༄༅། །བི མོ ཀྵ པ ནྠ ཀྵེ མ སོ པཱ ན ནཱ མ སཱ དྷུཾ སུ ཧྲྀ ད ལེ ཁ སྱཱ བི ཁྱཱ ཏཾ བི ཧ ར ཏི སྨ།།
༄༅། །ལེགས་པར་བཤེས་པའི་སྤྲིང་ཡིག་གི་རྣམ་བཤད་ཐར་ལམ་བདེ་བའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།
ལེགས་པར་བཤེས་པའི་སྤྲིང་ཡིག་གི་རྣམ་བཤད་ཐར་ལམ་བདེ་བའི་ཐེམ་སྐས་ཞེས་བྱ་བ། ཐུགས་རྗེའི་བསིལ་ཟེར་སྲིད་པའི་གདུང་སྐྱོབ་ཅིང༌། །མཁྱེན་པའི་ཡེ་ཤེས་གསལ་བའི་ཉི་འོད་ལྡན། །ངག་གི་སྤོབས་པ་མི་ཟད་འབྱིན་པའི་གཏེར། །ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །མི་གནས་མྱང་འདས་གཞལ་མེད་ཁང་བཟང་དུ། །འགྲོ་དྲུག་འདྲེན་མཛད་ཕྲིན་ལས་བླ་ན་མེད། །གཞན་དོན་པད་མཚོར་རྟག་ཏུ་བཞུགས་གྱུར་པ། །སྐྱེ་དགུའི་སྒྲོན་མེ་ཐུབ་དབང་ལ་ཕྱག་འཚལ། །ཐུབ་དབང་བསྟན་པའི་ཆུ་གཏེར་ཡོངས་སུ་འཛིན། །ཚད་མེད་ཡོན་ཏན་ནོར་བུའི་གདེངས་ཀ་ཅན། །ཟབ་མོའི་རོ་འཛིན་ཉིས་སྟོང་ལྡན་པ་ཡི། །རྒྱལ་སྲས་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །རྣམ་མང་གསུང་རབ་མང་པོའི་དོན་སྟོན་ཞིང༌། །ངེས་འབྱུང་ཐར་པའི་ལམ་ལ་བསྐུལ་མཛད་པ། །ལེགས་པར་འདོམས་པ་ལྷ་ཡི་རྔ་བོ་ཆེ། །བཤེས་པའི་སྤྲིང་ཡིག་རྣམ་བཤད་བརྩམ་པར་བྱ། །འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་སྒྲ་མི་སྙན་དུ་བྱོན་པའི་ལམ་ཁར་བྱིས་པ་དུ་མ་རྩེད་མོ་བྱེད་པ་མཐོང་བ་ན། བྱིས་པ་གཅིག་གི་ལག་བྲིས་བལྟས་ནས་དེ་རྒྱལ་པོར་འགྱུར་བར་ལུང་བསྟན་ཏོ། །དེ་ནས་བྱང་སྒྲ་མི་སྙན་ནས་འཕགས་པའི་ཡུལ་དུ་སླེབ་པའི་དུས་སུ་བྱིས་པ་དེས་རྒྱལ་པོ་ཐོབ་པའི་མིང་བདེ་སྤྱོད་བཟང་པོ་ཞེས་བྱ་སྟེ་དེ་ལ་སྤྲིངས་པའི་ཡི་གེའོ། །འདི་ལ་དོན་གཉིས་ཏེ། མཚན་དོན་བཤད་པ་དང༌། གཞུང་དོན་དངོས་སོ། །དང་པོ་ནི། རྒྱ་གར་སྐད་དུ། སུ་ཧྲི་ད་ནི། བོད་སྐད་དུ་བཤེས་པ། ལེ་ཁ་ནི་སྤྲིང་ཡིག་གོ །རང་གི་བཤེས་སུ་གྱུར་པ་ལ་སྤྲིངས་པའི་ཚུལ་དུ་གདམས་པས་སྤྲིངས་ཡིག་གོ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལོ་ཙཱ་བས་བཀོད་པའོ། །གཉིས་པ་གཞུང་དོན་ལ། ཐོག་མར་གདམས་ངག་ཉན་པར་བསྐུལ་བ་ནི། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐོབ་པའི་རྒྱུར་གྱུར་པའི་རང་བཞིན་དགེ་བ་དུ་མ་བསགས་པ་སྔོན་དུ་སོང་བས། དགེ་བའི་རྩ་བ་ཉམས་སུ་ལེན་པའི་སྣོད་དུ་འོས་པས་དགེར་འོས་ཏེ་དགེ་བའི་སྣོད་དུ་འོས་པ་ཁྱོད་ཀྱིས་གསན་པ་རིགས་ཞེས་སྦྲེལ་ལོ། །གང་ན་འཕགས་པའི་དབྱངས་ཞེས་བྱ་བའི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་སུ་བཅད་པ་ཅུང་ཟད་ཅིག་བསྡེབས་པ་འདི་དག་གོ །སུ་ཞིག་གིས་བསྡེབས་སྙམ་ན་ཀླུ་སྒྲུབ་བདག་གིས་སོ། །བརྗོད་བྱ་གང་སྟོན་པའི་དབང་དུ་བྱས་ཤེ་ན། བདེ་བར་གཤེགས་པའི་གསུང་རབ་ལས་བསྙད་པའི་དོན་ཏོ། །དགོས་པ་གང་གི་ཕྱིར་དུ་བསྡེབས་པར་མཛད་ཅེ་ན། གསུང་རབ་ཀྱི་དོན་བསྙད་པ་ལས་བྱུང་བའི་བསོད་ནམས་ལ་གཞན་དག་འདུན་པར་བྱ་བའི་སླད་དུའོ། །བསྟན་མི་དགོས་པ་དགག་པ་ནི། ཐུབ་པའི་དབང་པོས་མངོན་མཐོ་དང་ངེས་ལེགས་ཀྱི་དོན་མཐའ་དག་བསྟན་ཟིན་པས། འདི་བསྟན་པ་ལ་དོན་མེད་དོ་ཞེ་ན། ཇི་ལྟར་བདེར་གཤེགས་ཀྱི་སྐུ་གཟུགས་རྒྱུ་དམན་པ་ཤིང་དང་རྡོ་བ་ལ་སོགས་པ་ལས་ཀྱང་བགྱིས་པ་རྒྱུ་བཟང་ངན་ཅི་འདྲའང་རུང་སྟེ་རྒྱུ་ལ་མི་ལྟ་བར་མཁས་པས་མཆོད་པ་དེ་བཞིན་དུ་བདག་གི་སྙན་ངག་འདི་སྡེབ་སྦྱོར་བཟང་ངན་གང་ལྟར་ཡང་རུང༌། བརྗོད་བྱ་མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་སྟོན་པའི་དམ་ཆོས་ལ་བརྟེན་པའི་སླད་ཀྱིས་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་མཁས་པ་རྣམས་ཀྱིས་བསྔགས་པར་འོས་པའི་ཕྱིར་སྨད་པར་མི་བགྱིའོ། །ཐུབ་པའི་གསུང་དང་ཟློས་པ་སྤོང་བ་ནི་ཐུབ་པས་བསྟན་ཟིན་པས་མི་དགོས་སོ་སྙམ་ན། ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ནི་ལེགས་པར་གསུངས་པའི་ཕྱིར་སྙན་པ་ཡིན་ལ་མང་པོ་ཡོད་པས་སྙན་དགུ་ཞིག་སྟེ་རྒྱལ་པོ་ཁྱོད་ཀྱིས་ཐོས་པ་དང་བསམ་པའི་སྒོ་ནས་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། འོན་ཀྱང་དེ་དག་གི་དོན་ཆེས་གསལ་བའི་རྐྱེན་དུ་འགྱུར་བའི་ཕྱིར་མཉན་པར་རིགས་ཏེ། དཔེར་ན་རྡོ་ཐལ་བྱུགས་པ་ལས་བགྱིས་པའི་ཁང་བཟང་རང་བཞིན་གྱིས་དཀར་བ་ཡིན་ཡང་དགུང་ཟླའི་འོད་ཀྱིས་རེག་པ་ན་ཆེས་ཤིན་ཏུ་དཀར་བར་ཉིད་དུ་ཅི་སྟེ་མི་བགྱིད་ལགས་ཏེ་བགྱིད་པ་དེ་བཞིན་ནོ། །གདམས་པ་དངོས་སྟོན་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། དོན་བསྡུའོ། །དང་པོ་ལ་དད་པ་བསྐྱེད་པའི་ཕྱིར་རྗེས་དྲན་དྲུག་ལ་གདམས་པ་ནི། རྒྱལ་བ་བཅོམ་ལྡན་འདས་ཀྱིས་རྗེས་སུ་དྲན་པ་དྲུག་རབ་ཏུ་བཀའ་སྩལ་པ་དེ་དག་སོ་སོའི་ཡོན་ཏན་གྱི་ཚོགས་མདོ་ལས་ཇི་སྐད་བསྟན་པ་ཉིད་ཀྱིས་རྗེས་སུ་དྲན་པར་བགྱིའོ། །རྗེས་དྲན་དྲུག་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། གཏོང་བ་དང༌། ཚུལ་ཁྲིམས་དང༌། ལྷ་རྗེས་སུ་དྲན་པའོ། །དེ་ལ་སངས་རྒྱས་ཀྱི་ཡོན་ཏན་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་ལྟ་བུའོ། །ཆོས་ཀྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཞེས་གསུངས་པ་ལྟར་རོ། །དགེ་འདུན་གྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ་སྟེ་ཞེས་སོགས་ལྟར་རོ། །གཏོང་བའི་ཡོན་ཏན་ནི། སེར་སྣའི་དྲི་མ་དང་བྲལ་བའི་སེམས་ཀྱིས་གནས་ཤིང་མཆོད་སྦྱིན་འཁོར་མོར་བྱེད་པ་དང༌། ལག་རྐྱོང་བ་དང་གཏོང་བ་ལ་རྣམ་པར་དགའ་བ་དང༌། སྦྱིན་པ་ལ་འགོད་པར་དགའ་བ་གང་ཡིན་པ་དེ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པ་ཡིན་ཞེས་པ་ལྟར་རོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི། བདག་གི་ཚུལ་ཁྲིམས་ནི་མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། མ་གོས་པ། རང་དབང་ཡོད་པ། མཁས་པས་བསྔགས་པའི་ཏིང་ངེ་འཛིན་སྒྲུབ་པ་ཡིན་ཞེས་བྱ་བ་ལྟ་བུའོ། །ལྷའི་ཡོན་ཏན་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་དང༌། སུམ་ཅུ་རྩ་གསུམ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་ཡོད་ཅེས་སོགས་ཏེ། མངོན་མཐོའི་ཆོས་ཉམས་སུ་བླངས་པས་འབྲས་བུ་ཁྱད་པར་ཅན་ལྷའི་གནས་འཐོབ་བོ་ཞེས་རྗེས་སུ་དྲན་པའོ། །མངོན་མཐོའི་ཆོས་ལ་གདམས་པ་ནི། འབྲས་བུ་ཡིད་དུ་འོང་བ་འབྱིན་པས་ན་དགེ་བ། བྱ་བའི་ངོ་བོར་གྱུར་པས་ན་ལས། བདེར་འགྲོར་འགྲོ་བའི་ལམ་ཡིན་པས་ན་ལམ། བཅུ་པོ་ཞེས་པ་ནི། ལུས་ཀྱིས་སྲོག་གཅོད་སྤོང་བ་དང༌། མ་བྱིན་ལེན་སྤོང་བ་དང༌། འདོད་ལོག་སྤོང་བ་དང་གསུམ་མོ། །ངག་གིས་བརྫུན་སྤོང་བ་དང༌། ཕྲ་མ་དང༌། ཚིག་རྩུབ་དང༌། ངག་འཁྱལ་སྤོང་བ་བཞིའོ། །ཡིད་ཀྱིས་བརྣབ་སེམས་མེད་པ། གནོད་སེམས་མེད་པ། ཡང་དག་པའི་ལྟ་བ་གསུམ་མོ། །བཅུ་པོ་འདི་རྣམས་ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་པར་བགྱིའོ། །ཞིང་ནི་ཚིག་ཕྱི་མ་སྡུད་པའི་ཚིག་གོ །ཡང་དག་པའི་འཚོ་བ་ལ་བརྟེན་པར་གདམས་པ་ནི། བག་མེད་པའི་གནས་སུ་གྱུར་པའི་ཕྱིར། འབྲུའི་ཆང་དང༌། བཅོས་པའི་ཆང་ལས་རྣམ་པ་ཐམས་ཅད་དུ་ལྡོག་པར་བྱའོ། །ཆང་མི་འཐུང་བ་ལ་སློབ་པ་དེ་བཞིན་དུ། གཞན་ལ་མི་གནོད་ཅིང༌། བག་མེད་པའི་རྒྱུར་མི་འགྱུར་བའི་དགེ་བའི་འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད་ཅིག མངོན་མཐོའི་ཆོས་བསྟན་ཟིན་ནས། མངོན་མཐོ་དང་ངེས་ལེགས་གཉིས་ཀའི་ཐུན་མོང་གི་ཆོས་བསྟན་པ་ལ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི། ཟས་དང་གོས་ལ་སོགས་པའི་ལོངས་སྤྱོད་རྣམས་མི་བརྟན་པས་གཡོ་བ་དང༌། ངོམས་མི་ཤེས་པས་སྙིང་པོ་མེད་པར་མཁྱེན་ནས། སྙིང་པོ་བླང་བའི་ཕྱིར་དུ། ཡོན་ཏན་གྱི་ཞིང༌། དགེ་སློང་དང༌། བྲམ་ཟེ་དང༌། སྡུག་བསྔལ་གྱི་ཞིང༌། བཀྲེན་པ་དང༌། ནད་པ་སོགས་དང༌། མཆོད་པའི་ཞིང་ཆོས་སྨྲ་བ་དང༌། ཕ་མ་སོགས་དང༌། ཕན་གདགས་པའི་ཞིང་རང་གི་བཤེས་སུ་གྱུར་པ་རྣམས་ལ། སྦྱིན་པ་ཚུལ་བཞིན་དུ་སྩལ་བར་བགྱི་སྟེ། འཇིག་རྟེན་ཕ་རོལ་ཏུ་སྦྱིན་པ་ལས་གཞན་པའི་ཕན་འདོགས་པའི་གཉེན་འདི་བས་ལྷག་པའི་མཆོག་གཞན་མ་མཆིས་སོ། །ཅི་ཞེ་ན། རྣམ་པར་སྨིན་པ་ཡིད་དུ་འོང་བ་དངོས་དང་བརྒྱུད་པས་ཟད་མི་ཤེས་པ་འབྱུང་བའི་ཕྱིར་རོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བ་ལ་གདམས་པ་ནི། རྒྱལ་པོ་ཁྱོད་ཀྱིས་བསྟེན་པར་མཛོད་ཅེས་བྱའོ། །གང་ན། ཚུལ་ཁྲིམས་ཁྱད་པར་བཞི་ལྡན་ནོ། །ཁྱད་པར་བཞི་ནི། བསླབ་པའི་གཞི་ལས་མ་འདས་པའི་ཕྱིར་མ་ཉམས་པ་དང༌། ཡན་ལག་གི་ཆ་ཤས་ལས་མ་འདས་པའི་ཕྱིར་སྨོད་པ་མི་མངའ་བ་དང༌། མི་དགེ་བའི་རྟོག་པ་དང་བྲལ་བས་མ་འདྲེས་པ་དང༌། སྲིད་པའི་ལོངས་སྤྱོད་ཀྱི་ཆེད་དུ་མ་བསྡོས་པས་མ་སྦགས་པའོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི། འགྲོ་བ་རྒྱུ་བ་དང༌། མི་རྒྱུ་བ་རྩི་ཤིང་ལོ་ཐོག་ལ་སོགས་པ་ཀུན་གྱི་རྟེན་ས་གཞི་ཡིན་པ་བཞིན་དུ། ཚུལ་ཁྲིམས་ཀྱང༌། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་ཀུན་གྱི་གཞི་རྟེན་ལ་ལེགས་པར་སྟོན་པས་གསུངས་སོ། །བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི་ངེས་ཤུགས་ཀྱིས་འཕངས་ཏེ། ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་འབྱུང་བའི་ཕྱིར་རོ། །ཐེག་པ་ཐུན་མོང་གི་ཆོས་ལ་གདམས་པ་བསྟན་ནས་ཐེག་ཆེན་གྱི་ཆོས་ལ་གདམས་པ་ནི། བྱང་ཆུབ་ཀྱི་སེམས་དང་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྦྱིན་པ་དང༌། མི་དགེ་བ་གཞི་དང་བཅས་པ་སྤོང་བའི་ཚུལ་ཁྲིམས་དང༌། དཀའ་སྤྱད་ལ་སྲན་ཐུབ་པའི་བཟོད་པ་དང༌། དགེ་བའི་བྱ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དགེ་བ་ལ་སེམས་རྩེ་གཅིག་པའི་བསམ་གཏན་རྣམས་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་བྱ་བ་དེ་བཞིན་དུ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་ཀྱང་དེ་བཞིན་དུ་སྤྱད་པར་བྱའོ། །ཉན་རང་གི་བློས་གཞལ་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རང་རྒྱུད་ལ་རྒྱས་པར་མཛད་པར་བྱའོ། །དེ་ལས་འབྲས་བུ་ཅི་འགྲུབ་སྙམ་ན། སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་དབང་པོ་འཐོབ་བོ། །འདི་ལས་རྒྱལ་བའི་དབང་པོ་འཐོབ་པས་ཕར་ཕྱིན་འདི་དག་རང་རྒྱུད་ལ་བརྟེན་པར་མཛོད་ཅེས་གདམས་སོ། །མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། དང་པོ་མངོན་མཐོའི་ཆོས་ལ་ཁྱིམ་པ་ལ་གདམས་པ་བཅུ་ལས། ཕ་མ་ལ་གུས་པར་བྱ་བར་གདམས་པ་ནི། རིགས་གང་དག་ལ་ཕ་དང་མ་དག་གུས་པས་མཆོད་པའི་རིགས་དེ་མི་མ་ཡིན་གྱི་གནོད་པ་མེད་པ་དང་ལྷས་བྱིན་གྱིས་བརླབས་པས་ཚངས་པ་དང་བཅས་པ་དང༌། བླ་མས་བྱིན་གྱིས་བརླབས་པས་སློབ་དཔོན་དང་བཅས་པ་ལགས་ཤིང༌། ཡོན་ཏན་གཞན་ཡང་ཕ་མ་དེ་དག་ལ་མཆོད་པར་གྱུར་པས་མཐོང་ཆོས་ལ་སྙན་པའི་གྲགས་པ་འབྱུང་བར་འགྱུར་བ་དང༌། སླད་མ་སྟེ་ཕྱི་མ་ལ་ཡང་རྣམ་པ་ཀུན་ཏུ་མཐོ་རིས་ཐོབ་པར་འགྱུར་བ་ལགས་པས་ན། ཕ་མའི་བསྙེན་བཀུར་ལ་བསྒྲིམ་པར་བྱའོ། །ཁྱིམ་པས་ཡན་ལག་བརྒྱད་ལྡན་གྱི་གསོ་སྦྱོང་བྱ་བར་གདམས་པ་ནི། འཚེ་བ་སྲོག་གཅོད་དང༌། ཆོམ་རྐུན་མ་བྱིན་པར་ལེན་པ་དང༌། འཁྲིག་པ་མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། བག་མེད་པའི་གནས་མྱོས་པར་འགྱུར་བའི་ཆང་དང༌། དུས་མ་ཡིན་པའི་ཁ་ཟས་ལ་ཆགས་པ་དང༌། མལ་སྟན་མཐོན་པོ་ཁྲི་དང་ཁྲིའུ་ཁྲུ་གང་གི་ཚད་ལས་ལྷག་པ་ལ་དགའ་བ་སྟེ་བསྟེན་པ་དང༌། གླུ་དང་གར་དང༌། སྒེག་པའི་རྫས་སྤོས་དང་ཕྲེང་བའི་ཁྱད་པར་རྣམས་ཉིན་ཞག་གཅིག་ཏུ་སྤང་ཞིང་འབད་པར་བྱའོ། །དེ་ལས་འབྲས་བུ་ཅི་འཐོབ་ཅེ་ན། སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྗེས་སུ་དྲན་པ་སྟེ་སློབ་པར་བྱེད་པའི་དགེ་བའི་ས་བོན་གསོ་ཞིང་སྡིག་པ་སྦྱོང་བར་བྱེད་པས། གསོ་སྦྱོང་ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན་སྩོལ་བར་བགྱིད་དོ། །གང་ལ་ན། ཚུལ་ཁྲིམས་དེ་དང་ལྡན་པའི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དག་ལའོ། །གང་ན། དེའི་རྣམ་པར་སྨིན་པ་ཚེ་ཕྱི་མ་ལ་འདོད་པ་ན་སྤྱོད་པའི་ལྷ་རིས་དྲུག་གི་ལུས་ཡིད་དུ་འོང་བ་སྩོལ་བར་བགྱིད་དོ། །གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དག་ལ་ཡིན་གྱི། གཞན་ལ་མ་ཡིན་ཏེ། གཞན་ལ་བསྙེན་གནས་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །གར་སོགས་གསུམ་དང༌། ཕྲེང་སོགས་གསུམ་ཁྱིམ་པ་ལ་ཡན་ལག་གཅིག་ཏུ་བྱས་པ་ནི། བཤགས་པ་གཅིག་གིས་འདག་པའི་དོན་ཏོ། །རབ་ཏུ་བྱུང་བ་ལ་ཡན་ལག་སོ་སོར་བཅས་པ་ནི། རབ་ཏུ་བྱུང་བ་ལ་ཚུལ་དང་མི་མཐུན་པས་བཤགས་པ་སོ་སོར་བྱ་དགོས་པའི་དོན་ཏོ། །ཁྱིམ་པ་ལ་གསེར་དངུལ་ལེན་པ་སྤོང་བ་ཡན་ལག་ཏུ་མ་བཞག་ལ། རབ་ཏུ་བྱུང་བ་ལ་བཞག་པ་ནི། གསེར་དངུལ་ལེན་པ་ནི། གསོག་འཇོག་ཐམས་ཅད་ཀྱི་རྩ་བ་དང་གཙོ་བོ་ཡིན་པའི་ཕྱིར་རབ་ཏུ་བྱུང་བ་ལ་བཅས་ལ། ཁྱིམ་པའི་ཕྱོགས་ལ་ནི། དེ་ཙམ་དུ་ཉེས་པ་མི་ཆེ་ཞིང༌། གསོག་འཇོག་བྱས་པ་ལ་ཚུལ་ལྷག་པར་མི་མཐུན་པ་མེད་པས་མ་བཅས་སོ། །བསམ་པ་ཕྱིན་ཅི་ལོག་སྤོང་བ་ལ་གདམས་པ་ནི། ཁྱིམ་པ་རྣམས་ནི་བྱ་བ་ངན་པ་ལ་ཆགས་པས། སེར་སྣ་ལ་སོགས་པ་སེམས་ཀྱི་སྐྱོན་མང་དུ་འབྱུང་ལ། དེ་དག་ཀྱང་ངན་སོང་གི་རྒྱུ་ཡིན་པས། དེ་དག་ལས་ལྡོག་དགོས་སོ་ཞེས་བསྟན་པ་ནི། རང་གི་ཡོ་བྱད་ཀུན་ཏུ་འཛིན་པའི་སེར་སྣ་དང༌། རང་གི་ཉེས་པ་སྦེད་པའི་ཐབས་འཛིན་པ་གཡོ་དང༌། གཞན་བསླུ་བའི་དོན་དུ་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྟོན་པ་སྒྱུ་དང༌། ལུས་དང་ལོངས་སྤྱོད་ལ་སྲེད་པས་ཆགས་པ་དང༌། དགེ་བ་སྒྲུབ་པ་ལ་མི་སྤྲོ་བའི་སྙོམ་ལས་དང༌། ཡོན་ཏན་དང་མི་ལྡན་པ་ལ་ལྡན་ནོ་སྙམ་དུ་སེམས་ཁེངས་པ་མངོན་པའི་ང་རྒྱལ་དང༌། སྲིད་པ་ལ་སྲེད་པ་འདོད་ཆགས་དང༌། ཀུན་ནས་མནར་སེམས་པའི་ཞེ་སྡང་དང༌། རིགས་དང་གཟུགས་དང་ཐོས་པ་དང་ལང་ཚོ་མ་ཉམས་པ་དང་ལྡན་པ་དང༌། དབང་ཐང་ཆེ་བས་རྒྱགས་པ་སོགས་འདི་དག་ནི། དགེ་བའི་སྲོག་འཕྲོག་པར་བྱེད་པས་ན། དགྲ་བཞིན་དུ་གཟིགས་ནས་སྤང་བར་བྱའོ། །གཉེན་པོ་བག་ཡོད་ལ་གདམས་པ་ནི། དགེ་བའི་ཆོས་རྣམས་ཀྱི་རྩ་བ་བག་ཡོད་ཡིན་པས། ཁྱིམ་པ་རྣམས་ཀྱིས་ཀྱང་བག་དང་ལྡན་པར་བྱ་དགོས་ཞེས་གདམས་པ་ནི། དགེ་བའི་ཆོས་སྒོམ་ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བའི་མཚན་ཉིད་ཅན་གྱི་བག་ཡོད་ནི་འཆི་བ་མེད་པའི་གོ་འཕང་མྱ་ངན་ལས་འདས་པ་བདུད་རྩིའི་གནས་ཡིན་ལ། བག་ཡོད་ལས་བཟློག་པ་བག་མེད་པ་ནི། འཁོར་བར་སྐྱེ་བ་དང༌། འཆི་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །མདོ་ལས་ཇི་སྐད་དུ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་གསུངས་པ་ལྟར་རོ། །བག་མེད་སྤང་བར་བྱ་བ་ཡིན་པ་དེ་བས་ན། རྒྱལ་པོ་ཁྱོད་ཀྱིས་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་གོང་ནས་གོང་དུ་སྤེལ་བའི་སླད་དུ། རྟག་ཏུ་གུས་པས་དགེ་བའི་ཆོས་གོམས་པར་བྱེད་པའི་བག་ཡོད་དང་བཅས་པར་མཛོད་ཅེས་གདམས་སོ། །སྔོན་ཆད་བག་མེད་པར་གྱུར་ཟིན་པ་ལ་ནི་གདམས་པ་དོན་མེད་དོ་ཞེ་ན། སྐྱེས་བུ་གང་ཞིག་སྔོན་ཆད་ཉོན་མོངས་པས་ཟིལ་གྱིས་ནོན་པའམ། སྡིག་པའི་གྲོགས་པོའི་དབང་གིས་མི་དགེ་བ་བྱུང་རྒྱལ་དུ་སྤྱོད་པ། བག་མེད་པར་གྱུར་པ་ལས། ཕྱིས་དགེ་བའི་བཤེས་གཉེན་དང་ཕྲད་དེ། བླང་དོར་ལྷུར་ལེན་པའི་སྒོ་ནས། བག་དང་ལྡན་པར་གྱུར་བ་དེ་ཡང༌། ཟླ་བ་སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བ་ལྟ་བུར་རྣམ་པར་མཛེས་སོ། །དཔེ་ཅི་ལྟ་བུ་སྙམ་ན། དཔེ་བསྟན་པ་ནི། གཅུང་མཛེས་དགའ་བོ་བུད་མེད་ལ་ཤིན་ཏུ་ཆགས་པ་དང་ལྡན་པ་ཞིག