཀྱང་མེད་པའི་ཕྱིར་རྟོགས་པ་ཡང་རྒྱུད་ལ་སྐྱེ་བར་མི་འགྱུར་རོ། །རྟེན་ཆོས་ཅན་མེད་པའི་ཆོས་ཙམ་བསྒོམས་པའི་ཉེས་པ་དང་བཅས་པར་ཡང་འགྱུར་བ་ཡིན་ནོ། །དེའི་ཕྱིར་ལྟ་བས་ཀྱང་སྣང་བའི་སྟེང་དུ་སྤྲོས་པའི་སྒྲོ་འདོགས་བཅོད་ཅིང༌། བསྒོམས་པས་ཀྱང་སྣང་བའི་སྟེང་དུ་བསལ་བཞག་སྤངས་ཏེ། འཛིན་མེད་དུ་མཉམ་པར་བཞག་ནས། སྒྱུ་མའི་རྒྱལ་པོས་སྒྱུ་མའི་རྒྱལ་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ། རིམ་གྱིས་གཉེན་པོ་སྒྱུ་མ་ལྟ་བུས་སྤང་བྱ་སྒྱུ་མ་ལྟ་བུ་ཕམ་པར་མཛད་དེ། སྲིད་པ་འཁོར་བའི་མཐའ་ལ་མི་གནས་པའི་རང་དོན་ཆོས་ཀྱི་སྐུ་མངོན་སུམ་དུ་བྱས་ནས། གཞན་དོན་གཟུགས་ཀྱི་སྐུ་གཉིས་ཀྱི་སྣང་བ་སྐྱེད་པའི་སྒོ་ནས་མཛད་པ་ཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་པ་ཡིན་ནོ། །དེ་སྐད་དུ་ཡང༌། སློབ་དཔོན་གྱི་ཞལ་སྔ་ནས། ཆོས་གང་ལ་ཡང་སྐུར་པ་འདེབས་པ་དང༌། སྒྲོ་འདོགས་པའི་ངོ་བོ་བསལ་བ་དང་བཞག་པ་མ་བྱས་པར། གཟུགས་ལ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ། ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་རང་བཞིན་མེད་པར་དྲན་པར་བྱ་སྟེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཕམ་པར་བྱས་པ་དེ་བཞིན་དུ། ཕྱིན་ཅི་ལོག་རྟོགས་པ་དེ་ཁོ་ན་ཉིད་མཐོང་བ་དེ་གྲོལ་བར་འགྱུར་རོ། །ཞེས་སོ། །རྒྱལ་བའི་གསུང་གིས་ལྗོན་པའི་ནགས་ཚལ་དུ། །རྟེན་འབྲེལ་ཟབ་མོའི་སྦྲང་རྩིས་ལེགས་གཏམས་ཤིང༌། །ལེགས་བཤད་ལོ་འདབ་ཆ་ཤས་ཡོངས་རྫོགས་པ། །ཀླུ་སྒྲུབ་གཞུང་ལུགས་དྲི་མེད་པདྨོའི་ཚོགས། །རྣམ་འབྱེད་ཤེས་རབ་དཀྱིལ་འཁོར་ལས་འཐོན་པའི། །གཞུང་བརྒྱའི་འོད་ཟེར་དྲྭ་བས་རྣམ་ཕྱེ་ཞིང༌། །འཕགས་པའི་རྣམ་བཞག་ཟབ་མོའི་རྒྱ་མཚོ་ལ། །ཡོངས་འཛིན་མཁས་པའི་མན་ངག་གྲུ་གཟིངས་བཅས། །མང་ཐོས་དྲི་མེད་སྤོབས་པའི་བ་དན་ཅན། །མངོན་སྦྱོར་དྲི་ཡི་བཞོན་པས་ལེགས་བསྐྱོད་དེ། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །རྒྱལ་དང་རྒྱལ་སྲས་དགོངས་དོན་ནོར་བུ་རྙེད། །རྨོངས་པའི་མུན་ཚོགས་རྣམ་པར་གསལ་བའི་ཕྱིར། །བློ་གསལ་ཀླུ་དབང་གཙུག་གི་རྒྱན་དུ་བཀོད། །ཐུབ་དབང་གསུང་གི་དཀྱིལ་འཁོར་ཟླ་བའི་གཟུགས། །ལེགས་བཤད་སྒྱུ་སྐར་འོད་ཀྱི་དྲྭ་བ་ཅན། །རྣམ་པར་བཀྲ་བའི་ལེགས་བཤད་རྒྱ་མཚོ་འདིར། །ཐོས་བསམ་གྲུ་བོས་མྱུར་དུ་ལེགས་ཞུགས་ཤིག །ཚེ་འདི་མི་རྟག་རི་གཟར་འབབ་ཆུ་བཞིན། །ལུས་སྲོག་རྣམ་པར་འགྱུར་བ་སྟོན་ཁའི་སྤྲིན། །རླུང་གིས་བསྐྱོད་པའི་ཆུ་ཡི་རླབས་ཕྲེང་བཞིན། །འཁོར་སློབ་འབྱོར་བའི་ཚོགས་ཀྱང་མི་བརྟན་ཞིང༌། །འཁོར་བའི་རྒྱ་མཚོ་ཆེ་ལས་བསྒྲོལ་བའི་གླུ། །རྙེད་དཀའི་ལུས་ཀྱང་མྱུར་དུ་འཇིག་འགྱུར་བས། །ཆགས་སྡང་མུན་ཁྲོད་འདི་ན་གནས་སྤངས་ཏེ། །གདུང་སྐྱོབ་ལྗོན་པ་འཁྲིགས་པའི་ནགས་འདབས་སུ། །ཟབ་མོའི་ཏིང་འཛིན་བསྒྲུབས་ན་མི་ལེགས་སམ། །བསྟན་པའི་སྒྲོན་འཛིན་དམ་པའི་སྐྱེ་བོ་ཡང༌། །ཕལ་ཆེར་མྱང་འདས་ཞི་བས་ལྷག་མེད་པ། །གང་ཕྱིར་ལྟ་ངན་མུན་པས་ཕྱོགས་ཀུན་འཁོར། །དོན་བཞིན་སྟོན་པ་ཉིན་མོའི་རྒྱུ་སྐར་བཞིན། །དེ་ཕྱིར་དཀའ་བ་བརྒྱ་ཕྲག་དུ་མ་ཡིས། །ཡོངས་འཛིན་མཁས་པའི་དྲུང་དུ་བགྲོད་ན་ལེགས། །བདག་གིས་ཡོངས་འཛིན་མཁས་པའི་མན་ངག་ཐོས། །རྒྱ་འགྲེལ་དུ་མ་ཡུན་དུ་འདྲིས་པར་བྱས། །ཤིང་རྟ་ཆེ་རྣམས་ཇི་ལྟར་བཞེད་པའི་ཚུལ། །བློ་གྲོས་མཐུ་ཡིས་ཇི་བཞིན་ལེགས་རྟོགས་པས། །འཕགས་པའི་མཉམ་བཞག་གསལ་བྱེད་རྒྱན་འདི་བྱས། །འདི་ལ་འཁྲུལ་པ་ཅུང་ཟད་མེད་པར་སེམས། །དེ་ལྟར་མོད་ཀྱང་ཚུ་རོལ་མཐོང་བ་ཡིས། །འཕགས་པའི་དགོངས་པ་རྟོགས་པ་དཀའ་བའི་ཕྱིར། །ཉེས་པ་ཟིན་གང་དེ་འདིར་མཁས་ལ་བཟོད། །སློབ་མའི་དབུས་སུ་སེང་གེའི་སྒྲ་དབྱངས་སྒྲོག །མཁས་པའི་མདུན་དུ་ཝ་བཞིན་རྣམ་པར་ཞུམ། །སྒྲོ་ངག་ཚིག་གི་ཕྲེང་བ་ལྷུར་ལེན་ཞིང༌། །དོན་ལ་དཔྱོད་པའི་བློ་གྲོས་མཐུ་མེད་པ། །སྐྱེ་བོ་དེ་ཡིས་བློ་ངན་སླད་ཞུགས་རྩམ། །མང་དུ་ཐོས་པའི་ནགས་ཀྱི་ཁྲོད་གནས་ཤིང༌། །རྣམ་དཔྱོད་མཚུངས་མེད་སྤོབས་པའི་རྩལ་དང་ལྡན། །ལོག་སྨྲའི་ཝ་ཚོགས་མ་ལུས་མཐར་བཀྲོད་པ། །སྨྲ་བའི་སེང་གེ་རོང་སྟོན་ཁོ་བོས་སྦྱར། །དེ་ཡི་དགེ་བ་རབ་དཀར་སྟོན་ཟླའི་འོད། །གང་ཞིག་ཐོབ་པ་དེས་ཡིས་འགྲོ་བ་ཀུན། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །རྒྱལ་བ་རྒྱ་མཚོའི་གོ་འཕང་བརྙེས་གྱུར་ཅིག །སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པའི་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ལྡན་ས་སྐྱའི་མཚུངས་མེད་ཐམས་ཅད་མཁྱེན་པ་སྤྱོད་པ་སངས་རྒྱས་དཔལ་དང༌། མཐའ་བྲལ་སེང་གེའི་ང་རོས་དངོས་པོར་སྨྲ་བའི་ཝ་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་བདག་ཉིད་འཕན་ཡུལ་བ་ཟླ་གྲགས་གསར་མའི་གསུང་ལ་བརྟེན་ནས། དབུ་མའི་སྲོལ་གྱི་དོན་ལ་བློའི་སྣང་བ་ཐོབ་པ་ཤར་རྒྱལ་མོ་རོང་པ་རོང་སྟོན་གཞུང་བརྒྱ་པས་སྦྱར་རོ།། །།ཤུབྷཾ།། །།«འདི་ཡི་མ་དཔེ་ཡིག་རྙིང་བྲིས་མ་ཡིག་ཚུགས་ཞན་པ། ཡིག་ནོར་ཤིན་ཏུ་མང་བ་ཞིག་འདུག འོན་ཀྱང་སྒྲ་ཇི་ལྟ་བ་བཞིན་ཞུ་དག་བྱས་ཡོད་པས་རང་བཟོས་ཉེས་པར་མེད་པ་སེམས། མཇུག་རྩོམ་ཚིགས་རྐང་གཅིག་གཏན་ནས་མི་མཐོང་བས་གུག་རྟགས་ནང་དུ་རང་གིས་ཁ་སྐོང་ནས་བྲིས་ཡོད། འགྲིག་མིན་མཁས་པ་རྣམས་ཀྱིས་དཔྱད་ཚལ། སྒྲིག་པོས།། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།»

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*