བཅོམ་ལྡན་འདས་ཀྱིས་དམྱལ་བའི་འཇིགས་པ་བསྟན་ནས་སྐྲག་པ་བསྐྱེད་དེ། ཆོས་བསྟན་པས་དགྲ་བཅོམ་ཐོབ་པ་ལྟ་བུ་དང༌། ཞེ་སྡང་ཅན་སོར་མོའི་ཕྲེང་བ་ཅན་ནི་བྲམ་ཟེའི་ཁྱེའུ་ཞིག་སྟེ། རང་གི་མཁན་པོས་མི་སྟོང་བསད་དེ་སོར་མོའི་ཕྲེང་བ་བྱས་ན། མཁའ་སྤྱོད་དུ་འགྲོ་ཞེས་བསྟན་པས་བསླུས་ཏེ། མི་སྟོང་དུ་གཅིག་གིས་མ་ཚང་བ་བསད་པ་ལས། བཅོམ་ལྡན་འདས་ཀྱིས་རབ་ཏུ་དབྱུང་སྟེ་ཆོས་བསྟན་པས། དགྲ་བཅོམ་ཐོབ་པ་ལྟ་བུ་དང༌། མཐོང་ལྡན་ནི་མ་སྐྱེས་དགྲ་སྟེ། སྡིག་པའི་གྲོགས་པོ་ལྷ་སྦྱིན་དང་ཕྲད་དེ། ཆོས་དང་ལྡན་པའི་ཕ་རྒྱལ་པོ་བསད་པ་ལ་སོགས་པའི་སྡིག་པ་བྱས་པ་ལས། ཕྱིས་སྟོན་པ་ལ་དད་པ་ཐོབ་པས་སྡིག་པའི་འབྲས་བུ་ལས་ཐར་ཏེ། དགྲ་བཅོམ་ཐོབ་པ་ལྟ་བུའོ། །བདེ་བྱེད་ནི། གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་དུ་འགྲོ་བ་ལ། རང་གི་མས་བཟློག་པས་མ་བསད་པ་ཞིག་སྟེ། ཕྱིས་རབ་ཏུ་བྱུང་བ་ན། གཞན་གྱིས་མཚམས་མེད་བྱས་པར་ཤེས་ཏེ་བསྐྲད་པ། གནས་གཞན་དུ་ཕྱིན་ནས། དགེ་འདུན་དུ་མ་བསྡུས་ཏེ་ཚུལ་བཞིན་དུ་བསྐྱངས་པས། ཚེ་འཕོས་པ་ན་དམྱལ་བར་ཕོ་ལོང་ས་ལ་བརྡབས་པ་ཙམ་གྱི་ཡུན་དུ་སྐྱེས་ཤིང༌། དེ་ནས་ཤི་འཕོས་ཏེ་ལྷར་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བཤད་པ་བཞིན་ནོ། །ཁྱིམ་པ་རྣམས་ནི་མི་འདོད་པ་དུ་མ་ཐོག་ཏུ་འབབ་པའི་དབང་གིས། ཁྲོ་བ་མང་བས་དེ་ལས་བཟློག་སྟེ། བཟོད་པ་སྒོམ་དགོས་པར་གདམས་པ་ནི། འདི་ལྟར། བཟོད་པ་ནི་གནོད་པ་བྱེད་པ་ལ་མི་ཁྲོ་ཞིང༌། ཁྲོ་བ་སྐྱེས་ཀྱང་རྒྱུན་དུ་མི་འཛིན་པ་སྟེ། དེ་དང་མཚུངས་པའི་དཀའ་ཐུབ་གཞན་འགའ་ཡང་མ་མཆིས་པས་འདི་ཉིད་དཀའ་ཐུབ་མཆོག་གོ །མེ་དང་ཆུར་འཇུག་པ་སོགས་ནི་རང་གི་ལུས་གདུང་བར་བྱེད་པ་ཙམ་དུ་ཟད་ཀྱི་མཐོ་རིས་ཀྱང་མི་འཐོབ་ན་ཐར་པ་ལྟ་ཅི་སྨོས། བཟོད་པའི་ཆེ་བ་བསྟན་པ་ནི། བཟོད་པ་དཀའ་ཐུབ་ཀྱི་མཆོག་ཡིན་པ་དེ་བས་ན། ཁྱོད་ཀྱིས་བཟོད་པའི་མི་མཐུན་ཕྱོགས་ཁྲོ་བའི་གོ་སྐབས་ཅུང་ཟད་ཀྱང་དབྱེ་བར་མི་བགྱིའོ། །དགོས་པ་ཅིའི་ཕྱིར་ན། བཟོད་པ་ལ་བརྟེན་ཏེ་ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད་ཐོབ་པར་འགྱུར་བར་སངས་རྒྱས་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་རོ། །མདོ་ལས། ཁྲོ་བ་སྤོངས་ཤིག ཕྱིར་མི་ལྡོག་པའི་གཉའ་བོར་གྱུར་པ་ཡིན་ནོ་ཞེས་གསུངས་སོ། །མི་མཐུན་ཕྱོགས་ཁོང་ཁྲོ་ངོས་བཟུང་བ་ནི། བདག་ནི་འདིས་ཚིག་ངན་པས་སྤྱོས་སོ། །འདིས་དབྱུག་པ་ལ་སོགས་པས་བཏགས་སོ། །མཐུ་ཡིས་ཕམ་པར་བྱས་སོ། །འདི་ཡིས་བདག་གི་ནོར་འཕྲོག་པར་གྱུར་ཏོ་ཞེས་འཁོན་དུ་འཛིན་པ་དག་གོ །འདི་ལ་ཉེས་པ་ཅི་ཡོད་ཅེ་ན། ལུས་ངག་གི་ཉེས་པ་ཀུན་ནས་སློང་བར་འགྱུར་བས་འཁྲུག་ལོང་རྣམས་བསྐྱེད་ཅིང༌། སླར་ཡང་སྡུག་བསྔལ་བར་བྱེད་དོ། །ཁོང་ཁྲོ་སྤངས་པའི་མཐར་ཐུག་གི་འབྲས་བུ་གོང་དུ་བསྟན་ཟིན་ལ། གནས་སྐབས་ཀྱི་འབྲས་བུ་ཡང་བསྟན་པ་ནི། འཁོན་འཛིན་རྣམ་པར་སྤངས་པས། སེམས་ལ་སྡུག་བསྔལ་མེད་པའི་ཕྱིར། བདེ་བར་གཉིད་ཀྱིས་ལོག་པར་འགྱུར་རོ། །སྤྱོད་འཇུག་ལས་ཀྱང༌། མདོར་ན་ཁྲོ་བས་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མིན་ཏེ། །ཞེས་པ་དང༌། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་སོ། །སོ་སོ་སྐྱེ་བོ་རྣམས་ལ་དགེ་བ་དང་མི་དགེ་བའི་སེམས་འདྲེས་པར་འབྱུང་བས། དགེ་བའི་སེམས་ནི་བརྟན་པར་བྱས་ལ། མི་དགེ་བའི་སེམས་ནི་མྱུར་དུ་ལྡོག་པར་བྱའོ་ཞེས་བསྟན་པའམ། སྒོ་གསུམ་གྱི་སྤྱོད་པ་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་བྱས་ནས། སྒྲུབ་པ་དང་དགག་པར་བསྟན་པ་ནི། སེམས་ཅན་གྱི་རིས་ན་སེམས་ཀྱི་འཇུག་པ་མི་བརྟན་པ་དང་བརྟན་པའི་བྱེ་བྲག་ལས་ནི། ཆུ་ལ་རི་མོ་བྲིས་པ་ལྟར་དེ་མ་ཐག་ཏུ་འཇིག་པ་དང༌། ས་ལ་རི་མོ་བྲིས་པ་ལྟར་རྐྱེན་རླུང་ལ་སོགས་པ་ཡོད་ན་འཇིག་ཅིང༌། མེད་ན་མི་འཇིག་པ་དང༌། རྡོ་ལ་རི་མོ་བྲིས་པ་ལྟར་རླུང་ལ་སོགས་པའི་རྐྱེན་གྱིས་མི་འཇིག་པ་གསུམ་པོ་དེ་དང་འདྲ་བར། སེམས་ཀྱི་འཇུག་པ་ཡང་རིག་པར་བགྱིའོ། །དེ་རྣམས་ཀྱི་ནང་ནས་ཉོན་མོངས་ཅན་གྱི་སེམས་ལ་དང་པོ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་དེ་མ་ཐག་ཏུ་ཡལ་བ་མཆོག་ཡིན་ལ། ཆོས་ལ་འཇུག་པར་འདོད་པ་དགེ་བའི་སེམས་རྣམས་ལ། ཐ་མ་རྡོ་ལ་རི་མོ་བྲིས་པ་ལྟ་བུ་མཆོག་ཏུ་གྱུར་པ་ལགས་པས་དེ་བཞིན་དུ་བསྒྲུབ་པར་བྱའོ། །ས་ལ་རི་མོ་བྲིས་པ་ལྟ་བུ་ནི་དགེ་མི་དགེའི་སེམས་གཉི་ག་ལ་འབྲིང་པོའོ། །ཅི་ལྟར་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་གསུམ་ཡིན་པ་དེ་བཞིན་དུ། ངག་ཀྱང་རྣམ་པ་གསུམ་ཡིན་པས་དེ་དག་ལ་བླང་དོར་ཅི་རིགས་པར་བྱའོ་ཞེས་བསྟན་པ་ནི། སྡིག་པའི་ཆོས་བཅོམ་པའི་རྒྱལ་བས་སྐྱེས་བུ་རྣམས་ཀྱི་ཚིག་རྣམ་པ་གསུམ་དུ་བཀའ་སྩལ་ཏོ། །གསུམ་གང་ཞེ་ན། སྙིང་ལ་འབབ་ཅིང་སྙན་པ་དང༌། བདེན་པར་སྨྲ་བ་དང༌། ལོག་པར་སྨྲ་བའོ། །དང་པོ་ནི་དགའ་བར་བྱེད་པས་སྦྲང་རྩི་ལྟ་བུ་དང༌། གཉིས་པ་ནི་མཛེས་ཤིང་བསྔགས་པར་འོས་པས་མེ་ཏོག་ལྟ་བུ་དང༌། གསུམ་པ་ནི་སྨད་པར་བྱ་བ་ཡིན་པའི་ཕྱིར་མི་གཙང་བ་ལྟ་བུའོ། །དེ་དག་ལས་ཐ་མ་སྤང་ཞིང༌། དང་པོ་གཉིས་བསྟེན་པར་བྱའོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་རྣམ་པ་བཞི་ལས་མཆོག་གི་སྤྱོད་པ་ལ་གནས་པར་གདམས་པ་ནི། མདོ་ལས་གང་ཟག་གི་རིགས་བཞི་གསུངས་པ་ལས། སྣང་བ་ནས་སྣང་བའི་མཐར་ཐུག་པར་འགྲོ་བ་ནི། མཐོ་རིས་ནས་སླར་ཡང་མཐོ་རིས་སུ་འགྲོ་བ་ལྟ་བུའོ། །མུན་པ་ནས་མུན་པའི་མཐར་ཐུག་པར་འགྲོ་བ་ནི། ངན་སོང་ནས་སླར་ཡང་ངན་སོང་དུ་སྐྱེ་བ་ལྟ་བུའོ། །སྣང་བ་ནས་མུན་པའི་མཐར་ཐུག་པར་འགྲོ་བ་ནི། མཐོ་རིས་ནས་ངན་སོང་དུ་འགྲོ་བ་ལྟ་བུའོ། །མུན་པ་ནས་སྣང་བའི་མཐར་ཐུག་པར་འགྲོ་བ་ནི། ངན་སོང་ནས་མཐོ་རིས་སུ་འགྲོ་བ་ལྟ་བུའོ། །དེ་དག་རྣམས་ཀྱི་ནང་ནས། དང་པོ་སྣང་བ་ནས་སྣང་བར་འགྲོ་བར་མཛོད་ཅིག་ཅེས་གདམས་སོ། །ཁྱིམ་པ་རྣམས་ནི། སེམས་ཅན་མང་པོ་དང་འགྲོགས་དགོས་པས། གང་དང་འགྲོགས་པར་བྱ་བའི་མཚན་ཉིད་ཤེས་པར་གདམས་པ་ནི། མི་རྣམས་ལ་ནི་ཤིང་ཨ་མྲའི་འབྲས་བུ་དང་འདྲ་བར་ཚུལ་བཞི་ཡོད་པ་ལས། སོ་སོའི་མཚན་ཉིད་རྟོགས་པར་བྱས་ནས་སྤང་བླང་བགྱི་བར་མཛོད་ཅིག འདིར་ཨ་མྲའི་འབྲས་བུ་ལ། ཁ་ཅིག་ནི་ནང་མ་སྨིན་ལ་ཕྱི་སྨིན་པ་འདྲ་བ་དང༌། ཁ་ཅིག་ནི་ནང་སྨིན་ལ་ཕྱི་རོལ་མ་སྨིན་པར་སྣང་བ་དང༌། ཁ་ཅིག་ནི་ནང་ཡང་མ་སྨིན་ལ་ཕྱི་ཡང་མ་སྨིན་པར་སྣང་བ་དང༌། ཁ་ཅིག་ནི་ནང་ཡང་སྨིན་ལ་ཕྱི་ཡང་སྨིན་པར་སྣང་བའོ། །དང་པོ་ནི་བསམ་པ་དམན་ལ་སྦྱོར་བ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི་སྦྱོར་བ་དམན་ལ་བསམ་པ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི་བསམ་སྦྱོར་གཉིས་ཀ་དམན་པའོ། །བཞི་པ་ནི་བསམ་སྦྱོར་གཉིས་ཀ་ཕུན་སུམ་ཚོགས་པའོ། །ཁྱིམ་པས་གཞན་གྱི་བུད་མེད་ལ་ཆགས་པ་སྤང་བའི་དོན་དུ། སྤང་བྱ་མངོན་གྱུར་རྣམ་པར་གནོན་པའི་གཉེན་པོ་ལ་གདམས་པ་ནི། གཞན་གྱི་ཆུང་མ་ལ་དང་པོ་ཉིད་དུ་ཆེད་དུ་མི་ལྟ་ཞིང་ཅི་ཞིག་ལྟར་མཐོང་ན་ཡང༌། ན་ཚོད་དང་མཐུན་པར་རྒན་པ་ལ་མ་དང༌། གཞོན་པ་ལ་བུ་མོ་དང༌། མཉམ་པ་ལ་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱིའོ། །གལ་ཏེ་དེ་ལྟར་བསམས་ཀྱང་ཆགས་པར་གྱུར་ན། ལུས་མི་གཙང་བ་ཉིད་དུ་ཡང་དག་བསམ་པར་བགྱི། གལ་ཏེ་མི་གཙང་བ་ཉིད་དུ་བསམ་དུ་ཟིན་ཀྱང་གཙང་བར་འདུ་ཤེས་པ་བྱུང་ན། སེམས་བསྲུང་བར་བྱའོ་ཞེས་བསྟན་པ་ནི། སྐད་ཅིག་ཀྱང་མི་གནས་པར་ཡུལ་ལ་གཡོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་སྐྱེ་བ་དང་མཐུན་པའི་ཡུལ་རྣམས་ལ་སྲུང་བར་བགྱིའོ། །ཇི་ལྟར་སྲུང་ཞེ་ན། ཐོས་པ་མི་ཉམས་པར་སྲུང་བ་དང་མཚུངས་པ་དང་བུ་སྡུག་པ་ལྟ་བུ་དང༌། ནོར་གྱི་གཏེར་བཞིན་དང༌། གཅེས་པའི་སྲོག་དང་འདྲ་བར་སྲུང་བར་བགྱི། དེར་མ་ཟད་འདོད་པའི་བདེ་བ་ལ་ཡིད་འབྱུང་བར་ཡང་མཛོད་ཅིག ཅི་འདྲ་བར་ཞེ་ན། གདུག་པའི་སྦྲུལ་དང༌། གསོད་པར་བྱེད་པའི་དུག་དང༌། སྲོག་གཅོད་པར་བྱེད་པའི་མཚོན་དང༌། བདེ་བའི་གེགས་བྱེད་པའི་དགྲ་བོ་དང༌། གདུང་བར་བྱེད་པའི་མེ་བཞིན་དུའོ། །གལ་ཏེ་འདོད་པའི་བདེ་བ་ཡིད་དུ་འོང་བའི་རྣམ་པར་ཉམས་སུ་མྱོང་བར་བྱ་བ་མ་ཡིན་ནམ། ཅི་ལྟར་ན་དུག་དང་མཚོན་ལ་སོགས་པ་བཞིན་དུ་བལྟ་བར་བྱ་ཞེ་ན། འདོད་པའི་ཉེས་དམིགས་བསྟན་པ་ནི། འདོད་པ་རྣམས་ནི་ཉེ་བར་སྤྱོད་པའི་དུས་སུ། བདེ་བ་བསྐྱེད་མོད་ཀྱི། མཇུག་ཏུ་ཕུང་ཁྲོལ་སྐྱེད་པར་བྱེད་པ་སྟེ། དཔེ་ཅི་དང་འདྲ་བར་ཞེ་ན། རྒྱལ་བའི་དབང་པོས་ཤིང་ཀིམ་པའི་འབྲས་བུ་དང་པོ་ཟ་བའི་དུས་སུ་ཞིམ་ཡང་ཕྱིས་ནད་བསྐྱེད་པ་དང་འདྲ་བར་གསུངས་སོ། །དེས་ན་འདོད་པ་དེ་དག་སྤང་བར་བགྱིའོ་ཞེས་གདམས་སོ། །གཞན་ཡང་འདོད་པ་རྣམས་ནི་འཁོར་བའི་འཆིང་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་སྤང་བར་བྱ་བར་སླར་ཡང་བསྟན་པ་ནི། འདོད་པ་དེ་དག་ནི་ལྕགས་སྒྲོག་གིས་འཆིང་བར་བྱེད་པ་བཞིན་དུ། འདོད་པ་ལ་ཞེན་པ་དེའི་ལྕགས་སྒྲོག་གིས་འཇིག་རྟེན་འདི་དག་འཁོར་བའི་བཙོན་རྭར་བཅིངས་པར་བྱེད་པས་ན། དེ་དག་སྤང་བར་བགྱི་བའི་སླད་དུ་བརྩོན་པར་བྱའོ། །ཡུལ་ལས་སེམས་སྲུང་བ་ལ་ཐོག་མར་དབང་པོ་ཚར་གཅོད་དགོས་པས། དབང་པོ་འདུལ་བ་ལ་བསྔགས་པ་བརྗོད་པ་ནི། གང་དག་མིག་ལ་སོགས་པའི་དབང་པོ་དྲུག་གཟུགས་སོགས་ཡུལ་རྣམས་ལ་ཕྲད་ནས་རྟག་ཏུ་འགྱུར་བས་མི་བརྟན་ལ། ཡུལ་ལ་སེམས་གཡོ་བར་བྱེད་པ་དག་གཉེན་པོས་ལེགས་པར་སྡོམ་ཐུབ་པ་དང༌། གང་དག་གང་ཟག་གཅིག་འཐབ་མོའི་གཡུལ་དེར་དཔའ་ཞིང་དགྲ་ཚོགས་དུ་མ་ལས་རྒྱལ་བ་དེ་དག་ལས། མཁས་པ་རྣམས་ཀྱིས་དང་པོ་དབང་པོའི་གཡུལ་ལས་རྒྱལ་བ་དེ་དཔའ་བའི་རབ་མཆོག་ལགས་པར་འཚལ་ཏེ། གཡུལ་ལས་རྒྱལ་བ་ཙམ་ཐ་མལ་པ་ལ་ཡང་སྣང་ལ། དབང་པོ་ཡུལ་ལ་གཡོ་བའི་གཡུལ་ལས་རྒྱལ་བ་མེད་པའི་ཕྱིར་རོ། །ཆགས་པ་སྤང་བའི་དོན་དུ་ཡུལ་མི་གཙང་བར་ཡིད་ལ་བྱ་བའི་ཐབས་བཤད་པ་ནི། སྔར་མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །ཞེས་བཤད་ན། ཇི་ལྟར་མི་གཙང་བར་བསམ་པར་བྱ་ཞེ་ན། བུད་མེད་གཞོན་ནུའི་ལུས་ནི་དྲི་ང་བ་དང༌། མི་གཙང་བ་འཛག་པའི་སྒོ་དགུ་དོད་པ་དང༌། བཤང་གཅི་སོགས་མི་གཙང་བའི་རྫས་ཀྱིས་གང་བས་ན། མི་གཙང་བ་ཀུན་གྱི་སྣོད་དང་འདྲ་བ་དང༌། ཟས་སྐོམ་སོགས་ཇི་ཙམ་སྤྱད་ཀྱང་མི་ཚིམ་པས། དགང་དཀའ་བ་དང༌། སྙིང་པོ་མེད་ལ་ལྤགས་པས་གཡོགས་པ་ཙམ་དུ་ཟད་པས་ན། ཆགས་པའི་གནས་མ་ཡིན་ལ། འོན་ཏེ་རྒྱན་གྱིས་སྤྲས་པས་ཆགས་པར་བྱ་བའི་ཡུལ་ཡིན་ནོ་ཞེ་ན། ལུས་དེ་ཡང་ལོགས་ཤིག་དང༌། རྒྱན་ཡང་ལོགས་ཤིག་ཏུ་གཟིགས་པས་ཆགས་པར་མི་འགྱུར་རོ། །སྤྱོད་འཇུག་ལས། ལུས་ལ་བསྐུས་པའི་དྲི་དེ་ཡང༌། །ཙནྡན་སོགས་ཡིན་གཞན་མིན་ན། །གཞན་གྱི་དྲི་ཡིས་གཞན་དག་ལ། །ཅི་ཡི་ཕྱིར་ན་ཆགས་པར་བྱེད། །ཅེས་པ་བཞིན་ནོ། །ཡུལ་གྱི་ཉེས་དམིགས་བསྟན་ནས། ཡུལ་ཅན་ཆགས་པའི་ཉེས་དམིགས་བསྟན་པ་ནི། ཇི་ལྟར་མཛེ་ཅན་སྲིན་བུས་ཟོས་པས་ཉེན་པ་ནི། བདེ་བ་འདོད་པའི་དོན་དུ། མེ་ལ་ཀུན་ཏུ་བརྟེན་ཀྱང་དེས་ཞི་བར་མི་འགྱུར་བར་སླར་གདུང་བ་འཕེལ་བར་འགྱུར་བ་དེ་དང་འདྲ་བར། བྱིས་པ་འདོད་པ་རྣམས་ལ་ཆགས་པའང་ཚུལ་དེ་དང་འདྲ་བར་མཁྱེན་པར་མཛོད་ཅིག རིན་ཆེན་ཕྲེང་བ་ལས་ཀྱང༌། གཡན་པ་ཕྲུགས་ན་བདེ་བར་འགྱུར། །དེ་བས་གཡན་པ་མེད་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །འདོད་པ་མེད་ན་དེ་བས་བདེ། །ཞེས་སོ། །རྣམ་པར་གནོན་པའི་གཉེན་པོ་བསྟན་ཟིན་ནས། ས་བོན་དང་བཅས་པ་སྤོང་བར་འདོད་པས། ལམ་འདི་བསྒོམ་པར་བྱའོ་ཞེས་བསྟན་པ་ལ། མཉམ་གཞག་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་སྒོམ་ཚུལ་ནི། ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པས་དོན་དམ་པ་སྟེ་དེ་ཉིད་ཡེ་ཤེས་ཀྱི་མིག་གིས་གཟིགས་པར་བགྱི་བའི་སླད་དུ། ཕྱི་ནང་གི་དངོས་པོ་རྣམས་ལ་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས། གོམས་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཡང་དང་ཡང་དུ་གོམས་པར་མཛོད་ཅིག དེ་དང་འདྲ་བར་ཏེ་དེ་དང་མཚུངས་པར་ཉོན་མོངས་འཇོམས་ཤིང་ཡེ་ཤེས་སྐྱེད་པར་བྱེད་པའི་ཡོན་ཏན་དང་ལྡན་པའི་ཆོས་གཞན་ནི་འགའ་ཡང་འཇིག་རྟེན་ན་མཆིས་པ་མ་ལགས་སོ། །འདིར་དོན་དམ་པ་ནི་གང༌། དེ་སྒོམ་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཆུ་ཟླ་བཞིན་དུ་ཕྱི་ནང་གི་དངོས་པོ་རྣམས་སྣང་ཙམ་ཉིད་ནས་གནས་ཚུལ་ལམ་སྡོད་ཚུལ་ལ་གདོད་མ་ནས་ཡོད་པ་མ་ཡིན་པ་ནི་དོན་དམ་ཡིན་ལ། སྣང་ཚུལ་ལ་དམིགས་ནས་གནས་ཚུལ་ལ་ཡོད་པ་མ་ཡིན་པའི་རྣམ་པ་ཤེས་རབ་ཀྱིས་ཡོངས་སུ་བཟུང་བའི་དོན་ལ་ཞི་གནས་ཀྱིས་སེམས་ཡང་དང་ཡང་དུ་གཏོད་པར་བྱེད་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བགྱིའོ། །བློ་ལ་ཅི་སྣང་བ་ཐམས་ཅད་ཤེས་རབ་ཀྱིས་རང་བཞིན་མེད་པར་དཔྱོད་པར་བྱེད་པ་དང༌། འཇལ་བར་བྱེད་པ་དང༌། ཡང་དང་ཡང་དུ་རྟོག་པར་བྱེད་པ་ནི་ལྷག་མཐོང་ཞེས་བྱའོ། །དེ་ཉིད་ཞི་གནས་ཀྱིས་དམིགས་པ་ལ་གཏོད་པར་བྱེད་ཅིང༌། སེམས་གཞན་དུ་མི་གཡེང་བར་འཛིན་པ་ནི་ཞི་གནས་སོ། །དོན་དངོས་སུ་ལག་མཐིལ་དུ་བཞག་པ་ལྟར་མ་བསྟན་པར་ལུང་དུ་མ་འདྲེན་པའི་སྤྲོས་པ་ཙམ་གྱིས་མི་རྟོགས་སོ། །དོན་དམ་རྟོགས་པའི་རྒྱུ་ཤེས་རབ་དང་ཚུལ་ཁྲིམས་ལ་བསྔགས་པ་བརྗོད་པ་ནི། སྐྱེས་བུ་རིགས་བཟང་པོ་དང༌། གཟུགས་བཟང་པོ་དང༌། མང་དུ་ཐོས་པ་དང་ལྡན་པ་རྣམས་ཀྱང༌། གནས་ལུགས་རྟོགས་པའི་ཤེས་རབ་དང༌། ཚུལ་ཁྲིམས་ཀྱི་ཡོན་ཏན་གཉིས་དང་བྲལ་བ་ནི་སྐྱེས་བུ་དམ་པའི་ཡོན་ཏན་མེད་པས་བཀུར་བར་བྱ་བའི་འོས་མ་ལགས་སོ། །དེ་ལྟ་བས་ན་སྐྱེས་བུ་གང་ལ་དོན་དམ་རྟོགས་པའི་ཤེས་རབ་དང༌། ཚུལ་ཁྲིམས་ཀྱི་ཡོན་ཏན་འདི་གཉིས་དང་ལྡན་པ་ནི། རིགས་གཟུགས་ལ་སོགས་པའི་ཡོན་ཏན་གཞན་དང་བྲལ་ཡང༌། གུས་པས་མཆོད་པར་བྱ་བ་ཡིན་ཏེ། སྐྱེས་བུ་དམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། ཤེས་རབ་ཀྱིས་བླང་དོར་རྟོགས་ཤིང༌། ཚུལ་ཁྲིམས་ཀྱིས་མི་དགེ་བ་ལ་མི་འཇུག་པ་ནི་སྐྱེས་བུ་དམ་པའི་གྲངས་སུ་འགྲོ་བའི་ཕྱིར་རོ། །མཉམ་གཞག་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་མཉམ་པར་གཞག་པ་དག རྗེས་ཐོབ་ཏུ་འཇིག་རྟེན་གྱི་ཆོས་ཀྱིས་སེམས་མི་འཕྲོགས་པར་བྱ་བའི་ཕྱིར་དུ། འཇིག་རྟེན་གྱི་ལུགས་བཟང་པོ་མཁྱེན་པས་ན། འཇིག་རྟེན་མཁྱེན་པ་ཞེས་རྒྱལ་པོ་ལ་བོས་ནས་གདམས་པ་བསྟན་པ་ནི། ལོངས་སྤྱོད་རྙེད་པ་དང་མ་རྙེད་པ་དང༌། སིམ་པར་མྱོང་བའི་བདེ་བ་དང༌། སྡུག་བསྔལ་མྱོང་བའི་མི་བདེ་བ་དང༌། རྣ་བར་ཚིག་སྙན་པ་དང་མི་སྙན་པ་དང༌། ངོར་བསྟོད་པ་དང༌། ལྐོག་ཏུ་སྨད་པ་རྣམས་ལ་དགའ་མི་དགར་གྱུར་པ་ནི། འཇིག་རྟེན་ཐ་མལ་པ་རྣམས་དང་མཐུན་པས་འཇིག་རྟེན་ཆོས་བརྒྱད་ཅེས་བྱ་ལ། འཇིག་རྟེན་ལས་འདས་པ་ཐོབ་པའི་སླད་དུ། ཆོས་བརྒྱད་པོ་བདག་གི་དགའ་མི་དགའི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད་ཅིག་ཅེས་གདམས་སོ། །བླ་མ་དང་བྲམ་ཟེ་ལ་སོགས་པའི་དོན་དུ་སྡིག་པ་བྱས་ཀྱང་ཆོས་མ་ཡིན་པར་མི་འགྱུར་རོ་ཞེས་སྨྲ་བ་བཟློག་པའི་དོན་དུ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་གཞན་གྱི་ཆེད་དུ་སྡིག་པ་མི་བགྱི་སྟེ། གཞན་གང་གི་ཆེད་དུ་ཞེ་ན། བྲམ་ཟེ་དང༌། དགེ་སློང་དང༌། ལྷ་དང༌། མགྲོན་དང༌། ཡབ་ཡུམ་དག་དང༌། བཙུན་མོ་དང༌། འཁོར་གྱི་སླད་དུ་སྡིག་པ་མི་བགྱིའོ། །དེའི་འཐད་པ་བསྟན་པ་ནི། སྡིག་པའི་འབྲས་བུ། དམྱལ་བའི་རྣམ་སྨིན་ནི་བྱེད་པ་པོ་རང་ཁོ་ན་ལ་སྨིན་པར་འགྱུར་གྱི། གྲོགས་གཞན་དང་བགོ་བཤའ་བྱས་ནས་སྐལ་བ་ནོད་པ་འགའ་ཡང་མ་མཆིས་སོ། །དཔེར་ན། མི་ཞིག་ལ་བཤན་པ་རྣམས་ཀྱིས་བདག་ཅག་རྣམས་ཀྱི་ཁྲོད་དུ་ཞུགས་ནས་གྲོགས་བྱེད་དགོས་སོ་ཞེས་སྨྲས་པ་ན། སྡིག་པའི་རྣམ་སྨིན་ལ་འཇིགས་ནས། བདག་གིས་དེ་ལྟར་མི་བྱའོ་ཞེས་ལན་བཏབ་པ་ན། བཤན་པ་རྣམས་ཀྱིས་སྨྲས་པ། སྡིག་པའི་རྣམ་སྨིན་ལ་བགོ་བཤའ་བྱས་པས་སྡུག་བསྔལ་ཆེན་པོ་མྱོང་བར་མི་འགྱུར་རོ་ཞེས་སྨྲས་སོ། །གཞན་དེས་དུས་ཤིག་གི་ཚེ་ན། བདག་གི་མགོ་བོ་ན་བས་ནད་ཀྱི་བགོ་བཤའ་བྱེད་དགོས་སོ་ཞེའོ། །བཤན་པ་རྣམས་ཀྱི་སྨྲས་པ། ནད་ལ་བགོ་བཤའ་བྱར་མི་རུང་ངོ་ཞེས་ལན་བཏབ་པས་གཞན་དེས་སྨྲས་པ། དཔེ་དེ་བཞིན་དུ་ལས་ཀྱི་རྣམ་སྨིན་ལ་ཡང་བགོ་བཤའ་བྱར་མི་རུང་བས་ཁོ་བོ་ཁྱེད་རྣམས་ཀྱི་ཁྲོད་དུ་མི་འཇུག་གོ་ཞེས་ལན་བཏབ་པ་ལྟ་བུའོ། །མུ་སྟེགས་ཆད་ལྟ་བ་འགའ་ཞིག ཚེ་འདིར་སྡིག་པ་བྱས་པའི་རྣམ་སྨིན་ད་ལྟ་མ་མཐོང་བས་ཕྱི་མར་ཡང་འབྱུང་བ་མེད་དོ་ཞེ་ན། སྡིག་པའི་ལས་རྣམས་ལ་སྤྱོད་པ་འགའ་ཡང་ནི། དེའི་མོད་ལ་མཚོན་བདར་བས་རེག་པ་བཞིན་དུ་མི་གཅོད་པ་སྟེ་གདུང་བར་མི་བྱེད་ཀྱང༌། འཆི་བའི་དུས་ལ་བབས། གཤིན་རྗེའི་སྐྱེས་བུ་མི་བཟད་པས་འཚེ་བའི་མཚན་མ་སྡིག་པའི་ལས་ཀྱི་འབྲས་བུ་གང་ལགས་པ་གསལ་བར་མངོན་པར་འགྱུར་རོ། །སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉ་བཞིན་ལ་ལྟ། །རང་སྡིག་དྲན་པས་གདུངས་པ་དང༌། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཞིང༌། །མྱོས་པར་གྱུར་ཚེ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་རོ། །འཇིག་རྟེན་གྱི་ཆོས་བརྒྱད་སྤངས་ནས་འཕགས་པའི་ནོར་ལ་དབང་འབྱོར་བར་བྱ་བར་བསྟན་པ་ནི། ལས་འབྲས་ལ་ཡིད་ཆེས་པ་དང༌། དཀོན་མཆོག་ལ་དྭང་བའི་དད་པ་དང༌། མཆོད་པ་དང་ཕན་གདགས་པར་འདོད་པས། བདོག་པ་གཏོང་བ་དང༌། ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང༌། དམ་པའི་ཆོས་ཉན་པའི་ཐོས་པ་དང༌། རྙེད་བཀུར་དང་གྲགས་པ་འདོད་པ་སོགས་ཀྱི་དྲི་མ་མེད་པ་དང༌། རང་ལ་ལྟོས་ནས་སྡིག་པ་ལ་མི་འཇུག་པ་ངོ་ཚ་ཤེས་པ་དང༌། གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་པ་ཁྲེལ་ཡོད་པ་དང༌། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་འབྱེད་པའི་ཤེས་རབ་སྟེ། ཆོས་བདུན་པོ་འདི་དག་འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། ཟག་པ་མེད་པའི་བདེ་བའི་རྒྱུ་ཡིན་པས། ནོར་གཞན་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ན་གྲགས་པའི་ནོར་གཞན་གསེར་ལ་སོགས་པ་ཕལ་པ་རྣམས་ནི། ཟག་མེད་ཀྱི་བདེ་བ་ཐོབ་པའི་དོན་དུ་མ་མཆིས་ཤིང༌། གསོག་དང་གསོ་བ་དང་སྙིང་པོ་མེད་པར་རྟོགས་པར་མཛོད་ཅིག འཕགས་པའི་ནོར་བདུན་ཐོབ་པའི་འགལ་རྐྱེན་སྤང་བར་གདམས་པ་ནི། ཆོ་ལོ་ལ་སོགས་པའི་རྒྱན་པོ་འགྱེད་པ་དང༌། དགའ་སྟོན་ལ་སོགས་པ་ལ་འདུས་པའི་སྐྱེ་བོ་ཕལ་པོ་ཆེ་ལ་ལྟད་མོ་ལྟ་བ་དང༌། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང༌། མི་དགེ་བ་འཕེལ་བའི་སྡིག་པའི་གྲོགས་པོ་བསྟེན་པ་དང༌། ཆང་འཐུང་བ་དང༌། མཚན་མོ་གཞན་གྱི་ནོར་རྐུ་བའི་ཕྱིར་དུ་རྒྱུ་བ་དང་དྲུག་པོ་འདི་དག་ངན་སོང་དུ་སྐྱེ་བ་དང༌། ཚེ་འདིར་གྲགས་པ་ཉམས་པར་འགྱུར་བའི་རྒྱུ་ཡིན་པས་དྲུག་པོ་དེ་དག་སྤོངས་ཤིག འཕགས་པའི་ནོར་བདུན་འཐོབ་པའི་མཐུན་རྐྱེན་འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་གདམས་པ་ནི། གསེར་ལ་སོགས་པའི་ནོར་རྣམས་ཀུན་གྱི་ནང་ནས། འདོད་པ་ཆུང་ཞིང་ཆོག་ཤེས་པ་ཉིད་ནོར་རྣམས་ཀྱི་རབ་དང་མཆོག་ཏུ་གྱུར་པ་ལགས་པར། ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བས་ན་གནས་སྐབས་ཀུན་ཏུ་ཆོག་ཤེས་པར་མཛོད་ཅིག་དང༌། ཆོག་མཁྱེན་པ་སྟེ་ཤེས་ན། གསེར་ལ་སོགས་པའི་ནོར་མི་བདོག་ཀྱང༌། ཡང་དག་འབྱོར་བ་ལགས་ཏེ། འབྱོར་བའི་དགོས་པ་ནི་ཆོག་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོག་ཤེས་པའི་ཡོན་ཏན་བསྟན་ནས། ཆོག་མི་ཤེས་པའི་ཉེས་དམིགས་སྟོན་པ་ནི། འགྲོགས་ན་བདེ་བས་ན་དེས་པ་ཞེས། རྒྱལ་པོ་ལ་བོས་ནས། གསེར་ལ་སོགས་པའི་བདོག་པ་མང་བ་རྣམས་ཐོག་མ་དང་བར་མ་དང་ཐ་མ་རྣམས་སུ། གསོག་པ་དང་བསྲུང་བ་དང་བརླག་པའི་སྡུག་བསྔལ་གྱིས་ཇི་ལྟར་སྡུག་བསྔལ་བ་དེ་ལྟར་དུ་འདོད་པ་ཆུང་བ་རྣམས་ནི་དེ་ལྟར་སྡུག་བསྔལ་བ་མ་ལགས་ཏེ། དཔེར་ན། ཀླུའི་མཆོག་ཀླུ་རྒྱལ་རྣམས་ཀྱི་སྦྲུལ་གྱི་མགོ་བོ་ཇི་སྙེད་ཡོད་པ་དེ་ལས་བྱུང་བའི་སྡུག་བསྔལ་ཡང་སྦྲུལ་མགོའི་གྲངས་དེ་སྙེད་དོ། །རང་གི་ཁྱིམ་ཐབ་ཀྱི་སྐྱོན་ཡོན་ཤེས་པར་བྱས་ནས། བླང་དོར་བྱ་བའི་ཚུལ་ལ་གདམས་པ་ནི། རང་བཞིན་གྱི་དགྲར་འབྲེལ་བ་ཁྱིམ་ཐབ་གསོད་པར་འདོད་པ་གཤེད་མ་ལྟ་བུ་དང༌། ཁྱིམ་ཐབ་ལ་བཀུར་སྟི་མི་བྱེད་ཅིང༌། བརྙས་ཐབས་བྱེད་པ་རྗེ་མོ་ལྟ་བུ་དང༌། ནོར་ཆུང་ངུའང་རྐུ་ན་ཆེན་པོ་ལྟ་ཅི་སྨོས་ཏེ། ཆོམ་རྐུན་ལྟ་བུའི་ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང་ངོ༌། །འོ་ན་ཇི་ལྟ་བུ་དག་བསྟེན་པར་བྱ་ཞེ་ན། ཇི་ལྟར་སྲིང་མོ་མིང་པོའི་རྗེས་སུ་མཐུན་པར་འཇུག་པ་བཞིན་དུ་ཁྱོའི་རྗེས་སུ་འཇུག་པའི་ཆུང་མ་གང་ཡིན་པ་དང༌། ཇི་ལྟར་མཛའ་བོ་སྙིང་ལ་འབབ་པ་བཞིན་དུ་སྙིང་ལ་འབབ་པ་དང༌། མ་བུ་ལ་ཕན་པར་འདོད་པ་བཞིན་དུ་ཁྱོ་ལ་ཕན་པར་འདོད་པ་དང༌། ཇི་ལྟར་བྲན་མོ་དགའ་མགུར་བྱར་ཡོད་པ་དེ་བཞིན་དུ། ཁྱོའི་དབང་དུ་གྱུར་པའི་ཆུང་མ་གང་ཡིན་པ་དེ་རྣམས་ནི་རིགས་མི་ཉམས་པའི་རྒྱུ་ཡིན་པས། རིགས་ཀྱི་ལྷ་བཞིན་བཀུར་བར་བྱའོ། །གཙོ་བོར་ཁྱིམ་པ་ལ་གདམས་པ་བསྟན་ཟིན་ནས། གཙོ་བོར་རབ་ཏུ་བྱུང་བ་ལ། མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་སྒྲུབ་པའི་དོན་དུ་གདམས་པ་ལ། ཐོག་མར་ལུས་ཆུད་མི་ཟ་བའི་ཕྱིར་དུ་ཟས་ལ་སྤྱོད་པའི་ཚུལ་ནི། ཁ་ཟས་ཟ་བ་ན། ལུས་ལ་ཕན་པའི་སྨན་དང་འདྲ་བར་ཚོད་རིག་པས་ཀུན་སློང་འདོད་ཆགས་དང་ཞེ་སྡང་མེད་པར་བསྟེན་པར་བགྱི་སྟེ། དེ་ཡང་ཆེད་དུ་བྱ་བ་ལུས་བརྒྱགས་པའི་ཕྱིར་མ་ལགས། ལུས་སྟོབས་བསྐྱེད་ལ་དགྲ་ལ་གནོད་པ་བྱའོ་སྙམ་པ་བསྙེམས་པའི་ཕྱིར་མ་ལགས། ཡན་ལག་དང༌། ཉིང་ལག་རྒྱས་པར་བྱ་བའི་ཕྱིར་དུ་བདག་གིར་བཟུང་ནས་འཚག་པའི་ཕྱིར་དུ་མ་ལགས་སོ། །འོ་ན་གང་གི་ཆེད་དུ་སྙམ་ན། དགེ་བ་སྒྲུབ་པའི་རྟེན་དུ་ལུས་གནས་པ་འབའ་ཞིག་གི་ཕྱིར་དུ་ཟའོ། །དེ་ལ་བརྒྱགས་པ་དང༌། འཚག་པའི་ཕྱིར་ཟ་བ་ནི་འདོད་ཆགས་ཀྱིས་ཟ་བའོ། །བསྙེམས་པའི་ཕྱིར་ཟ་བ་ནི། ཞེ་སྡང་གིས་ཟ་བའོ། །རབ་ཏུ་བྱུང་བ་དག་གིས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར། རྣལ་འབྱོར་ལ་བརྩོན་པར་གདམས་པ་ནི། དགེ་བ་ལ་སྤྱོད་པའི་གནས་སྐབས་སུ་རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཐུན་གྱི་སྟོད་སྨད་དག་བཟླས་པར་བྱས་ནས་ནི། སྟོད་སྨད་དེ་དག་གི་བར་གུང་གི་ཆ་ལ་མནལ་ཞིང་མནལ་བའི་ཚེའང་འབྲས་བུའམ། དོན་མེད་པར་མི་འགྱུར་བའི་ཕྱིར་གཉིད་ཅུང་ཟད་ལོག་སྟེ། ལུས་སེམས་བརྟས་པར་བྱས་ནས། མྱུར་དུ་ལངས་ལ་དགེ་བ་བྱའོ་སྙམ་པའི་དྲན་པ་དང་ཤེས་བཞིན་དང་ལྡན་པར་མནལ་བར་བྱ་སྟེ། དེ་ལྟར་བྱས་ན། གཉིད་ཀྱང་ཀུན་སློང་གི་དབང་གིས་དགེ་བར་འགྱུར་བས་དོན་དང་ལྡན་པར་འགྱུར་རོ། །དེ་ལྟར་ཟས་ལ་སྤྱོད་ཚུལ་དང་རྣལ་འབྱོར་ལ་བརྩོན་པ་གཉིས་ཀྱིས་ལུས་སེམས་ལས་སུ་རུང་བར་བྱས་ནས། བསམ་གཏན་གྱི་སྦྱོར་བ་ཚད་མེད་བཞི་བསྒོམ་པར་བསྟན་པ་ནི། སེམས་ཅན་ལ་དམིགས་ནས་བདེ་བར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དག་དང༌། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། ཆགས་སྡང་མེད་པར་སྙོམས་པའི་བཏང་སྙོམས་དང་བཞི་པོ་རྟག་ཏུ་ཡང་དག་པར་བསྒོམ་མཛོད་ཅིག ཚད་མེད་པའི་སྒྲ་དོན་ནི། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། སྒོམ་པ་པོ་ལ་བསོད་ནམས་ཚད་མེད་པ་འབྱུང་བས་ཚད་མེད་དོ། །ཚད་མེད་པ་ལ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་ཚད་མེད་དོ། །སེམས་ཅན་ལ་དམིགས་པ་ནི། དམིགས་ཡུལ་སེམས་ཅན་སྡུག་བསྔལ་བར་དམིགས་ནས་དེ་ལ་བརྩེ་བའི་རྣམ་པ་ཅན་ནོ། །ཆོས་ལ་དམིགས་པ་ནི། དམིགས་ཡུལ་སེམས་ཅན་སྐད་ཅིག་གིས་འཇིག་པའི་ངང་ཚུལ་ཅན་དུ་དམིགས་ནས་དེ་ལ་བརྩེ་བའི་རྣམ་པ་ཅན་ནོ། །དམིགས་པ་མེད་པ་ནི། དམིགས་ཡུལ་སེམས་ཅན་རང་བཞིན་གྱིས་སྟོང་པར་དམིགས་ནས་དེ་ལ་བརྩེ་བའི་རྣམ་པ་ཅན་ནོ། །སེམས་ཅན་ལ་དམིགས་པར་འདྲ་ཡང༌། དམིགས་ཡུལ་གྱི་ཁྱད་པར་གྱི་ཆོས་ཀྱི་བྱེ་བྲག་ལས་འབྱེད་དེ། དབུ་མ་འཇུག་པའི་དོན་ནོ། །མདོ་སྡེ་རྒྱན་ལྟར་ན། བསྟན་བཅོས་ལ་ཐོས་བསམ་བྱས་པ་ལ་མ་ལྟོས་པར་སེམས་ཅན་སྡུག་བསྔལ་བར་དམིགས་ནས་དེ་ལ་བརྩེ་བའི་རྣམ་པ་ཅན་ནོ། །ཆོས་ལ་དམིགས་པ་ནི། བདག་རྐྱེན་གསུང་རབ་ཐོས་པ་ལ་བརྟེན་ནས་སེམས་ཅན་སྐད་ཅིག་གིས་འཇིག་པ་ལ་དམིགས་པ་དང༌། བདག་རྐྱེན་གསུང་རབ་ཐོས་པ་ལ་བརྟེན་ནས་སེམས་ཅན་རང་བཞིན་གྱིས་སྟོང་པ་ཉིད་དུ་དམིགས་ནས་དེ་ལ་བརྩེ་བའི་རྣམ་པ་ཅན་དུ་བཤད་པའོ། །སྒོམ་པའི་ཚུལ་ནི། སེམས་ཅན་ལ་བཤེས་དང་བར་མ་དང་དགྲ་བོ་གསུམ་དུ་ཕྱེ་ནས་གསུམ་པོ་ལ་དང་པོར་དམིགས་པ་དང༌། བར་དུ་དམིགས་པ་དང༌། ཐ་མར་དམིགས་པའི་ཚུལ་གྱིས་སློབ་བོ། །རྒྱ་ཆེ་ཆུང་ལ། དང་པོར་འཛམ་བུ་གླིང་པ་དང༌། དེ་ནས་སྟོང་གསུམ་དང༌། དེ་ནས་ནམ་མཁས་ཁྱབ་ཚད་ལ་དམིགས་ཏེ་སྒོམ་མོ། །ཚད་མེད་ཀྱི་འབྲས་བུ་བསྟན་པ་ནི། ཚད་མེད་དེ་དག་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བསྒོམས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། གལ་ཏེ་ཅི་ཞིག་ལྟར། ཚེ་ཕྱི་མ་གོང་མ་མྱ་ངན་ལས་འདས་པ་བརྙེས་པར་མ་གྱུར་ཀྱང༌། ཚངས་པའི་འཇིག་རྟེན་བསམ་གཏན་དང་པོའི་བདེ་བ་ཐོབ་པར་འགྱུར་རོ། །འདིས་མཚོན་ནས་གཟུགས་ཁམས་ལྷག་མ་རྣམས་ཀྱི་བདེ་བ་ཡང་ཐོབ་པར་འགྱུར་རོ། །ཡང་ན་མི་དགེ་བས་དག་པའི་དོན་གྱིས་ཚངས་པ་ཞེས་བརྗོད་པས་ན། བསམ་གཏན་བཞི་ཀ་གཟུང་ངོ༌། །མྱ་ངན་ལས་འདས་པ་ཐོབ་པ་ལ། ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དུ་བསྒོམ་དགོས་ལ། དེ་ཡང་ཐོག་མར་ཞི་གནས་ལ་འབད་དགོས་པས། ཞི་གནས་ཁྱད་པར་ཅན་བསམ་གཏན་བཞི་སྒོམ་པའི་ཚུལ་བསྟན་པ་ནི། གཉེན་པོའི་ཡན་ལག་རྟོག་དཔྱོད་ཀྱིས་འདོད་པ་ན་སྤྱོད་པ་འདོད་པ་ལ་འདུན་པ་དང་རྣམ་འཚེ་སྤངས་ཤིང༌། ཕན་ཡོན་གྱི་ཡན་ལག་དབེན་པ་ལ་སྤྱོད་པའི་དགའ་བ་དང་བདེ་བ་ཐོབ་ཅིང༌། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པ་སྟེ་བསམ་གཏན་དང་པོའོ། །གཉེན་པོའི་ཡན་ལག་ནང་རབ་ཏུ་དྭང་བ་དཔྱོད་པ་སྤངས་ཤིང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་གྱི་སེམས་རྩེ་གཅིག་པའི་བསམ་གཏན་གཉིས་པ་དང༌། གཉེན་པོའི་ཡན་ལག་དྲན་ཤེས་བཞིན་གྱིས་དགའ་བ་སྤངས་ཤིང༌། སེམས་བདེ་དང་ལྡན་པའི་སེམས་རྩེ་གཅིག་པ་བསམ་གཏན་གསུམ་པ་དང༌། གཉེན་པོའི་ཡན་ལག་དྲན་པ་དང་བཏང་སྙོམས་ཡང་དག་གི་བདེ་བ་དང་སྡུག་བསྔལ་རྣམ་པར་སྤངས་ཤིང༌། ཚོར་བ་བཏང་སྙོམས་དང་ལྡན་པའི་སེམས་རྩེ་གཅིག་པ་བསམ་གཏན་བཞི་པའོ། །བསམ་གཏན་བཞི་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུ་ཅི་ལྟ་བུ་ཞེ་ན། བསམ་གཏན་བཞི་པོ་བསྒོམས་པས། གོ་རིམ་བཞིན་དུ་ཚངས་པའི་འཇིག་རྟེན་དང༌། འོད་གསལ་དག་དང༌། དགེ་རྒྱས་དང༌། འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་འཐོབ་བོ། །ཞིབ་ཏུ་ཕྱེ་ན། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཆུང་འབྲིང་ཆེ་གསུམ་བསྒོམས་པས། རིམ་པ་བཞིན་དུ་ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་ཆེན་རྣམས་སུ་སྐྱེའོ། །བསམ་གཏན་ལྷག་མ་གསུམ་ཡང་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་དུ་བསྒོམས་པས། འོད་ཆུང༌། ཚད་མེད་འོད། འོད་གསལ་བ་གསུམ་དང༌། དགེ་ཆུང༌། ཚད་མེད་དགེ། དགེ་རྒྱས་གསུམ་དང༌། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་གསུམ་གྱི་སྐྱེ་བ་འཐོབ་བོ། །དགེ་སྡིག་གི་བླང་དོར་ལ་གདམས་པ་ལ། ལྕི་ཡང་གི་ཁྱད་པར་ཤེས་པར་བྱ་དགོས་པས། མི་དགེ་བ་ཆེན་པོ་གཙོ་བོར་སྤོང་ཞིང༌། དགེ་བ་ཆེན་པོ་ལ་གཙོ་བོར་འཇུག་པར་བྱ་ཞེས་གདམས་པ་ནི། དགེ་བ་དང་མི་དགེ་བའི་ལས་ཁྱད་པར་རྣམ་པ་ལྔ་དང་ལྡན་པ་ནི་འབྲས་བུ་འབྱིན་པར་ངེས་པ་དང༌། འབྲས་བུ་མང་པོ་འབྱིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དེ་དག་ཀྱང་སྦྱོར་བ་དང་བསམ་པ་དང་གཉེན་པོ་དང་གཞིའི་ཁྱད་པར་ལས་ཆེ་ཆུང་དུ་འགྱུར་རོ། །དེ་ལ་སྦྱོར་བའི་ཁྱད་པར་གྱིས་ཆེ་བ་ནི་ལས་དེ་རྟག་ཏུ་བྱེད་པ་དང༌། བསམ་པའི་ཁྱད་པར་མངོན་ཞེན་དྲག་པོས་བྱས་པ་དང༌། གཉེན་པོའི་ཁྱད་པར་མི་མཐུན་ཕྱོགས་ཀྱི་ལས་ལ་འཇོམས་བྱེད་ཀྱི་གཉེན་པོ་མེད་པའོ། །གཞིའི་ཁྱད་པར་ནི་གཉིས་ཏེ། ཕན་འདོགས་པའི་གཞི་ནི་ཕ་མ་དང་ཆོས་སྨྲ་བ་དང༌། བྱེ་བྲག་ཏུ་ཕན་འདོགས་པའི་གཞི་ནི། སྤྲེའུ་ལ་སོགས་པའི་སྐྱེས་རབས་བཞིན་ནོ། །ཡོན་ཏན་གཙོ་བོར་ལྡན་པའི་གཞི་ནི། དཀོན་མཆོག་གསུམ་མོ། །འདི་དག་ལ་ཕན་གནོད་བྱས་པ་ལས་བྱུང་བ་ནི། གཞིའི་ཁྱད་པར་ལས་ཆེན་པོར་འཇོག་པ་ཡིན་ནོ། །དེ་བས་ན་མི་དགེ་བ་ཆེན་པོ་སྤང་ཞིང་དགེ་བ་ཆེན་པོ་སྤྱོད་པ་ལ་བརྩོན་པར་བགྱིའོ། །འདི་དག་གི་འཐད་པ་བསྟན་པའི་ཕྱིར་དུ། མི་དགེ་བ་མང་དུ་སྤྱད་ཅིང་དགེ་བ་ཉུང་ངུར་སྤྱད་ན། མི་དགེ་བ་སྤང་བའི་ཕྱིར་དུ་གཉེན་པོ་ལ་བརྩོན་པ་བསྐྱེད་ལ། གཉེན་པོ་དགེ་བ་མང་དུ་སྤྱད་ཅིང༌། མི་དགེ་བ་ཉུང་ན་ཧ་ཅང་ཡང་འཇིགས་པར་མི་བྱ་ཞེས་བསྟན་པའི་ཕྱིར་དུ་སྨྲས་པ། ལན་ཚྭ་སྲང་འགའ་སྟེ་ཉུང་ངུ་ཞིག་གིས་ཆུ་ཉུང་ངུ་ཞིག་རོ་བསྒྱུར་བར་ནུས་པ་ཡིན་གྱི། གངྒཱའི་ཆུ་ཀླུང་ལྟ་བུ་ཤིན་ཏུ་ཆེན་པོ་ནི་བསྒྱུར་མི་ནུས་པ་དེ་བཞིན་དུ་སྡིག་པའི་ལས་ཆུང་ངུ་ཡང༌། དགེ་བའི་ལས་ཆུང་ངུ་ལས་མ་སྤྱད་པ་ལ་གནོད་པ་བསྐྱེད་པར་ནུས་ཀྱི། དགེ་བའི་རྩ་བ་ཡངས་ཤིང་ཆེན་པོ་དང་མང་དུ་སྤྱད་པ་ལ་གནོད་པ་བསྐྱེད་མི་ནུས་པར་མཁྱེན་པར་མཛོད་ལ། དགེ་བ་སྟོབས་ཆེ་བ་དང་མང་དུ་བསྒྲུབ་པར་བགྱིའོ་ཞེས་གདམས་སོ། །གོང་དུ་བསྟན་པའི་བསམ་གཏན་དང་ཚད་མེད་སོགས་ཐོབ་པ་ལ་སྒྲིབ་པ་ལྔ་པོ་སྤང་དགོས་སོ་ཞེས་བསྟན་པ་ནི། ཡུལ་ལ་སེམས་རྣམ་པར་འཕྲོ་བའི་རྒོད་པ་དང༌། ངན་པར་བྱས་པའི་ལས་ལ་ཡིད་གཅགས་པའི་འགྱོད་པ་དང༌། ཀུན་ནས་མནར་སེམས་ཀྱི་གནོད་སེམས་དང༌། སེམས་ནང་དུ་ཞུམ་པར་བྱེད་པའི་རྨུགས་པ་དང༌། སེམས་རང་དབང་མེད་པར་ནང་དུ་སྡུད་པར་བྱེད་པའི་གཉིད་དང༌། ཁམ་ཟས་སོགས་འདོད་པའི་ཡོན་ཏན་ལྔ་ལ་འདུན་པ་དང༌། ཐར་པ་སོགས་ལ་ཡིད་གཉིས་སུ་གྱུར་པའི་ཐེ་ཚོམ་སྟེ། ལྔ་པོ་འདིས་ནི་བསླབ་པ་གསུམ་ལ་བསྒྲིབས་པས་ན་སྒྲིབ་པ་ཞེས་བྱ་སྟེ། ལྔ་པོ་འདི་དག་ནི་དགེ་བའི་ནོར་འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད་ཅེས་གདམས་སོ། །འདིར་རྒོད་འགྱོད་གཉིས་གཅིག་ཏུ་བྱས་པ་ནི་གཡོ་བར་ཆོས་མཐུན་པའི་ཕྱིར་དང༌། རྨུགས་གཉིད་གཉིས་གཅིག་ཏུ་བྱས་པ་ནི་མི་གསལ་བར་ཆོས་མཐུན་པའི་ཕྱིར་རོ། །ཡང་ན་མཛོད་དུ། འདོད་ན་སྒྲིབ་གནས་མི་མཐུན་དང༌། །ཟས་དང་བྱ་བ་གཅིག་པའི་ཕྱིར། །ཞེས་གསུངས་པ་ལྟར་བཤད་དོ། །ལྔ་པོ་འདི་ལས་འདོད་པ་ལ་འདུན་པ་དང༌། གནོད་སེམས་གཉིས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ལ་གནོད་དེ་འདོད་པ་ལ་འདུན་པས་ཚུལ་ཁྲིམས་མི་ལེན་ཅིང་གནོད་སེམས་ཀྱིས་ལྟུང་བ་འཆོས་པ་ལ་བསྐུལ་བ་ན་ལེགས་པར་མི་སྒྲུབ་པའི་ཕྱིར་རོ། །རྨུགས་གཉིད་གཉིས་ཀྱིས་ནི་ལྷག་པའི་སེམས་ལ་གནོད་དེ། ཞི་གནས་ཀྱི་དམིགས་པ་མི་གསལ་བར་བྱེད་པའི་ཕྱིར་རོ། །རྒོད་འགྱོད་གཉིས་ཀྱིས་ནི་ལྷག་པའི་ཤེས་རབ་ལ་གནོད་དེ། གང་རྟོགས་པར་འདོད་པའི་དོན་ལས་སེམས་གཞན་དུ་གཡེང་བར་བྱེད་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་གཉིས་ཀ་ལ་གནོད་དེ། ཡུལ་གཏན་ལ་མ་ཕེབས་ན་བཏང་སྙོམས་སུ་འཇོག་མི་ནུས་པའི་ཕྱིར་རོ། །ཚོགས་ལམ་གྱི་ཆོས་ལ་གདམས་པ་བསྟན་ཟིན་ནས། སྦྱོར་ལམ་གྱི་ཆོས་ལ་གདམས་པ་ལ། སྦྱོར་བའི་ལམ་དུ་དབང་པོ་ལྔ་དང་སྟོབས་ལྔ་བསྒོམ་པ་ལ་འབད་པར་བྱ་བར་གདམས་པ་ནི། བདེན་པ་ལ་ཡིད་ཆེས་པའི་དད་པ་དང༌། བདེན་བཞིའི་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་དང༌། བསྒོམ་བྱའི་དམིགས་པ་རྣམས་མི་བརྗེད་པའི་དྲན་པ་དང༌། དྲན་པས་བཟུང་བའི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། གང་ལ་མཉམ་པར་འཇོག་པའི་ཡུལ། རྣམ་པར་འབྱེད་པའི་ཤེས་རབ་སྟེ་ལྔ་པོ་འདི་རྣམས་ལ་མངོན་པར་བརྩོན་ཞིང་གོམས་པར་མཛོད་ཅིག ལྔ་པོ་འདི་དག་གི་དང་པོ་བཟོད་པ་དང་ཕྱི་མ་ཆོས་མཆོག་གི་དུས་སུ་སྟོབས་ཞེས་བགྱིའོ། །དང་པོ་དྲོད་དང་ཕྱི་མ་རྩེ་མོར་གྱུར་པའི་དུས་སུ་དབང་པོ་ཞེས་པ་ལགས་སོ། །དད་པ་དང་བརྩོན་འགྲུས་སོགས་ཐོབ་པའི་འགལ་རྐྱེན་སྤང་བར་བྱ་བ་ལ་གདམས་པ་ནི། བདག་ནི་ན་བ་དང་རྒ་བ་དང་འཆི་བ་དང་གཉེན་ལ་སོགས་པའི་སྡུག་པ་དང་བྲལ་བ་དང༌། དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་ནི་རང་ཁོ་ན་ལ་སྨིན་གྱི་གཞན་ལ་སྨིན་པ་ནི་མ་ཡིན་པས། བདག་གིར་བྱས་པ་ལས་མ་འདས་སོ་ཞེས། དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི་རྒྱགས་པ་སོགས་དེའི་གཉེན་པོ་ཡིན་པས། དེ་སྒོམ་པའི་སྒོ་ནས་རྒྱགས་པ་སྐྱེ་བར་མི་འགྱུར་བ་ལ་འབད་པར་བྱའོ། །དད་པ་དང་བརྩོན་འགྲུས་ཀྱི་དབང་པོ་སོགས་དེའི་མཐུན་རྐྱེན་ཡང་དག་པའི་ལྟ་བ་སྒོམ་པ་ལ་གདམས་པ་ནི། གལ་ཏེ་མཐོ་རིས་དང་ཐར་པ་ཐོབ་པར་མངོན་པར་བཞེད་ན། ལས་འབྲས་སོགས་མི་བསླུ་བར་རྟོགས་པའི་ཡང་དག་པའི་ལྟ་བ་དང༌། སྟོང་ཉིད་རྟོགས་པའི་ཡང་དག་པའི་ལྟ་བ་ཡང་དང་ཡང་དུ་གོམས་པར་མཛོད་ཅིག་ཅེས་བསྐུལ་ལོ། །ལས་འབྲས་མི་བསླུ་བར་རྟོགས་པའི་ལྟ་བས་ནི། མཐོ་རིས་ཀྱི་རྒྱུ་བྱེད་ལ། སྟོང་ཉིད་རྟོགས་པའི་ལྟ་བས་ནི་ཐར་པ་ཐོབ་པར་བྱེད་དོ། །གལ་ཏེ་ཡང་དག་པའི་ལྟ་བ་དང་མི་ལྡན་ན་ཉེས་པ་ཅིར་འགྱུར་ཞེ་ན། གང་ཟག་གང་ལ་ཡང་དག་པའི་ལྟ་བ་མེད་ན་ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བས། སྔར་སྦྱིན་པ་སོགས་ལ་ལེགས་པར་སྤྱད་པ་ཐམས་ཅད་ཀྱང༌། རྣམ་པར་སྨིན་པ་མི་བཟད་པ་ཤིན་ཏུ་ངན་པ་དང་ལྡན་པར་འགྱུར་ཏེ། ལོག་ལྟས་དགེ་བའི་རྩ་བ་རྣམས་དྲུང་ནས་ཕྱུང་བའི་ཕྱིར་རོ། །གང་ཟག་གང་ལ་སྟོང་ཉིད་རྟོགས་པའི་ལྟ་བ་མེད་ན། དངོས་པོ་ལ་བདེན་པར་ཞེན་པའི་ལོག་པར་ལྟ་བས་སྔར་གྱི་སྦྱིན་པ་སོགས་ལ་ལེགས་པར་སྤྱད་པ་ཐམས་ཅད་ཀྱང༌། རྣམ་པར་སྨིན་པ་འཁོར་བར་སྨིན་པས་མི་བཟད་པ་དང་ལྡན་ཞེས་བྱའོ། །ལམ་གྱི་བདེན་པའི་དམིགས་པ་བདེན་པ་བཞི་ཤེས་པར་བྱ་བ་ལ་གདམས་པ་ལ། ཐོག་མར་སྡུག་བསྔལ་གྱི་བདེན་པ་སྤྱིར་བསྟན་པ་ནི། ཤེས་རབ་གསུམ་གྱིས་བལྟས་ན། མི་ནི་སྡུག་བསྔལ་གསུམ་ཅི་རིགས་པ་དང་ལྡན་པས་ཡང་དག་ཉིད་དུ་མི་བདེ་ཞིང་སྡུག་བསྔལ་བ་དང༌། དུས་གཉིས་པར་མི་སྡོད་པས་མི་རྟག་པ་དང༌། བྱེད་པ་པོའི་བདག་མེད་པ་དང༌། ཤ་ཁྲག་ལ་སོགས་པས་མི་གཙང་བ་ཉིད་དུ་རིག་པར་བགྱིའོ། །སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ལ། དྲན་པ་ཉེ་བར་མ་བཞག་པ་རྣམས་ཀྱིས་ནི། ཕུང་པོ་ལ་གཙང་བ་དང༌། བདེ་བ་དང༌། རྟག་པ་དང༌། བདག་ཏུ་ལྟ་བ་སྟེ་ཕྱིན་ཅི་ལོག་བཞིར་ལྟ་བས། ཕུང་ཁྲོལ་ཏེ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བསྐྱེད་དོ། །བདག་མེད་ཀྱི་རྣམ་པ་གཙོ་བོར་ཡིད་ལ་བྱ་བ་ཡིན་པས། དེ་བྱེ་བྲག་ཏུ་བསྟན་པ་ནི། མདོ་ལས་གཟུགས་བདག་མ་ཡིན། ཚོར་བ་བདག་མ་ཡིན་ཞེས་སོགས་གསུངས་ཏེ། དེའི་དོན་རིགས་པས་བསྟན་པ་ནི། བདག་ནི་གཟུགས་སོགས་ཀྱི་དངོས་པོ་མ་ཡིན་ཏེ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །བདག་ནི་གཟུགས་དང་ཚོར་བ་སོགས་དང་ལྡན་པ་ཡང་མ་ཡིན་ཏེ་ཞེས་གསུངས་པའི་དོན་ནི། ལྷ་སྦྱིན་ལ་ནོར་ལ་སོགས་པ་དབང་བསྒྱུར་བྱར་ལྡན་པ་ལྟར་བདག་གཟུགས་དང་ལྡན་པ་མ་ཡིན་ཏེ། བདག་མི་འདོད་བཞིན་དུ་གཟུགས་ལ་སོགས་པ་གཞན་དུ་འགྱུར་བ་མཐོང་བའི་ཕྱིར་རོ། །ལྷ་སྦྱིན་གཟུགས་དང་ལྡན་པ་བཞིན་དུ་བདག་གཟུགས་དང་ལྡན་པ་ཡང་མ་ཡིན་ཏེ། ཕུང་པོ་ལ་གཅིག་དང་ཐ་དད་དུ་བརྟགས་པའི་རིགས་པས་ཁྱད་གཞི་བདག་མ་གྲུབ་པའི་ཕྱིར་རོ། །ནགས་ཁྲོད་དུ་སེང་གེ་གནས་པ་ལྟར་གཟུགས་སོགས་དུ་མ་ལ་བདག་གནས་པ་ཡང་མ་ཡིན། རི་བོ་ལ་ནགས་ཚལ་བརྟེན་པ་ལྟར་གཅིག་ལ་མང་པོ་བརྟེན་པའི་ཚུལ་གྱིས་བདག་ལ་གཟུགས་བརྟེན་པར་གནས་པ་ཡང་མ་ཡིན་ཏེ། ཕུང་པོ་དང་བདག་དོན་གཞན་དུ་མ་གྲུབ་པས་སོ། །གཟུགས་ཀྱི་ཕུང་པོ་རྣམ་པ་བཞིའི་སྒོ་ནས་བརྟགས་ན་བདག་གིས་སྟོང་པ་དེ་བཞིན་དུ། ཚོར་བ་ལ་སོགས་པའི་ཕུང་པོ་ལྷག་མ་བཞི་ཡང་རྣམ་པ་བཞིའི་སྒོ་ནས་བདག་གིས་སྟོང་པར་རྟོགས་པར་བགྱིའོ། །སྡུག་བསྔལ་གྱི་བདེན་པ་བསྟན་ཟིན་ནས། ཀུན་འབྱུང་གི་བདེན་པ་བསྟན་པ་ནི། ཕུང་པོ་འདོད་རྒྱལ་ཏེ་འདོད་པ་ཙམ་ལས་གློ་བུར་དུ་བྱུང་བ་ཡང་མིན། རྟག་སྨྲ་བ་ལྟར་དུས་ལས་བྱུང་བ་ཡང་མིན། གྲངས་ཅན་པ་ལྟར་གཙོ་བོའི་རང་བཞིན་རྟག་པ་གཅིག་གི་ཡོངས་སུ་འགྱུར་བ་ལས་བྱུང་བ་ཡང་མིན། དཔྱོད་པ་བ་ལྟར་རྒྱུ་རྐྱེན་ལ་རག་མ་ལས་པར། ངོ་བོ་ཉིད་ལས་བྱུང་བ་ཡང་མིན། རིགས་པ་ཅན་པ་ལྟར་དབང་ཕྱུག་རྟག་པ་ལས་བྱུང་བ་ཡང་མིན། རྒྱང་འཕན་པ་ལྟར་རྒྱུ་སྔ་མ་སྔོན་དུ་སོང་བ་མེད་པ་ཅན་ལས་བྱུང་བ་ཡང་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིམ་པ་ལྟར་རྒྱུ་རྐྱེན་སོ་སོར་ངེས་པ་ལས་བྱུང་བའི་ཕྱིར་དང༌། རང་གི་རྒྱུ་རྐྱེན་ལས་ལོགས་ཤིག་པའི་དུས་མེད་པའི་ཕྱིར་དང༌། རྟག་པས་འབྲས་བུ་བསྐྱེད་པ་མི་འཐད་པའི་ཕྱིར་དང༌། འབྲས་བུ་ནི་རྒྱུས་མ་བཅོས་པར་འགལ་བའི་ཕྱིར་དང༌། འབྲས་བུ་ནི་སྐྱེད་བྱེད་ཀྱི་རྒྱུ་སྔ་མ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །འོ་ན་རྒྱུ་གང་ལས་བྱུང་སྙམ་ན། མི་ཤེས་པ་མ་རིག་པ་དང༌། ལས་འདུ་བྱེད་དང༌། སྲེད་པ་ལས་བྱུང་བར་རིག་པར་མཛོད་ཅིག་ཅེས་པའོ། །འགོག་པའི་བདེན་པ་བཤད་པ་ལ། ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོར་ཀུན་སྦྱོར་གསུམ་བསྟན་པ་ནི། ལྟ་བ་ངན་པའི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་དག་གྲོལ་དུ་འཛིན་པ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང༌། རང་ལུས་ལ་བདག་དང་བདག་གི་བའི་རྣམ་པར་ཕྱིན་ཅི་ལོག་ཏུ་ལྟ་བ་སྟེ་འཇིག་ཚོགས་ལ་ལྟ་བ་དང༌། ཐར་པ་དང་ཐར་པའི་ལམ་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་སྟེ་ཀུན་ཏུ་སྦྱོར་བ་འདི་གསུམ་ལས་འཇིག་ཚོགས་ལ་ལྟ་བས་ཐར་པར་འགྲོ་མི་འདོད་པ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གཉིས་ཀྱིས་ལམ་ནོར་བ་དང༌། ཐེ་ཚོམ་གྱིས་ཡང་དག་པའི་དོན་ལ་ཐེ་ཚོམ་ཟ་བས་ཐར་པའི་གྲོང་ཁྱེར་དུ་འགྲོ་བའི་སྒོ་འགེགས་བྱེད་ལགས་པར་མཁྱེན་པར་བགྱིའོ། །མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པར་བགྲོད་ལ་གེགས་བྱེད་ཡིན། །ཞེས་སོ། །འགོག་པའི་བདེན་པ་ནི་ཐར་པ་ཡིན་ལ། འདི་ཐོབ་པ་ལ་རང་གིས་འབད་དགོས་པ་ཡིན་གྱི་གཞན་གྱིས་གྲོགས་བྱར་མེད་དོ་ཞེས་སྟོན་པ་ནི། ཐར་པ་ཐོབ་པ་ནི་བདག་གིས་ལམ་གོམས་པར་བྱེད་པ་ལ་རག་ལས་ཀྱི་འདི་ལ་གང་ཟག་གཞན་གྱིས་གྲོགས་བགྱི་བར་བྱ་བ་ཅི་ཡང་མ་མཆིས་པས་རང་གིས་འབད་དགོས་སོ་ཞེས་པའོ། །ཐར་པ་ཐོབ་པའི་རྒྱུ་ལམ་བདེན་ལ་གདམས་པ་ནི། བདེན་བཞིའི་དབང་དུ་བྱས་པའི་གསུང་རབ་མང་དུ་ཐོས་པ་དང༌། སོ་སོ་ཐར་པ་རིགས་བདུན་གང་རུང་ལ་གནས་པའི་ཚུལ་ཁྲིམས་དང༌། ཐོས་པའི་དོན་རིགས་པས་གཏན་ལ་ཕབ་ནས་ཚུལ་བཞིན་དུ་སྒོམ་པའི་བསམ་གཏན་དང་ལྡན་པས་འཐོབ་བོ། །ལམ་གོམས་པ་ནི་དམིགས་ཡུལ་བདེན་པ་བཞི་ཤེས་ནས་བླང་དོར་བྱེད་པ་ལ་རག་ལས་པས་བདེན་བཞིའི་བླང་དོར་ཤེས་པ་ལ་འབད་པར་མཛོད། ཐར་པ་ཐོབ་པའི་ཐབས་བསླབ་པ་གསུམ་དུ་བསྡུས་ནས་སྟོན་པ་ནི། སྤོང་བདུན་གྱི་རང་བཞིན་ཅན་ལྷག་པའི་ཚུལ་ཁྲིམས་དང༌། བསམ་གཏན་བཞིའི་རང་བཞིན་ལྷག་པའི་སེམས་དང༌། བདག་མེད་གཉིས་རྟོགས་པ་ལྷག་པའི་ཤེས་རབ་སྟེ་བསླབ་པ་གསུམ་པོ་འདི་ལ་རྟག་ཏུ་བསླབ་པར་བགྱིའོ། །ལྷག་པ་ནི་མྱ་ངན་ལས་འདས་པ་ཡིན་ལ་དེའི་ཆེད་དུ་བྱ་བ་ཡིན་པས་ན་ལྷག་པ་ཞེས་པའི་སྒྲ་སྨོས་སོ། །སོ་སོར་ཐར་པ་ལས། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསླབ་པ་ཉིས་བརྒྱ་དང་ལྔ་བཅུ་ལྷག་ཅིག་གསུངས་པ་ནི་བསླབ་པ་གསུམ་པོ་འདི་དག་གི་ནང་ན་ཡང་དག་པར་འདུ་བར་འགྱུར་ཏེ། འདི་གསུམ་ལ་བསླབས་པས་དེ་དག་ཀྱང་ཤུགས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཆོས་མི་ཉམས་པར་སྲུང་བའི་དོན་དུ་དྲན་པ་ལ་གདམས་པ་ནི། དབང་ཕྱུག་ཅེས་རྒྱལ་པོ་ལ་བོས་ནས། སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ། ལུས་ལ་སོགས་པར་གཏོགས་པའི་ཆོས་ལ་ཡང་དག་པའི་དྲན་པ་ཉེ་བར་གནས་པ་ནི་བདེ་གཤེགས་ཀྱིས་ཐར་པ་ཐོབ་པའི་རྒྱུར་གྱུར་པའི་བགྲོད་པ་གཅིག་པའི་ལམ་དུ་བསྟན་ནོ། །མདོ་ལས། མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ལམ་ནི་ལུས་སུ་གཏོགས་པའི་དྲན་པ་ཡིན་ནོ་ཞེས་གསུངས་སོ། །ལུས་ལ་སོགས་པར་གཏོགས་པའི་ཆོས་དྲན་པ་དེ་ནི་དགོས་པ་ཆེ་བའི་ཕྱིར་བསྒྲིམས་ནས་མངོན་པར་སྲུང་བར་བགྱི་སྟེ། གལ་ཏེ་མ་བསྲུངས་ན་ཉེས་པ་ཅི་ཡོད་ཅེ་ན། དྲན་པ་དེ་ཉམས་པས་དགེ་བའི་ཆོས་གཞན་ཀུན་ཀྱང་ཉམས་པར་འགྱུར་ན། མྱ་ངན་ལས་འདས་པ་ཐོབ་པ་ལྟ་ཡང་ཅི་སྨོས་ཞེས་པའི་དོན་ཏོ། །ལམ་བསྒོམ་པའི་ཡན་ལག་གི་ཆོས་ལ་གདམས་པ་ལ། འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ལ་བྱ་བར་གདམས་པ་ནི། སྐྱེས་བུའི་ཚེ་ནི་ཕྱིའི་མི་མ་ཡིན་གྱི་འཚེ་བ་དང༌། ནང་འབྱུང་བ་འཁྲུགས་པ་སོགས་གནོད་པ་མང་པོ་དང་འབྲེལ་བས་རླུང་གིས་བཏབ་པའི་ཆུའི་ཆུ་བུར་བས་ཀྱང་ཆེས་མི་རྟག་ན། དབུགས་ནང་དུ་རྔུབ་པ་ལས་ཕྱིར་དབྱུང་བ་དང༌། གཉིད་ཀྱིས་ལོག་པ་ལས་སླར་སད་པ་ཁོམ་སྟེ། མ་ཤི་བར་གནས་པ་གང་ལགས་པ་དེ་ནི་ངོ་མཚར་ཆེའོ། །ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་སོ། །ལུས་ཇི་ལྟར་མི་རྟག་པར་འགྱུར་བའི་ཚུལ་བསྟན་པ་ནི། ལུས་ཐ་མར་མེས་བསྲེགས་པའི་ཐལ་བ་དང༌། རླུང་དང་ཉི་མས་མཐར་སྐམ་པ་དང༌། ཆུར་སྐྱུར་བས་མཐར་འདྲུལ་ཞིང་སྲོག་ཆགས་ཀྱིས་ཟོས་པས་ཐ་མར་མི་གཙང་བ་ཉིད་དུ་འགྱུར་བས་ན་ལུས་འདི་ལ་སྙིང་པོ་མ་མཆིས་པ་སྟེ། མེས་རྣམ་པར་འཇིག་པ་དང༌། རླུང་དང་ཉི་མས་དེངས་པ་དང༌། ཆུས་རུལ་ཞིང་མྱགས་པ་དང༌། སྲོག་ཆགས་རྣམས་ཀྱིས་དུམ་བུ་དུམ་བུར་བཅད་པས་སོ་སོར་འགྱེས་པའི་ཆོས་ཅན་དག་ཏུ་མཁྱེན་པར་མཛོད་ཅིག ཕྱི་རོལ་གྱི་བརྟན་པ་རྣམས་ཀྱི་མཐར་འཇིག་པར་འགྱུར་ན་ལུས་ལ་ལྟ་ཡང་ཅི་སྨོས་ཞེས་བསྟན་པ་ནི། གང་ཡང་བརྟན་ཞིང་སྲ་བའི་དངོས་པོ་སའི་དཀྱིལ་འཁོར་དང༌། ལྷུན་པོ་གསེར་གྱི་རི་བདུན་དང་བཅས་པ་དང༌། ཕྱི་ནང་གི་རྒྱ་མཚོ་དག་ཀྱང་ཉི་མ་འདི་ཉིད་ཀྱིས་རྩི་ཤིང་ནགས་ཚལ་རྣམས་བསྲེག ཉི་མ་གཉིས་པས་ཆུ་བྲན་རྣམས་སྐེམས། ཉི་མ་གསུམ་པས་ཆུ་མ་དྲོས་པ་དང་ཆུ་བོ་ཆེན་པོ་བཞི་དང་བཅས་པ་སྐེམས། ཉི་མ་བཞི་པ་དང་ལྔ་པས་རྒྱ་མཚོ་ཆེན་པོ་ཡང་ཆུའི་ཟིལ་པ་ཙམ་དུ་བྱེད་དོ། །ཉི་མ་དྲུག་པས་ནི་ཆུའི་ཐིགས་པ་ཙམ་ཡང་མ་ལུས་པར་སྐེམས་ཤིང༌། ས་ཆེན་པོ་རི་རབ་དང་བཅས་པ་ལ་དུ་བ་འཐུལ་བར་བྱེད་དོ། །ཉི་མ་བདུན་པ་བྱུང་བའི་ཚེ་ཐམས་ཅད་མེ་ལྕེ་ཆེན་པོ་གཅིག་ཏུ་གྱུར་ཏེ་ཐལ་བའི་ལྷག་མ་ཡང་མ་ལུས་པར་འགྱུར་རོ་ཞེས་བཤད་པ་ལྟར། ཉི་མ་བདུན་ཤར་ནས་མེ་ལྕེ་གཅིག་ཏུ་འབར་བས་བསྲེགས་པའི་མཐུས་ལུས་ཅན་ཏེ་གཟུགས་ཅན་བརྟན་པ་འདི་དག་ཀྱང༌། ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་བར་འཇིག་ན། ཤིན་ཏུ་ཉམ་ཆུང་བའི་མིའི་ལུས་ལྟ་སྨོས་ཀྱང་ཅི་དགོས་ཏེ་རྟག་པའི་གོ་སྐབས་མེད་དོ། །ཚེ་མི་རྟག་པ་དང་ཡུལ་སྙིང་པོ་མེད་པ་དེའི་ཕྱིར། འཁོར་བ་ལས་ཡིད་འབྱུང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་ནི། དེ་ལྟར་གཟུགས་ཅན་རྣམས་མི་རྟག་པར་མ་ཟད། ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ཀུན་ཡང་སྔར་བཤད་པ་ལྟར་མི་རྟག་ལ་བདག་མེད་ཅིང་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་མེད་པ་དང༌། མགོན་མེད་པ་དང་ཐ་མལ་པར་འདུག་པའི་གནས་ཀྱང་མེད་པ་དེའི་སླད་དུ་འཁོར་བ་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པ་འདི་ལ་མི་མཆོག་རྒྱལ་པོ་ཁྱོད་ཀྱིས་ཐུགས་འབྱུང་ཞིང་སྐྱོ་བར་མཛོད་ཅེས་པའོ། །ལམ་ཉམས་སུ་ལེན་པའི་རྟེན་དལ་འབྱོར་གྱི་ལུས་ཐོབ་པར་དཀའ་བས་ཐོབ་པའི་དུས་འདིར་དམ་ཆོས་སྤྱད་པས་དོན་ཡོད་པར་བྱ་དགོས་སོ་ཞེས་བསྟན་པ་ནི། ཇི་ལྟར་རྒྱ་མཚོ་ཆེན་པོ་གཅིག་ལ་གནས་པའི་རུས་སྦས་ལོ་བརྒྱ་བརྒྱ་ཞིག་ན་ལན་རེ་སྟེང་དུ་འཐོན་ཞིང་རྒྱ་མཚོ་ལ་ཡོད་པའི་གཉའ་ཤིང་བུ་ག་གཅིག་པ་ཅན་ཡོད་པ་དེའི་བུ་ག་དང་རུས་སྦལ་ཕྲད་པས་རུས་སྦལ་གྱི་མགྲིན་པ་དེར་ཆུད་པ་བས་ཀྱང༌། དུད་འགྲོའི་རྟེན་ལས་འཕོས་ནས་མི་ཉིད་དུ་སྐྱེ་བ་ནི་ཆེས་ཐོབ་པར་དཀའ་སྟེ། དུད་འགྲོ་རྣམས་ནི་བླུན་པས་དགེ་བ་སྟོབས་ལྡན་སྐྱེད་མི་ནུས་པས་སོ། །མདོ་ལས་ཀྱང༌། དགེ་སློང་དག་གང་དུ་རུས་སྦལ་ལོང་བ་གྱེན་དུ་འབྱུང་བའི་མགྲིན་པར་གཉའ་ཤིང་དེའི་བུ་གར་ཆུད་པར་འགྱུར་བའི་དུས་དེ་ནི་ཡོད་ཀྱི། དགེ་སློང་དག་མིའི་སྐྱེ་བ་ཐོབ་པ་ནི་དེ་བས་ཀྱང་ཆེས་དཀའ་བར་ང་སྨྲའོ་ཞེས་སོ། །དལ་འབྱོར་ཐོབ་པར་དཀའ་བ་དེ་བས་ན་མིའི་དབང་པོས་དལ་འབྱོར་ཐོབ་པའི་དུས་འདིར་དམ་ཆོས་སྤྱད་ཅིང་སྒྲུབ་པ་སྙིང་པོར་མཛད་པས་མིའི་ལུས་འདི་འབྲས་བུ་མཆིས་པར་མཛོད་ཅིག་ཅེས་པའོ། །མིའི་ལུས་ཐོབ་ནས་དགེ་བ་མི་བྱེད་པར་སྡིག་པ་ལ་འཇུག་པ་ཆེས་བླུན་པར་བསྟན་པ་ནི། སྐྱེས་བུ་གང་ཞིག་གསེར་ལས་བྱས་པའི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་སྤྲས་པས་བཤང་གཅི་ལ་སོགས་པ་ངན་སྐྱུགས་འཕྱག་པར་བྱེད་པ་ནི་འཇིག་རྟེན་གྱིས་སྨད་པར་བྱ་བ་ཡིན་ན། དེ་བས་ཀྱང་མིར་སྐྱེས་ནས་སྡིག་པ་བགྱིད་པ་དེ་དག་ནི། ཆེས་ཆེར་རབ་ཏུ་བླུན་པ་ལགས་ཏེ་དགེ་བ་སྤྱོད་པའི་རྟེན་མིའི་ལུས་ནི་ཆེས་དཀའ་བ་ཡིན་པའི་ཕྱིར་རོ། །ཁྱད་པར་དུ། རྒྱལ་པོས་ཀྱང་མིའི་ལུས་ནི་དགེ་བ་སྤྱོད་པའི་རྟེན་ཡིན་པས་དེ་ཐོབ་པའི་དུས་སུ་འབད་དགོས་པར་བསྟན་པ་ནི། གང་དུ་གནས་ན་དགེ་བ་འཕེལ་བ་དང་རྗེས་སུ་མཐུན་པའི་ཡུལ་ན་གནས་པ་དང༌། གང་ལ་བརྟེན་ནས་ཉེས་པ་འགྲིབ་ཅིང་ཡོན་ཏན་འཕེལ་བར་འགྱུར་བའི་སྐྱེས་བུ་དམ་པ་བསྟེན་པ་དང༌། བདག་གིས་ལེགས་པར་སྨོན་ཞིང་བསམས་པ་བཞིན་སྦྱོར་བས་ཀྱང་ལེགས་པར་སྒྲུབ་པ་དང༌། སྔོན་ཡང་བསོད་ནམས་བགྱིས་པས་རྒྱུད་ཡོངས་སུ་སྨིན་པ་ནི་ཤིང་རྟའི་འཁོར་ལོ་དང་འདྲ་བས་འཁོར་ལོ་ཞེས་བྱ་སྟེ། འཁོར་ལོ་དང་འདྲ་བའི་ཆོས་ཆེན་པོ་བཞི་པོ་ཡང་ཁྱོད་ལ་མངའ་བས་ལམ་སྒྲུབ་པ་ལ་འབད་པར་བྱའོ། །དཔེར་ན་འཁོར་ལོ་དང་ལྡན་པའི་ཤིང་རྟས་བགྲོད་པར་འདོད་པའི་གནས་སུ་བདེ་བླག་ཏུ་ཕྱིན་པར་བྱེད་པ་བཞིན་དུ་ཆོས་བཞི་པོ་དེ་དང་ལྡན་པས་ཀྱང་ཐར་པའི་གནས་སུ་བདེ་བླག་ཏུ་ཕྱིན་པར་ནུས་ཞེས་པའི་དོན་ཏོ། །སྐྱེས་བུ་དམ་པ་ལ་བསྟེན་པའི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ནི། ལམ་སྒྲུབ་པའི་ཐོག་མར་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱ་སྟེ། དེ་ཉིད་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པར་ཐུབ་པས་གསུངས་པ་དེའི་ཕྱིར་རོ། །ཇི་སྐད་དུ་མདོ་ལས། ཀུན་དགའ་བོ་འདི་ལྟ་སྟེ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། རྟག་པར་སྐྱེས་བུ་དམ་པ་ལ་བསྟེན་པར་བགྱིའོ། །བསྟེན་པའི་འབྲས་བུ་དཔེས་བསྟན་པ་ནི། རྒྱལ་བ་ལ་བསྟེན་པའི་སེམས་ཅན་རབ་ཏུ་མང་པོས་ཞི་བ་ཐོབ་པ་བཞིན་ནོ། །འདིར་ཚངས་པར་སྤྱོད་པ་ཞེས་པ་ནི་ཐར་པའི་ལམ་སྟེ་ཉེས་པ་དང་བྲལ་བ་ཚངས་པ་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པའི་ཕྱིར་རོ། །སྐྱེས་བུ་དམ་པའི་མཚན་ཉིད་ཅི་ཞེ་ན། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར་རོ། །མི་ཁོམ་པའི་སྐྱོན་དང་བྲལ་བའི་དལ་འབྱོར་གྱི་རྟེན་ལ་འབད་དགོས་པར་བསྟན་པ་ནི། མི་ཁོམ་པའི་སྐྱོན་བརྒྱད་པོ་དེ་དག་དང་བྲལ་ཞིང་ཐར་པའི་ལམ་སྒྲུབ་པ་ལ་ཁོམ་པའི་དལ་བ་ཁྱད་པར་ཅན་རྙེད་ནས་ནི་འཁོར་བའི་སྐྱེ་བ་བཟློག་པའི་སླད་དུ་ལམ་སྒྲུབ་པ་ལ་འབད་པར་མཛོད་ཅིག མི་ཁོམ་པའི་སྐྱོན་བརྒྱད་པོ་གང་ཞེ་ན། དུད་འགྲོ་དང༌། ཡི་དྭགས་དང༌། དམྱལ་བར་སྐྱེ་བ་སྟེ་ངན་སོང་གསུམ་དང༌། རྒྱལ་བའི་བཀའ་མེད་པ་སྟེ་སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་སྐྱེས་པ་དང༌། བྱོན་ཡང་དེའི་བཀའ་མི་ཐོས་པ་མཐའ་འཁོབ་ཏུ་སྐྱེ་བ་དང༌། ཡུལ་དབུས་ཡིན་ཡང་ཡིད་དབང་ལ་སྐྱོན་ཞུགས་པ་གླེན་ཞིང༌། ལྕེ་དབང་ལ་སྐྱོན་ཞུགས་པ་ལྐུགས་པ་དང༌། རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་འཛིན་པ་སྟེ་མིའི་འགྲོ་བ་པ་བཞི་དང༌། ལྷའི་འགྲོ་བ་པར་གཏོགས་པ་ཚེ་རིང་བའི་ལྷ་འབྲས་བུ་ཆེ་བའི་ཁྲོད་ན་གནས་པ་ཉིད་དེ་བརྒྱད་པོ་དེ་དག་གོ །མྱ་ངན་ལས་འདས་པ་ལ་འདོད་པ་བསྐྱེད་པའི་དོན་དུ་འཁོར་བའི་ཉེས་དམིགས་བཤད་པ་ནི། སྐྱེ་བ་བཟློག་པའི་ཕྱིར་དུ་འབད་པར་མཛོད་ཅིག་ཅེས་གདམས་ན་འཁོར་བ་ལ་ཉེས་པ་ཅི་ལྟ་བུ་ཡོད་ཅེ་ན། འཁོར་བའི་ཉེས་དམིགས་སྤྱིར་བསྟན་པ་ནི། དེས་པ་ཞེས་རྒྱལ་པོ་ལ་བོས་ནས་ཟས་གོས་སོགས་འདོད་པས་ཕོངས་པ་དང༌། མཐའ་འཆི་བ་དང༌། གནས་སྐབས་སུ་ན་བ་དང༌། ན་ཚོད་འགྱུར་བའི་རྒ་བ་དང༌། སོགས་པས་བསྡུས་པ་མྱ་ངན་དང་སྨྲེ་སྔགས་འདོན་པ་སོགས་སྡུག་བསྔལ་དུ་མའི་འབྱུང་གནས་ཡིན་པས་འཁོར་བ་ལ་སྐྱོ་བ་མཛད་དགོས་ཏེ། འཁོར་བ་ནི་ཉེས་དམིགས་དུ་མ་དང་ལྡན་པས་སོ། །ཉེས་དམིགས་ཅི་ལྟ་བུ་ཞེ་ན། འཁོར་བ་འདིར་ཉེས་པ་མཐའ་ཡས་པ་ཡོད་མོད་ཀྱི་ཉེས་པའི་ཆ་ཤས་བརྗོད་པས་ཀྱང་འཁོར་བ་ལ་ཡིད་འབྱུང་བའི་ཆེད་ཡོད་པས། ཕྱོགས་ཙམ་བརྗོད་པ་གསན་པར་མཛོད་ཅིག་ཅེས་བསྐུལ་ལོ། །འཁོར་བའི་ཉེས་པ་སོ་སོར་ཕྱེ་སྟེ་ཞིབ་ཏུ་བསྟན་པ་ལ། འཁོར་བ་ན་ཉེ་རིང་ངེས་པ་མེད་པར་འགྱུར་བའི་ཉེས་པ་བསྟན་པ་ནི། འཁོར་བ་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་སྐྱེ་བའི་ཉེས་པ་ནི། ཕ་ནི་རེས་འགའ་བུ་ཉིད་དུ་འགྱུར་བ་དང༌། མ་ནི་ཆུང་མ་ཉིད་དུ་འགྱུར་བ་དང༌། སྐྱེ་བོ་དགྲར་གྱུར་པ་དག་ཀྱང་སྐྱེ་བ་གཞན་དུ་མཛའ་བཤེས་ཉིད་དུ་འགྱུར་བ་དང༌། སླར་ཡང་བཟློག་སྟེ་བུ་ཉིད་ཕར་འགྱུར་བ་སོགས་སུ་མཆིས་པས་དེའི་སླད་དུ་འཁོར་བ་དག་ན་དགྲ་གཉེན་མཐའ་གཅིག་ཏུ་ངེས་པ་འགའ་ཡང་མ་མཆིས་པས། དགྲ་གཉེན་ལ་ཆགས་སྡང་སྤོངས་ཤིག་ཅེས་གདམས་སོ། །ངོམས་མི་ཤེས་པའི་ཉེས་པ་བསྟན་པ་ནི། སྔོན་ཆད་སེམས་ཅན་རེ་རེས་ཀྱང་ཕྱོགས་བཞིའི་རྒྱ་མཚོ་ཆེན་པོ་བཞི་ལས་ལྷག་པའི་འོ་མ་འཐུངས་ཏེ་ད་དུང་ངོམས་པར་མ་གྱུར་ཏོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། འཁོར་བ་ལ་ཐོག་མ་མེད་པས་སོ། །དེ་ལྟ་ན་ཡང་ད་དུང་སོ་སོ་སྐྱེ་བོའི་ལམ་གྱི་རྗེས་སུ་འབྲངས་ཏེ། འཕགས་པའི་ལམ་ལ་མ་ཞུགས་པའི་འཁོར་བ་པས་སྔར་གྱི་དེ་བས་ཆེས་མང་བའི་འོ་མ་ཇི་སྙེད་ཅིག་བཏུང་འཚལ་ཏེ། བྱིས་པ་ཐ་མལ་པ་རྣམས་ཀྱི་འཁོར་བའི་ཕྱི་མཐའ་མི་མངོན་པའི་ཕྱིར་རོ། །ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པ་བསྟན་པ་ནི། སེམས་ཅན་རེ་རེས་ཀྱང་བདག་ཉིད་ཀྱིས་སྔོན་ཆད་འཁོར་བར་སྐྱེ་བ་བླངས་པའི་རུས་པའི་ཕུང་པོ་ནི་ལྷུན་པོ་དང་མཉམ་པ་ཇི་སྙེད་ཅིག་འདས་པར་གྱུར་ཏེ་ད་དུང་ལམ་ལ་འབད་པར་མ་བྱས་ན་དེ་བས་ཆེས་མང་བའི་རུས་པ་འདོར་དགོས་སོ། །ཡང་དང་ཡང་དུ་འཁོར་བར་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། སེམས་ཅན་རེ་རེ་ལའང་སྔར་བདག་གི་མར་གྱུར་པ་དང་མའི་མར་གྱུར་པ་སོགས་གྲངས་ཀྱིས་ཐུག་པའི་མཐའ་ཡང་སའི་དཀྱིལ་འཁོར་ལས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རི་ལུ་བཅད་ཅིང་བགྲངས་ཀྱང་སས་ལྡང་བར་མི་འགྱུར་ཏེ། གྲངས་ཀྱིས་བགྲང་བར་མི་ནུས་སོ། །ད་དུང་ཡང་ལམ་ལ་འབད་པར་མ་བྱས་ན་དེ་བས་ཀྱང་མང་བར་འགྱུར་རོ། །མདོ་ལས། དགེ་སློང་དག་དཔེར་ན། སྐྱེས་བུ་ཞིག་གིས་ས་ཆེན་པོ་འདི་ལ་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་ཐོགས་ཏེ་འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་མའོ་ཞེས་འདོར་བར་བྱེད་ན་དགེ་སློང་དག་ས་ཆེན་པོ་འདིའི་འཇིམ་པ་ནི་སྔར་ཆེས་ཟད་པར་འགྱུར་གྱི་མི་རྣམས་ཀྱི་མིའི་རྒྱུད་ནི་དེ་ལྟ་མ་ཡིན་པར་ང་སྨྲའོ་ཞེས་གསུངས་པ་ལྟར་རོ། །འདིར་གཅིག་གིས་མ་བྱས་པའི་གྲངས་ལ་སྦྱོར་བ་ནི་མདོ་དང་མི་མཐུན་ནོ། །བརྒྱ་བྱིན་གྱི་བདེ་བ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། འཇིག་རྟེན་གྱི་མཆོད་འོས་སུ་གྱུར་པའི་བརྒྱ་བྱིན་ཐོབ་ནས་ཀྱང་སྔོན་གྱི་དགེ་བའི་ལས་ཀྱི་ལྷག་མ་མེད་ན་ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་དུ་མིའམ་ཡང་ན་ངན་སོང་དུ་ཡང་ལྷུང་བར་འགྱུར་རོ། །འཁོར་ལོས་སྒྱུར་རྒྱལ་གྱི་བདེ་བ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་སྔོན་གྱི་དགེ་བའི་ལྷག་མ་འགའ་མེད་ན་འཁོར་བའི་གནས་སྐབས་དག་ཏུ་ལས་ཀྱི་དབང་གིས་མིའི་ཡང་བྲན་དུ་འགྱུར་རོ། །འདོད་ལྷ་འོག་མ་གཉིས་ཀྱི་བདེ་བ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། མཐོ་རིས་བུ་མོའི་ནུ་མ་དང་རྐེད་པ་ལ་རེག་པའི་འདོད་པའི་བདེ་བ་ཡུན་རིང་དུ་མྱོང་ནས་ཀྱང་དགེ་བའི་ལྷག་མ་མེད་ན་སླར་ཡང་སྡིག་པའི་ལས་ཀྱི་དབང་གིས་དམྱལ་བར་སྐྱེས་པ་ན་རི་ཆེན་པོའི་བར་དུ་འཐག་པ་དང༌། མཚོན་གྱིས་གཅོད་པ་དང༌། སྲོག་ཆགས་མི་ཟད་པའི་མཆུ་དང་སྡེར་མོས་དབད་པའི་འཁྲུལ་འཁོར་གྱིས་རེག་པ་ལས་བྱུང་བའི་སྡུག་བསྔལ་ཤིན་ཏུ་མི་ཟད་པ་སྔར་བས་ཡུན་རིང་བ་བསྟེན་པར་འཚལ་ལོ། །གནས་ལས་བྱུང་བའི་བདེ་བ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། རྐང་པའི་རེག་པས་མནན་ན་ནེམས་ཀྱིས་བྱེད་པ་དང༌། བཏེག་ན་འཕར་གྱིས་བྱེད་པའི་བདེ་བ་བཟོད་དུ་རུང་བ་དང་ལྡན་པ་དང༌། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ལྷུན་པོའི་སྤོ་ལ་ཡུན་རིང་དུ་ལྷའི་ལོ་སྟོང་ཙམ་དུ་གནས་ནས་སླར་ཡང་ལས་ཀྱི་དབང་གིས་དམྱལ་བར་མེ་མ་མུར་པུས་ནུབ་ཙམ་དང་རོ་མྱགས་ཕྱི་སའི་འདམ་དུ་རབ་ཏུ་རྒྱུ་བའི་སྡུག་བསྔལ་མི་ཟད་པ་ཕོག་པ་སྟེ་མྱོང་དགོས་སོ་སྙམ་དུ་ཡིད་ལ་བགྱིད་འཚལ་ལོ། །སྐྱེད་མོས་ཚལ་དུ་རོལ་པའི་བདེ་བ་ལ་ཡང་ཡིད་བརྟན་མེད་པར་བསྟན་པ་ནི། མཐོ་རིས་ལྷའི་བུ་མོ་མང་པོས་འབྲངས་ཤིང་སྟེ་འཁོར་གྱིས་བསྐོར་བའི་དགའ་བའི་ཚལ་དང༌། རྣམ་པར་མཛེས་པའི་ཚལ་དུ་སོན་ཅིང་འདོད་པའི་དགའ་བ་ལ་ཡུན་རིང་དུ་རྩེས་ནས་དགེ་བའི་ལྷག་མ་མེད་ན་ལས་ཀྱི་དབང་གིས་སླར་ཡང་འདབ་མ་རལ་གྲི་དང་འདྲ་བའི་ཚུལ་དུ་ཕྱིན་ཏེ། ནགས་ཀྱི་ཤིང་གི་ལོ་མ་མཚོན་རྣོན་པོ་དང་འདྲ་བ་རྣམས་ཀྱིས་རྐང་ལག་དང་རྣ་བ་དང་སྣ་གཅོད་པ་ཐོབ་པར་འགྱུར་རོ། །མཐོ་རིས་ཀྱི་ལུས་ཐོབ་པ་ལ་ཡང་ཡིད་བརྟན་མེད་པར་བསྟན་པ་ནི། ལྷའི་རྫིང་བུ་ཆུ་ཡན་ལག་བརྒྱད་དང་ལྡན་པ་དལ་གྱིས་འབབ་པ་གསེར་གྱི་པདྨ་དང་ལྡན་པར་ལྷའི་བུ་མོ་གདོང་མཛེས་པ་དག་གིས་བསྐོར་བ་ཁྲུས་ཀྱི་དོན་དུ་ཞུགས་པའི་བདེ་བ་ཡུན་རིང་དུ་མྱོང་ནས་སླར་ཡང་དམྱལ་བར་ཐལ་ཚན་གྱི་ཆུ་བོ་རབ་མེད་ཚ་སྒོ་ཅན་གྱི་ཆུ་ཚན་བཟོད་བརླག་མེད་པའི་རེག་པ་དང་ལྡན་པར་འཇུག་འཚལ་ལོ། །འདོད་ལྷ་འོག་མ་གཉིས་ཀྱི་བདེ་བ་ལ་ཡིད་བརྟན་དུ་མེད་པར་བསྟན་ཟིན་ནས། འཐབ་བྲལ་ཡན་ཆད་ཀྱི་ལྷ་རྣམས་ཀྱི་བདེ་བ་ལ་ཡང་ཡིད་བརྟན་མེད་པར་བསྟན་པ་ནི། འཐབ་བྲལ་ཡན་ཆད་ཀྱི་ལྷའི་ཡུལ་ན་གནས་པའི་འདོད་པའི་བདེ་བ་འོག་མ་ལས་ཁྱད་པར་དུ་འཕགས་པ་ཤིན་ཏུ་ཆེན་པོ་དང༌། གཟུགས་ཁམས་ཚངས་པའི་འཇིག་རྟེན་ཉིད་ཀྱི་འདོད་པ་ལ་འདོད་ཆགས་དང་བྲལ་བའི་བདེ་བ་ཐོབ་ནས་སླར་ཡང་སྔར་གྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་མི་ཤེས་པའི་དབང་གིས་མནར་མེད་པའི་མེའི་བུད་ཤིང་གི་ཚུལ་དུ་གྱུར་པས་སྡུག་བསྔལ་རྒྱུན་མི་འཆད་ཅིང་བར་མཚམས་མེད་པ་བསྟན་འཚལ་ལོ། །མུ་སྟེགས་པས་ལྷར་འཛིན་པའི་ཉི་ཟླའི་ལུས་ཐོབ་པ་ལ་ཡང་ཡིད་བརྟན་མེད་པར་བསྟན་པ་ནི་ལྷའི་བུ་ཉི་མ་དང༌། ཟླ་བ་ཉིད་ཀྱི་སྐྱེ་བ་ཐོབ་ནས་རང་ལུས་ཀྱི་རྟེན་གྱི་འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བར་བྱས་ཏེ་འོད་རབ་ཏུ་གསལ་བ་ཐོབ་ཀྱང་སླར་ཡང་འཇིག་རྟེན་གྱི་བར་ཉི་ཟླའི་འོད་མེད་པའི་མུན་ནག་སྨག་ཏུ་གྱུར་པ་དག་ཏུ་ཕྱིན་ཞིང་སྐྱེས་ནས། རང་གི་ལག་པ་བརྐྱང་པའང་མཐོང་བར་མི་འགྱུར་རོ། །སྣང་བ་མེད་པར་མུན་པར་འཇུག་པའི་ཉེས་པ་ནི། གོང་དུ་བསྟན་པ་དེ་ལྟར་མཐོ་བའི་གནས་ནས་འོག་མའི་གནས་སུ་ལྟུང་བའི་ནོངས་པ་མཆིས་པར་འགྱུར་འཚལ་བས་ན། ནོངས་པ་བསལ་བའི་རྒྱུ་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་རྣམ་པ་གསུམ་ངན་སོང་གི་མུན་ནག་ཆེན་པོ་སེལ་བར་བྱེད་པའི་མར་མེའི་སྣང་བ་རབ་ཏུ་བཞེས་ཤིག གལ་ཏེ་བསོད་ནམས་ཀྱི་སྣང་བ་མེད་ན་གྲོགས་མེད་པར་གཅིག་པུ་ཉི་ཟླའི་འོད་ཀྱིས་མི་བརྫི་བ་སྟེ་གཞོམ་མི་ནུས་པའི་ངན་སོང་གསུམ་གྱི་མུན་ནག་མཐའ་ཡས་པའི་ནང་དུ་འཇུག་པར་འཚལ་ལོ། །རྒྱ་ཆེར་རོལ་པ་ལས། དགེ་བའི་ལས་བྱས་རྗེས་སུ་འབྲང་བྱེད་ཅིང༌། །ཕྱི་བཞིན་འགྲོ་བར་འགྱུར་བ་མ་གཏོགས་པ། །འདུས་བྱས་དག་ལ་གྲོགས་ཡོད་མ་ཡིན་ཏེ། །སྐྱབས་མེད་གཉེན་བཤེས་མེད་ཅིང་འཁོར་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །རིགས་དྲུག་གི་སྡུག་བསྔལ་བསམ་པར་བྱ་བར་གདམས་པ་ལ། ཐོག་མར་དམྱལ་བའི་སྡུག་བསྔལ་བསམ་པར་བྱ་བ་སྤྱིར་བསྟན་པ་ནི། སེམས་ཅན་སྒོ་གསུམ་གྱིས་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ་དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དམྱལ་བ་གང་ཞེ་ན། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་དང༌། སོགས་པས་བསྡུས་པ་ཉི་ཚེ་བ་དང་གྲང་བའི་དམྱལ་བའོ། །དེ་ལ་ཡང་སོས་ནི། མཚོན་རྣོན་པོས་ཡན་ལག་དང་ཉིང་ལག་བཅད་ཅིང་ས་ལ་འགྱེལ་བ་ན་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་ཏུ་ཡང་སྔར་བཞིན་སོས་ཏེ་སྡུག་བསྔལ་མྱོང་བས་ན་ཡང་སོས་སོ། །ཐིག་ནག་ནི། ལུས་ལ་ཐིག་ནག་པོ་བཏབ་ནས་མཚོན་གྱིས་གཤེག་ཅིང་གཅོད་པར་བྱེད་པས་ན་ཐིག་ནག་གོ །བསྡུས་འཇོམས་ནི། རི་བོ་ར་དང་ལུག་གི་གདོང་པ་འདྲ་བ་སོགས་ཀྱི་བར་དུ་བསྡུས་ནས་བཙིར་ཞིང་སྒོ་ཀུན་ནས་ཁྲག་གི་རྒྱུན་འབབ་པས་ན་བསྡུས་འཇོམས་སོ། །ངུ་འབོད་ནི། ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་དུ་འཇུག་པར་བྱེད་པས་ཉམ་ཐག་པའི་ངུ་སྐད་འབྱིན་པས་ན་ངུ་འབོད་དོ། །ངུ་འབོད་ཆེན་པོ་ནི། དེ་ལས་ལྷག་པར་སྡུག་བསྔལ་བའི་ངུ་སྐད་འབྱིན་པས་ངུ་འབོད་ཆེན་པོའོ། །ཚ་བ་ནི་ལྕགས་ཀྱི་བུམ་པ་མེ་འབར་བའི་ནང་དུ་འཚོད་པ་དང་ལྕགས་ཀྱི་སླ་ངའི་ནང་དུ་རྔོད་པ་དང་ཐོ་བ་འབར་བས་བརྡུངས་པ་དང་གསལ་ཤིང་གིས་སྤྱི་བོའི་བར་དུ་ཕུག་པས་སྒོ་ཐམས་ཅད་ནས་མེ་འབར་བས་ཚ་བའོ། །རབ་ཏུ་ཚ་བ་ནི་སྡུག་བསྔལ་སྔ་མའི་སྟེང་དུ་ལྕགས་ལེབ་འབར་བ་ལུས་ལ་འཁྲི་བ་དང་ལྕགས་སྲེགས་ཀྱི་ས་གཞིར་ཕུར་པས་བཏབ་པ་སྟེ་སྔར་བས་ཚ་བའི་སྡུག་བསྔལ་ལྷག་པར་མྱོང་བས་རབ་ཏུ་ཚ་བའོ། །མནར་མེད་ནི་མེ་ལྕེ་དང་དབྱེར་མི་ཕྱེད་པར་གྱུར་པས་སྨྲེ་སྔགས་འདོན་པ་ཙམ་མ་གཏོགས་པ་སེམས་ཅན་དུ་མི་ཕྱེད་པའོ། །སྡུག་བསྔལ་བར་མཚམས་མེད་པར་མྱོང་བས་ན་མནར་མེད་ཅེས་བྱའོ། །གྲང་བའི་དམྱལ་བ་ལ། ཆུ་བུར་ཅན་ནི་ཤིན་ཏུ་གྲང་བས་ལུས་ལས་ཆུ་བུར་རྡོལ་བའོ། །ཆུ་བུར་རྡོལ་བ་ནི་ཆུ་བུར་རྡོལ་བ་བཞིན་འཁོངས་པར་གྱུར་པའོ། །སོ་ཐམ་ཐམ་ནི་ཤིན་ཏུ་གྲང་བས་སོ་ཐམ་ཐམ་བྱེད་པའོ། །ཀྱི་ཧུད་དང་ཨ་ཆུ་ཟེར་བ་ནི་གྲང་བས་ཉེན་པའི་ཚིག་ལ་མིང་དུ་བཏགས་པའོ། །ཨུཏྤལ་ལྟར་གས་པ་ནི་པགས་པ་སྔོ་ཞིང་ཁ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པ་ནི་པགས་པ་སྔོན་པོ་ལས་འདས་ནས་དམར་པོར་གྱུར་ཅིང་ཁ་བཅུའམ་དེ་བས་ལྷག་པར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི་པགས་པ་ཤིན་ཏུ་དམར་པོར་གྱུར་ནས་ཁ་བརྒྱ་ལ་སོགས་པར་གས་པའོ། །ཉི་ཚེ་བའི་དམྱལ་བ་ནི་དགེ་སྡིག་སྤེལ་མར་སྤྱད་པས་བདེ་སྡུག་སྤེལ་མར་ཉམས་སུ་མྱོང་བ་ལྟ་བུའོ། །ཚ་བའི་དམྱལ་བའི་སྡུག་བསྔལ་གྱི་ཁྱད་པར་བསྟན་པ་ནི། ཚ་དམྱལ་གྱི་སེམས་ཅན་ཁ་ཅིག་ལྕགས་ཀྱི་བཙིར་སྤྱད་ཀྱིས་ཏིལ་མར་འཚིར་བ་བཞིན་དུ་བཙིར་བས་ཁྲག་རྒྱུན་འབབ་པ་དང༌། དེ་བཞིན་དུ་སེམས་ཅན་གཞན་འབྲས་ལ་སོགས་པའི་ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་ཀློག་གོ །ཐིག་ནག་ནི་སེམས་ཅན་ཁ་ཅིག་སོག་ལེ་འབར་བས་འདྲ་སྟེ། དེ་བཞིན་དུ་དེ་ན་གཞན་དག་ནི་སྟ་རེ་ཤིན་ཏུ་མི་ཟད་པ་སོ་རྣོན་པོ་མེ་འབར་བ་རྣམས་ཀྱིས་གཤགས་པར་བྱེད་དོ། །དེ་བཞིན་དུ་ཚ་བའི་སེམས་ཅན་གཞན་དག་ནི་ལྕགས་ཀྱི་སྐམ་པས་ཁ་ཕྱེ་ནས་དེར་ཁྲོ་ཆུ་བཞུ་སྟེ་བཀོལ་བས་ཁུ་བ་མེ་སྟག་འབར་བའི་ཕྲེང་བ་འཁྲིགས་པ་དག་ལྡུད་པར་བགྱིད་དོ། །དེ་ན་སེམས་ཅན་ཁ་ཅིག་ནི་ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བའི་ཚེར་མ་ཅན་ལ་ཀུན་ཏུ་རྒྱུད་པར་བགྱིད་དོ། །ཉེ་འཁོར་གྱི་སྡུག་བསྔལ་བསྟན་པ་ལ། ཁ་ཅིག་ནི་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི་གཏུམ་པོ་སྐད་ཆེར་འབྱིན་པ་དག་གིས་ལུས་དབད་ཅིང་ཟོས་པས་ལག་པ་གནམ་དུ་སྒྲེང་ཞིང་འོ་དོད་འབོད་དོ། །ཡང་དམྱལ་བའི་སེམས་ཅན་གཞན་ཁ་ཅིག་ནི་རང་དབང་མེད་པར་ཤལ་མ་རིའི་རྩེ་མོར་ལྕགས་ཀྱི་མཆུ་རྣོན་པོ་དང་ལྕགས་ཀྱི་སེན་མོ་མི་ཟད་པ་དང་ལྡན་པའི་ཁྭ་ལ་སོགས་པ་བྱའི་ཚོགས་རྣམས་ཀྱིས་མིག་འབྱིན་ཅིང་ཤ་རྣམས་འཐོག་གོ །ཁ་ཅིག་ནི་རང་རང་གི་ལུས་ཀྱི་སྲིན་བུ་དང་སྦུར་བའི་རིགས་སྣ་ཚོགས་པ་དང་ཤ་སྦྲང་དང་སྦྲང་མ་ནག་པོ་ཁྲི་ཕྲག་མང་པོ་རེག་ན་ཚོར་བ་མི་ཟད་པ་འབྱུང་ཞིང༌། རྨ་སྲོལ་ཆེར་འབྱིན་པ་དག་ཟ་བར་བགྱིད་ཅིང་དེའི་རྒྱུས་ལུས་ས་ལ་འདྲེ་ལྡོག་བྱེད་ཅིང་ངག་གིས་སྨྲེ་སྔགས་འདོན་ནོ། །འདི་དག་ནི་ཉེ་འཁོར་གྱི་སྡུག་བསྔལ་ལོ། །གཙོ་བོའི་སྡུག་བསྔལ་སྔར་གྱི་ལྷག་མ་གཞན་བསྟན་པ་ནི། ཚ་བའི་དམྱལ་བའི་གནས་ན་སེམས་ཅན་ཁ་ཅིག་དམྱལ་སྲུངས་ཀྱིས་ལྕགས་ཀྱི་མེའི་འདབ་མ་འབར་བའི་ཚོགས་སུ་རྒྱུན་མི་འཆད་པར་རབ་ཏུ་བསྲེགས་པས་ཁ་ཡང་བགྲད་དེ། ཁ་གདང་བ་ཙམ་ལས་གཞན་པའི་མཐུ་མེད་དོ། །ཡང་དེ་ན་ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཀྱི་སྣོད་ཆེན་པོ་བ་ཚྭ་ཅན་གྱི་ཆུས་གང་བ་མེ་འབར་བའི་ནང་དུ་སྤྱིའུ་ཚུགས་སུ་འཚེད་པར་བྱེད་དེ་དཔེར་ན་ཆུ་ཟངས་ཀྱི་ནང་དུ་འབྲས་ཀྱི་ཆུ་སེང་འཚེད་པ་ན་སྟེང་འོག་ཏུ་རེས་མོས་འགྲོ་བ་བཞིན་ནོ། །དམྱལ་བའི་སྡུག་བསྔལ་བསྟན་ནས། དེ་ལ་འཇིགས་པར་བྱ་བར་བསྟན་པ་ནི། དམྱལ་བ་མྱོང་ངེས་ཀྱི་ལས་བྱས་པའི་སྡིག་ཅན་གང་དག་དམྱལ་བའི་སྡུག་བསྔལ་མྱོང་བ་ལ། དབུགས་འབྱུང་འཇུག་འགགས་པའི་ཡུན་ཙམ་ཞིག་གིས་དམྱལ་བར་འགྲོ་བའི་དུས་ཀྱི་བར་དུ་ཆོད་པ་ཙམ་དུ་ཟད་དེ། དབུགས་འགགས་མ་ཐག་ཏུ་དམྱལ་བར་ཉིང་མཚམས་སྦྱོར་བའི་ཕྱིར། དམྱལ་བའི་སྡུག་བསྔལ་གཞལ་དུ་མེད་པའམ་མཐའ་ཡས་པ་ཐོས་ནས་རྣམ་པ་སྟོང་དུ་སྟེ་རྣམ་པ་དུ་མར་སེམས་མི་འཇིགས་པ་གང་ལགས་པ་དེ་ནི་སེམས་རྡོ་རྗེའི་རང་བཞིན་ལྟར་སྲ་བར་ངེས་སོ། །དམྱལ་བའི་སྡུག་བསྔལ་ལ་ཤིན་ཏུ་འཇིགས་པ་བསྐྱེད་དགོས་པར་གདམས་པ་ནི། དམྱལ་བ་རི་མོར་བྲིས་པ་མཐོང་བ་དང༌། གཞན་ལས་ཐོས་པ་དང༌། སྔོན་མྱོང་བ་དྲན་པ་དང༌། མིང་བཀླགས་པ་ཙམ་དང༌། འཇིམ་པ་ལ་སོགས་པ་ལས་གཟུགས་སུ་བགྱིས་པའི་ཚུལ་རྣམས་ཀྱིས་ཀྱང་འཇིགས་པ་བསྐྱེད་པར་འགྱུར་ན། ཤིན་ཏུ་མི་ཟད་པའི་རྣམ་སྨིན་མངོན་སུམ་དུ་ཉམས་སུ་མྱོང་ན་སྨོས་ཅི་འཚལ། འོ་ན་དམྱལ་བ་དེ་ཀུན་སྡུག་བསྔལ་ཆེ་ཆུང་མཚུངས་སམ་ཞེ་ན། འོག་མ་འོག་མ་རྣམས་སྡུག་བསྔལ་ཆེ་ཞིང་ཐམས་ཅད་ལས་མནར་མེད་ཆེའོ་ཞེས་བསྟན་པ་ནི། བདེ་བ་ཀུན་གྱི་ནང་ན་ཁམས་གསུམ་གྱི་སྲེད་པ་མ་ལུས་པ་ཟད་པའི་བདེ་བའི་བདག་པོ་རྣམ་པར་གྲོལ་བ་ལ་མཆོག་ཏུ་བགྱིད་པ་ཇི་ལྟ་བ་དེ་བཞིན་དུ། སྡུག་བསྔལ་ཀུན་གྱི་ནང་ན་མནར་མེད་པའི་དམྱལ་བའི་སྡུག་བསྔལ་རབ་ཏུ་མི་ཟད་པ་སྟེ་ཆེའོ། །སྡུག་བསྔལ་གཞན་པས་དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་བའི་དཔེ་བསྟན་པ་ནི། མིའི་འཇིག་རྟེན་འདི་ན་ཉི་མ་གཅིག་རངས་པར་མདུང་ཐུང་སུམ་བརྒྱས་དུས་གཅིག་ལ་རབ་ཏུ་ཤུགས་དྲག་པོས་བཏབ་པའི་སྡུག་བསྔལ་གང་ལགས་པ་དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཉི་ཚེ་བའི་དམྱལ་བའི་སྡུག་བསྔལ་གྱི་ཡང་འོལ་སྤྱི་ཙམ་ཡང་དཔེར་མི་བཟོད་ཅིང་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །ཡུན་ཇི་སྲིད་ཀྱི་བར་དུ་སྡུག་བསྔལ་ཉམས་སུ་མྱོང་བར་བྱ་དགོས་ཤེ་ན་ཡུན་ཚད་བསྟན་པ་ལ། སོ་སོའི་ཚེ་ཚད་ནི་མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་པ་དང༌། རབ་ཏུ་ཚ་བྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་ཞེས་བཤད་པ་ལྟར་རོ། །སྤྱིའི་དབང་དུ་བྱས་པ་ནི། བཤད་མ་ཐག་པའི་ཚུལ་དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་ཟད་པ་ལོ་བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ཇི་སྲིད་རྒྱུ་མི་དགེ་བ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་སྲོག་དང་བྲལ་བར་མི་འགྱུར་ཏེ། དེ་སྲིད་དུ་དམྱལ་བ་མྱོང་བར་འགྱུར་བའི་ལས་ཀྱི་ནུས་པ་མི་ཟད་པའི་ཕྱིར་རོ། །ཇི་སྐད་བཤད་པའི་དམྱལ་བའི་སྡུག་བསྔལ་ནི་རྒྱུ་མི་དགེ་བ་ལས་བྱུང་བས་དེ་དག་སྤང་བར་རིགས་སོ་ཞེས་བསྟན་པ་ནི། མི་དགེ་བའི་འབྲས་བུ་དམྱལ་བའི་སྡུག་བསྔལ་འདི་རྣམས་ཀྱི་ས་བོན་ནི་སྲོག་གཅོད་སོགས་ལུས་དང༌། བརྫུན་སྨྲ་སོགས་ངག་དང༌། བརྣབ་སེམས་སོགས་ཡིད་ཀྱི་ཉེས་སྤྱོད་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ལས་ཆེན་པོ་རྣམས་ཀྱིས་བྱེད་པས་ན། རྒྱལ་པོ་ཁྱོད་ཀྱིས་ཅི་ནས་ཀྱང་ཉེས་བྱས་གསུམ་པོ་དེ་རྡུལ་ཙམ་ཡང་མ་མཆིས་པ་དེ་ལྟར་ཉིད་ཀྱི་བློའི་རྩལ་གྱིས་འབད་པར་མཛོད། དམྱལ་བའི་སྡུག་བསྔལ་ཡིད་ལ་བྱས་ནས་སྤང་བར་གདམས་པ་བསྟན་ཟིན་ཏོ། །དུད་འགྲོའི་སྡུག་བསྔལ་ཡིད་ལ་བྱ་བར་གདམས་པ་ལ། རེ་ཞིག་ཡིད་ལ་བྱ་བ་སྤྱིའི་དབང་དུ་བྱས་པ་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ན་ཡང༌། མི་ལ་སོགས་པ་གཞན་གྱིས་གསོད་པ་དང༌། ཞགས་པ་སོགས་ཀྱིས་བཅིང་བ་དང༌། ཐོ་བས་བརྡེག་པ་སོགས་མི་དང་མི་མ་ཡིན་པའི་གནོད་པས་བྱས་པའི་སྡུག་བསྔལ་སྣ་ཚོགས་པ་དང༌། ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་དགེ་བ་སྤངས་པ་སྟེ་སྐྱེ་བའི་སྣོད་དུ་མི་རུང་བའི་དུད་འགྲོ་རྣམས་ལ་ནི་ཕན་ཚུན་གཅིག་ལ་གཅིག་ཟ་བའི་རྣམ་སྨིན་ཤིན་ཏུ་མི་ཟད་པ་དང་ལྡན་ནོ། །སྤྱིའི་སྡུག་བསྔལ་བསྟན་ནས། སོ་སོའི་སྡུག་བསྔལ་གྱི་དབང་དུ་བྱས་པ་ནི། དུད་འགྲོ་ལ་རྒྱ་མཚོ་ན་གནས་པ་ཁ་ཅིག་ནི་མུ་ཏིག་གི་ཕྱིར་དང༌། ལུག་ལ་སོགས་པ་ཁ་ཅིག་བལ་གྱི་ཕྱིར་དང༌། གླང་པོ་ཆེ་ལ་སོགས་པ་རུས་པའི་ཕྱིར་དང༌། རི་དྭགས་ལ་སོགས་པ་ཤའི་ཕྱིར་དང༌། སྟག་དང་གཟིག་ལ་སོགས་པ་ཁ་ཅིག་པགས་པའི་ཆེད་དུ་འཆི་བར་འགྱུར་རོ། །མིའི་གནས་ནའང་རང་དབང་མེད་པར་དུད་འགྲོ་གཞན་རྟ་དང༌། མ་ཧེ་དང༌། བོང་བུ་དང༌། གླང་པོ་ཆེ་ལ་སོགས་པ་དག་ནི་རྡོག་པས་བཏབ་སྟེ་བཀོལ་བ་དང༌། ལག་པ་དང་ལྕགས་དང་ལྕགས་ཀྱུ་འདེབས་པ་དག་གིས་བཏབ་སྟེ་བཀོལ་བས་སྡུག་བསྔལ་བར་འགྱུར་རོ། །ཡི་དྭགས་ཀྱི་སྡུག་བསྔལ་ཡིད་ལ་བྱ་བར་གདམས་པ་ལ། རེ་ཞིག་སྤྱིའི་དབང་དུ་བྱས་པ་ནི་ཡི་དྭགས་སུ་སྐྱེས་པའི་འགྲོ་བ་དག་ནའང་འདོད་པས་ཕོངས་པས་བསྐྱེད་པའི་སྡུག་བསྔལ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། དགུན་གྲང་བ་དང༌། སོས་ཀ་དྲོ་བ་དང༌། ཟས་སྐོམ་ཚོལ་བས་ངལ་བ་དང༌། སྐྱེས་བུ་མཚོན་ཆ་ཐོགས་པ་མཐོང་ན་འཇིགས་ཤིང་སྐྲག་པས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་ཟད་པ་བསྟན་འཚལ་ལོ། །དུས་ནི་རྒྱུན་ཆགས་སུའོ། །བཟློག་པའི་ཐབས་མེད་པས་ན་མི་འཆོས་པའོ། །བྱེ་བྲག་གི་སྡུག་བསྔལ་བསྟན་པ་ལ། བཀྲེས་སྐོམ་གྱི་དབང་དུ་བྱས་པ་ནི། ཡི་དྭགས་ཁ་ཅིག་ལ་ནི་ཁ་ཁབ་ཀྱི་མིག་ཙམ་དུ་ཆུང་ལ་ལྟོ་བ་རིའི་གཏོས་ཙམ་དུ་ཆེ་བས་དགང་དཀའ་བས་བཀྲེས་པས་ཉེན་པར་གྱུར་ཏེ། མི་གཙང་བ་གྱི་ནར་བོར་བ་བཤང་གཅི་སོགས་ཅུང་ཟད་ཙམ་ཡང་འཚལ་བ་སྟེ་ཟ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ལུས་མི་སྡུག་པ་དང་ཁ་ལས་མེ་འབར་བའི་དབང་དུ་བྱས་པ་ནི། ཁ་ཅིག་གི་ལུས་ནི་ཤ་མེད་པར་པགས་པ་དང་རུས་པ་ཙམ་ལུས་ཤིང་གོས་མེད་པས་གཅེར་བུ་སྟེ། དཔེར་ན་ཤིང་ཏ་ལའི་ཡང་ཐོག་སྟེ་རྩེ་མོ་སྐམ་པས་ཤུན་པ་དང་བྲལ་བ་ལྟ་བུ་ལགས་སོ། །ཡི་དྭགས་ཁ་ཅིག་ནི་ཉིན་པར་མ་ཡིན་གྱི་མཚན་མོ་རེ་རེ་ཞིང་ཁ་ནས་མེ་འབར་བའི་ཁར་བྱེ་མ་ཚ་བ་བབས་པ་དག་ཟས་སུ་འཚལ་བ་སྟེ་ཟ་བར་བྱེད་དོ། །ཡི་དྭགས་སྨད་རིགས་ཀྱི་སྡུག་བསྔལ་གྱི་ཁྱད་པར་བསྟན་པ་ནི་ཡི་དྭགས་སྨད་རིགས་ཤིན་ཏུ་བསོད་ནམས་ཆུང་བ་འགས་ནི་མི་རྙེད་དོ་ཞེས་སྦྲེལ་ལོ། །གང་ན་ཟས་བཟང་པོ་མི་རྙེད་པ་ལྟ་ཡང་ཅི་སྨོས་རྣག་དང་ཕྱི་ས་དང་ཁྲག་ལ་སོགས་པ་མི་གཙང་བ་ཡང་མི་རྙེད་དོ། །འོན་ཀྱང་དེ་དག་ཕན་ཚུན་མཐོང་བ་ན་གཅིག་གིས་གཅིག་གི་གདོང་དུ་འཚོག་ཅིང་ལག་པ་ནས་ཐོ་བ་ཕྱུང་ཞིང་བསྣུན་པས་མགྲིན་པ་ནས་ལྦ་བ་བྱུང་བ་སྨིན་པའི་རྣག་ཁོང་དུ་ཟགས་པ་རྣམས་ཟས་སུ་འཚལ་ལོ། །དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་བསྟན་པ་ནི། ཡི་དྭགས་སྨད་རིགས་འདི་དག་རྣམས་ལ་སོས་ཀའི་དུས་སུ་ཟླ་བ་ཡང་ཚ་བའི་རྐྱེན་དུ་འགྱུར་ལ་དགུན་ནི་ཉི་མའང་གྲང་བའི་རྐྱེན་དུ་འགྱུར་བས་ཚ་གྲང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །འདིའི་དོན་ཅུང་ཟད་བཤད་ན་ཡུལ་གྱི་སྣང་བའི་དོན་གཅིག་ལ་རིགས་དྲུག་སོ་སོའི་ལས་ཀྱི་བྱེ་བྲག་ལས་མཐོང་ཚུལ་དྲུག་ཏུ་འགྱུར་རོ། །དེ་ཡང་ལས་བཟང་ངན་གྱི་བྱེ་བྲག་གིས་མཐོང་ཚུལ་བཟང་ངན་སྣ་ཚོགས་སུ་འགྱུར་རོ། །དཔེར་ན་སྣང་བའི་དོན་གཅིག་ལ་ལས་དམན་པས་རྣག་ཁྲག་ཏུ་འགྱུར་བ་དང༌། འབྲིང་གིས་ཆུར་མཐོང་བ་དང༌། ལས་བཟང་པོའི་མཐུས་བདུད་རྩིར་སྣང་བ་ལྟ་བུའོ། །འདིར་དོན་གཅིག་ལ་མཐོང་ཚུལ་ཐ་དད་དུ་མི་འཆད་པར་རྫས་དྲུག་ལ་མཐོང་ཚུལ་དྲུག་ཏུ་འཆད་པ་ནི། མདོ་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་དོན་གཅིག་ལ་མཐོང་ཚུལ་དྲུག་ཏུ་བཤད་པ་དང་འགལ་བ་དང༌། ཆུ་སྣང་བ་གཅིག་ལ་རྫས་ཐ་དད་པ་དྲུག་ཡོད་པ་ལ་སྣང་རུང་མ་དམིགས་པས་ཀྱང་གནོད་དོ། །གལ་ཏེ་ལས་ཀྱིས་ཕན་ཚུན་བསྒྲིབས་པས་མི་མཐོང་ངོ་ཞེ་ན། སྐྱེས་བུ་གཅིག་ལ་དགྲ་གཉེན་གཉིས་ཀྱིས་ལྟ་བའི་དུས་སུ་ཡིད་དུ་འོང་མི་འོང་ཆ་གཉིས་སུ་གནས་ཀྱང་གཉིས་ཀས་གཉི་ག་མི་མཐོང་སྟེ། ཕན་ཚུན་ལས་ཀྱིས་བསྒྲིབས་པའི་ཕྱིར་རོ་ཞེས་སྨྲ་བ། ཆོས་ཀྱི་གྲགས་པས་རིགས་པས་བཀག་པ་ཡིན་ནོ། །གཞན་ཡང་འཇུག་པ་ལས། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌། །མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་གསུངས་པའི་དཔེ་འདི་དགོས་པ་གང་གི་ཕྱིར་དུ་བཀོད་པའི་དོན་སོམས་ཤིག ཁྱོད་ལྟར་ན་དཔེ་དོན་མི་མཚུངས་པ་ཉིད་དུ་འགྱུར་ཞིང་ཉི་མ་ལའང་མུན་པའི་རྫས་ཡོད་པས། མདོ་ལས། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་ཚེ་མུན་པའི་གནས་མེད་ཅིང་མི་དམིགས་སོ་ཞེས་གསུངས་པ་དང་ཡང་འགལ་ལ། སྣང་མུན་ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཡང་འགྱུར་རོ། །ཁྱོད་ལྟར་ན་དོན་བློ་ལས་ཐ་དད་དུ་བདེན་པ་མེད་པའི་དཔེར་དོན་གཅིག་ཐ་དད་དུ་སྣང་བ་དཔེར་མི་འགོད་པར་དོན་རྫས་དྲུག་ཅིའི་ཕྱིར་དཔེར་འགོད་པར་མི་བྱེད་ཡུལ་རང་ངོས་ནས་གྲུབ་པ་མེད་ཅེས་སྨྲ་བ་ཡང་བརྫུན་དུ་གྱུར་ཏོ། །སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པའི་གཞུང་ཚིག་ཙམ་ཡང་རྣ་བར་མ་གྲག་པར་ཟད་དོ། །འདི་ནི་ཧ་ཅང་བླུན་པའི་རྣམ་བཞག་ཡིན་པས་རྣ་བ་གཏོད་པ་ཙམ་ཡང་མི་བྱའོ། །ཡི་དྭགས་སྨད་རིགས་དེ་དག་གིས་བལྟས་པ་ཙམ་གྱིས་ལྗོན་ཤིང་གི་འབྲས་བུ་ཕུན་སུམ་ཚོགས་པ་ཡང་སྣང་བ་མེད་པར་འགྱུར་ཞིང་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཀླུང་ཡང་འདི་དག་གིས་བལྟས་པ་ཙམ་གྱིས་བསྐམས་པ་ཉིད་དུ་འགྱུར་རོ། །དེ་དག་གི་སྡུག་བསྔལ་ཡུན་ཇི་ཙམ་དུ་ཉམས་སུ་མྱོང་ཞེ་ན། བདེ་བའི་གོ་སྐབས་ཀྱི་བར་དུ་ཆོད་པ་མེད་པར་རྒྱུན་ཆགས་སུ་སྡུག་བསྔལ་བརྟན་པར་གྱུར་པ་ལུས་ཅན་ཁ་ཅིག་ནི་མི་ལོ་ལྔ་སྟོང་དག་དང་ཁྲིར་ཟས་སྐོམ་མ་འབྱོར་ཡང་འཆི་བར་མི་འགྱུར་ཏེ། ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་སྲ་བས་དེ་སྲིད་དུ་བཅིངས་པས་སོ། །སྡུག་བསྔལ་མྱོང་བའི་རྒྱུ་བསྟན་པ་ནི། སྔར་བཤད་པ་དེ་ལྟར་ཡི་དྭགས་རྣམས་ཀྱིས་བཀྲེས་སྐོམ་ལ་སོགས་པ་སྣ་ཚོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཐམས་ཅད་ཀྱང་སྡུག་བསྔལ་ཉིད་དུ་གཅིག་པས་རོ་གཅིག་སྟེ་དེ་ལྟ་བུ་ཐོབ་པ་གང་དུ་དམིགས་པ་དེའི་རྒྱུ་ནི་སྐྱེ་བོ་འཇུངས་པ་ལ་དགའ་བ་སྟེ་སེར་སྣ་གོམས་པར་བྱས་པ་ཡིན་ལ། དེ་ནི་སྡུག་བསྔལ་ལས་མི་འཕགས་པའི་རྒྱུ་ཡིན་པ་འཕགས་མིན་ཏེ་མི་དགེ་བ་སྟོབས་ལྡན་ལགས་པར་སངས་རྒྱས་རྒྱལ་བས་གསུངས་ཏེ། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེ་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་པའོ། །ལྷའི་སྡུག་བསྔལ་སྤང་བ་ལ་གདམས་པ་ནི། མཐོ་རིས་འདོད་པའི་ལྷའི་སྐྱེ་བ་ཐོབ་ན་ཡང་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྤྱོད་པའི་བདེ་བ་ཆེན་པོ་ཡོད་མོད་ཀྱི་དེ་དག་གི་འཆི་འཕོ་བའི་དུས་ཀྱི་སྡུག་བསྔལ་ཉིད་ནི་སྔར་གྱི་བདེ་བ་ཆེ་ཆུང་གི་ཚད་དེ་བས་ཀྱང་ཆེའོ། །དེ་ལྟར་བསམས་ནས་ཡ་རབ་ཤེས་རབ་དང་ལྡན་པ་རྣམས་ཀྱིས་མཐོ་རིས་ཀྱི་བདེ་བའི་སླད་དུའང་སྲེད་པར་མི་བགྱི་སྟེ། བདེ་བ་དེ་ཡང་ཟད་པར་འགྱུར་བས་སྙིང་པོ་མེད་པའི་ཕྱིར་རོ། །གལ་ཏེ་རྫུས་སྐྱེས་ལ་གནད་གཅོད་ཀྱི་སྡུག་བསྔལ་མེད་པས་ཇི་ལྟར་ལྷ་ལ་སྡུག་བསྔལ་འབྱུང་ཞེ་ན། ལུས་ཀྱི་སྡུག་བསྔལ་མེད་ཀྱང་འཆི་ལྟས་ཀྱིས་ཟིན་པ་ན་སེམས་ཀྱི་སྡུག་བསྔལ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ནི། ལྷ་རྣམས་འཆི་བར་འགྱུར་བ་དེའི་ཚེ་ལུས་ཀྱི་ཁ་དོག་མཛེས་པ་དག་ཉམས་ནས་མི་སྡུག་པར་འགྱུར་བ་དང་རང་གི་སྟན་ལ་འདུག་པར་མི་དགའ་བ་དང༌། རྒྱན་གྱི་མེ་ཏོག་གི་ཕྲེང་བ་རྣམས་རྙིངས་པ་དང༌། གོས་ལ་དྲི་མ་ཆགས་པ་དང༌། ལུས་ལ་སྔོན་ཆད་མེད་པའི་རྡུལ་འབྱུང་བ་ཞེས་བགྱི་བ་ལྔ་པོ་ནི་མཐོ་རིས་ཏེ་ལྷ་རྣམས་ཀྱི་འཆི་འཕོ་བ་སྦྲོན་པར་བྱེད་པའི་སྔ་ལྟས་འདོད་པའི་ལྷ་ཡུལ་ན་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། དཔེར་ན་ས་སྟེང་གི་མི་རྣམས་འཆི་བར་འགྱུར་བ་དག་གི་ཚེ་སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲའོ། །འཆི་འཕོ་བའི་སྡུག་བསྔལ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཤི་བའི་འོག་ཏུ་ངན་སོང་དུ་འགྲོ་བའི་སྡུག་བསྔལ་དག་ཀྱང་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ནི། ལྷའི་འཇིག་རྟེན་དག་ནས་ཤི་འཕོས་པ་རྣམས་ལ། གལ་ཏེ་ཐོ་རིས་སུ་སྐྱེ་བར་འགྱུར་བའི་རྒྱུའི་དགེ་བའི་ལྷག་མ་འགའ་མེད་ན་དེ་ནས་དབང་མེད་དུ་དུད་འགྲོ་དང་ཡི་དྭགས་དང་དམྱལ་བར་གནས་པ་རྣམས་ལས་གང་ཡང་རུང་བ་ཞིག་གི་སྡུག་བསྔལ་མྱོང་བར་འགྱུར་རོ། །ལྷ་ལ་སྡུག་བསྔལ་འབྱུང་བར་མ་ཟད་ལྷ་མ་ཡིན་ལའང་སྡུག་བསྔལ་འབྱུང་བར་བསྟན་པ་ནི། ལྷ་མིན་གྱི་སྐྱེ་གནས་དག་ནའང་ང་རྒྱལ་ཤས་ཆེ་བས་རང་བཞིན་གྱིས་ལྷའི་དཔལ་ལ་ཞེ་སྡང་བའི་ཕྱིར་ཡིད་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་སྟེ། ཕྲག་དོག་གིས་ཡིད་མི་བདེ་བ་བསྐྱེད་པའི་ཕྱིར་རོ། །གཞན་ཡང་ལྷ་དང་གཡུལ་འགྱེད་པའི་ཚེ་ལུས་བཅད་པའི་སྡུག་བསྔལ་ཡང་ཡོད་ལ། ལྷ་མ་ཡིན་དེ་དག་དགེ་སྡིག་ལ་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་ཡིན་ཡང་རྟེན་དེ་ལ་བདེན་པ་མཐོང་བ་མ་མཆིས་ཏེ། འགྲོ་བའི་རྣམ་སྨིན་གྱི་སྒྲིབ་པ་དང་ལྡན་པས་སོ། །བདེན་པ་མཐོང་བ་དང་འགལ་བའི་ལས་ཀྱི་དོན་ནོ། །དེ་ལྟར་འཁོར་བའི་ཉེས་པ་བཤད་ནས་དེ་ལས་ཡིད་འབྱུང་བར་བྱའོ་ཞེས་བསྟན་པ་ནི། འཁོར་བ་ནི་ཇི་སྐད་བཤད་པའི་ཉེས་པ་དེ་འདྲ་བ་དང་ལྡན་པ་ལགས་པས་ལས་དང་ཉོན་མོངས་པས་ལྷ་དང་མི་དང་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་ཀྱི་ལུས་དག་ཏུ་སྐྱེ་བ་ནི་བཟང་པོ་མ་ལགས་པར་མཁྱེན་པར་མཛོད་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་དག་ཏུ་སྐྱེ་བ་ནི་གནོད་པ་དུ་མའི་སྣོད་དུ་གྱུར་པའི་ཕྱིར་རོ། །འཁོར་བ་ནི་ཉེས་པ་དུ་མའི་གནས་ཡིན་པས་དེ་ལས་འདའ་བའི་མྱང་འདས་ཐོབ་པའི་ཕྱིར་དུ་འབད་པར་བྱ་དགོས་པར་བསྟན་པ་ནི་རང་གི་མགོའམ་གོས་ལ་གློ་བུར་དུ་མེ་ཤོར་ན་མྱུར་དུ་བཟློག་པ་ལ་འབད་དགོས་པ་ཡིན་ཡང་འཁོར་བའི་ཉེས་དམིགས་ཤེས་པའི་མཁས་པས་ནི་དེ་དག་ཕྱིར་ལྡོག་པའི་འབད་པ་བགྱི་བ་བཏང་ནས་ཀྱང་ལུས་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱིས་ཡང་སྲིད་མེད་པར་བགྱི་བའི་སླད་དུ་འབད་པར་འཚལ་ཏེ། ཡང་སྲིད་མེད་པ་དེ་བས་མཆོག་ཏུ་གྱུར་བའི་སྐྱེས་བུའི་དགོས་པ་གཞན་མ་མཆིས་པའི་ཕྱིར་རོ། །ཡང་སྲིད་མེད་པའི་མྱ་ངན་ལས་འདས་པ་རྒྱུ་གང་ལ་བརྟེན་ནས་འཐོབ་ཅེ་ན། བསླབ་པ་རིན་པོ་ཆེ་གསུམ་གྱིས་ཐོབ་ཅེས་བསྟན་པའི་ཕྱིར་དུ་སྨྲས་པ། ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་དག་དང༌། ཏིང་ངེ་འཛིན་གྱི་བསླབ་པ་བསམ་གཏན་དང༌། ཤེས་རབ་ཀྱི་བསླབ་པ་ཡེ་ཤེས་དང་གསུམ་གྱིས་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་མཛོད་ཅིག་ཅེས་སྦྱར་རོ། །མྱང་འདས་ལ་གཉིས་ལས་ལྷག་མེད་ཀྱི་མྱང་འདས་ནི་ཟག་བཅས་ཀྱི་ཕུང་པོ་འགགས་པས་ཞི་བ་དང༌། ལྷག་བཅས་ཀྱི་མྱང་འདས་ནི་དབང་པོ་དུལ་བ་དང་ལྡན་པས་དུལ་བ་དང༌། གཉི་ག་ཡང་ཉོན་མོངས་པ་མེད་པས་དྲི་མ་མེད་པ་དང༌། ན་ཚོད་འགྱུར་བ་མེད་པས་མི་རྒ་བ་དང༌། སྲོག་འགྱུར་བ་མེད་པས་མི་འཆི་བ་དང༌། ནམ་ཡང་ཟད་པ་མེད་པས་ཟད་མི་འཚལ་བའོ། །ཡང་ཕྱི་རོལ་པ་ཐར་པ་གཟུགས་ཅན་དུ་འདོད་པ་ཁ་ཅིག ཁ་བ་དུང་དང་རྒྱ་སྤོས་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་གཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་ཐར་པ་གཟུགས་ཅན་དུ་འདོད་པའི་ཐར་པ་ལྟ་བུ་མ་ཡིན་པར་བསྟན་པ་ནི། ས་ཆུ་མེ་རླུང་དང་བྲལ་བ་ཞེས་གསུངས་སོ། །ཡང་ཕྱི་རོལ་པ་འགའ་ཞིག་ཉི་ཟླ་ལ་སྐྱབས་གནས་སུ་འཛིན་པ་ཡོད་པས་དེ་སྤང་བའི་དོན་དུ་ཉི་ཟླ་བྲལ་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ནི་རྒྱུ་ཚོགས་གང་ལས་ཐོབ་ཅེ་ན། རྒྱུ་ཚོགས་མང་པོ་སྔར་ཡང་བཤད་ཟིན་མོད་ལྷག་མ་གཞན་ཡང་གདམས་པ་ལ། གང་མངོན་དུ་གྱུར་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཆོས་དེ་བསྟན་པ་ནི། མཐོང་ལམ་གྱི་སྐབས་སུ་བདེན་པའི་དམིགས་པ་མི་བརྗེད་པའི་དྲན་པ་དང༌། དམིགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། བླང་དོར་ལ་འབད་པའི་བརྩོན་འགྲུས་དང༌། ཡིད་བདེ་བའི་དགའ་བ་དང༌། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང་བྱིང་རྒོད་ཀྱི་གནས་སྐབས་དང་བྲལ་བའི་བཏང་སྙོམས་དང་བདུན་པོ་འདི་ནི་བྱང་ཆུབ་ཡན་ལག་སྟེ་བྱང་ཆུབ་ཀྱི་ངོ་བོ་མཐོང་ལམ་གྱི་ཡན་ལག་ཡིན་པའི་ཕྱིར་རོ། །འདི་དག་ནི་མྱ་ངན་ལས་འདས་པ་ཐོབ་པར་བགྱིད་པའི་དགེ་ཚོགས་ལགས་ཞེས་གདམས་སོ། །མྱང་འདས་ཀྱི་རྒྱུ་ཚོགས་ཀྱི་གཙོ་བོ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་ལ་གདམས་པ་ནི། ཆོས་ཅན་ཇི་སྙེད་པ་སོ་སོའི་རང་གི་མཚན་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཤེས་རབ་མེད་པ་ལ་བསམ་གཏན་ཁྱད་པར་ཅན་སྐྱེ་བ་ཡོད་པ་མ་ཡིན་ཏེ། བསམ་གཏན་གྱི་ཤེས་རབ་ཀྱིས་རྟོགས་པའི་དོན་ལ་མཉམ་པར་འཇོག་དགོས་པའི་ཕྱིར་རོ། །བསམ་གཏན་མེད་པར་ཡང་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་མེད་དེ། སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་པ་གང་ལ་ཞི་གནས་དང་ལྷག་མཐོང་དེ་གཉིས་ཀ་ཡོད་པས་སྲིད་པའི་རྒྱ་མཚོ་གནག་རྗེས་ཀྱི་ཆུ་ལྟ་བུར་བདེ་བླག་ཏུ་བརྒལ་བར་འཚལ་བར་བགྱིའོ། །ཤེས་རབ་ཀྱིས་ཉོན་མོངས་ཀྱི་རྩ་བ་བདག་འཛིན་གཅོད་ལ་ཞི་གནས་ཀྱིས་དེ་བརྟན་པར་བྱེད་དགོས་པས། གཉིས་ཀ་བརྟེན་དགོས་པའི་དོན་ནོ། །ཞི་གནས་དང་ལྷག་མཐོང་གང་གཙོ་ཆེ་ཞེ་ན། ལྷག་མཐོང་གཙོ་ཆེ་སྟེ། བསྟོད་པ་བྱེད་པ་དག་གིས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་མིག་མདོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཅེས་པ་དང༌། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །བདུད་ཀྱི་མིག་རས་རྩ་བཞིན་དུ། །སྲིད་པ་རྣམས་ནི་བཟློག་པར་བྱེད། །ཅེས་གསུངས་སོ། །བདག་མེད་རྟོགས་པའི་ལྷག་མཐོང་གི་མི་མཐུན་ཕྱོགས་སྤང་བར་གདམས་པ་ནི། ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་ཉི་མའི་གཉེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ན་རབ་ཏུ་གསུངས་པ་གང་དག་ལགས་པ་འདི་ལྟ་སྟེ། བདག་དང་འཇིག་རྟེན་རྟག་པ་དང༌། མི་རྟག་པ་དང༌། གཉིས་ཀ་དང༌། གཉིས་ཀ་མིན་པ་ཞེས་པ་སྟེ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་དང༌། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང༌། མི་ལྡན་པ་དང༌། གཉིས་ཀ་དང༌། གཉིས་ཀ་མིན་པ་སྟེ་ཕྱི་མའི་མཐའ་ལ་བརྟེན་པ་བཞི་དང༌། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་བ་དང༌། མི་འབྱུང་བ་དང༌། གཉིས་ཀ་དང༌། གཉིས་ཀ་མིན་པ་སྟེ་མྱང་འདས་ལ་བརྟེན་པ་བཞི་དང༌། ལུས་དང་སྲོག་ཐ་དད་པ་དང༌། ཐ་དད་མིན་པར་ལྟ་བ་སྟེ་ལུས་སྲོག་ལ་བརྟེན་པ་གཉིས་སོ། །སྲོག་ནི་བདག་གི་རྣམ་གྲངས་སོ། །ཅིའི་ཕྱིར་ལུང་མ་བསྟན་ཞེས་བྱ་ཞེ་ན། དོན་འདི་དག་ཕྱི་རོལ་པས་བདག་རྟག་པ་ལས་བརྩམས་ཏེ་དྲི་བ་བྱས་པས་ན་ཁྱད་གཞི་བདག་མེད་པ་ལ་ཁྱད་ཆོས་ལུང་བསྟན་དུ་མེད་པ་དང༌། བདག་བཀག་ན་ཡང་དོན་དུ་མི་འགྱུར་བ་ལ་དགོངས་ནས། དྲི་བ་དེའི་ལན་ལུང་དུ་མ་བསྟན་པས་ལུང་དུ་མ་བསྟན་པ་ཞེས་བཤད་དོ། །ལྟ་བ་དེ་དག་རྣམས་ལ་བདེན་པར་འཛིན་པའི་ཚུལ་གྱིས་བསམ་པར་མི་བགྱི་སྟེ། ཁྱད་གཞི་མེད་པས་ཁྱད་ཆོས་ལ་བདེན་པ་བསམ་པར་མི་རིགས་ཤིང༌། གལ་ཏེ་བསམས་ན་ལྟ་བ་ངན་པའི་དུག་གིས་ཟིན་པར་འགྱུར་རོ། །དེ་ལ་བསམས་པ་དེས་བློ་འདི་ཞི་བར་བགྱིད་པ་མ་ལགས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བདག་ཏུ་ལྟ་བའི་ཞགས་པས་ཟིན་པས་གྲོལ་བ་མི་ཐོབ་ཅེས་པའི་དོན་ནོ། །འོ་ན་དོན་གང་ལ་བསམ་པར་བྱ་ཞེ་ན། རྟེན་འབྲེལ་གྱི་དོན་ལ་བསམས་ན་འཁོར་འདས་ཀྱི་གནས་ཚུལ་རྟོགས་ཤིང་རང་བཞིན་མེད་པར་རྟོགས་པའི་ལྟ་བ་འདྲེན་པར་བྱེད་པས་རྟེན་འབྲེལ་ལ་བསམ་པར་བྱའོ་ཞེས་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་གྱི་མདོ་ལས། དགེ་སློང་དག་འདི་ཡོད་ན་འདི་འབྱུང༌། འདིས་སྐྱེས་པའི་ཕྱིར་འདི་སྐྱེས་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་པ་དང༌། དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ་ཞེས་སོགས་ཀྱི་དོན་འདིར་སྟོན་པ་ནི། མ་རིག་པ་ལས་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་རྣམས་འབྱུང་སྟེ། ལས་དེ་དག་ལས་ནི་རྣམ་ཤེས་འབྱུང་ངོ༌། །རྟེན་འབྲེལ་གྱི་ཚིགས་སུ་བཅད་པ་ལས། མའི་མངལ་དུ་རྣམ་ཤེས་དང་པོར་ཞུགས་པ་ལ་བཤད་དོ། །རྣམ་ཤེས་དེ་ལས་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཀྱི་མིང་གཞིའི་ཕུང་པོ་དང༌། འབྱུང་བ་དང་འབྱུང་འགྱུར་གྱིས་བསྡུས་པའི་གཟུགས་དག་རབ་ཏུ་འབྱུང་ངོ༌། །མིང་གཟུགས་དེ་འཕེལ་བ་ལས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་འབྱུང་སྟེ། སྐྱེ་མཆེད་དྲུག་པོ་དེ་དག་ལས་ནི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་འདུས་པའི་རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས་སོ། །རེག་པ་ལས་བདེ་སྡུག་གི་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་ལ། ཚོར་བའི་གཞི་ལས་བདེ་བ་ཐོབ་འདོད་དང༌། སྡུག་བསྔལ་འདོར་འདོད་ཀྱི་སྲེད་པ་ཀུན་ཏུ་འབྱུང་བར་འགྱུར་རོ། །སྲེད་པས་ནི་བདེ་སྡུག་གི་བླང་དོར་ལ་སྲེད་པ་ཤས་ཆེར་འཕེལ་བའི་ལེན་པ་བསྐྱེད་པར་འགྱུར་བ་སྟེ་དེ་ལས་ནི་ལེན་པས་གསོས་བཏབ་པའི་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་ལས་ནི་ཕྱི་མའི་སྐྱེ་བ་འབྱུང་བ་ལགས་ཏེ་སྐྱེ་བ་ཡོད་ན་ཁམས་འགྱུར་བའི་ན་བ་དང༌། ན་ཚོད་འགྱུར་བའི་རྒ་བ་དང༌། སྲོག་འགྱུར་བའི་འཆི་བ་དང༌། ལུས་སེམས་གདུང་བར་བྱེད་པའི་མྱ་ངན་དང༌། ཟས་གོས་སོགས་འདོད་པས་ཕོངས་པ་དང༌། རང་དབང་མེད་པར་ལུས་འཇིག་པ་དང༌། སོགས་ཀྱི་སྒྲས་བསྡུས་པ་སྨྲེ་སྔགས་འདོན་པ་དང་ཡིད་མི་བདེ་བ་སོགས་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེན་པོ་འབྱུང་སྟེ། འདི་དག་གིས་ནི་འཇིག་རྟེན་ཇི་ལྟར་འཁོར་བའི་ཚུལ་བསྟན་པ་ཡིན་ནོ། །འཁོར་བ་ཇི་ལྟར་འགག་པའི་ཚུལ་བསྟན་པ་ནི། རྩ་བ་མ་རིག་འགགས་པས་འདུ་བྱེད་འགག་པར་འགྱུར་ལ། དེ་འགག་པ་ནས་སྐྱེ་བ་འགག་ལ་དེ་འགག་པས་རྒ་ཤི་འགག་པ་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་ཀུན་འགག་པར་འགྱུར་རོ། །འཁོར་འདས་གཉིས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བསྟན་ཟིན་ནས། ཐར་པ་དོན་གཉེར་གྱི་རྟོགས་ལྡན་གྱིས་བླང་དོར་བྱ་བའི་ཡུལ་འཁོར་འདས་གཉིས་ཡིན་ལ། འཁོར་འདས་གཉིས་ཀྱི་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བས་གཏན་ལ་འབེབས་པས་ན་གསུང་རབ་ཀུན་གྱི་བརྗོད་བྱའི་སྙིང་པོར་བསྟན་པ་ནི། ཇི་སྐད་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་རྒྱལ་བའི་གསུང་གི་གཅེས་པ་ཡིན་ཏེ། གསུང་རབ་ཀྱི་བརྗོད་བྱའི་སྙིང་པོ་ནི་བླང་དོར་གྱི་དོན་གཉིས་སུ་འདུས་ལ་དེ་འདིས་སྟོན་པའི་ཕྱིར་རོ། །གསུང་རབ་ཀྱི་བརྗོད་བྱ་ཟབ་མོ་ཡང་ཡིན་ཏེ། འདི་ལ་བརྟེན་ནས་རྟག་ཆད་དང་བྲལ་བ་དབུ་མའི་དོན་རྟོགས་པའི་ཕྱིར་ཏེ། གང་གཞན་དང་གཞན་ལ་བརྟེན་ནས་འབྱུང་བ་ནི་གཞན་ལ་རག་ལས་པའི་ཚུལ་གྱིས་འབྱུང་དགོས་ལ། གང་གཞན་ལ་རག་ལས་པ་དེ་ནི་ངོ་བོ་ཉིད་ཀྱིས་མེད་དེ། ངོ་བོ་ཉིད་ནི་གཞན་ལ་རག་མ་ལས་པ་དང་མ་བཅོས་པའི་དོན་ཡིན་པའི་ཕྱིར་རོ། །དེས་ན་འདིས་རྟག་པར་ལྟ་བ་གཅོད་ཅིང་མེད་པ་མ་ཡིན་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་ཞེས་པའི་ཚུལ་གྱིས་ཆད་པར་ལྟ་བ་ཡང་གཅོད་པས་ན་དབུ་མའི་དོན་རྟོགས་པའི་སྒོ་ཡིན་པས། གསུང་རབ་ཀུན་གྱི་གཅེས་པའི་དོན་དམ་ཟབ་མོ་ཡིན་ནོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་མཐོང་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རིག་པའོ། དེ་ཁོ་ན་ཉིད་རིག་པ་དེས་ནི་མཆོག་རྫོགས་པའི་སངས་རྒྱས་ཀྱང་མཐོང་བ་ཡིན་ནོ། །སཱ་ལུ་ལྗང་པའི་མདོ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་དེ་བཞིན་གཤེགས་པ་ཤེས་སོ་ཞེས་གསུངས་པ་བཞིན་ནོ། །འདིའི་དོན་ནི་རྟེན་འབྲེལ་ཤེས་ན་རྟག་ཆད་དང་བྲལ་བ་དབུ་མའི་ཆོས་ཤེས་ལ། དེའི་དོན་ཉམས་སུ་བླངས་པས་སངས་རྒྱས་འཐོབ་ཅེས་པའི་དོན་ཏོ། །མཐོང་ལམ་དུ་རྟོགས་པར་བྱ་བའི་ཆོས་བསྟན་ནས། སྒོམ་ལམ་དུ་བསྒོམ་པར་བྱ་བའི་ཆོས་བསྟན་པ་ནི། རྩ་བར་སྡེབ་སྦྱོར་གྱི་དབང་གིས་གོ་རིམ་འཆོལ་བར་བསྟན་ཀྱང་རིམ་པ་བཞིན་དུ་བཤད་ན། སྔར་མཐོང་ལམ་དུ་རྟོགས་པའི་དོན་ཡོངས་སུ་དཔྱོད་པར་བྱེད་པའི་ཤེས་རབ་ཡང་དག་པའི་ལྟ་བ་དང༌། རང་གི་རྟོགས་པ་བཞིན་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བར་བྱེད་པ་ཡང་དག་པའི་རྟོག་པ་དང༌། རྟོག་པ་དེས་ཀུན་ནས་བསླང་ན་དོན་ཇི་ལྟ་བ་བཞིན་སྟོན་པའི་ངག་གི་རྣམ་པར་རིག་བྱེད་ཡང་དག་པའི་ངག་དང༌། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་སྤོང་བ་ལུས་ངག་གི་རིག་བྱེད་ཡང་དག་པའི་ལས་ཀྱི་མཐའ་དང༌། ཆོས་དང་མཐུན་པའི་ཟས་གོས་སོགས་ཀྱིས་འཚོ་བ་ཡང་དག་པའི་འཚོ་བ་དང༌། ལམ་སྒོམ་པ་ལ་བརྩོན་པ་ཡང་དག་པའི་རྩོལ་བ་དང༌། ལམ་གྱི་དམིགས་པ་མི་བརྗེད་པ་ཡང་དག་པའི་དྲན་པ་དང༌། དམིགས་པ་དེ་ལ་སེམས་རྩེ་གཅིག་ཏུ་གནས་པ་ཡང་དག་པའི་ཏིང་ངེ་འཛིན་ཏེ་བརྒྱད་པོ་འདི་དག་ནི་སྒོམ་ལམ་གྱི་གནས་སྐབས་ན་འཕགས་པའི་ལམ་གྱི་ཆ་ཤས་དང་འཁོར་དུ་གྱུར་པའི་ཕྱིར་འཕགས་ལམ་གྱི་ཡན་ལག་ཅེས་བྱའོ། །བརྒྱད་པོ་འདི་ནི་ཞི་བ་མྱང་འདས་ཐོབ་པར་བགྱི་བའི་སླད་དུ་བསྒོམ་པར་བགྱིའོ། །ལམ་འདི་དག་གིས་གང་ལ་དམིགས་ཏེ་སྒོམ་ཞེ་ན། ལམ་གྱི་དམིགས་པ་འཕགས་པའི་བདེན་པ་བཞི་བསྟན་པ་ནི། སྐྱེ་བའི་རང་བཞིན་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་ནི་སྡུག་བསྔལ་ཡིན་ཏེ། མདོ་ལས། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཞེས་པ་ལྟར་རོ། །ཟག་བཅས་ཀྱི་ཕུང་པོ་ལ་ཆགས་པའི་སྲེད་པ་ཞེས་བགྱི་བ་འདི་ནི་སྡུག་བསྔལ་དེའི་རྒྱུ་ཀུན་འབྱུང་སྟེ། མདོ་ལས། ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། སྲེད་པ་ཡང་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ཏེ་ཞེས་པ་ལྟར་རོ། །འདི་ནི་སྲིད་པར་སྐྱེ་བ་ཀུན་གྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རྒྱ་ཆེན་ཏེ་ཞེས་གསུངས་སོ། །སྡུག་བསྔལ་འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ་ཐོབ་པར་བགྱིད་པའི་ལམ་ནི་བཤད་མ་ཐག་པའི་འཕགས་ལམ་ཡན་ལག་བརྒྱད་པོ་དེ་དག་ལགས་སོ། །བདེན་པ་མཐོང་བའི་སླད་དུ་གདམས་པ་མཛད་པ་ནི། བཤད་མ་ཐག་པ་དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་གི་དེ་ཁོ་ན་ཉིད་མཐོང་བར་བགྱི་བའི་སླད་དུ་རྟག་ཏུ་ལམ་སྒོམ་པ་ལ་བརྩོན་པར་བགྱིའོ། །བདེན་པ་མཐོང་བ་སྐྱེས་བུའི་རྩོལ་བ་ལ་རག་ལས་པས་ཞུམ་པར་མི་བྱ་བར་བསྟན་པ་ནི་ཁྱིམ་པ་རྒྱལ་སྲིད་ལ་གནས་པ་རྣམས་ཀྱིས་ཇི་ལྟར་བདེན་པ་མཐོང་བར་ནུས་ཤེ་ན། གང་གི་པང་ན་རྒྱལ་སྲིད་ཀྱི་དཔལ་གནས་པའམ། ལོངས་སྤྱོད་ཕུན་སུམ་ཚོགས་པའི་དཔལ་གནས་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པའི་ཁྱིམ་པ་རྣམས་ཀྱིས་ཀྱང་ཡང་དག་པའི་ཤེས་པས་བདེན་པ་མཐོང་སྟེ་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བ་ཉིད་ཀྱིས་ན་རྒྱལ་པོ་ཁྱེད་ཀྱང་དེ་ལྟར་མཛོད་ཅིག་ཅེས་པའོ། །འཕགས་པའི་ལམ་སྐྱེས་བུའི་རྩལ་གྱིས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བཤད་པ་ནི། གང་ཟག་གང་དག་བདེན་བཞིའི་ཆོས་མངོན་སུམ་དུ་རྟོགས་པར་བགྱིས་པའི་འཕགས་པ་ཇི་སྙེད་ཅིག་བྱོན་པ་དེ་དག་ཀྱང༌། ཐོག་མ་ཉིད་ནས་འཕགས་པར་གྱུར་ཟིན་པའི་ཚུལ་གྱིས་གནམ་ནས་བབས་པའམ། ལོ་ཐོག་བཞིན་ས་རུམ་ནས་འཐོན་ཏེ་འོངས་པ་མ་ལགས་ཀྱི་དེ་དག་ཀྱང་སྔོན་ཉོན་མོངས་པ་ལ་རག་ལས་པ་སྟེ། ཉོན་མོངས་པའི་དབང་དུ་གྱུར་པའི་སོ་སོ་སྐྱེ་བོར་བས་པ་ལས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ལམ་བསྒྲུབས་ནས་འཕགས་པར་གྱུར་པ་ཡིན་པས་ཁྱོད་ཀྱིས་ཀྱང་མི་ཞུམ་པར་ལམ་སྒྲུབ་པ་ལ་འབད་པར་བགྱིའོ། །དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ལ་གདམས་པ་ནི། ཕས་ཀྱི་རྒོལ་བས་བག་ཚ་བ་མེད་པས་ན་བསྙེངས་པ་དང་བྲལ་བ་ཞེས་རྒྱལ་པོ་ལ་བོས་ནས་ཧ་ཅང་མང་དུ་གསོལ་ཅི་འཚལ་ཏེ། གནས་སྐབས་དང་མཐར་ཐུག་ཏུ་ཕན་པའི་གདམས་ངག་དོན་པོ་སྟེ་གཅེས་པ་འདི་ལགས་ཏེ། ཁྱོད་ཀྱིས་ཐུགས་མི་དགེ་བ་ལས་བཟློག་སྟེ་དགེ་བ་ལ་བཅུག་པའི་སྒོ་ནས་འདུལ་བར་མཛོད་ཅིག དེ་ཅིའི་ཕྱིར་ཞེ་ན། སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །ཇི་སྐད་དུ། སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་སོ། །ཇི་སྐད་བཤད་པ་ཐམས་ཅད་བསྒྲུབས་ན་ལེགས་པར་མ་ཟད་ཀྱི་ཆ་ཤས་ཙམ་བསྒྲུབས་པས་ཀྱང་དོན་དང་བཅས་པར་བསྟན་པ་ནི། རྒྱལ་པོ་ཁྱོད་ལ་གོང་དུ་དེ་སྐད་གདམས་པ་གང་ལགས་པ་དེ་བས་བར་རམ་རྫོགས་པར་དགེ་སློང་གིས་ཀྱང་བགྱིད་པར་དཀའ་ན། བྱ་བ་མང་པོས་གཡེངས་པའི་ཁྱིམ་པས་སྨོས་ཅི་འཚལ། འོན་ཀྱང་གདམས་པ་འདི་དག་ལས་གང་ཡང་རགས་པ་ཙམ་ཞིག་སྤྱོད་པ་སྟེ་སྒྲུབ་པའི་ངོ་བོ་དེའི་ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་པར་མཛོད་ཅིག་ཅེས་གསུངས་སོ། །བདག་ཉིད་འཚང་རྒྱ་བའི་ཐབས་ཀྱི་རིམ་པ་བསྟན་པ་ནི། སྐྱེ་འཕགས་ཀུན་གྱི་ཟག་བཅས་ཟག་མེད་ཀྱི་དགེ་བ་ཀུན་ལ་རྗེས་སུ་ཡི་རང་བར་བྱ་ཞིང༌། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་ཡང་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བགྱི་བའི་སླད་དུ་འཁོར་གསུམ་ཡོངས་དག་གི་སྒོ་ནས་ཡོངས་སུ་བསྔོས་ནས་དེ་ནས་བསྔོས་པའི་དགེ་བའི་ཕུང་པོ་འདིས་ཁྱོད་འཇིག་རྟེན་གྱི་མགོན་པོ་འཁོར་བ་ཇི་སྲིད་བར་གནས་ནས་སྐུ་ཚེ་དཔག་ཏུ་མེད་པར་མཛོད་ཅེས་མཐར་སྦྱར་རོ། །དགེ་བའི་ཕུང་པོ་འདིས་ལམ་སྒྲུབ་པའི་གནས་སྐབས་སུ་སྐྱེ་བ་དཔག་ཏུ་མེད་པར་མི་དང་ལྷའི་འཇིག་རྟེན་དུ་སྐྱེས་ཏེ། གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་ཀུན་གྱི་རྣལ་འབྱོར་ལ་དབང་མཛད་ནས་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་རྗེས་སུ་མཐུན་པའི་སྤྱོད་པས། འགྲོ་བ་སྡུག་བསྔལ་གྱིས་ཉམ་ཐག་པ་མང་པོ་ཆོས་ཀྱི་རྗེས་སུ་བཟུང་སྟེ་ཚོགས་ཡོངས་སུ་རྫོགས་པར་བྱ་ཞིང་གཞན་དོན་དུ་ཡང་དང་ཡང་དུ་འཁྲུངས་ནས་གཞན་གྱི་ན་བ་དང་རྒ་བ་དང་འདོད་ཆགས་དང་ཞེ་སྡང་རྣམས་བསལ་བར་མཛད་ནས་སོ། །གང་དུ་ཞེ་ན། རང་གི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པའི་སངས་རྒྱས་ཀྱི་ཞིང་དུའོ། །གང་དང་འདྲ་བར་ཞེ་ན། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དང་འདྲ་བར་རོ། །སངས་རྒྱས་ནས་སེམས་ཅན་གྱི་དོན་བྱའོ་ཞེས་བསྟན་པ་ནི། ཐོག་མར་རྒྱལ་བའི་དབང་པོ་ཉིད་ཀྱི་གོ་འཕང་བརྙེས་པར་མཛད་ནས་གཞན་དོན་བྱའོ། །རྒྱུ་གང་ལ་བརྟེན་ནས་ནི་རྒྱུ་ནི་གནས་ལུགས་རྟོགས་པའི་ཤེས་རབ་དང༌། སྐྱོན་དང་བྲལ་བའི་ཚུལ་ཁྲིམས་དང༌། གཏོང་བ་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་དང༌། ཡོན་ཏན་གྱི་དཔལ་གྱིས་མཐོ་བའི་གྲགས་པ་ཆེན་པོ་དང༌། སྒོ་གསུམ་ཉེས་པ་མེད་པས་ན་དྲི་མ་མེད་པའི་ཡོན་ཏན་ལྷའི་ཡུལ་དང་ནམ་མཁའ་དང་ས་སྟེང་མིའི་འཇིག་རྟེན་རྣམས་སུ་རྒྱས་པར་མཛད་པའི་རྒྱུ་ལ་བརྟེན་ནས་འཐོབ་བོ། །མཛད་པར་བྱ་བའི་གཞན་དོན་ནི། ས་ལ་གནས་པའི་མི་དང༌། མཐོ་རིས་འདོད་ལྷ་དྲུག་ནི་ལྷའི་ན་ཆུང་མཆོག་བསྟེན་པའི་བདེ་དགས་རབ་ཏུ་དགའ་ཞིང་བག་མེད་པར་གྱུར་པ་རྣམས་འཁོར་བ་ལས་སྐྱོ་བར་བྱས་ཏེ། ལམ་ལ་བཀོད་ནས་སྡུག་བསྔལ་རབ་ཏུ་ཞི་བའི་མྱང་འདས་ལ་འགོད་པར་མཛད་པ་དང༌། ཉོན་མོངས་པས་ཉོན་མོངས་ཤིང་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ཚོགས་ཀྱི་སྡུག་བསྔལ་གྱི་འཇིགས་པ་སྐྱེ་བ་དང་ཡ་ང་བ་མ་སྤངས་པས་འཆི་བ་རྣམས་ཞི་བར་མཛད་པའི་ཁྱད་ཆོས་ཇི་ལྟ་བུ་སྙམ་ན། ཟག་བཅས་ཀྱི་ཕུང་པོ་འགགས་པས་འཇིག་རྟེན་ལས་འདས་པ་དང༌། བདེན་པའི་དངོས་པོ་མེད་པས་མིང་ཙམ་དང༌། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ལ་འཇིགས་པ་མེད་པས་མི་བསྙེངས་པ་དང༌། ན་ཚོད་འགྱུར་བ་མེད་པས་མི་བགྲེས་པ་དང༌། ཉེས་པ་མེད་པས་ནོངས་པ་མི་མངའ་བའོ། །ཁྱད་པར་དེ་དག་དང་ལྡན་པའི་གོ་འཕང་བརྙེས་པར་མཛོད་ཅེས་གདམས་པ་མདོར་བསྡུས་སོ། །བཤེས་པའི་སྤྲིང་ཡིག་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་ན་དེ་བ་སྟེ་ཐམས་ཅད་མཁྱེན་པའི་ལྷ་ཞེས་པ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཚིག་དོན་ཞིབ་མོར་ཕྱེ་བའི་སྒོ་ནས་བཤད་དོ། །ཟབ་ཅིང་རྒྱ་ཆེ་ཀླུ་ཡི་མཁྱེན་རབ་མཚོ། །ལེགས་བཤད་ཡན་ལག་བརྒྱད་ལྡན་ཆུ་ཀླུང་འབབ། །ཟབ་མོའི་དོན་གྱི་རིན་ཆེན་མཆོག་ཚོགས་ལྡན། །རྣམ་མང་གསུང་རབ་ལེགས་བཤད་འདབ་བརྒྱ་པ། །དགོངས་དོན་གེ་སར་སྙིང་པོ་རྣམ་འབྱེད་པ། །ཀླུ་སྒྲུབ་གསུང་རབ་རབ་གསལ་ཉི་མའི་འོད། །སྐལ་ལྡན་བློ་གྲོས་པདྨོ་རྒྱས་པའི་གཉེན། །བདག་བློ་ནམ་མཁའི་ཁྱོན་དུ་རབ་འཆར་བས། །ལེགས་བཤད་ངག་གི་འོད་ཟེར་རྣམ་འཕྲོ་བའི། །ལེགས་བཤད་རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཐར་ལམ་སྟོན་པའི་སྤྲིན་གྱི་སྒྲ་དབྱངས་ལྡན། །རྣམ་བཤད་ཕུལ་བྱུང་ཚིག་དོན་རབ་གསལ་བ། །ཡོངས་སུ་བསྒྲུབས་པའི་དགེ་ཚོགས་དྲི་མེད་ཀྱིས། །སྲིད་ན་གནས་པའི་སེམས་ཅན་ཇི་སྙེད་ཀུན། །སྲིད་པའི་རྒྱ་མཚོ་ཆེ་ལས་རབ་བརྒལ་ནས། །ཐམས་ཅད་མཁྱེན་པའི་ས་ལ་གནས་གྱུར་ཅིག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིང་ཡིག་གི་རྣམ་བཤད་འདི། སྡེ་སྣོད་འཛིན་པ་དུ་མས་ཡང་ཡང་བསྐུལ་བའི་ངོར། སྨྲ་བའི་སེང་གེ་རོང་སྟོན་ཤེས་བྱ་ཀུན་རིག་གིས་སྦྱར་བ་མངྒ་ལམ།། །།ཛཡནྟུ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply