དཔལ་གསང་བ་འདུས་པའི་རྣམ་བཤད། ཏ༽

སངས་རྒྱས་བྱང་ཆུབ་སྟེ་གོས་དཀར་མོའི་ཆ་ལུགས་ལ་གནས་པར་བསྒྱུར་ནས་རིག་པའི་བརྟུལ་ཞུགས་བྱའོ། །དེ་ལྟར་རིགས་གསུམ་གྱི་དམ་ཚིག་གི་སྡོམ་པའི་བརྟུལ་ཞུགས་ཆེན་པོ་དང་ལྡན་པས་རིགས་ཀྱི་ཕྱག་རྒྱ་དེ་དག་དང་ལྷན་ཅིག་ཏུ་ཐུན་བཞིར་གསང་བའི་མཆོད་པར་རབ་ཏུ་བརྩམ་པར་བྱའོ། །གཉིས་པ་ཁ་ཟས་ཀྱི་ཁྱད་པར་ཕན་ཡོན་དང་བཅས་པ་ནི། རྩ་བ་ཞེས་སོགས་ཚིག་རྐང་པ་གཉིས་ཀྱིས་བསྟན་ནོ། །ཕན་ཡོན་ནི་འདིའི་ཞེས་སོགས་ཤླཽ་ཀ་གཅིག་སྟེ་སྒྲ་ཇི་བཞིན་པའོ། །གསུམ་པ་བསྲུང་བའི་དམ་ཚིག་ཕྱག་རྒྱའི་ཁྱད་པར་དང་བཅས་པ་ནི། རྟག་ཏུ་གཞན་གྱི་ནོར་རྐུ་ཞིང༌། །ཞེས་སོགས་ཀྱི་དོན་ལེའུ་དགུ་པར་དགོངས་པས་བཤད་པ་བཞིན་ཤེས་པར་བྱའོ། །རང་རིགས་དང་མཐུན་པའི་ཕྱག་རྒྱ་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། མི་བསྐྱོད་པ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། དེའི་ཡུམ་ལ་བརྟེན་པ་སྟོན་པ་ནི། གསུང་གི་རྡོ་རྗེ་འོད་དཔག་མེད་དང༌། མཆོག་རྣམ་སྣང་དང༌། ཐུགས་མི་བསྐྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས་མཱ་མ་ཀིར་བྱིན་གྱིས་བརླབ་པ་འདི་ནི། རྣམ་པ་ཀུན་ཏུ་ཕྱག་རྒྱར་བསྟེན་པར་རིགས་སོ། །མཱ་མ་ཀི་ཇི་ལྟ་བུ་ཞེ་ན། འདོད་ཆགས་ཏེ་འོད་དཔག་མེད་དང༌། ལྕགས་ཀྱུ་སྟེ་རྣམ་སྣང་དང༌། ཡོན་ཏན་གྱི་ལུ་གུ་རྒྱུད་མི་བསྐྱོད་པ་གསུམ་ཀའི་རིགས་ཀྱི་ཡུམ་དུ་བསྟེན་པར་འོས་པའོ། །གཉིས་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། ཡི་གེ་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་བསམ་གཏན་ལ་གནས་པའི་རྡོ་རྗེ་ཅན་ཏེ་རྣལ་འབྱོར་པས། རང་གི་ཕྱག་རྒྱ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའམ། ཡང་ན་ཕྱི་རོལ་ལ་ལྟོས་པ་མེད་པར་སེམས་ཀྱིས་བསམས་ནས་སྦྱིན་ནོ། །དེ་ལྟར་བྱས་ན་སངས་རྒྱས་ཀུན་མཁྱེན་ཏེ་སྒྲུབ་པ་པོ་ཡང་མཉེས་པར་འགྱུར་བ་སྟེ་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །སྤྱོད་པ་བྱེད་པའི་ཚེ་སྒྲུབ་པ་པོ་བློ་བརྟན་ཞིང་བརྩོན་འགྲུས་དང་ལྡན་པས། ནགས་ཚལ་ཏེ་དགོན་པ་དག་ཏུ་བསོད་སྙོམས་འཚོལ་ཞིང་རྒྱུ་བའི་ཚེ། ཁ་ཟས་བཟང་པོ་མི་དང་ཐུན་མོང་མ་ཡིན་པ་ལྷའི་ཁ་ཟས་བཤམས་པ་དག་སྟེར་བར་འགྱུར་རོ། །རྒྱུ་གང་གི་ན། མ་བྱིན་ན་རྣལ་འབྱོར་པ་མཐུ་དང་ལྡན་པས་གནོད་པ་བྱས་ཀྱི་དོགས་པས་འཇིགས་ཤིང་སྐྲག་ནས་སོ། །གསུམ་པ་སྤྱོད་པ་ལ་བསླབས་པའི་འབྲས་བུ་ནི། རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་རིགས་ཀྱི་རྣལ་འབྱོར་པས། སྤྱོད་པ་མཐར་ཕྱིན་པ་ན་ཐ་མལ་པའི་ལུས་འཇིག་ཅིང་འདས་ནས་རྡོ་རྗེ་ལྟར་མི་ཕྱེད་ཅིང༌། ཡི་གེ་སྟེ་མི་འགྱུར་བ་རྡོ་རྗེའི་སྐུ་ཐོབ་པར་འགྱུར་རོ། །ཡི་གེའི་སྐད་དོད་ཀྱི་སྒྲ་ཨཀྵ་ར་སྟེ་མི་འཇིག་པ་ལ་འཇུག་གོ །བཞི་པ་ཕྱག་རྒྱའི་ཁྱད་པར་ཕན་ཡོན་དང་བཅས་པ་ནི། ལྷ་མོ་ཞེས་པའི་ཚིག་རྐང་གཉིས་ནི་གོ་སླའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་དང་ལྡན་པའི་སྒྲུབ་པ་པོས། ཡོངས་སུ་བསྟེན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་འདི་ནི་རིགས་གསུམ་གྱི་སྔགས་རྣམས་སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་བའི་དེ་ཁོ་ན་ཉིད་དོན་ཆེན་པོ་ཐོབ་པར་བྱེད་པའི་ཚུལ་ཏེ་ཐབས་སོ། །དོན་ཆེན་པོ་གང་ཞེ་ན། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ཡེ་ཤེས་འབྱུང་ཞིང༌། སངས་རྒྱས་ཀྱི་བྱང་ཆུབ་འོད་གསལ་རབ་ཏུ་འཇུག་པའི་སྒོ་ནས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པའོ། །སོ་སོའི་ཆོ་ག་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་གཞུང་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ཞེས་པ་ནས། བཀའ་བསྩལ་ཏོ། །ཞེས་པའི་བར་རོ། །ལེའུའི་མཚན་དོན་ནི། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་ཚོགས་སོ། །རྡོ་རྗེ་སྟེ་སྒྲུབ་པ་པོ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་བསྐྱེད་པའི་ཐབས་སྟོན་པའི་ལེའུ་སྟེ་བཅུ་དྲུག་པའི་རྣམ་བཤད་དོ།། ༈ །ལེའུ་བཅུ་བདུན་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ལེའུའི་སྟོད་ནས་བརྗོད་བྱའི་གཙོ་བོ་དམ་ཚིག་དང་སྡོམ་པ། བར་ནས་རྒྱུད་ཀྱི་ཆེ་བ་དང༌། རྒྱུད་ལ་ཞུགས་པའི་ཕན་ཡོན། སྨད་ནས་རྒྱུད་ཡོངས་སུ་གཏད་པ་དང༌། ཉེ་བར་བསྡུ་བ་སྟོན་ནོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། བསྟོད་ཅིང་གསོལ་བ་གདབ་པ། སྐབས་ཀྱི་བརྗོད་བྱའི་དོན་བསྟན་པ། ལེའུའི་མཚན་དོན་བཤད་པའོ། །དང་པོ་ལ་གསུམ་སྟེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ། བསྟོད་པ་ཕན་ཡོན་དང་བཅས་པ་བསྟན་པ་དང༌། བསྟོད་པས་ཆོས་འཆད་པ་ལ་མངོན་པར་ཕྱོགས་པའོ། །དང་པོ་ནི། ལེའུ་བཅུ་དྲུག་པ་རྫོགས་པའི་རྗེས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་པ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། བསྟོད་པ་དངོས་དང༌། ཕན་ཡོན་ནོ། །དང་པོ་མི་བསྐྱོད་པ་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་སྦྱར་རོ། །གང་ལ་ན། ཉོན་མོངས་པ་ཐམས་ཅད་ཀྱིས་མི་གཡོ་བས་ན་མི་བསྐྱོད་པ་སྟེ། ཐུགས་རྡོ་རྗེ་ལའོ། །གང་གི་སྒོ་ནས་ན། བཅོམ་ལྡན་འདས་ཁྱོད་ཀྱིས་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་གསུང་ཤིག ཅེས་བསྐུལ་བའི་སྒོ་ནས་སོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། སྟོང་པ་བཞིའི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་དག་འཛིན་པས་ན་དབྱིངས་སོ། །བདེན་གཉིས་ཀྱི་ཚུལ་ཤེས་པས་ན་མཁས་པ་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པའི་ནང་ནས་གཙོ་བོར་གྱུར་པས་ན་རྡོ་རྗེ་གསུམ་མཆོག་གོ །དོན་དམ་པའི་དཀྱིལ་འཁོར་དང༌། སྐུའི་དཀྱིལ་འཁོར་དང༌། ཕྱུང་བའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་པས་ན་དཀྱིལ་འཁོར་གསུམ་མོ། །རྣམ་སྣང་ལ་མེ་ལོང་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ༌། །གང་ལ་ན། འོད་གསལ་རྟོགས་པའི་ཡེ་ཤེས་ཀྱི་མེ་འབར་བས་ན་རྣམ་པར་སྣང་མཛད་དེ་སྐུ་རྡོ་རྗེ་ལའོ། །དེ་ཇི་ལྟ་བུ་ཞེ་ན། འོད་གསལ་གྱིས་དྲི་མ་སྦྱངས་པས་ན་དག་པ་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་དག་ཐིམ་པའི་གཞིར་གྱུར་པ་དྲུག་པའི་ངོ་བོ་ཡིན་པས་ན་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པས་ན་དགའ་བ་ཆེའོ། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་དག་པའི་ཆོས་རྣམས་སྟོན་པར་མཛོད་ཅེས་བསྐུལ་བའི་སྒོ་ནས། ཇི་སྐད་བསྟན་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཁྱོད་ལ་ཞེས་པའོ། །རིན་ཆེན་འབྱུང་ལྡན་ལ་མཉམ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ༌། །གང་ལ་ན། རིན་པོ་ཆེའི་རིགས་ཅན་རྣམས་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོ་སྟེ། དེ་ལའོ། །གང་གི་སྒོ་ནས་ན། བཅོམ་ལྡན་འདས་ཁྱེད་ཀྱིས་སྤྲོས་པའི་མཚན་མས་མ་གོས་པས་ན། གོས་པ་མེད་པའི་གསང་བ་གསུངས་ཤིག་ཅེས་བསྐུལ་བའི་སྒོ་ནས་སོ། །བཅོམ་ལྡན་འདས་དེ་ཇི་ལྟ་བུ་ཞེ་ན། མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་རབ་ཏུ་ཟབ་པའོ། །དེ་ཉིད་ཀྱི་ཕྱིར་ན། རྡོ་རྗེ་ནམ་མཁའ་དྲི་མེད་མཁའོ། །གདོད་མ་ནས་དག་པས་ན་རང་བཞིན་དག་པའོ། །འོད་དཔག་མེད་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ༌། །གང་ལ་ན། པདྨའི་རིགས་དང་ལྡན་པ་རྣམས་ཀྱི་བདག་པོར་གྱུར་པས་ན། རྡོ་རྗེ་འོད་དཔག་མེད་རྒྱལ་པོ་ཆེ་སྟེ། འོད་དཔག་མེད་ལའོ། །གང་གི་སྒོ་ནས་ན། བཅོམ་ལྡན་འདས་ཁྱོད་ཀྱིས་རྡོ་རྗེ་སྟེ་འདོད་ཆགས་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་འོད་གསལ་གསུངས་ཤིག་ཅེས་བསྐུལ་བའི་སྒོ་ནས་སོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་མི་རྟོག་པའོ། །དེ་ཉིད་ཀྱི་ཕྱིར་ན། མི་རྟོག་ནམ་མཁའ་རྡོ་རྗེ་ཅན་ནོ། །འདོད་ཆགས་ནི་མངོན་པར་ཞེན་པའི་མཚན་ཉིད་ཅན་ནོ། །ཕ་རོལ་ནི་དེ་ཡོངས་སུ་འདས་པའི་མཐའ་སྟེ། དེར་ཕྱིན་པའི་བློ་བརྙེས་པའོ། །དོན་ཡོད་གྲུབ་པ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ༌། །གང་ལ་ན། རྡོ་རྗེ་སེམས་དཔའ་ཁྱོད་ལའོ། །དེ་ཇི་ལྟ་བུ་ཞེ་ན། རྒྱུན་མི་ཆད་པའི་ཡེ་ཤེས། རྩོལ་བས་ན་དོན་ཡོད་རྡོ་རྗེ་སྟེ། དོན་ཡོད་གྲུབ་པའི་ཡེ་ཤེས་རྣམས་སོ། །རྫོགས་སངས་རྒྱས་ཏེ་དེ་རྣམས་ཀྱིས་གུས་པས་འདུད་པའི་ཡུལ་དུ་བྱས་པའོ། །ཕྲིན་ལས་བཞི་ཡིས་སྒྲུབ་པ་པོའི་འདོད་པ་རྫོགས་པར་མཛད་པས་ན། བསམ་པ་ཐམས་ཅད་རྫོགས་པར་མཛད་པའོ། །དག་པ་ངོ་བོ་ཉིད་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བའོ། །གཉིས་པ་ཕན་ཡོན་ནི། དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་བསྐུལ་བ་སྟེ་གསུངས་པའི་བསྟོད་ཚིག་ཡོངས་སུ་དག་ཅིང་ཞི་བའི་དོན་སྟོན་པ་བཤད་མ་ཐག་པ་འདི་རྣམས་ཀྱིས་རྡོ་རྗེ་ལོངས་སྤྱོད་དེ་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་ན་ནི། བརྗོད་པར་བྱེད་པ་སངས་རྒྱས་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །གསུམ་པ་བསྟོད་པས་ཆོས་འཆད་པ་ལ་མངོན་པར་ཕྱོགས་པ་ནི། དེ་ལྟར་བསྟོད་པ་དེ་ནས་བཀའ་བསྩལ་ཏོ། །སུ་ཞིག་གིས་ན། སྟོན་པ་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཀུན་ཏེ་ཕུང་པོ་ལྔའི་རང་བཞིན་ཅན་གྱི་སེམས་ཅན་རྣམས་རྗེས་སུ་བརྩེ་བར་མཛད་པས་སོ། །གང་ཞིག་ན། རྡོ་རྗེ་གསང་བ་སྟེ། དམ་ཚིག་བཞིའོ། །དེ་དག་གི་གནས་ཏེ་གཞི་ཡོངས་སུ་དག་པའི་དོན་སྟོན་པ་རྡོ་རྗེའི་གསུང་འོག་ནས་འབྱུང་བ་འདི་ནིའོ། །ཨེ་མ་ཧོ་ནི་ངོ་མཚར་བའོ། །གང་ཞིག་ན། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཡི་གེ་ཆེན་པོ་སྟེ། ཆོས་ཀྱི་རྒྱུན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་ཅིང་དག་པའི་ཕྱིར་ནམ་མཁའི་དབྱིངས་བཞིན་ནོ། །གཉིས་པ་སྐབས་ཀྱི་བརྗོད་བྱའི་དོན་བསྟན་པ་ལ་ལྔ་སྟེ། བརྗོད་བྱའི་གཙོ་བོ་སོ་སོར་ཕྱེ་སྟེ་བསྟན་པ། རྗོད་བྱེད་གསང་བ་འདུས་པའི་རྒྱུད་ཀྱི་ཆེ་བ། ཐོས་བསམ་གྱི་འབྲས་བུའི་གནས་སྐབས་བསྟན་པ། གསང་བ་འདུས་པའི་རྒྱུད་ཡོངས་སུ་གཏད་པའི་ཚུལ། བསྟན་པའི་རྒྱུད་ཉེ་བར་བསྡུ་བའོ། །དང་པོ་ལ་ལྔ་སྟེ། ལམ་གྱི་སྲོག་འཛིན་དམ་ཚིག་བཤད་པ། ལས་ཚོགས་རྣམ་པར་དག་པའི་སྦྱོར་བ། རྣལ་འབྱོར་གྱི་ཀུན་ཏུ་སྤྱོད་པ་བསྟན་པ། སློབ་དཔོན་ཇི་ལྟར་བསྙེན་བཀུར་བའི་ཚུལ། ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་ལས་ཚོགས་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། འཇིག་རྟེན་ལས་འདས་པའི་དམ་ཚིག་དང༌། འཇིག་རྟེན་པའི་དམ་ཚིག་བསྟན་པ་དང༌། རྫོགས་རིམ་པའི་དམ་ཚིག་གཙོ་བོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་དམ་ཚིག རང་སངས་རྒྱས་ཀྱི་དམ་ཚིག ཉན་ཐོས་ཀྱི་དམ་ཚིག་གོ །དང་པོ་ལ་གསུམ་སྟེ། གསུམ་པོ་སོ་སོར་བཤད་པ་དང༌། བསྲུང་བར་གདམས་པ་དང༌། བསྲུངས་པའི་ཕན་ཡོན་ནོ། །དང་པོ་ལ་སྐུའི་དམ་ཚིག་ནི། དེ་ནས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ཐམས་ཅད་ཀྱི་ནང་ནས་སྐུ་རྡོ་རྗེའི་བསྲུང་བ་དང༌། བཟའ་བའི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སངས་རྒྱས་རྣམ་པར་སྣང་མཛད་ནི། ཡེ་ཤེས་ཟད་མི་ཤེས་པའི་འབྱུང་གནས་ཡིན་པས་ན་ཡེ་ཤེས་རྒྱ་མཚོ་འོད་དེ། དེའི་རིགས་ཅན་གྱི་རྣལ་འབྱོར་པ་ཉིད་ཀྱིས་བསྲུང་བྱའི་དམ་ཚིག་ནི། སྲོག་གཅོད་པ་སོགས་བཞི་ལེའུ་ལྔ་པར་དགོངས་ཏེ་བཤད་པ་བཞིན་ནོ། །ལོངས་སྤྱོད་པའི་དམ་ཚིག་ནི། ཤ་ཆེན་གྱིས་གཙོ་བོར་བྱས་པའི་བདུད་རྩི་ལྔ་རྟག་ཏུ་བཟའ་བར་བྱ། ཞེས་པའོ། །བསྲུང་བ་དང་བཟའ་བའི་དམ་ཚིག་འདི་ནི་སྐུའི་དམ་ཚིག་མཆོག་ཡིན་ནོ། །གསུང་གི་དམ་ཚིག་ནི། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ནང་ནས་གསུང་རྡོ་རྗེའི་བསྲུང་བ་དང་བཟའ་བའི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གསུང་གི་རྡོ་རྗེ་ནི་འོད་དཔག་མེད་དོ། །ཡི་གེ་ཆེ་ཞེས་པ་ནི། དེའི་རིགས་ཅན་གྱི་རྣལ་འབྱོར་པས་ཏེ་འགྱུར་བ་མེད་པའི་ཆོས་ཉིད་རྟོགས་པས་སོ། །དེས་བསྲུང་བར་བྱ་བའི་དམ་ཚིག་བཞི་ནི་སྔ་མ་བཞིན་ནོ། །བཟའ་བའི་དམ་ཚིག་ནི། བཤང་གཅི་གཙོ་བོར་བྱས་པའི་བདུད་རྩི་ལྔ་རྟག་ཏུ་བཟའ་བར་བྱ་བ་ཉིད་དོ། །གཉིས་པོ་འདི་ནི་གསང་བའི་དམ་ཚིག་རྨད་དུ་བྱུང་བའོ། །ཐུགས་ཀྱི་དམ་ཚིག་ནི། དེ་ནས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་ནང་ནས་ཐུགས་རྡོ་རྗེའི་བཟའ་བ་དང་བསྲུང་བའི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །རྫུ་འཕྲུལ་ཆེས་ཞེས་པ་ནི། དེའི་རིགས་ཅན་གྱི་རྣལ་འབྱོར་པ་དེས་བསྲུང་བྱའི་དམ་ཚིག་བཞི་ནི་སྔ་མ་བཞིན་ནོ། །བཟའ་བའི་དམ་ཚིག་ནི་ཁྲག་དང་ཁུ་བ་གཙོ་བོ་བྱས་པའི་བདུད་རྩི་ལྔ་པོ་དག་བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའ་ཞེས་པའོ། །གཉིས་པ་བསྲུང་བར་གདམས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཀྱིས་བཟའ་བ་དང་བསྲུང་བའི་དམ་ཚིག་རྨད་དུ་བྱུང་བ་ཆེན་པོ་བཤད་མ་ཐག་པ་འདི་དག་ནི། སངས་རྒྱས་ཀུན་ཏེ་རྣལ་འབྱོར་པ་ཀུན་གྱིས་རྟག་པ་སྟེ་དུས་ཐམས་ཅད་དུ་རྡོ་རྗེ་འཛིན་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བསྲུང་ཞིང་བསྐྱང་བར་བྱའོ། །དམ་ཚིག་འདི་ནི་རིགས་གསུམ་གྱི་རྣལ་འབྱོར་པ་རྣམས་སུ་མ་ཟད། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་གང་ཞིག་གིས་ཀྱང་བཤད་མ་ཐག་པའི་དམ་ཚིག་འདི་བསྲུང་ཞིང་བསྐྱང་བར་བྱའོ། །གསུམ་པ་བསྲུངས་པའི་ཕན་ཡོན་ནི། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ངོ༌། །འོད་ཆེན་པོ་སྟེ་མཐུ་ཆེ་བ་དེའི་སྐུ་གསུང་ཐུགས་སུ་གཏོགས་པའི་སངས་རྒྱས་སུ་དེ་མ་ཐག་ཏུ་འགྱུར་རོ། །གཉིས་པ་རང་སངས་རྒྱས་ཀྱི་དམ་ཚིག་ནི། དེ་ནས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་མོས་པ་རྣམས་ལ་རང་སངས་རྒྱས་ཀྱི་དོན་གྱི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རང་སངས་རྒྱས་དེ་རྣམས་ནི་རྡོ་རྗེའི་སྐུ་ལ་ཆོས་སྟོན་པ་རབ་ཏུ་གནས་ཏེ། སྒྲ་ལ་མ་ལྟོས་པར་ལུས་ཀྱིས་དཀོན་མཆོག་གསུམ་ལ་དད་པ་བྱེད་པའི་ཆོས་སྟོན་པའི་ཕྱིར། ངག་གི་འཇུག་པ་མེད་པར་རྡོ་རྗེའི་སྐུ་ལ་རབ་ཏུ་གནས་ནས། སེམས་ཅན་རྣམས་ཆོས་ལ་འཇུག་པའི་ངང་ཚུལ་ཅན་ཏེ། འདི་ནི་ལུས་ཀྱིས་ཆོས་ལ་འཇུག་པར་བྱེད་པའི་དམ་ཚིག་མཆོག་ཏུ་རྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་ནོ། །གསུམ་པ་ཉན་ཐོས་ཀྱི་དམ་ཚིག་ནི། དེ་ནས་ཕྱག་ན་རྡོ་རྗེས་ཕྱུང་ངོ༌། །གང་ན། གང་ཟག་གི་བདག་མེད་རྟོགས་པས་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་ནི་ཉན་ཐོས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་ལམ་ལ་བསླབ་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ཉན་ཐོས་ལ་ལྷག་པར་མོས་པ་རྣམས་ཀྱི་ཕྱིར་ཕྱུང་ངོ༌། །འདིར་སློབ་དཔོན་ཟླ་བས་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་མ་རྟོགས་པར་བཤད་དོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །བསླབ་པ་དེ་གང་ཞེ་ན། མི་གནས་པའི་ཡེ་ཤེས་ཐོབ་འདོད་སྤངས་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་ལ་འབད་པ་བྱེད་པ་རྣམས་སོ། །འདི་ནི་རང་ཉིད་གཅིག་པུའི་དོན་དུ་མྱང་འདས་ལ་གཞོལ་བ། དམན་པར་མོས་པ་ཐམས་ཅད་ཀྱི་དམ་ཚིག་ཆེ་ཞེས་བྱའོ། །གཉིས་པ་འཇིག་རྟེན་པའི་དམ་ཚིག་ལ་གཉིས་ཏེ། སོ་སོར་བཤད་པ་དང༌། དོན་ཉེ་བར་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཙོ་བོ་གསུམ་གྱི་དམ་ཚིག་བསྟན་པ་དང༌། གནོད་སྦྱིན་མ་སོགས་ལྔའི་དམ་ཚིག་བསྟན་པ་དང༌། དམ་ཚིག་ལ་སྤྱད་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། དམ་ཚིག་གསུམ་པོ་སོ་སོར་བཤད་པ་དང༌། དེ་རིགས་གསུམ་གྱི་དམ་ཚིག་ཏུ་བསྡུ་ཚུལ་ལོ། །དང་པོ་ལ་ཚངས་པའི་དམ་ཚིག་ནི། དེ་ནས་ཚངས་པའི་ས་ལ་མོས་པ་རྣམས་ལ། ཚངས་པའི་དམ་ཚིག་བསྟན་པའི་ཕྱིར། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཚངས་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ཞེས་སོགས་སོ། །ཚངས་པར་གྱུར་པས་གྲོལ་བར་སེམས་པ་ནི་ཐར་པ་མིན་པ་ལ་ཐར་པར་སེམས་པས་གཏི་མུག་སྟེ། དེའི་ལམ་གྱི་ལས་བསྙུང་བར་གནས་པ་དང༌། མེ་ལྔ་བསྟེན་པ་སོགས་འཇིགས་ཤིང་མི་སྡུག་པའི་དཀའ་སྤྱད་ཀྱིས་བདག་ཉིད་ཉོན་མོངས་པར་བྱེད་པ། སངས་རྒྱས་ཏེ་ཚངས་པའི་གནས་ལ་མོས་པ་རྣམས་ལ་བྱང་ཆུབ་སྟེ་ཚངས་པའི་གནས་ཏེ་ཐོབ་པར་བྱེད་པའི་དམ་ཚིག་སྟོན་པ་སྟེ། དེ་ལ་བརྟེན་ནས་བསྟན་པ་ལ་རིམ་གྱིས་བཅུག་པས། མཐར་སྐུའི་རྡོ་རྗེ་ཐོབ་པ་ཉིད་དུ་འགྱུར་རོ། །དབང་ཕྱུག་གི་དམ་ཚིག་ནི་དེ་ནས་ཕྱག་ན་རྡོ་རྗེས། དབང་ཕྱུག་གི་གཟུགས་ཀྱིས་འདུལ་བ་རྣམས་ལ། དྲག་པོའི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ཁམས་གསུམ་སྟེ་ས་འོག་ས་སྟེང་ས་བླ་གསུམ་པོར་གནས་པའི་བུད་མེད་སྣ་ཚོགས་པ་དག་ལྷ་མོ་དབུ་མའི་གཟུགས་སུ་བྱས་ནས་རྡོ་རྗེ་སྟེ་ཤིན་ཏུ་དགུག་པར་དཀའ་བ་ལས་བྱུང་བ་ཀུན་དགའ་བ་དང་མགུ་བ་སོགས་ཐབས་སྣ་ཚོགས་པའི་དངོས་པོས་སྤྱོད་པ་ནི། དབང་ཕྱུག་གི་དམ་ཚིག་མཆོག་ཏུ་རྨད་དུ་བྱུང་བ་འདི་དབང་ཕྱུག་གིས་འདུལ་བ་རྣམས་ལ་བསྟན་ནས། རིམ་གྱིས་བསྟན་པ་ལ་བཅུག་པས། མཐར་གསུང་གི་རྡོ་རྗེ་ཉིད་ཐོབ་པར་འགྱུར་རོ། །ཁྱབ་འཇུག་གི་དམ་ཚིག་ནི། དེ་ནས་ཕྱག་ན་རྡོ་རྗེས་ཁྱབ་འཇུག་ལ་མོས་པ་རྣམས་ལ། ཁྱབ་འཇུག་གི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྣོད་བཅུད་ཀུན་བསམ་གཏན་གྱིས་གསད་པའི་ཚུལ་སྟོན་པ་སྟེ། སེམས་ཅན་སྒོ་ང་ལས་སྐྱེས་པ་ལ་སོགས་ཇི་སྙེད་པ་ཐམས་ཅད་སྐུ་གསུམ་སྟེ་ལུས་ངག་ཡིད་གསུམ་དབྱེར་མེད་ལ་གནས་པ་རྣམས་དང༌། རྡོ་རྗེའི་ནམ་མཁའི་ཁམས་ཏེ་སྣོད་ཀྱི་འཇིག་རྟེན་དང༌། བདག་ཉིད་ཀྱང་བསམ་གཏན་གྱི་རྡོ་རྗེས་གསད་པ་སྟེ་སྟོང་པ་ཉིད་དུ་བཅུག་པར་བྱའོ། །དེ་ལྟར་བསྟན་པས་བསྟན་པ་ལ་རིམ་གྱིས་ཞུགས་ཏེ། མཐར་ཐུགས་རྡོ་རྗེ་ཉིད་ཐོབ་པར་འགྱུར་རོ། །གཉིས་པ་དེ་རིགས་གསུམ་གྱི་དམ་ཚིག་ཏུ་བསྡུ་བའི་ཚུལ་ནི། ཅིའི་ཕྱིར་ཚངས་པ་སོགས་ཕྱི་རོལ་པའི་དམ་ཚིག་སྟོན་ཞེ་ན། ཚངས་པ་སོགས་ཀྱང་སྐུ་རྡོ་རྗེའི་ནང་དུ་འདུས་པས། དེ་དག་གི་དམ་ཚིག་ཀྱང་རིམ་གྱིས་སྐུ་རྡོ་རྗེ་སོགས་འཐོབ་བྱེད་ཡིན་པས། མཐའ་གཅིག་ཏུ་འཁྲུལ་པར་མི་བལྟའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་གསུམ་གྱི་དམ་ཚིག་གི་རྡོ་རྗེ་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །དེ་ལ་ཚངས་པའི་དམ་ཚིག་ལ་སྤྱོད་པ་རྣམས་ནི་སྐུ་རྡོ་རྗེའི་རིགས་སུ་འགྱུར་རོ། །དབང་ཕྱུག་ཆེན་པོའི་དམ་ཚིག་ལ་སྤྱོད་པ་རྣམས་ནི་གསུང་གི་རྡོ་རྗེ་འོད་དཔག་མེད་ཀྱི་རིགས་སོ། །ཁྱབ་འཇུག་ནི་འཇུག་པ་དགུ་ནོན་པར་གྲགས་པས། རྫུ་འཕྲུལ་ཆེན་པོ་དེའི་དམ་ཚིག་ལ་སྤྱོད་པ་ནི་ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན་པ་དེ་ཉིད་ཀྱི་རིགས་སོ། །གཉིས་པ་གནོད་སྦྱིན་མ་སོགས་ལྔའི་དམ་ཚིག་བསྟན་པ་ནི། གནོད་སྦྱིན་མོ་ལ་སོགས་པ་བཀུག་ནས་སྤྱོད་པར་འདོད་ན། དེ་དག་མཉེས་པར་བྱེད་པའི་གཞུང་ནས་བཤད་པ་དེ་དག་གིས་བསྟེན་པར་བྱའོ། །ཞེས་སྟོན་པ་ནི། དེ་ནས་ཕྱག་ན་རྡོ་རྗེས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་འོག་ནས་འབྱུང་བ་འདི་ཕྱུང་ངོ་ཞེས་སོགས་སྦྱར་རོ། །རྟག་ཏུ་ཤ་ཟ་བ་དང༌། ཁྲག་དང་ཆང་འཐུང་བ་སོགས་ཀྱི་གནོད་སྦྱིན་གྱི་བུད་མེད་མཆོག་ལ་འདོད་པས་གཞོལ་བར་འདོད་པ་དག་གིས། རྡོ་རྗེ་ཆེན་པོ་སྟེ་གདུག་པ་ཅན་རྣམས་ལ། ཤ་ལ་སོགས་པ་འདི་རྣམས་སྦྱིན་པ་ཉིད་ཀྱི་དམ་ཚིག་བསྟེན་པར་དཀའ་བས་བསྒྲུབ་བྱ་མཉེས་པར་བྱའོ། །ཀླུའི་བུ་མོའི་དམ་ཚིག་ནི། དེ་ནས་ཕྱག་ན་རྡོ་རྗེས་ཀླུའི་དབང་པོ་ནི་ནོར་རྒྱས་ལ་སོགས་པའོ། །རྒྱལ་མོ་ནི་ཆུང་མ་རྣམས་ཏེ། འདི་དག་ཐམས་ཅད་ཀྱི་དམ་ཚིག་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ཀླུའི་བུ་མོ་རྣམས་གཞན་འབྱེད་པར་བྱེད་པ་ཕྲ་མའི་ཚིག་དང༌། འོ་མ་འཐུང་བ་དང༌། ལྕེ་གཉིས་དང་ལྡན་པས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དང༌། དྲི་དང་མེ་ཏོག་སོགས་ལ་རྟག་ཏུ་འབད་པ་སྟེ་དགའ་བ་ཡིན་པས་དམ་ཚིག་འདི་རྣམས་ལ་སྤྱོད་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །དེ་ལྟར་བྱས་པ་ལས་གཞན་དུ་ན། ངེས་པར་ཉོན་མོངས་པར་འགྱུར་བ་སྟེ་དབང་དུ་མི་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོའི་དམ་ཚིག་ནི། དེ་ནས་ཞེས་སོགས་སྔ་མ་བཞིན་དུ་སྦྱར་ཏེ་རྟོགས་པར་སླའོ། །ལྷ་མ་ཡིན་གྱི་བུ་མོ་རྣམས་ཁྲོ་ཞིང་རྣམ་པར་འཚེ་བ་དང༌། ང་རྒྱལ་གྱི་ཁུར་གྱིས་ནོན་པ་དང༌། སྤོས་དང་མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་ལ་ཀུན་ཏུ་དགའ་བའི་བདག་ཉིད་དུ་སྐྱེས་པ་ནི་དེ་དག་གི་དམ་ཚིག་ཕྱོགས་གཅིག་པའོ། །གདུལ་བར་དཀའ་བ་སྟེ་ཉམས་སུ་བླང་བར་དཀའ་བའི་དམ་ཚིག་རྒྱས་པ་ནི། རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་ས་འོག་གི་རྒྱུད་དུ་གསུངས་སོ། །བུ་སྟོན་གྱིས་ནི་རྡོ་རྗེ་ས་འོག་ཅེས་པའི་དོན་ལོག་པར་བཤད་དོ། །སྲིན་མོའི་དམ་ཚིག་ནི། དེ་ནས་ཞེས་སོགས་ཏེ་རྟོགས་པར་སླའོ། །དེ་དག་གི་དམ་ཚིག་ནི། ཐོད་རུས་ཀྱི་ཕྱེ་མ་དང༌། ཤ་བསྲེགས་པའི་བདུག་པ་དང༌། འབྲུ་མར་ཏེ་མིའི་རྐང་མར་དང༌། གླང་པོ་དང་རྟ་ལ་སོགས་པའི་ཤའི་ཞག་གིས་དེ་དག་རབ་ཏུ་དགའ་བར་འགྱུར་བས། དེའི་དམ་ཚིག་ནི་དེ་དག་གོ །ཤ་ཟ་ལ་སོགས་པ་འབྱུང་པོ་ཀུན་གྱི་དམ་ཚིག་ཀྱང་འདི་ཉིད་དོ། །དག་བྱེད་ནི་བགེགས་ཚོགས་འཇིག་པར་བྱེད་པའོ། །འདི་ནི་རྡོ་རྗེ་སྟེ་སྒྲུབ་པ་པོ་རྣམས་ཀྱིས་སྲིན་མོ་སོགས་དབང་དུ་བྱ་བ་དང༌། བགེགས་འཇིག་པ་སོགས་ཀྱི་དོན་ཆེན་པོ་བྱེད་པ་ཉིད་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་ནི། དེ་ནས་ཞེས་སོགས་ཀྱིས་སྟོན་ཏེ། དཀར་ཤམ་མ་ལ་སོགས་པའི་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་མཉེས་པར་བྱེད་པའི་དམ་ཚིག་སྟེ་ལྷག་མ་སྔ་མ་བཞིན་ནོ། །དམ་ཚིག་ནི་བཤང་བ་དང་གཅི་བ་དང་ཁྲག་ལ་སོགས་པ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཟའ་ཞིང༌། སྦྱར་བའི་ཆང་ལ་སོགས་པ་རྟག་ཏུ་བཏུང་ངོ༌། །རྡོ་རྗེ་མཁའ་འགྲོ་མའི་སྐུ་མདོག་དང་ཕྱག་མཚན་སོགས་བསྐྱེད་པའི་སྦྱོར་བས་གནས་ཏེ། གསད་པར་བྱ་བའི་ཡུལ་གྱི་མཚན་ཉིད་དང་ལྡན་པ་གདུག་པ་ཅན་གསད་པར་བྱའོ། །གང་གིས་ན། ཁྲག་དྲང་བ་སོགས་ཀྱི་སྦྱོར་བ་ཉིད་ཀྱིས་སོ། །འདི་ནི་རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་གོ །གསུམ་པ་དམ་ཚིག་ལ་སྤྱད་པར་གདམས་པ་ནི། ཚངས་པ་ལ་སོགས་པ་འདི་དག་ནི། ངོ་བོ་ཉིད་ཀྱི་སྟེ་ཐོག་མ་མེད་པའི་དུས་ཅན་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་ལྷན་ཅིག་ཏུ་ཀུན་ཏུ་འབྱུང་བ་རྫུ་འཕྲུལ་ཆེ་བ། ཁམས་གསུམ་དག་ཏུ་སེམས་ཅན་ལ་ཕན་འདོགས་པ་དང༌། ཚར་གཅོད་ཅིང་ཆ་ལུགས་སྣ་ཚོགས་པར་རྣམ་པར་སྤྱོད་པའོ། །དེ་བས་ན་དེ་རྣམས་ཀྱི་དམ་ཚིག་མ་ལུས་པ་དངོས་གྲུབ་ཀུན་ཐོབ་པར་བྱེད་པ་དག འདུས་པའི་རྣལ་འབྱོར་པ་གཞན་ལ་ཕན་པར་འདོད་པས་སྤྱད་པར་བྱའོ། །གཉིས་པ་དོན་ཉེ་བར་བསྡུ་བ་ནི། ཚངས་པ་ལ་སོགས་པ་ཁམས་གསུམ་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་རྡོ་རྗེ་འཆང་གི་བཀའི་རྗེས་སུ་འབྲང་བ་ལ་འཇུག་པའི་ཏིང་ངེ་འཛིན་ཏོ། །ཇི་སྐད་དུ། འགྲོ་ལྡིང་བའི་རྒྱུད་ལས། ཕ་རོལ་རྒོལ་བ་གང་ཡང་རུང༌། །རྟགས་ཀྱི་དབྱེ་བས་གནས་པ་རྣམས། །གཞན་འདིར་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་སོ། །དམ་ཚིག་དང་སྡོམ་པ་བསྟན་ཟིན་ཏོ། །གསུམ་པ་རྫོགས་རིམ་པའི་དམ་ཚིག་གཙོ་བོར་བསྟན་པ་ལ་གསུམ་སྟེ། ལས་ལམ་རྣམ་པར་དག་པའི་རིམ་པ། རྣལ་འབྱོར་པས་ཕྱག་བྱ་བའི་ཚུལ། དེ་ཁོ་ན་ཉིད་རྟོགས་པའི་ཐབས་སོ། །དང་པོ་ལས་ལམ་རྣམ་པར་དག་པའི་རིམ་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང༌། གཞུང་ཉེ་བར་བསྡུ་བའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ཞེས་སོགས་ཏེ། ལུས་ཀྱི་དངོས་གྲུབ་ནི་ལུས་ཀྱི་བྱ་བ་གསུམ་པོ་རྣམས་སོ། །དེ་ལས་མི་འདའ་བར་སྤྱད་པ་ནི་དམ་ཚིག་རྡོ་རྗེ་སྟེ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རྫོགས་རིམ་ལ་གནས་པའི་རྣལ་འབྱོར་པས་སྲོག་གཅོད་པ་སོགས་ལུས་ཀྱི་ལས་ལམ་གསུམ་པོ་ཐམས་ཅད་ནི། རྡོ་རྗེ་འོད་གསལ་ཡང་དག་སྟེ་འོད་གསལ་བར་བྱུང་བར་ཤེས་པར་བྱས་ནས་ཆོས་དང་ཆོས་མ་ཡིན་པ་གཉིས་སུ་མི་འཛིན་ཅིང༌། བླང་དོར་མེད་པར་སྟོང་པ་ཉིད་དུ་རྟོགས་ནས་ལུས་ཀྱི་བྱ་བ་སྤྱོད་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཁམས་གསུམ་པའི་སེམས་ཅན་རྣམས་རྣམ་པ་ཀུན་ཏུ་རྟག་ཏུ་སྟེ་མི་འཇིགས་པ་སངས་རྒྱས་ཀྱི་རྡོ་རྗེའི་སྐུ་བྱེད་ཅིང་བསྐྱེད་པར་འགྱུར་རོ། །ངག་གི་ལས་ལམ་རྣམ་པར་དག་པ་ནི། དེ་ནས་ཞེས་སོགས་ཀྱིས་གསུངས་ཏེ། ངག་གི་དངོས་གྲུབ་ནི། ཁམས་གསུམ་དྲི་མེད་ནི་རྡོ་རྗེ་འཆང་ཆེན་པོའོ། །དཀྱིལ་འཁོར་ནི་གནས་ཏེ་འོད་གསལ་ལོ། །དེར་རྫུན་དུ་སྨྲ་བ་སོགས་ངག་གི་ལས་ལམ་བཞི་པོ་མ་ལུས་པ་རྣམ་པར་དག་པར་རྟོགས་ནས་ངག་གི་ལས་ལམ་སྤྱད་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། ངག་གི་གྲུབ་པའི་གནས་ངག་གི་དབང་ཕྱུག་ཡིད་འཕྲོག་པས་ན་ཉམས་དགའ་བ་ཐོབ་པར་འགྱུར་རོ། །འདི་ནི་ངག་གི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། །ཡིད་ཀྱི་ལས་ལམ་རྣམ་པར་དག་པ་ནི། དེ་ནས་ཞེས་སོགས་གསུངས་ཏེ། སེམས་ཀྱི་བྱ་བ་བརྣབ་སེམས་སོགས་གསུམ་རྣམ་པར་དག་པའི་དམ་ཚིག་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའི་མཚན་ཉིད་ཅན་གྱི་ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན། བརྟན་པའི་རྡོ་རྗེ་སྟེ་འོད་གསལ་ལ་བློ་གཞོལ་བའི་རྣལ་འབྱོར་པ་ཡིས་རང་བཞིན་སྟོང་པ་ཉིད་དུ་བརྟག་བཞིན་པས་བསྒོམ་པར་བྱའོ། །གཉིས་པ་གཞུང་ཉེ་བར་བསྡུ་བ་ནི། རྡོ་རྗེ་མི་ཕྱེད་གསུམ་ལྡན་ཏེ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱི་དམ་ཚིག་བཤད་མ་ཐག་པ་འདི་ཡིན་གྱི་གཞན་ནི་མིན་ནོ་ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཞེས་སོགས་སྦྱར་རོ། །གསུམ་པ་རྣལ་འབྱོར་པས་ཇི་ལྟར་ཕྱག་བྱ་བའི་ཚུལ་ལ་གཉིས་ཏེ། བསྐྱེད་རིམ་པས་ཕྱག་བྱ་བའི་ཚུལ་དང༌། རྫོགས་རིམ་པས་ཕྱག་བྱ་བའི་ཚུལ་ལོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེས་ཞེས་སོགས་ཏེ། སྔགས་ཐམས་ཅད་ཀྱི་རྡོ་རྗེ་ནི་སྔགས་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་དམ་ཚིག་འོག་ནས་འབྱུང་བ་ཞེས་སོགས་སོ། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་དང༌། དེ་བཞིན་དུ་ཉན་ཐོས་རྣམས་ལ་གཞན་མ་དད་པ་སོགས་སྤང་བའི་དོན་དུ། ལུས་སམ་ངག་གང་རུང་གིས་ཕྱག་བྱེད་པ་ལ་ཉེས་པ་མེད་ཀྱི། སྐུ་གསུང་ཐུགས་ཀྱི་སྦྱོར་བས་ཏེ་གསུམ་ཀ་གཅིག་ཏུ་གྱུར་པ་ཡིས་ཕྱག་འཚལ་ན་ནི། མངོན་པར་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་ཏེ། ཧེ་རུ་ཀའི་ང་རྒྱལ་ཉམས་ནས་དམན་པའི་འདུ་ཤེས་སྐྱེས་པའི་ཕྱིར་རོ། །གཉིས་པ་རྫོགས་རིམ་པས་ཕྱག་བྱ་བ་ནི། དེ་ནས་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཏེ་སྒོ་གསུམ་གྱི་ཚོགས། དང་པོའི་མགོན་པོ་དང་དབྱེར་མེད་པར་སྒོམ་པའི་བསམ་གཏན་གྱི་དམ་ཚིག་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །དམ་ཚིག་དེ་གང་ཞེ་ན། བསམ་གཏན་བསྒོམ་པར་བྱའོ། །ཞེས་དྲང་ངོ༌། །གང་གིས་ན། སྔགས་བཟློས་པ་སྟེ་རྡོ་རྗེ་བཟླས་པ་ལ་དགའ་བའི་ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པས་སོ། །ཚུལ་ཇི་ལྟར་ན། ཀུན་ཏུ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚོགས་རྡོ་རྗེ་སེམས་དཔའ་སྟེ་དང་པོའི་མགོན་པོ་ཡིས་རྡོ་རྗེ་གསུམ་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུ་ལྟ་བུར་སྦྱོར་བ་སྟེ་དམིགས་པ་ཡིས་སོ། །རྫོགས་རིམ་པས་ཕྱག་བྱ་བའི་ཚུལ་བསྟན་པ་ནི། དེ་ནས་ཞེས་སོགས་ཏེ། སྔགས་རྡོ་རྗེ་ཐམས་ཅད་ནི་ཟུང་འཇུག་གི་རིམ་པ་ལ་གནས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་དང་སྡོམ་པ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །མཆོག་གི་མཆོག་སྟེ་ཁྱད་པར་དུ་འཕགས་སོ། །གང་ལ་ན། རྡོ་རྗེ་གསུམ་སྟེ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་ལ་དགོས་པའི་དབང་གིས་ཕྱག་འཚལ་བ་ནིའོ། །སུ་ཞིག་གིས་འཚལ་ན། རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་སོ། །ཚུལ་ཇི་ལྟར་ཕྱག་འཚལ་ཞེ་ན། རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་རྣམས་གཅིག་ཏུ་བསྡུས་ནས། ཡེ་ཤེས་ཀྱི་སྐུ་སྒྱུ་མ་ལྟ་བུར་དམིགས་པའི་བསམ་གཏན་རྡོ་རྗེས་བསྐུལ་ཞིང་བསླབ་པར་བྱ་བའི་ཚུལ་གྱིས་སོ། །དོན་ནི། རྫོགས་རིམ་པས་གཞན་ལ་ཕྱག་མི་བྱ་ཞིང༌། དགོས་པའི་དབང་གིས་ཕྱག་བྱེད་ན། སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་སྒྱུ་མ་ལྟ་བུའི་སྐུར་དམིགས་ཏེ་ཕྱག་བྱ་ཞེས་པའི་དོན་ནོ། །རྫོགས་པའི་རིམ་པའི་ཕྱག་འདི་ནི་དམ་ཚིག་རྡོ་རྗེ་སྟེ། རྫོགས་པའི་རིམ་པའི་རྣལ་འབྱོར་རྡོ་རྗེ་འཆང་འབྱུང་ཞིང་བསྐྱེད་པའི་སྤྱོད་པ་ཞེས་བྱའོ། །གསུམ་པ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ལུས་རྟས་པའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང༌། རྫོགས་རིམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེས་ཞེས་སོགས་ཏེ། བསྙེན་སྒྲུབ་བཞི་ལ་ཞུགས་པའི་སྡོམ་པ་འདི་ཕྱུང་ངོ༌། །བསྙེན་སྒྲུབ་བཞིའི་དོན་བཤད་ཟིན་ཏོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རྡོ་རྗེ་བཤང་གཅི་སྟེ་ཡུལ་དབང་གཉིས་ཀྱིས་ནམ་མཁའི་དབྱིངས་ཀུན་ཡོངས་སུ་གང་བར་བསམས་ན། དེ་ནས་དུས་གསུམ་རྡོ་རྗེ་སྟེ་སྐུ་གསུམ་དག་པ་སྟེ་ཐིམ་པར་བྱས་ནས། སྐུ་གསུམ་གྱི་ངོ་བོ་ཉིད་དུ་བསྒོམ་མོ། །དམ་ཚིག་འདི་ནི་རབ་ཏུ་བརྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་ནོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྱུང་ངོ༌། །གང་ན། རྡོ་རྗེ་ཐམས་ཅད་ནི་ཐུན་མོང་གི་སྐུ་གསུང་ཐུགས་སྒྱུ་མ་ཡིན་ལ། དེ་མི་སྣང་བ་ནི་འོད་གསལ་དུ་འཇུག་པ་དང༌། དམ་ཚིག་ནི་ཟུང་འཇུག་གི་སྐུར་བཞེངས་པ་སྟེ་གཉིས་པོ་འདིའོ། །འགའ་ཞིག་གིས་དོན་འདི་མ་རྟོགས་པར་སྣང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ཐུན་བཞི་པོ་ནི་སྟོང་པ་བཞིའོ། །བཞི་པོའི་ནང་ནས་འགའ་ཞིག་མཆོག་ཏུ་གྱུར་པ་ནི་ཐམས་ཅད་སྟོང་པ་འོད་གསལ་ལོ། །དེ་ཉིན་རེ་བཞིན་དུ་སྤྱད་ཅིང་བསྒོམས་པས། རྡོ་རྗེ་སྟེ་ཐབས་སྣང་བ་དང༌། མོ་ནི་སྟོང་པ་ཤེས་རབ་སྟེ། བདེན་གཉིས་དབྱེར་མེད་ཟུང་འཇུག་འགྲུབ་ཅེས་པའོ། །སླར་ཡང་རྫས་ཏེ་ཐ་མལ་པའི་ལུས་ཀྱང་རྟག་ཏུ་སྟེ་ཉིན་རེ་བཞིན་དུའོ། །དབྲོག་པ་ནི་ལེན་པའོ། །དེ་ལྟར་འོད་གསལ་དུ་གཞུག་ཅིང་ལྡང་བའི་རིམ་པས་བསླབ་པར་བྱའོ། །ཡང་ན་རྫས་ནི་ཟུང་འཇུག་གི་སྐུ་སྟེ། དབྲོག་པ་ནི་ལེན་པར་ཏེ་སླར་ཡང་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའོ། །རྫོགས་བྱེད་ནི་མཉེས་པར་བྱེད་པ་སྟེ། དེ་ཉིད་དམ་ཚིག་གོ །གཉིས་པ་ལུས་བརྟས་པའི་ཆོ་ག་ལ་གཉིས་ཏེ། ནང་ལ་མཆོག་ཏུ་གཞོལ་བའི་ལུས་རྟས་པའི་སྦྱོར་བ་དང༌། སྔགས་ལ་མཆོག་ཏུ་གཞོལ་བའི་ལུས་རྟས་པའི་སྦྱོར་བའོ། །དང་པོ་ནི། དེ་ནས་ཕྱུང་ངོ༌། །གང་གིས་ན། ཕྱག་ན་རྡོ་རྗེས་སོ། །གང་ན། ནམ་མཁའི་རིག་པ་ནི་དེ་བཞིན་ཉིད་དོ། །དེ་འཛིན་པ་ནི་རྣལ་འབྱོར་པའོ། །དམ་ཚིག་ནི་ལུས་རྟས་པར་བྱེད་པའི་ཆོ་ག་སྟེ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྒྲུབ་པ་པོ་བདག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར། དབུ་རྒྱན་ལ་ནི་བསམ་གཏན་བསམ། །ཞེས་པ་སྟེ། དབུ་རྒྱན་ནི་སྤྱི་བོའོ། །དེའི་བསམ་གཏན་ནི་ཀླད་ཀྱི་བདུད་རྩི་མང་དུ་ཕབ་པས་ལུས་རྟས་པའི་སྦྱོར་བ་བསྒོམ་པའོ། །རྒྱས་པར་ལེའུ་བཅུ་གཉིས་པར་བཤད་ཟིན་ཏོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་གསུམ་ནི་ལུས་ངག་ཡིད་གསུམ་ཕན་ཚུན་འདུས་པ་ཅན་གྱི་སྒྲུབ་པ་པོའི་ལུས་སོ། །དེའི་དམ་ཚིག་ཀུན་ཞེས་པ་ནི། ལུས་དང་ལྷན་ཅིག་སྐྱེས་པའི་རླུང་མཁྲིས་ལ་སོགས་པ་ཀུན་ནོ། །ཁྲོས་པ་ནི་དེ་རྣམས་འཁྲུགས་པའོ། །དེ་དག་འཁྲུགས་པའི་ནད་རྣམས་ཀྱི་རྒྱལ་བ་སྟེ་རྫི་བར་མི་ནུས་སོ། །རྣལ་འབྱོར་མའི་རྒྱུད་དུ། གང་ཞིག་བདུད་རྩིའི་རང་བཞིན་རྒྱུན། །སྤྱི་བོར་རྟག་ཏུ་ངེས་འབབ་པ། །རྣལ་འབྱོར་དབང་པོས་དེ་འཐུངས་ན། །རྒ་དང་འཆི་བ་རྣམ་པར་འཇིག །ཇི་ལྟར་ཨུཏྤལ་སྡོང་བུ་ལས། །མི་ཡིས་ཆུ་ནི་འདྲེན་པར་བྱེད། །དེ་བཞིན་ཉེ་བར་འཐུངས་པ་ཡིས། །རྣལ་འབྱོར་པ་ནི་སྟོབས་ཆེན་འཚོ། །ཞེས་གསུངས་པ་དང༌། རྩ་བའི་རྒྱུད་དེ་ཁོ་ན་ཉིད་བསྡུས་པར་ཡང༌། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང༌། །སྣའི་རྩེ་མོར་བསམ་པར་བྱ། །རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། དེ་ནས་ཞེས་སོགས་ཏེ། ཕྱག་ན་རྡོ་རྗེས་ཕྱུང་ངོ༌། །གང་ན། སྔགས་འཆང་ལས་དང་པོ་པ་རྣམ་སྣང་ལ་སོགས་པའི་ཟློས་པ་པོ་ཐམས་ཅད་ཀྱི་དམ་ཚིག་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ཁ་ཟས་ལ་ལོངས་སྤྱོད་པའི་དུས་སུ་སྐུ་རྡོ་རྗེར་བྱིན་གྱིས་བརླབས་ཤིང༌། ཟས་ལས་གཞན་པའི་ཕྱི་རོལ་གྱི་ཡུལ་རྣམས་ལ་སྤྱོད་པའི་དུས་སུ། རང་ཉིད་རྡོ་རྗེ་འཛིན་པར་བསྒོམ་པར་བྱའོ། །མདོ་ནི་གསུང་རབ་བོ། །འདོན་པ་ནི་ཀློག་པའོ། །ཆོ་གའི་བྱ་བ་ནི། ལྷ་སྤྱན་འདྲེན་པ་དང༌། གཤེགས་སུ་གསོལ་བ་དང༌། ཆོས་འདོན་པ་དང༌། དབྱངས་ལེན་པ་སོགས་ལ། རང་ཉིད་རྡོ་རྗེ་ཆོས་སུ་སྟེ་འོད་དཔག་མེད་དུ་བསྒོམ་པར་བྱའོ། །མདོ་འདོན་པའི་བར་གྱི་སྦྱོར་བ་འདི་དག་ངོ་བོ་ཉིད་ཀྱིས་དག་པ་ཡང་ཡིན་ལ། དེ་སྟོན་ཅིང་རྡོ་རྗེ་འཆང་གི་བདག་ཉིད་ཡིན་པས། བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་ཞེས་བྱའོ། །དེས་དེ་སྐད་ཅེས་བཀའ་བསྩལ་ཏོ་ཞེས་སྦྱར་རོ། །གཉིས་པ་ལས་ཚོགས་རྣམ་པར་དག་པའི་སྦྱོར་བ་ལ་གཉིས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བསྟན་པ་དང༌། དེ་རྟོགས་པའི་ཐབས་ལྷ་བསྐྱེད་པའི་རིམ་པའོ། །དང་པོ་ལ་ལྔ་སྟེ། དྲི་བའི་སྐབས་དབྱེ་བའི་ཕྱིར་སྟོན་པ། འོད་གསལ་ལ་བཞུགས་པ། དྲིས་ལན་གྱིས་འོད་གསལ་གཏན་ལ་དབབ་པ། དོན་དེ་ཉིད་སྟོན་པ་རང་གིས་གསུངས་པ། སངས་རྒྱས་འགྲུབ་པའི་རྒྱུ་ཞུས་ལན་གྱིས་བསྟན་པ། ངོ་མཚར་བའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པའི་དོན་གསལ་བར་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་སོགས་ཏེ། རྡོ་རྗེ་འཛིན་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་མ་རྫོགས་པའི་སེམས་ཅན་རྣམས་སོ། །སྙིང་པོ་རྡོ་རྗེ་ནི་དེ་རྣམས་ཀྱི་སེམས་སོ། །དེ་ཐམས་ཅད་མཉམ་པ་ཉིད་འོད་གསལ་དུ་རོ་གཅིག་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་དྲི་བ་ནི། མི་གསུང་བར་བཞུགས་པའི་རྗེས་དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་པ་ནས། བཞུགས་པ་ལགས་ཞེས་པའི་བར་གྱིས་ནི་ཅང་མི་གསུང་བའི་རྒྱུ་ཞུའོ། །ལན་ནི། དེ་ནས་ཞེས་པ་ནས། བཞུགས་སོ་ཞེས་པའི་བར་ཏེ། རྡོ་རྗེ་འཆང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཆོས་རྣམས་དམིགས་སུ་མེད་པ་འོད་གསལ་བའི་ངོ་བོ་ཉིད་ཡིན་ཞིང༌། མི་འཇིག་པས་མི་འགྱུར་བའི་གནས་སུ་བརྗོད་དོ། །དེ་ནས་ངོ་བོ་དམིགས་སུ་མེད་པས་ངོ་བོ་ཉིད་མེད་པ་དང༌། སྔར་ཇི་ལྟ་བ་བཞིན་ཕྱིས་ཀྱང་གནས་པས་མི་འགྱུར་བ་དང༌། བརྗོད་དུ་མེད་པའི་དོན་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་དཔྱད་ཅིང་ཐུགས་སུ་ཆུད་ནས། བརྗོད་དུ་མེད་པ་ཉིད་གཞན་ལ་བསྟན་པའི་དོན་དུ་ཅང་མི་གསུང་བར་འོད་གསལ་ལ་བཞུགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐམས་ཅད་འོད་གསལ་དུ་བསྟན་པ་དང༌། རྡོ་རྗེའི་ཚིག་ལ་དོགས་པ་བཅད་པའོ། །དང་པོ་ནི་རིགས་ཀྱི་བུ་ཞེས་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་འོད་གསལ་ལ་བཞུགས་ནས། གནས་ལུགས་མ་སེམས་པ་ན་འདི་སྙམ་དུ་གྱུར་ཏེ། ཇི་ལྟར་ཞེ་ན། སྐུ་ཉིད་སྐུའི་ཡི་གེ་སྟེ་དེ་ཉིད་ཆོས་ཅན། མ་སྐྱེས་པ་ཡིན་ཏེ། དུས་གསུམ་གྱི་ངོ་བོས་སྟོང་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་བཞིན། ཁམས་གསུམ་པའི་གསུང་དང་ཐུགས་ཀྱང་ཆོས་ཅན། མ་སྐྱེས་པ་ཡིན་ཏེ། བདེན་པའི་མཚན་ཉིད་མེད་པ་ཡིན་པའི་ཕྱིར། སྒྱུ་མའི་སྐྱེས་བུ་བཞིན། ནམ་མཁའི་རྡོ་རྗེའི་རྟོག་པ་ནི་དེ་བཞིན་ཉིད་དོ། །ཁམས་གསུམ་པ་རྣམས་དེའི་ངོ་བོར་བྱུང་བས་ན་འོད་གསལ་གྱི་ངོ་བོ་ཉིད་དོ། །གལ་ཏེ་ཐམས་ཅད་སྟོང་པ་འོད་གསལ་ཡིན་ན། ལྷའི་འཁོར་ལོ་ཇི་ལྟར་འབྱུང་ཞེ་ན། ལོག་པ་ནི་སྒྱུ་མ་སྟེ། རང་བཞིན་མེད་བཞིན་དུ་སྣང་བའི་ཕྱིར། གཟུང་བ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། སྒྱུ་མའི་དོན་རང་བཞིན་མེད་བཞིན་དུ་སྣང་བའི་མཚན་ཉིད་གཟུང་བའི་ཕྱིར། དེར་མ་ཟད་ཁམས་གསུམ་པོ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུས་ཡོངས་སུ་བཟུང་བ་ཡིན་ནོ། །དེས་ན་ལྷའི་འཁོར་ལོ་ཡང་ཐ་སྙད་དུ་སྒྱུ་མ་ཙམ་དུ་གནས་པས་འབྱུང་བ་མི་འགལ་ལོ། །གཉིས་པ་རྡོ་རྗེའི་ཚིག་ལ་དོགས་པ་དཔྱད་པ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔས་བསྐུལ་བའི་ཚིག་གི་ཐེ་ཚོམ་གཅོད་པ་དང༌། དེ་བཞིན་གཤེགས་པའི་ཚིག་གི་ཐེ་ཚོམ་གཅོད་པའོ། །དང་པོ་ནི། དེ་ནས་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་མ་ཐག་པའི་རྡོ་རྗེའི་ཚིག་གིས་ཟུང་འཇུག་སྟོན་པ། རང་གིས་མི་ཤེས་པ་གཞན་ལ་འདྲི་བའི་ཚུལ་དུ་མཛད་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དག་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཞེས་བོས་ན། ལོག་པར་བཟུང་བ་བཟུང་བ་ཡིན། །ཞེས་གསུངས་པའི་གསུང་རྡོ་རྗེའི་ཚིག་ལ་ལོག་པ་སྟེ། རྫུན་ཀུན་ཏུ་འབྱུང་བའི་རྒྱུ་མི་ཤེས་པ་ཡོད་དོ་སྙམ་པས། སྐྱོན་མི་བརྟག་པའི་དོན་དུ་ཐེ་ཚོམ་བཅད་དུ་གསོལ་ཏོ། །རྡོ་རྗེ་འཆང་གིས་ལོག་པར་སྟོན་པ་མི་སྲིད་པའི་ཕྱིར་དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་འདི་ཆོས་ཅན། འོད་གསལ་མ་རྟོགས་པ་མིན་ཏེ། འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབྱིངས་ཏེ། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་འོད་གསལ་ལ། ལུགས་འབྱུང་གི་སྣང་གསུམ་གྱིས་རིམ་གྱིས་གཤེགས་པ་དང༌། ལུགས་བཟློག་གི་སྣང་བ་གསུམ་གྱིས་སླར་ཡང་ཟུང་འཇུག་ཏུ་བྱོན་པའི་ཚུལ་གྱིས་སྤྱད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེའི་གསུང་ལ་ལོག་པར་མི་བརྟག་ཏུ་གསོལ་ལོ། །འོད་གསལ་ལ་ཞུགས་ནས་ཟུང་འཇུག་ལས་བཞེངས་པ་དེ་དགོས་པ་ཅིའི་སླད་དུ་ཞེ་ན། ཚངས་པ་དང་སྐྱེ་དགུའི་བདག་པོ་ལ་སོགས་པ་བྱང་ཆུབ་སྟེ་རང་གི་རྟོགས་པ་ལ་བདེན་པར་མངོན་པར་ཞེན་པ་ཤེས་བྱའི་སྒྲིབ་པ་ཆེན་པོ་སེམས་པ་སྟེ་རྒྱུད་ལ་ལྡན་པའི་མངོན་པར་ཞེན་པ་ཆེན་པོ་དང༌། འཇིག་རྟེན་པའི་ཡེ་ཤེས་ཐོབ་པ་རྣམས་འདི་སྙམ་དུ་རྟོག་པར་བྱེད་དོ། །ཅི་སྟོན་པ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་འདི་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་པའི་ངོ་བོ་ཉིད་མངོན་པར་མ་མཁྱེན་ནས། གསང་བའི་ཡི་གེ་འོད་གསལ་དང་སྒྱུ་ལུས་འཆད་དམ། ཡང་ན་ཤེས་ནས་འཆད་སྙམ་པའི་ཐེ་ཚོམ་མཆིས་པ་བཟློག་པའི་ཕྱིར་རོ། །རྒྱུ་གང་གིས་རྟོག་པར་བྱེད་ཅེ་ན། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀུན་རྫོབ་དང༌། ངོ་བོ་ཉིད་འོད་གསལ་དོན་དམ་པའི་རྣམ་དབྱེ་མི་ཤེས་པས་སོ། །གཉིས་པ་ནི་དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་བསྩལ་ཏོ། །རེ་ཞིག་ཚངས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱིས་ཟུང་འཇུག་གི་ཡེ་ཤེས་མི་རྟོགས་པ་ལྟ་ཅི་སྨོས། འདིར་བྱང་ཆུབ་སེམས་དཔའི་སྒྲས་ཚངས་པ་སོགས་འཛིན་གྱི་འཇམ་དཔལ་སོགས་མི་འཛིན་ཞེས་པ་ནི་མི་འཐད་དེ། གོང་གི་འཕྲོས་ཀྱང་མ་བརྟགས་ཤིང༌། དེ་བཞིན་གཤེགས་པ་ངེད་ཀྱིས་ཀྱང་མ་རྟོགས་ཞེས་སྨོས་པ་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མི་འཛིན། གལ་ཏེ་འཇམ་དཔལ་ལ་སོགས་པས་ཟུང་འཇུག་རྟོགས་པ་མ་ཡིན་ནམ་ཞེ་ན། འོ་ན་དེ་བཞིན་གཤེགས་པས་ཀྱང་མ་རྟོགས་པར་བཤད་པ་ཅི་ཡིན་བརྗོད་ཅིག ངེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱི་གསང་བ་སྟོན་པའི་ཡི་གེ། རྡོ་རྗེའི་ཚིག་ཇི་སྙེད་གཅིག་རྡོ་རྗེ་འཆང་ཆེན་པོ་ལ་མངོན་སུམ་དུ་རྙེད་པ་ཉིད་ཀྱིས་ཀྱང༌། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཅན་གྱི་རྡོ་རྗེ་འཆང་གི་བྱང་ཆུབ་དོན་དམ་པར་ཐོབ་བྱར་མི་ཤེས་ཤིང་མ་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཆང་ཆེན་པོ་ནི་རང་བཞིན་གྱིས་སྐྱེ་བ་མེད་དེ། ངོ་བོ་ཉིད་མེད་ཅིང་མི་འགྱུར་བའི་འོད་གསལ་རྟོགས་པ་ལས་བྱུང་བའི་རྟེན་འབྱུང་ཡིན་པའི་ཕྱིར་དང༌། ཐོབ་བྱ་ཐོབ་བྱེད་གཉིས་སུ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པས་སོ། །འདིས་དོན་དམ་དུ་ཐོབ་པར་དཀའ་བ་བསྟན་ནས། ཐ་སྙད་དུ་རྙེད་པར་སླ་བར་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ནས། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་གྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་བྱང་ཆུབ་ལ་གནས་པ་སྟེ་ཐོས་བསམ་སྒོམ་གསུམ་གྱི་རིམ་པས་ཞུགས་ནས། སངས་རྒྱས་རྡོ་རྗེ་སྟེ་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡོང་ཡེ་སྟེ་ངེས་པར་སེམས་ཅན་འདི་དག་ནི། སྐུ་གསུམ་རྡོ་རྗེ་འཛིན་པ་དྲུག་པ་རྡོ་རྗེ་འཆང་གི་རྒྱུའི་རང་བཞིན་འོད་གསལ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། རྒྱུ་མཚན་འདི་ཉེ་བར་བཟུང་ནས། སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཐོབ་བཞིན་པ་དང་འདྲ་བར་བསྟན་ནོ། །གསུམ་པ་དོན་དེ་ཉིད་སྟོན་པ་རང་གིས་གསུངས་པ་ནི། དེ་ནས་ཞེས་སོགས་ཏེ། བཀའ་བསྩལ་ཏོ་ཞེས་པའི་བར་ནི་སྒྲ་ཇི་བཞིན་པའོ། །སྣོད་བཅུད་ཀྱི་འཇིག་རྟེན་རྣམས་རང་བཞིན་དག་ཅིང་བདག་མེད་པའི་ངོ་བོ་ཡིན་པས་བདེན་གཉིས་དབྱེར་མེད་ཅིང༌། བྱེ་བྲག་ཏུ་ཆོས་ཀྱི་དབྱིངས་ཏེ་རྡོ་རྗེ་སེམས་དཔའ་ནི། ཡང་དག་པ་འོད་གསལ་ལས་བྱུང་ཞིང་ཐིམ་པས་བདེན་གཉིས་དབྱེར་མེད་ཡིན་ལ། སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའི་གནས་ཀྱང་ཡིན་ནོ། །རྟོག་པ་ཞེས་པ་ནི། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་གཟུགས་ཀྱི་སྐུས་གཞན་དོན་མཛད་པའོ། །རྡོ་རྗེ་སེམས་དཔའ་དེ་ནི་ཀུན་རྫོབ་ཏུ་འཇའ་ཚོན་ལྟར་སྣང་བས་སྨྲ་བྱའོ། །དོན་དམ་པར་སྨྲ་བར་བྱ་བ་ཡང་མ་ཡིན་ཏེ། བརྟགས་ན་མི་རྙེད་པའི་ཕྱིར་རོ། །འགྱུར་ཁ་ཅིག་ལས། སྨྲ་བར་བྱེད་པ་སྨྲ་མ་ཡིན་ཞེས་པ་སྒྲ་དོན་འགལ་ལོ། །བཞི་པ་སངས་རྒྱས་འགྲུབ་པའི་རྒྱུ་ཞུས་ལན་གྱིས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ་གསོལ་ཏོ་ཞེས་པའི་བར་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དངོས་གྲུབ་དང་པོར་གང་ནས་ཡང་དག་པར་འབྱུང༌། བར་དུ་གང་དུ་གནས། མཐར་གང་དུ་ཐིམ་ཞིང་མེད་པར་འགྱུར་བ་ལགས་ཞེས་ཞུས་པ་ན། རྡོ་རྗེ་འཆང་གིས་ལན་བཀའ་བསྩལ་པ་ནི། དངོས་གྲུབ་ཐམས་ཅད་བཅོམ་ལྡན་འདས་ཏེ་སྒྲུབ་པ་པོ་རང་གི་སྐུ་གསུང་ཐུགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཀྱི་རྒྱུན་རྡོ་རྗེ་ལྟར་གནས་པ་འོད་གསལ་དུ་ཞུགས་ནས་གནས་པ་ལས་སྐྱེ་ཞིང་རབ་ཏུ་གནས་སོ། །འཇིག་རྟེན་པའི་དངོས་གྲུབ་དུ་མ་ཟད་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམ་སྨིན་གྱི་ཡོན་ཏན་ཐམས་ཅད་དང་སྟོབས་བཅུ་ལ་སོགས་པ་བྲལ་བའི་ཡོན་ཏན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཁམས་གསུམ་གྱིས་བསྡུས་པ་ཇི་སྙེད་པ་དག་ཀྱང༌། སྐུ་གསུང་ཐུགས་ཀྱི་རྒྱུན་འོད་གསལ་དུ་ཐིམ་པ་ལས་སྐྱེ་ཞིང་གནས་སོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཞུ་བ་གསུངས་པ། བཅོམ་ལྡན་འདས་ཞེས་སོགས་ནས། གང་ན་གནས་ཞེས་པའི་བར་ནི་སྒྲ་ཇི་བཞིན་པའོ། །ལན་ནི། ཡེ་ཤེས་རྡོ་རྗེའི་བདག་པོས་བཀའ་བསྩལ་པ་ཞེས་སོགས་ཏེ། ནམ་མཁའི་ཁམས་ཏེ་ཡང་དག་པའི་མཐའ་ལ་གནས་སོ། །ཡང་དྲི་བ་བརྗོད་པ་ནི། དེ་བཞིན་གཤེགས་པ་ཞེས་སོགས་ཏེ། ནམ་མཁའ་སྟེ་འོད་གསལ་གང་ལ་གནས་ཞེས་དྲིས་པའོ། །ལན་ནི། གང་ལ་ཡང་གནས་པ་མ་ཡིན་ནོ། །ཞེས་གསུངས་པའོ། །ལྔ་པ་ངོ་མཚར་བའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པ་གསལ་བར་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་དེ་དག་རྣམ་པར་དག་པ་འོད་གསལ་བ་ལ་ངོ་མཚར་དུ་གྱུར། ལྡང་བ་ལ་རྨད་དུ་བྱུང་བར་གྱུར་ནས་དབྱངས་འདི་དག་བརྗོད་དོ། །ཨེ་མ་ཧོ་རྡོ་རྗེ། ཞེས་རབ་ཏུ་དང་བས་ལན་གཉིས་བཟླས་པའོ། །ཨེ་མ་ཧོ་སྟེ་ངོ་མཚར་རོ། །གང་ལ་ན། རྡོ་རྗེ་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་ཅིང་བཤད་པ་ལའོ། །རྒྱུ་གང་གིས་ངོ་མཚར་ཞེ་ན། དོན་དམ་པའི་བདེན་པ་གང་དུ། ལུས་དང་ངག་སེམས་མེད་པ་དེ་རུ་སྟེ་དེ་ལ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལྷ་སྐུ་རྣམ་པར་བསྒོམ་ཞིང་བསྐྱེད་པ་ནི་ངོ་མཚར་བའི་རྒྱུའོ། །དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ལྷ་བསྐྱེད་པའི་རིམ་པ་བསྟན་པ་ལ་གསུམ་སྟེ། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ། སྟོན་པའི་གསུང་གིས་མི་བསྐྱོད་པའི་དཀྱིལ་འཁོར་བསྐྱེད་ཚུལ་དང༌། རྣམ་སྣང་ལ་སོགས་པའི་ཏིང་ངེ་འཛིན་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། དེ་ནས་གསུངས་ཞེས་དྲང་ངོ༌། །གང་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་རིག་པའི་སྐྱེས་བུ་སྟེ། སྔགས་ཀྱི་སྐུ་བསྒོམ་པར་བྱ་བར་གསུངས་སོ། །གང་གིས་ན། ཁྱད་པར་གསུམ་ལྡན་གྱི་སྟོན་པ་རྡོ་རྗེ་འཛིན་པ་དག་གིས་སོ། །ཁྱད་པར་གསུམ་གང་ཞེ་ན། སངས་རྒྱས་ཀུན་གྱིས་ཕྱག་བྱས་པའི་ཁྱད་པར་དང༌། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་མཆོག་ནི་ལྷ་ཆེན་པོ་དང༌། ཁྱབ་འཇུག་སོགས་སོ། །དེ་རྣམས་ཀྱི་མཆོག་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་ངོ༌། །རྡོ་རྗེ་གསུམ་མཆོག་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དབང་ཕྱུག་ནི་དེ་རྣམས་ལ་དབང་བསྒྱུར་བའི་ཁྱད་པར་རོ། །དབང་ཕྱུག་གི་ཡོན་ཏན་ནི་བརྒྱད་དེ། ཇི་སྐད་དུ། སྐུ་ཡི་དབང་ཕྱུག་གསུང་དབང་ཕྱུག །དེ་བཞིན་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོའི་དབང་ཕྱུག་དང༌། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་སོ། །གཉིས་པ་ལ་བསྡུས་པའི་དོན་ནི། ཐོག་མར་འོད་གསལ་བསྒོམས་ནས། དེ་ནས་སེམས་ཅན་ཐམས་ཅད་ཟླ་བའི་དཀྱིལ་འཁོར་དུ་བསྒོམས་པའི་སྟེང་དུ། རྡོ་རྗེ་རྩེ་ལྔ་པ་བསྒོམས་ཤིང༌། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སེམས་དཔའ་སུམ་རྩེག་ཅན། འོད་ཟེར་ལྔ་དང་ལྡན་པ་བསམས་ནས། ཏིང་ངེ་འཛིན་སེམས་དཔའ་ལས་དཀྱིལ་འཁོར་སྤྲོས་ཏེ། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱེད་པར་བསམས་པས་མི་བསྐྱོད་པ་འཐོབ་ཅེས་པའོ། །གསུམ་པ་ཚིག་གི་དོན་ནི། སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ་སེམས་ཅན་གྱི་ཚོགས་རྣམས་མཁའ་དབྱིངས་རྡོ་རྗེའི་དབུས་གནས་པ་སྟེ། འོད་གསལ་དུ་ཆུད་པར་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་གྱི་ཚོགས་ཐམས་ཅད་སྐུའི་རྡོ་རྗེའི་རྒྱུར་གྱུར་པ་ཟླ་བའི་གཟུགས་སུ་རབ་བསྒོམས་ནས། དེ་ནས་སྤྱི་བོར་ཏེ་ཟླ་བའི་སྟེང་དུ་རྡོ་རྗེ་རབ་ཏུ་བསྒོམ་མོ། །དེ་ཡོངས་སུ་གྱུར་པ་ལས་སྐུ་གསུམ་གྱི་བདག་ཉིད་ཅན་མི་བསྐྱོད་པ་ཞལ་གསུམ་པ་ཡང་དག་བྱུང་བ་སྟེ་བསྐྱེད་ནས། འོད་ཟེར་རྣམ་པར་འཕྲོ་བ་བསམ་པར་བྱའོ། །རྡོ་རྗེ་འཁོར་ལོ་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་ཚོགས་སོ། །དེའི་གཟུགས་འཛིན་པའི་ལྷའི་ཚོགས་སྤྲོ་བ་རྣམ་པར་བསམས་ན། རྣལ་འབྱོར་པས་མྱུར་དུ་བྱང་ཆུབ་སྟེ་མི་བསྐྱོད་པ་ཐོབ་པར་གསུངས་སོ། །གསུམ་པ་ནི། རྣམ་སྣང་ལ་སོགས་པ་ཐམས་ཅད་རང་རང་གི་རིགས་ཀྱི་བྱེ་བྲག་གིས། རང་རང་གི་མཚན་མ་ཡོངས་སུ་གྱུར་པ་ལས། ལྷའི་གཟུགས་འཛིན་པའི་གསང་བ་འདི་ནི་རྣམ་པར་བསམ། གཞན་དུ་སྟེ། རྣམ་པར་གཞན་དུ་བསྒོམ་པས་ནི། རྣམ་སྣང་ལ་སོགས་པ་དེ་དག་གི་དངོས་གྲུབ་མཆོག་ཐོབ་པའི་རྒྱུར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ་ཞེས་སྦྱར་རོ། །གསུམ་པ་རྣལ་འབྱོར་གྱི་ཀུན་ཏུ་སྤྱོད་པ་བསྟན་པ་ལ་བཞི་སྟེ། ཕྱག་རྒྱ་དང་སྙོམས་པར་འཇུག་པ། ཕྱི་རོལ་གྱི་ལྷ་ལ་ཞེན་པ་དགག་པ། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསལ་བར་བསྟན་པ། རང་ཉིད་ལྷར་བསྐྱེད་ཅིང་ཕྱི་རོལ་ཏུ་ཞེན་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དང༌། ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའོ། །དང་པོ་ནི། བདག་ཉིད་ལྷའི་སྐུར་བསྐྱེད་ནས་དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། མཉེས་པར་བྱེད་པ་སྟེ་དགའ་བའི་བདེ་བ་བསྐྱེད་པར་བྱེད་པར་རྣམ་པར་བསམ། སུ་ཞིག་མཉེས་པར་བྱེད་ན། ཁམས་གསུམ་ནི་རྣལ་འབྱོར་པ་རང་གི་ལུས་སོ། །བྱང་ཆུབ་པ་སྟེ་དེ་ལ་གནས་པའི་རྒྱལ་མོ་ཆེ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཐབས་གང་གིས་ན། རྡོ་རྗེ་སྐུ་སྟེ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཀྱིས་མཚན་པའི་ཆགས་པ་དང༌། ཆགས་བྲལ་དང༌། ཆགས་པ་བར་མ་གསུམ་པོ་རྣམས་རིམ་གྱིས་མྱོང་བ་ཉིད་ཀྱིས་སོ། །ཚུལ་འདི་ལྟ་བུས་ནི། ཁྱུ་མཆོག་སྟེ་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པ་མཉེས་པར་འགྱུར་རོ། །དེས་ཕན་ཡོན་ཅི་འཐོབ་ཅེ་ན། བདེན་པ་མཐོང་བ་གང་ལ་ལ་ཞིག་སྣང་བ་གསུམ་གྱི་རིམ་པས་འོད་གསལ་འདི་སྒོམ་པའི་བྱང་ཆུབ་སེམས་དཔའ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སེམས་པའི་གྲགས་ཆེན་རྣམས། བརྩོན་འགྲུས་དང་ལྡན་པས་འོད་ཆེན་པོས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ནི། ཞག་བདུན་གྱི་ཡུན་གྱི་ཚད་ཀྱིས་ཀྱང་སྐུ་གསུམ་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། དེ་ནས་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཕྱུང་ངོ༌། །གང་ན། སྐུ་གསུང་ཐུགས་རྡོ་རྗེ་འདོད་ཆགས་ཀྱི་མེས་བཞུ་བ་རྣམས། ཐིག་ལེའི་གཟུགས་ཀྱིས་བསྡུས་པ་གང་དུ་གནས་པའི་གསང་བ་ཆོས་འབྱུང༌། རྡོ་རྗེ་དང་མཉམ་པར་སྦྱོར་བའི་ཆོ་ག་གསང་ཆེན་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཀྱི་རྗེས་སུ་འགྲོ་བའམ། དེ་དང་ཆ་མཐུན་པའི་དམ་ཚིག་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ལ་གནས་པ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བདེའི་དོན་རྟོགས་པའི་རྣལ་འབྱོར་པས། ཕྱག་རྒྱ་དང་འདུ་བྱ་བའི་ཆོ་ག་ཇི་ལྟར་གསུངས་པ་བཞིན་སྣང་གསུམ་གྱི་ཡེ་ཤེས་གསུམ་གྱི་ཡེ་ཤེས་ཀྱི་རྒྱུར་བསྒོམས་ན། སྣང་བ་གསུམ་པོ་ཀུན་གྱི་ཡེ་ཤེས་ཀྱི་མཚན་ཉིད་རིམ་གྱིས་རྟོགས་ནས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །གཉིས་པ་ཕྱི་རོལ་གྱི་ལྷ་ལ་ཞེན་པ་དགག་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཡང་བྱུང་ངོ༌། །གང་ན། རྟོག་པའི་རྣལ་འབྱོར་ལ་གནས་པའི་སྒྲུབ་པ་པོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་ཡུལ་མ་ཡིན་པའི་གསང་ཆེན། རྫོགས་རིམ་པའི་རྣལ་འབྱོར་པའི་སྤྱོད་པ་འདིའོ། །གང་ལས་ན་ཉིད་ཀྱི་ཞེས་སོགས་སོ། །གལ་ཏེ་བྱང་ཆུབ་མཆོག་སྟེ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་དོན་དུ་ལྷ་སྒོམ་ན། ལག་པའི་ཕྱག་རྒྱ་སྟེ་རང་ལས་ཐ་དད་པའི་ཕྱི་རོལ་གྱི་ལྷ་ལ་མངོན་པར་ཞེན་པ་རྒྱུད་ལ་མི་བཅིངས་ཏེ། ཇི་སྐད་དུ། རང་ཉིད་རྡོ་རྗེ་སེམས་དཔའ་ནི། །མངོན་སུམ་ཡིན་ན་གཞན་ཅི་འཚོལ། །ཞེས་པ་ལྟར་རོ། །འདོད་པའི་དོན་ཐམས་ཅད་སྒྲུབ་པའི་གསང་བའི་སྔགས་རྫོགས་པའི་རིམ་པ་རྣམས་ལ་གནས་པའི་འདུས་པའི་རྣལ་འབྱོར་པ་ཀུན་གྱི་དམ་ཚིག ལག་པའི་ཕྱག་རྒྱ་མི་འཆིང་ཞེས་པ་འདི་རྒྱལ་བ་རྣམས་ཀྱིས་ཀྱང་འདའ་བར་མི་བྱ་བའོ། །གསུམ་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྟན་པ་ལ། སྐུ་རྡོ་རྗེའི་རིགས་ཀྱི་དམ་ཚིག་ནི། དེ་ནས་ཡང་ཕྱུང་ངོ༌། །གང་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དམ་ཚིག་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྐུ་རྡོ་རྗེའི་རིགས་ཀྱིས་ཉམས་སུ་བླང་བར་བྱ་བའི་དམ་ཚིག་ནི། བཤང་གཅི་དང་འཁྱུད་པ་ལ་སོགས་པས་བསྐྱེད་པའི་ཁུ་བ་དང་ཁྲག་རྣམས་ནི། སྔགས་པས་སྨད་པ་ཉིད་དུ་ཡོངས་མི་བྱ། དེ་བས་ན་བཟའ་བ་ལ་ལོངས་སྤྱོད་པའི་ཆོ་ག་ཡིས་རྟག་ཏུ་བཟའ་འོ། །གསང་བའི་དམ་ཚིག་འདི་རྡོ་རྗེ་གསུམ་འབྱུང་སྟེ་ལུས་ངག་ཡིད་གསུམ་བདེ་བར་གནས་པའི་བཅུད་ལེན་ཡིན་ནོ། །གསུང་རྡོ་རྗེའི་རིགས་ཀྱི་དམ་ཚིག་ནི། དེ་ནས་ཕྱུང་ངོ་ཞེས་པའི་བར་ནི་སྒྲ་ཇི་བཞིན་ནོ། །ཁམས་གསུམ་མཆོག་དང་འབྲིང་དང་ཐ་མའི་བུད་མེད་ཇི་སྙེད་ཡོད་པ་རྣམས་ཀྱི་ལམ། བགྲོད་པར་བྱ་བའི་པདྨ་ནི། ཚིམ་པར་བྱེད་པས་ཉམས་དགའ་བ་ལ་གནས་པ་དེ་དག་གི་རྩ་གསུམ་པོ་ཐམས་ཅད་ཀྱི་སྦུབས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཆོ་ག་བཞིན་དུ་སྤྱད་པའི་ཐབས་ནི་གསུང་གི་རྡོ་རྗེ་སྟེ། རོ་འཛིན་གྱིས། རྩོལ་བས་སྤྱད་ཅིང་མི་སྨད་པར་མྱང་བར་བྱའོ། །ཐུགས་རྡོ་རྗེའི་རིགས་ཀྱི་དམ་ཚིག་ནི། དེ་ནས་ཕྱུང་ངོ་ཞེས་པའི་བར་ནི་སྒྲ་ཇི་བཞིན་དུ་བཤད་དོ། །རྡོ་རྗེ་སྐུ་གསུམ་ལ་གནས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེའི་དམ་ཚིག་ཇི་སྙེད་ཡོད་པ་ཀུན་ནི་པདྨ་ཅན་ལ་སོགས་པའི་བུད་མེད་རྣམས་སོ། །རྡོ་རྗེ་གསུམ་གྱི་དམ་ཚིག་གིས་ཏེ། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་གྱི་བྱ་བ་དག་གིས་དེ་རྣམས་མགུ་ཞིང་དག་པར་བྱ་བའོ། །ཐུགས་རྡོ་རྗེ་མི་སྨད་ཅེས་པའི་དོན་ནི། པདྨ་ཅན་སོགས་དེ་དག་གི་སེམས་སུན་དབྱུང་བར་མི་བྱ་སྟེ། སེམས་ལུས་ཀྱི་རྩ་བ་དང༌། ལུས་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །རྡོ་རྗེ་གསུམ་གྱི་དམ་ཚིག་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ །ཐུན་མོང་མ་ཡིན་པས་ན་ཆེན་པོའོ། །དེ་སྟོན་པར་མཛད་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །བཞི་པ་རང་ཉིད་ལྷར་བསྐྱེད་ཅིང་ཕྱི་རོལ་དུ་ཞེན་པ་སྤང་བ་ནི། དེ་ནས་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཕྱུང་ངོ༌། །གང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པ། ཉན་ཐོས་སོགས་ལ་སྦ་བར་བྱ་བས་ན། གསང་བའི་རྡོ་རྗེ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རིགས་བརྒྱ་མདོར་བསྡུས་ན། རང་གི་ཕུང་པོ་ལྔ་རྣམས་ལ་རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔར་རབ་ཏུ་བསྒྲགས་ཀྱི། དེ་ལས་གཞན་དུ་མི་བཟུང་ངོ༌། །མིག་ལ་སོགས་པའི་རྡོ་རྗེའི་སྐྱེ་མཆེད་ནི། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད་ཡིན་གྱི་དེ་ལས་གཞན་དུ་མེད་དོ། །སྤྱན་མ་སོགས་ཀྱང་རང་གི་ཕུང་པོ་ལ་རྫོགས་པར་བསྟན་པ་ནི། དེ་ནས་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཕྱུང་ངོ༌། །གང་ན། ཁམས་གསུམ་སྟེ་སེམས་ཅན་རབ་འབྲིང་ཐ་མ་གསུམ་གྱི་སྣོད་དུ་གྲགས་པ། འོད་གསལ་ལ་འཇུག་པ་དང་གནས་པའི་རྡོ་རྗེ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །རང་གི་ལུས་ཀྱི་སའི་ཁམས་ནི་སྤྱན་མ་ཞེས་བྱ་བ་ཡིན། ཆུའི་ཁམས་ནི་མཱ་མ་ཀི་དང༌། གོས་དཀར་མོ་མེ་དང༌། སྒྲོས་མ་ཞེས་བྱ་བ་རླུང་དུ་རབ་ཏུ་བསྒྲགས་ཀྱི། རང་གི་ཁམས་བཞི་ལས་ལོགས་སུ་མེད་དོ། །མཁའ་དབྱིངས་རྡོ་རྗེ་ནི་ནམ་མཁའི་ཁམས་ཏེ། སྣོད་བཅུད་ཐམས་ཅད་རྗེས་སུ་འགྲོ་བས་དམ་ཚིག་སྟེ། དེ་ཉིད་རྡོ་རྗེ་འཛིན་པ་ཡིན་ནོ། །མཁའ་དབྱིངས་འོད་གསལ་ལ་འཆད་པ་ནི་ཁམས་ལྔ་འཆད་པའི་སྐབས་ཡིན་པས་ནོར་རོ། །ཕུང་པོ་ལྔའི་ངོ་བོ་ཉིད་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཏེ། ས་ལ་སོགས་པ་ཁམས་ལྔའི་ངོ་བོ་ཉིད་སྤྱན་མ་ལ་སོགས་པ་རྣམས་ཀྱི་དབང་ཕྱུག་རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །བཞི་པ་སློབ་དཔོན་ལ་ཇི་ལྟར་བསྙེན་བསྐུར་བའི་ཚུལ་ལ་གཉིས་ཏེ། ཞུ་བའི་སྐབས་དབྱེ་བའི་ཕྱིར་སྟོན་པ་འོད་གསལ་དུ་བཞུགས་པ། འཁོར་གྱི་དྲིས་ལན་གྱིས་བླ་མ་ལ་གུས་པར་བྱ་བའི་དོན་དངོས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཉིད་ཀྱིས་རྣམ་སྣང་སོགས་རིགས་ལྔ་དང༌། སའི་སྙིང་པོ་སོགས་བྱང་ཆུབ་སེམས་དཔའ་དང༌། སྤྱན་མ་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། ཕུང་པོ་ལྔ་དང་སྐྱེ་མཆེད་དང༌། འབྱུང་བ་བཞི་གོ་རིམ་བཞིན་དུ། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། སྤྱན་མ་སོགས་གཉིས་སུ་མེད་པ་ཉིད་ཀྱི་གནས་ལུང་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྡུས་པ་ཕུང་པོ་ལྔ་ལ་སོགས་པའི་ངོ་བོ་ཉིད། རྣམ་པར་སྣང་མཛད་ལ་སོགས་པ་གནས་པ་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །གཉིས་པ་ལ་གཉིས་ཏེ། ཇི་ལྟར་གུས་པ་བསྐྱེད་པའི་ཚུལ་དང༌། དེ་ཉིད་ལུང་གིས་སྒྲུབ་པ་ནི། དང་པོ་ལ། བླ་མ་ལ་ཇི་ལྟར་བྱ་བ་བྱམས་པས་ཞུས་པ་ནི། དེ་ནས་གསོལ་ཏོ། །ཞེས་པའི་བར་ནི་སྒྲ་ཇི་བཞིན་དུ་བཤད་དོ། །བཅོམ་ལྡན་འདས་ཞེས་བོས་ནས། རྫོགས་པ་དང་མ་རྫོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་སྟེ། དེ་ཁོ་ན་ཉིད་སྟོན་པའི་གཞུང་གི་ཚོགས་གསང་བ་འདུས་པ་དེར། དབང་བསྐུར་བའི་སློབ་དཔོན་དེ་ལ་ཁྱེད་དེ་བཞིན་གཤེགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་གང་གིས་ཇི་ལྟར་བལྟ་བར་བགྱི། ཞེས་ཞུས་པའོ། །དེ་ལ་དབང་བསྐུར་བ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གནང་ཞིང་བདག་པོར་མཛད་པའོ། །སློབ་དཔོན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྟོན་པའོ། །ལན་ནི་དེ་བཞིན་གཤེགས་པ་ཞེས་སོགས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཉིད་དུ་བལྟ་བར་བྱའོ། །འཐད་པ་བཞི་ལས་གཉིས་སུ་མེད་པའི་གཏན་ཚིགས་ནི། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ཏེ་རྡོ་རྗེ་འཆང་དང༌། སློབ་དཔོན་འདི་དག་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །ཇི་ལྟར་ན། མི་བསྐྱོད་པ་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་པས། རྡོ་རྗེ་འཆང་དང་རང་བཞིན་ཐ་མི་དད་པ་བཞིན་དུ། འདི་ཡང་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་པས་སོ། །འགྲེལ་པའི་དགོངས་པ་འདི་ཁོ་ནའོ། །ཡང་ན་རྡོ་རྗེ་འཆང་ཐོབ་བྱེད་དུ་ཞུགས་པས། ཐོབ་བྱའི་འབྲས་བུ་རྡོ་རྗེ་འཆང་དང་རང་བཞིན་ཐ་མི་དད་པའི་ཕྱིར། རྒྱུ་རྡོ་རྗེ་འཆང་དང་འབྲས་བུ་མི་བསྐྱོད་པ་གཉིས་རང་བཞིན་ཐ་མི་དད་པ་བཞིན་ནོ། །གཞན་དག་རྡོ་རྗེ་འཆང་དང༌། མི་བསྐྱོད་པ་གཉིས་སུ་མེད་པ་ལ་འཆད་པ་ལྟར་ན། རྡོ་རྗེ་སློབ་དཔོན་ལ་རྡོ་རྗེ་འཆང་དུ་བལྟ་བའི་སྒྲུབ་བྱེད་དུ་འབྲེལ་བ་མེད་དོ། །ཕན་འདོགས་ཆེ་བའི་སྒོ་ནས་བསྟོད་པ་ནི། རིགས་ཀྱི་བུ་ཞེས་བྱམས་པ་ལ་བོས་ནས། བླ་མ་ལ་བསྙེན་བཀུར་བྱེད་པའི་ཚུལ་ཇི་སྙེད་པ་མདོར་བསྡུས་ཏེ་བསྟན་ན། ཤར་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གང་ཆོས་ཀྱི་སྐུས་མི་གཡོ་བར་བཞུགས་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུས་འོག་མིན་གྱི་གནས་ན་ཆོས་རྒྱུན་མི་ཆད་པ་སྟོན་པས་འཚོ་བ་དང༌། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པས་སྐྱོང་བ་དེ་རྣམས་ཐམས་ཅད་ཀྱང༌། དུས་གསུམ་སྟེ་ཐུན་གསུམ་དུ་བྱོན་ནས། གསང་བ་འདུས་པ་སྟོན་པའི་རྡོ་རྗེ་སློབ་དཔོན་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང༌། ངག་རྡོ་རྗེའི་ཚིག་འདི་སྐད་དུ་ཡང་འབྱིན་ནོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་བྱེད་ཀྱི་ཐབས་ཀྱི་རང་བཞིན་ཡིན་པས་ན་ཕའོ། །ཤེས་རབ་ཀྱི་རང་བཞིན་ཡིན་པས་ན་མའོ། །བྱང་ཆུབ་ཀྱི་ལམ་སྟོན་པས་ན་སྟོན་པའོ། །ཞེས་པའི་བར་དུ་འབྱིན་ཏོ། །ཡོན་ཏན་གྱི་ཞིང་གི་སྒོ་ནས་བསྟོད་པ་ནི། འདི་ལྟ་སྟེ། གཞན་ཡང་རིགས་ཀྱི་བུ་ཞེས་པ་ནས། ཁྱད་པར་དུ་འཕགས་སོ་ཞེས་པའི་བར་ཏེ། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་མཆོད་པའི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཞེས་བོས་ནས། རྡོ་རྗེ་སློབ་དཔོན་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ཚུལ་གྱིས་སྙིང་པོར་གྱུར་པ་ཡེ་ཤེས་བསྐྱེད་པའི་གནས་ཏེ་རྒྱུའི་གནས་ཏེ་རྒྱུའི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་ཕྱིར། ནས་ཞེས་པའི་སྒྲས་ནི་མ་བཤད་པ་རྣམས་བསྡུ་བའོ། །ཞེས་པའི་དོན་ནོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་མཆོད་པའི་གནས་ལ་ཇི་སྐད་བརྗོད་པའི་ཡོན་ཏན་ཡོད་དམ་མེད་སྙམ་པའི་སོམ་ཉི་སྐྱེས་པ་ལ་ཉེས་པ་ཆེན་པོ་ཡོད་པས་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་རག་ལུས་པའི་སྒོ་ནས་བསྟོད་པ་ནི། བྱམས་པ་ཅང་མི་སྨྲ་བས་ལན་མ་ཐོབ་པ་དང༌། ཡང་དོན་དུ་བསྐུལ་བའི་ཕྱིར། དེ་ནས་ཞེས་སོགས་གསུངས་ཏེ། དེ་ནས་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ་པོ་རྣམས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱམས་པ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་བསྩལ་པ་ཞེས་སྦྱར་རོ། །ཏིང་ངེ་འཛིན་གང་ལ་ན། རྡོ་རྗེ་འཛིན་པ་ནི་དཀྱིལ་འཁོར་གྱི་བདག་པོའོ། །དངོས་གྲུབ་ཀྱི་དམ་ཚིག་ནི་སྤྲུལ་པའི་སྐུ་སྟེ། དེ་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལའོ། །བཀའ་སྩལ་བའི་ཚུལ་ནི། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཉོན་ཅིག་ཞེས་སོགས་ནས། བདག་པོ་ཡིན་པའི་ཕྱིར་ཞེས་པའི་བར་ཏེ། དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་རོ་གཅིག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་རྡོ་རྗེ་འཛིན་པར་གྱུར་པ་དེ་རྣམས་ཀྱང་བྱོན་ནས་ཞེས་སོགས་སྦྱར་རོ། །རྡོ་རྗེ་འཛིན་པ་ཆེན་པོ་ཞེས་པའི་དོན་ནི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་འཛིན་པས་རྡོ་རྗེ་འཛིན་པ་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པས་ན། ཡེ་ཤེས་ཀྱི་བདག་པོ་ཞེས་སྙིམ་པའི་མེ་ཏོག་ལས་འབྱུང་ངོ༌། །སྒྲོན་གསལ་ལས་ནི་འདི་གོ་སླའོ། །ཞེས་གསུང་ངོ༌། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ཐོས་ནས། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཞེས་པ་ནས། གསོལ་ཏོ་ཞེས་པའི་བར་ནི་གོ་སླའོ། །བཅོམ་ལྡན་འདས་ཞེས་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྤྲུལ་པའི་སྐུ་གང་ལ་གནས། ཞེས་དྲིས་པའོ། །ལན་ནི། རྡོ་རྗེ་སློབ་དཔོན་ཏེ་མི་བསྐྱོད་པའི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །གསོལ་པ། ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས་ཞེས་དྲིས་སོ། །བཀའ་བསྩལ་པ། གང་ལ་ཡང་མི་གནས་སོ། །མི་གནས་པའི་ཚུལ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐེ་ཚོམ་དང་བྲལ་ནས། སྟོན་པ་པོ་ལ་ངོ་མཚར་དུ་གྱུར། དེའི་རྒྱུ་ལ་རྨད་དུ་གྱུར་ནས་ཅི་སྨྲ་བར་གནས་པར་གྱུར་ཏོ། །ཇི་སྐད་བརྗོད་པའི་གཞུང་འདི་དག་གིས་བླ་མ་ལ་གུས་པར་བྱ་བར་བསྟན་ནོ། །གཉིས་པ་དེ་ཉིད་ལུང་གིས་སྒྲུབ་པ་ནི། དཔལ་སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་པ་དང༌། རིན་ཆེན་རྒྱལ་པོ་ཞེས་བྱ་བའི་ཐེག་ཆེན་ལས། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་མཐོང་ན་ཡང༌། རྡོ་རྗེ་སློབ་དཔོན་རྡོ་རྗེ་བླ་མ་དེ་འདིར་སྟོན་པར་འགྱུར་ཞེས་པ་དང༌། ཡུམ་ལས་ཀྱང༌། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པས་སོ། །ཞེས་གསུངས་སོ། །ལྔ་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་དཀྱིལ་འཁོར་ལས་ཚོགས་དང་བཅས་པ་ལ་གཉིས་ཏེ། དཀྱིལ་འཁོར་བཤད་པ་དང༌། ལས་ཚོགས་བཤད་པའོ། །དང་པོ་ལ་གསུམ་སྟེ། སྟོན་པས་མཉན་པར་གདམས་པ་དང༌། འཁོར་གྱིས་གསོལ་བ་བཏབ་པ་དང༌། དཀྱིལ་འཁོར་སྤྲུལ་པའི་ཚུལ་ལོ། །དང་པོ་ནི། དེ་ནས་མི་བསྐྱོད་པས་གསང་བའི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་གང་དུ་ཐིམ་ཞིང་གནས་པ་འོད་གསལ་གྱི་ཏིང་ངེ་འཛིན་ལས་བཞེངས་ནས། ཞེ་སྡང་རྡོ་རྗེར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་བསྩལ་པ། ཁྱེད་ཅེས་པ་ནས། ཉོན་ཅིག་ཅེས་བོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེ། རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི། བྱང་ཆུབ་ཀྱི་སེམས་འབྱུང་ཞིང་བསྐྱེད་པའི་གནས་རྣམ་པར་མི་འཇིག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་སྟེ། ཡིད་ཀྱི་དཀྱིལ་འཁོར་ཉོན་ཅིག་ཅེས་པའོ། །ལྷག་མ་ནི་སྒྲ་ཇི་བཞིན་ནོ། །གཉིས་པ་ནི་དེ་ནས་ཞེས་པ་ནས། བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ནོ། །གསུམ་པ་དཀྱིལ་འཁོར་སྤྲུལ་པའི་ཚུལ་ལ་གསུམ་སྟེ། དཀྱིལ་འཁོར་དངོས་དང༌། དབང་བསྐུར་བའི་ཚུལ་དང༌། དོན་ཉེ་བར་བསྡུ་བའོ། །དང་པོ་ལ་བསྡུས་པའི་དོན་ནི། འདིར་རྡོ་རྗེ་འཆང་གིས་ཞེ་སྡང་རྡོ་རྗེའི་སྐུའི་དཀྱིལ་འཁོར་གསུངས་པ་ཡིན་ལ། དེ་ལ་ཐོག་མར་སྒྱུ་ལུས་འོད་གསལ་དུ་བཅུག་པ་ལས་བཞེངས་ནས། འབྱུང་བའི་བདག་ཉིད་ལྷ་མོ་བཞི་ཡེ་ཤེས་ཀྱི་སྐུར་བསྒོམ་ཞིང༌། ཁམས་ལྔའི་བདག་ཉིད་ཅན་གྱི་སྤྱང་གཞིའི་ལུས་འདི་ཉིད་ཡེ་ཤེས་ཀྱི་སྐུའི་རྡོ་རྗེ་འཆང་དུ་བསྒོམས་ནས། ཐུགས་ཁ་ནས་མི་བསྐྱོད་པ་ཕྱུང་ཞིང་བཅུག་པས་སླར་ཡང་རྡོ་རྗེར་གྱུར་ཏེ། དེ་ལ་དཀྱིལ་འཁོར་པའི་ལྷ་རྣམས་འགོད་ཚུལ་མི་བསྐྱོད་པའི་ལུས་དཀྱིལ་བཞིན་ནོ། །གཉིས་པ་ཚིག་གི་དོན་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ། སྒྱུ་ལུས་འོད་གསལ་དུ་བཅུག་པར་བསམ་ཞིང༌། དེ་ནས་ཟུང་འཇུག་ཏུ་བཞེངས་ནས། གྲུ་བཞི་ལྷམ་པ་སྟེ་འབྱུང་བ་བཞི་ཡོངས་སུ་དག་པའི་སྐུའི་དཀྱིལ་འཁོར་རོ། །དེ་ཡང་བསྐྱེད་རིམ་གྱི་ཚུལ་མ་ཡིན་གྱི་རབ་ཏུ་མཛེས་པ་སྟེ་ཡེ་ཤེས་ཀྱི་སྐུར་བསྒོམ་མོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ནི་ཕུང་པོ་ལྔ་ཡོངས་སུ་དག་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ལྔའོ། །སྦྱོར་བ་ནི་ཟུང་འཇུག་རྡོ་རྗེ་འཆང་དུ་སྒོམ་པའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་ལ་གནས་པ་ཡིས། རྣལ་འབྱོར་པས་བསམ་པར་བྱ་བས་ན་བསམ་གཏན་ཏེ་མི་བསྐྱོད་པའོ། །དེ་ཉིད་རྡོ་རྗེ་འཆང་དང་དབྱེར་མེད་དུ་སྦྱར་བྱར་གྱུར་པས་ན་རྡོ་རྗེའོ། །རབ་བསྐུལ་བྱ་ཞེས་པ་ནི། རང་ཉིད་རྡོ་རྗེ་འཆང་དུ་བསྒོམས་ནས་ཐུགས་ཁ་ནས་མི་བསྐྱོད་པ་ཕྱུང་ཞིང་གཞུག་པས། ཆུ་དང་འོ་མ་ལྟར་གཅིག་ཏུ་བྱས་ཏེ། སླར་ཡང་ཞེ་སྡང་རྡོ་རྗེར་བཞེངས་པར་བྱ་བའོ། །དེ་ཉིད་ལ་སྐུའི་དཀྱིལ་འཁོར་འགོད་པ་ནི། རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་སྤྲུལ་པའི་སྐུའི་དཀྱིལ་འཁོར་གྱི་རིམ་པས་བསམ་གཏན་གྱིས་ཏེ་ཏིང་ངེ་འཛིན་གྱིས་འཁོར་ལོ་ཅན་ཀུན་ཏེ། ལྷའི་ཚོགས་ཀུན་གདན་དུ་བྱ་བ་སྟེ་ཞེ་སྡང་རྡོ་རྗེའི་ལུས་ལ་འགོད་པའོ། །སྐུའི་དཀྱིལ་འཁོར་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། བཤད་མ་ཐག་པའི་ཆོ་ག་དེ་ཉིད་ཀྱིས། བློ་སྟེ་རིག་མ་དང་ལྡན་པས་ཏེ་ལྷན་ཅིག་པས་སྙོམས་འཇུག་གི་མཆོད་པ་རྟག་ཏུ་བྱ་བ་སྟེ་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། དེ་ལྟར་བྱས་ནས་སློབ་མ་ལ་དབང་བསྐུར་རོ་ཞེས་སྟོན་པ་ལ་བསྡུས་དོན་ནི། སྙིང་ཁར་རྡོ་རྗེ་འཆང་དང་ཆོས་འབྱུང་དུ་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་ཞིང༌། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྷ་རྣམས་ཡི་གེ་གསུམ་གྱི་རང་བཞིན་སྲོག་རྩོལ་ལ་གནས་པ་བྱང་སེམས་ཀྱི་ཁུ་བར་གྱུར་པ་སློབ་མའི་སྤྱི་བོར་དབབ་ཅེས་པའོ། །ཚིག་དོན་ནི། སློབ་དཔོན་ཏེ་རྡོ་རྗེ་འཆང་ཆེན་པོ་སྙིང་ཁའི་པདྨ་དཀར་པོར་ཇི་ལྟ་བ་བཞིན་རབ་ཏུ་བསྒོམས་ནས། སློབ་མ་ལ་ཡིད་ཀྱིས་དབང་བསྐུར་བ་ཡང་དག་པར་སྤྱད་པར་བཤད་དོ། །མཁའ་དབྱིངས་ཏེ་ཆོས་འབྱུང་དུ་སངས་རྒྱས་ཐམས་ཅད་དེ་ཐུགས་ཀྱི་དཀྱིལ་འཁོར་བཞིན་དུ་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གང་བར་རྣམ་པར་བསྒོམས་ནས་དབང་བསྐུར་རོ། །དངོས་པོ་གང་གིས་དབང་བསྐུར་ན། རང་གི་ལུས་ཀྱི་སྐུའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡབ་ཡུམ་སྙོམས་པར་འཇུག་པའི་འདོད་ཆགས་ཆེན་པོའི་མེས་བཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་དབང་བསྐུར་རོ། །ཚུལ་ཇི་ལྟར་ན། དབང་བསྐུར་བའི་གནས་གསུམ་གྱི་ཡི་གེ་གསུམ་གྱི་ངོ་བོ་རླུང་འཇུག་གནས་ལྡང་གསུམ་གྱིས་ཆོ་ག་བཞིན་དུ་སློབ་མའི་མགོ་ལ་དབབ་པར་བྱ་བའི་ཚུལ་གྱིས་སོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། དབང་བསྐུར་བའི་ཆོ་ག་འདི་ཡིས་དབང་བསྐུར་བས། གཞན་དོན་ཕུན་ཚོགས་སེམས་ཅན་ཐམས་ཅད་ལ་ཕན་ཞིང་རྗེས་སུ་འཛིན་པར་བཞེད་པའི་བྱང་ཆུབ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞིང༌། རང་དོན་ཕུན་ཚོགས་མཐོང་བའི་ཆོས་ལ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དངོས་གྲུབ་རྨད་དུ་བྱུང་ཞིང་ངོ་མཚར་ཆེ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གསུམ་པ་དོན་ཉེ་བར་བསྡུ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང༌། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་དུ་རོ་གཅིག་པར་རྟོགས་པའི་སྐྱེ་བོ་དབང་བསྐུར་བའི་དོན་དུ་བསྐྱེད་པར་བྱ་བའི་ཏིང་ངེ་འཛིན་དེ་ནི། དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་བསམ་གཏན་གྱི་དཀྱིལ་འཁོར་རོ། །གཉིས་པ་ལས་ཚོགས་བཤད་པ་ལ་བཞི་སྟེ། གདུག་པ་ཚར་བཅད་པའི་སྦྱོར་བ། ཟས་དང་མཆོད་པའི་བྱེ་བྲག བསྐྱེད་རིམ་པའི་ལུས་བརྟས་པའི་ཆོ་ག དངོས་གྲུབ་སྒྲུབ་པའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། ཁྲག་དྲང་བའི་སྦྱོར་བ་དང༌། མཚོན་ཆ་གདབས་པའི་སྦྱོར་བའོ། །དང་པོ་ནི། དེ་ནས་སླར་ཡང་ཕྱག་ན་རྡོ་རྗེས་ཕྱུང་ངོ༌། །གང་ན། ཕུང་པོ་ལྔ་པོ་ཐམས་ཅད་ས་ཆུ་ལ་ཐིམ་པ་སོགས་ཀྱིས་རིམ་པས། འཆི་བ་འོད་གསལ་ལ་ཐིམ་པ་ནི་དེ་བཞིན་གཤེགས་པ་སྟེ། གདུག་པའི་སེམས་དང་ལྡན་པ་རྣམས་ཚར་གཅོད་པའི་ཐབས་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་དེ་ནི། སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་སྟེ། སྐུ་ལ་སོགས་པ་གསུམ་བསྐྱེད་པའི་ཡི་གེ་གསུམ་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གང་ཞེ་ན། ཧཱུྃ་ཧྲཱིཿཁཾ་ཞེས་པའོ། །གཞན་གྱི་ཁྲག་དྲང་བར་འདོད་ན། སྒྲུབ་པ་པོ་རང་གི་ལུས་ཀྱི་དཀྱིལ་འཁོར་དང་པོར་ཤ་རུས་སོགས་སུ་བལྟ་ནས། དེ་ནས་ནམ་མཁའི་དབྱིངས་ཀྱི་དབུས་གནས་ཏེ་འོད་གསལ་དུ་ཆུད་པར་བསམས་ཏེ། དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཇི་སྐད་བརྗོད་པ་གསུམ་པོ་བསམ་པ་ནི། གསུང་ཡིག་འབྲུ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་རྩེ་གསུམ་ནི་ཐུགས་ཕྱག་མཚན་ནོ། །དེ་ལས་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་མཁའ་འགྲོ་སྟོབས་ཆེ་ཞིང་ཕ་རོལ་གནོན་པ་བསྒོམ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། དྲག་པོ་སྟེ་གཞན་གྱི་ཤ་ཟ་བ་ལ་བརྩོན་པ། མི་སྡུག་ཅིང་ཀུན་ཏུ་ཁྲོས་པ། ཨུཏྤལ་སྔོན་པོའི་ཁ་དོག་དང་འདྲ་བ། ཕྱག་བཞི་པ་གཡས་དང་པོ་ན་རྩེ་གསུམ། གཉིས་པ་ན་རྡོ་རྗེ། གཡོན་གཉིས་པ་ན་རྡོ་རྗེ་རྩེ་གཅིག་པ། དང་པོ་ན་ཐོད་པ་བསྣམས་པ་རྣམ་པར་བསྒོམ། དེ་ལྟར་བསྒོམས་པས་ཕྲིན་ལས་ཅི་ཞིག་བྱ་ཞེ་ན། རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ། རླུང་ལ་སོགས་པ་ཁམས་ལྔའི་ས་བོན་ཡ་ར་ལ་ཝ་ཧའི་ཡི་གེ་ལྔ་ནག་པོ་ལ་སོགས་པའི་འོད་ཟེར་རབ་ཏུ་གསལ་ཞིང་འབར་བར་འགྱུར་བའི་བདག་ཉིད་དུ་བརྟུལ་ཞུགས་ཅན་གྱིས་སྒོམ། བཤད་མ་ཐག་པའི་རིམ་པ་བསྒོམས་པའི་ལྕེ་ནི་བསམ་གཏན་རྡོ་རྗེའོ། །དེའི་སྦྱོར་བ་ནི་ལྕེ་ལ་བཀོད་པའི་ས་བོན་ལྷའི་འོད་ཟེར་རྣམས་བསྒྲུབ་བྱའི་སྙིང་ལ་བཅུག་པ་ཡིས། སྲིན་བུ་པད་པས་ཁྲག་འདྲེན་པ་ལྟར། ཡན་ལག་མ་ལུས་པ་ནས་ཁྲག་དྲངས་པས། སྒྲུབ་བྱ་རུས་པ་དང་ལྤགས་པ་ཙམ་ལས་མ་ལུས་པར་བསམས་ལ། སྒྲུབ་བྱ་ལ་བཅུག་པའི་འོད་ཟེར་བསྡུས་ཏེ་ལུས་ལ་བཅུག་ནས་བདག་ཉིད་ལ་བླུགས་པར་བསམ་པ་ནི་ཁྲག་དྲང་བའི་ཆོ་ག་མཆོག་ཡིན་ནོ། །གཉིས་པ་མཚོན་ཆ་གདབ་པ་ནི་ཇི་སྐད་བརྗོད་པ་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་སྟེ་ཏིང་ངེ་འཛིན་ལ་གནས་པས། ལས་རྒྱལ་མཆོག་གི་དུས་སུ་བསྒྲུབ་བྱ་མདུན་དུ་བསམས་ཏེ། ཕྱག་མཚན་མདུང་རྩེ་གསུམ་པ་དང༌། ཕུར་བུ་དྲག་པོ་མཆོག་སྟེ། དྲག་པོའི་ཕུར་བུ་རྩེ་གཅིག་པ་དག་གིས་བཏབ་པས། དེས་སངས་རྒྱས་ཀྱི་སྐུ་དག་ཀྱང་གཟིར་བར་བྱེད་ན། ཐ་མལ་གྱི་ལུས་ལྟ་སྨོས་ཀྱང་ཅི་དགོས། གཉིས་པ་ལ་གཉིས་ལས། དང་པོ་ཟས་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྱུང་ངོ༌། །གང་ན། སླར་ཡང་སྔར་བཤད་པའི་རྡོ་རྗེ་ཁ་ཟས་ཀྱི་དམ་ཚིག་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །བརྟུལ་ཞུགས་ཅན་ཏེ་རིགས་གསུམ་གྱི་རྣལ་འབྱོར་པ་རྣམས་ཀྱིས་བཟའ་བའམ་བཏུང་བ་གང་ཅུང་ཟད་གཅིག་འབྱོར་བ། གང་བཟའ་བའམ་བཏུང་བ་ན། བཤང་གཅི་ཤ་སྟེ་བདུད་རྩི་ལྔར་ཡོངས་སུ་བརྟག་པ་སྟེ་བསྒོམ་པའི་སྦྱོར་བ་ཡིས། ཆོ་ག་བཞིན་དུ་སྟེ་ཡི་གེ་གསུམ་གྱིས་ཟས་བྱིན་གྱིས་བརླབ་པ་དང༌། སྙིང་ཁ་དང་ལྐོག་མ་སྦྱངས་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་འབུལ་བར་བྱའོ། །གཉིས་པ་མཆོད་པའི་བྱེ་བྲག་ལ་བཞི་སྟེ། ཐུན་མོང་གི་མཆོད་པ་འདོད་ཡོན་ལྔ་སྤྱོད་པ། ཁྱད་པར་གྱི་མཆོད་པ་གཞན་རྗེས་སུ་བཟུང་བ། རྒྱ་ཆེ་བའི་མཆོད་པ་སེམས་ཅན་མ་ལུས་པ་ལ་བྱ་བ། མཆོད་པ་རྣམ་པར་དག་པའི་ཆོ་གའོ། །དང་པོ་ནི། དེ་ནས་རྡོ་རྗེ་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཕྱུང་ངོ༌། །གང་ན། སངས་རྒྱས་མཉམ་སྦྱོར་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད་ཅན། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་མཆོད་པའི་མཆོག་ཉིད་ཀྱི་ཞེས་སོགས་སོ། །བདག་གཞན་ཐམས་ཅད་རིགས་ལྔའི་བདག་ཉིད་ཡིན་པས་དེ་ལ་མཆོད་པ་ནི་གཟུགས་སྒྲ་སོགས་ཉེར་སྤྱོད་ལྔའི་མཆོད་པའི་ནང་ནས་མཆོད་པའི་མཆོག་སྟེ་ཡུལ་ཡིད་དུ་འོང་བ་དག་གིས་རང་གཞན་དེ་དག་ཐམས་ཅད་ཀྱང་མཆོད་པར་བྱའོ། །མཆོད་པར་བྱ་བ་དག་གིས་མཆོད་པའི་ཆོ་ག་འདི་ནི་རྡོ་རྗེ་སྟེ་རྣལ་འབྱོར་པ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བ་སྟེ། འདའ་བར་མི་བྱ་བའི་དམ་ཚིག་གོ །གཉིས་པ་ནི། དེ་ནས་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཕྱུང་ངོ༌། །གང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། བཤད་མ་ཐག་པ་ལྟར་རོ། །འདི་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཆོད་པ་གསང་བ་ཆེན་པོ་འདི་ཉིད་ཀྱི་ཞེས་སོགས་སོ། །སྔགས་པ་ཁྱིམ་པས་རང་གི་བུ་དང་བུ་མོ་སོགས་ཟང་ཟིང་གི་སྦྱིན་པ་དང༌། ཆོས་ལ་གཟུད་པས་གཟུང་བ་སྟོན་པ་ནི། སྒྲུབ་པ་པོ་དང་ཕྱག་རྒྱའི་དབང་པོ་གཉིས་པོ་སྦྱོར་བ་ཡིས། རང་གི་ཁུ་བ་དང༌། ཡུམ་གྱི་ཁྲག་ལ་སོགས་པ་ཡོངས་སུ་གཟུང་བས་བསྒྲུབས་པའི་བུ་ལ་སོགས་པ་བྱུང་ན། ཆོ་ག་བཞིན་དུ་སྟེ་གསོ་བ་དང་བསྲུང་བ་དང་ཆོས་ལ་གཟུད་པ་ལ་སོགས་པས་ཀུན་ཏུ་མཆོད་པ་སྟེ་གཟུང་བར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་པའོ། །གསུམ་པ་ནི། དེ་ནས་བདག་པོ་རྡོ་རྗེ་འཆང་ཆེན་པོས་ཕྱུང་ངོ༌། །གང་ན། ཡང་དེ་བཞིན་གཤེགས་པ་ནི། སྔར་སྟོང་པ་ལས་འོངས་པ་ལྟར་ཕྱིས་ཀྱང་དེ་བཞིན་དུ་འགྲོ་བས་སེམས་ཅན་ཐམས་ཅད་དོ། །འདི་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་སྡོམ་པ་ནི་གཞན་སྡུད་ཅིང་རྗེས་སུ་འཛིན་པ་སྟེ། འདི་ཉིད་ཀྱི་ཞེས་སོགས་སོ། །རྣལ་འབྱོར་པས་མ་སྟེ་སྤྱན་གྱི་ངོ་བོར་གྱུར་པ་ས་གཞི་རྣམས་ལ་བརྟེན་པ་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་ཀྱི་ཡུལ་ལ་སྤྱད་པ་སྟེ་ཕན་གདགས་པར་བྱའོ། །གང་གི་སྒོ་ནས་ན། དམ་ཚིག་གསུམ་གྱི་རྡོ་རྗེ་སྟེ་ལུས་ངག་ཡིད་གསུམ་བྱ་བ་དགེ་བས་སོ། །སེམས་ཅན་ཇི་ལྟ་བུ་ཞེ་ན། དམ་ཚིག་འཛིན་པ་སྟེ། སྐྱེ་གནས་འཇིག་གསུམ་གྱི་གནས་སྐབས་གསུམ་འཛིན་པའོ། །བཤད་མ་ཐག་པའི་སྡོམ་པ་འདི་ནི། གསང་བ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་སེམས་ཅན་རྗེས་སུ་འཛིན་པའི་བྱ་བ་ཡིན་པས་རྨད་དུ་བྱང་བ་ཆེ་སྟེ་ཕུལ་དུ་བྱུང་བའོ། །བཞི་པ་ནི། དེ་ནས་ཕྱག་ན་རྡོ་རྗེས་ཕྱུང་ངོ༌། །གང་ན། ཡང་བཤད་མ་ཐག་པའི་མཆོད་པ་ཐམས་ཅད། བྱང་ཆུབ་ཀྱི་རྒྱུ་ཚོགས་སུ་སྒྲུབ་ཅིང་འཛིན་པར་བྱེད་པའི་སྡོམ་པ་དེའི་སྙིང་པོ་ནི་རྡོ་རྗེ་སྟེ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །མཆོད་པའི་ཆོ་ག་རྣམས་ལ་ལུས་དང་ངག་སེམས་བྱ་བ་རྫོགས་ཞེས་པ་ནི། ལུས་དང་ངག་དང་སེམས་ཀྱི་ལོངས་སྤྱོད་དེ་བྱ་བ་རྫོགས་པ་སྟེ་མ་ལུས་པ་དག གསང་བ་གསུམ་གྱི་གནས་ཀྱི་འོད་གསལ་ཏེ་དེ་ལས་སྐྱེས་པར་མོས་པར་བྱའོ། །བཟང་པོ་སྟེ་རྡོ་རྗེ་འཛིན་པས། ཚུལ་འདིས་བདག་གིས་སངས་རྒྱས་བསྒྲུབ་པར་བྱའོ་ཞེས་མོས་པ་བརྟན་པོ་བསྐྱེད་པར་བྱའོ། །སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་པ་དེ་ལྟ་མིན་ན། བྱང་ཆུབ་ཀྱི་རྒྱུ་ཚོགས་ཐམས་ཅད་ཀྱི་ནུས་པ་འཇིག་པར་འགྱུར་ཏེ། མཚན་མར་དམིགས་པ་དང་བཅས་པའི་ཕྱིར་རོ། །གསུམ་པ་བསྐྱེད་རིམ་པའི་ལུས་བརྟས་པའི་ཆོ་ག་ནི། དེ་ནས་ཕྱག་ན་རྡོ་རྗེས་ཕྱུང་ངོ༌། །གང་ན། མངོན་མཐོ་དང་ངེས་ལེགས་ཐམས་ཅད་སྒྲུབ་པའི་རྣལ་འབྱོར་པ་རང་གི་ལུས་རྒྱས་པའི་ཐབས་རྡོ་རྗེ་སེམས་དཔའི་སྡོམ་པ་འདི་ཉིད་ཀྱི་ཞེས་སོགས་སོ། །སྒྲུབ་པ་པོ་རང་གི་མགོ་བོར་ཏེ་སྤྱི་བོའི་སྟེང་གི་མཐོ་གང་ཙམ་ཀྱིས་འཕགས་པར། ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བརྟག་ཅིང་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དབུས་སུ་ཨོཾ་ཡིག་གནས་པར་བསམས་ནས། དེ་ལས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བདུད་རྩི་ལྔ་པོ་སྤྱི་བོ་ནས་རྐང་པའི་མཐར་ཐུག་གི་བར་དུ་དབབ་པར་བྱའོ། །རྡོ་རྗེ་སྦྱོར་བ་སྟེ་བཤད་མ་ཐག་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བདུད་རྩི་ལུས་ལ་འབབ་པར་དམིགས་པ་འདི་ཡིས་ནི་སྐད་ཅིག་གིས་ཏེ་རིང་པོར་མི་ཐོགས་པར་ལུས་གཟི་མདངས་དང་ལྡན་པ་ཅན་དུ་འགྱུར་ཞིང༌། ལུས་དང་ངག་སེམས་བདེ་བར་གནས་པར་འགྱུར་བར་ཐེ་ཚོམ་མེད་དོ། །བཞི་པ་རྫོགས་རིམ་པའི་སྤྱོད་པའི་དམ་ཚིག་ནི། དེ་བཞིན་གཤེགས་པའི་གསང་ཆེན་གང་ལ་ཡོད་པ་དེ་ནི་སྔགས་ཐམས་ཅད་དེ་འདུས་པའོ། །དེ་འཛིན་པའི་སྒྲུབ་པོའི་ལུས་ངག་སེམས་ཀྱི་གསང་བ་སྟེ། ལུས་ལ་སོགས་པའི་འཇུག་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །རྫོགས་རིམ་ལ་གནས་པའི་རྣལ་འབྱོར་པས་ས་དང་བྱེ་མ་ལ་སོགས་པ་ལས་མཆོད་རྟེན་སྒྲུབ་ཅིང་མཆོད་པ་དག་གི་ལས་མི་བྱ་སྟེ། རང་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས། ཕྱི་རོལ་གྱི་མཆོད་རྟེན་དང་མཆོད་པ་ལ་མངོན་པར་ཞེན་པ་མི་རིགས་པའི་ཕྱིར། གླེགས་བམ་བཀླག་པར་ཡང་མི་བྱ་སྟེ། ལྷུན་གྱིས་གྲུབ་པའི་རྡོ་རྗེ་བཟླས་པ་ལ་གནས་པས། ཕྱི་རོལ་གྱི་ངག་གི་ལས་ལ་འཇུག་པར་མི་རིགས་པའི་ཕྱིར་རོ། །ཕྱིའི་དཀྱིལ་འཁོར་བྲི་བ་དག་ཀྱང་ཡོངས་སུ་མི་བྱ་སྟེ། རང་གི་ལུས་དཀྱིལ་འཁོར་དུ་བཤད་པས། ཕྱིའི་དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་རོ། །རྡོ་རྗེ་གསུམ་མཆོག་གསུམ་སྟེ། ཉན་ཐོས་དང་རང་རྒྱལ་དང་སངས་རྒྱས་རྣམས་ལ་ཕྱི་རོལ་གྱི་ལུས་ལ་སོགས་པའི་འདུད་པ་དང་བཅས་པས་ཕྱག་མི་བྱ་སྟེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྱུར་པ་དང་འགལ་བའི་ཕྱིར། གཞན་ངོར་ཞེན་མེད་དུ་བྱེད་པ་ལ་འགལ་བ་མེད་དོ། །ལྔ་པ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་གསུམ་སྟེ། དུག་བསལ་བའི་ཆོ་ག ལུས་སྲུང་བའི་ཆོ་ག མིག་སྨན་གྱི་ཆོ་གའོ། །དང་པོ་ནི། དེ་ནས་ཡང་བདག་པོ་རྡོ་རྗེ་འཆང་ཆེན་པོས། ཟིན་པ་དང༌། མ་ཟིན་པའི་དུག་ཐམས་ཅད་བསལ་བ་དང༌། གནོན་པ་དང༌། འདྲེན་པའི་གསང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ལྷག་པའི་ལྷའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་བསྒྲུབ་བྱ་ཨོཾ་དཀར་པོ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ཆུད་པར་བཞག་ནས། སྒྲུབ་བྱའི་ལུས་ལ་དུག་འོད་ཟེར་སེར་པོ་ལྡན་པ་འཁྲིགས་པ་སྟེ། ཁྱབ་པ་ལ་བསྒྲུབ་བྱའི་སྤྱི་བོར་ཨོཾ་དཀར་པོ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པས་མགོ་ནས་མནན་ཏེ། འཁོར་ལོ་ལས་འཕྲོས་པའི་འོད་ཟེར་དཀར་པོའི་ཚོགས་ཀྱིས་དེའི་ལུས་ཀྱི་དུག་ཁ་དོག་སེར་པོའི་ཚུལ་དུ་རིམ་གྱིས་ཐུར་དུ་ཕུལ་བས་དུག་མེད་པར་བྱས་ནས་ཟླ་བ་ལྟར་གསལ་བ་ནི་དུག་བསལ་བའི་ཆོ་གའོ། །དུག་གནོན་པ་ལ་འཁོར་ལོ་དང༌། ཡི་གེ་དང༌། དུག་གསུམ་པོ་སེར་པོ་ལྟ་བུར་བསྒོམ་པར་བྱས་ནས་དུག་འཕུལ་བ་སོགས་སྔ་མ་བཞིན་ནོ། །དུག་འདྲེན་པ་ལ་ནི། གསུམ་པོ་ཐམས་ཅད་དུ་བའི་མདོག་ཏུ་བསམས་ལ། དུག་འཕུལ་བ་སོགས་སྔ་མ་ལྟར་བྱའོ། །རྡོ་རྗེ་གསུམ་འོད་ནི་དཀར་པོ་དང༌། སེར་པོ་དང༌། དུད་ཀའི་འོད་ཟེར་ཏེ་གསུམ་པོ་དེ་དག་གི་དམ་ཚིག་གི་སྦྱོར་བ་ཡིས་གོ་རིམ་བཞིན་དུ་དུག་བསལ་བ་དང༌། གནོན་པ་དང༌། འདྲེན་པའི་ཆོ་ག་བཤད་པ་ཡིན་ནོ། །ས་བོན་གྱི་ཡི་གེ་ཨོཾ་འདི་ནི། གསང་གསུམ་སྟེ་དུག་བསལ་བ་དང༌། གནོན་པ་དང༌། འདྲེན་པའི་ཆོ་གའི་དེ་ཁོ་ན་ཉིད་དོ། །ལུས་སྲུང་བའི་ཆོ་ག་ནི། ལུས་དང་ངག་དང་སེམས་སྲུང་བའི་འཁོར་ལོའི་ཆོ་ག་ནི། དེ་ནས་སླར་ཡང་ཕྱུང་ངོ༌། །གང་གིས་ན། རྡོ་རྗེ་འཆང་གིས་སོ། །གང་ན། ལུས་དང་ངག་དང་སེམས་སྲུང་བའི་སྔགས་རྡོ་རྗེ་དང་ལྡན་པ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ཨོཾ་ཧུ་ལུ་ཞེས་སོགས་ཏེ། ཨོཾ་ཡོད་ཅིང་སྭཱཧཱ་མེད་པས་མཐའ་མེད་དོ། །དེའི་ཆོ་ག་ནི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ལ་སྔགས་འདི་གྲོ་གའམ་རས་ལ་སོགས་པ་ལ་འཁོར་ལོ་རྩིབས་བརྒྱད་པ་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པ་བྲིའོ། །ཇི་ལྟར་ན། འཁོར་ལོའི་དབུས་སུ་ཡི་གེ་ཧཾ་བཞག་ནས་སུ། བསྲུང་བྱའི་མིང་སྤེལ་ཚིག་དང་བཅས་པ་དབུས་སུ་བྲི་བར་བྱའོ། །དེ་ནས་སྔགས་ཀྱི་ཚིག་ཨོཾ་ལ་སོགས་པའི་ཡི་གེ་འདི་རྣམས་ཀྱི་རིམ་པ་བཞིན་དུ་ཡང་དག་པར་བརྒྱན་ཏེ། དུས་རྟག་ཏུ་ཟ་མ་ཏོག་ལ་སོགས་པའི་ནང་དུ་ལེགས་པར་བཞག་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །སྔགས་ཀྱིས་འཁོར་ལོ་ཇི་ལྟར་བརྒྱན་ཞེ་ན། རྩིབས་དང་པོ་ལ་ཨོཾ། གཉིས་པ་ལ་ཧུ་ལུ་ཧུ་ལུ། གསུམ་པ་ལ་ཏིཥྚ་ཏིཥྚ། བཞི་པ་ལ་བྷནྡྷ་བྷནྡྷ ལྔ་པ་ལ་ཧ་ན་ཧ་ན། དྲུག་པ་ལ་ད་ཧ་ད་ཧ། བདུན་པ་ལ་ཨ་མྲྀ་ཏེ། བརྒྱད་པ་ལ་ཧཱུཾ་ཕཊ་ཅེས་པ་བྲིའོ། །སྔགས་ཀྱི་ཡི་གེ་འགོད་པ་འདི་ནི། སྔགས་རྣམས་ཐམས་ཅད་དེ་སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་བ་གསུམ་སྟེ་སྐུ་གསུང་ཐུགས་སོ། །གནས་ཏེ་བསྲུང་བ་བསྡུས་པ་ཡིན་ནོ། །གསུམ་པ་ནི། དེ་ནས་ཕྱུང་ངོ༌། །གང་གིས་ན། བདག་པོ་རྡོ་རྗེ་འཆང་གིས་སོ། །གང་ན། རྡོ་རྗེ་ཨཉྫ་ན་སྟེ་མིག་སྨན་ནོ། །གནས་ནི་སྦྱོར་བ་སྟེ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །བསྒྲུབ་པའི་གནས་ནི་ལམ་གྱི་བཞི་མདོའམ། ཤིང་གཅིག་གི་དྲུང་ངམ། མ་མོའི་གནས་སམ། ཞི་བའི་གནས་ཏེ་དབང་ཕྱུག་ཆེན་པོའི་མཚན་མ་ཡོད་པའི་གནས་སུ་བསྒྲུབ་བོ། །ཆོ་ག་ནི། ནམ་ཕྱེད་ཀྱི་དུས་སུ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ལ། ལས་རྒྱལ་མཆོག་གི་དུས་སུ། གནས་དེ་རུ་རྡོ་རྗེ་ཨཉྫ་ན་སྟེ་མིག་སྨན་གྱི་སྦྱོར་བ་བྱའོ། །ཇི་ལྟར་ན། ཆང་གིས་བཀང་བའི་ཐོད་པར་འོག་ནས་བཤད་པའི་རྫས་ཀྱི་དུ་བ་རྟག་ཏུ་དབབ་པ་སྟེ་དུ་བ་ཆགས་པར་བྱའོ། །བྱ་བའི་ཚུལ་དེ་ཉིད་གསལ་བར་སྟོན་པ་ནི། ཐོད་པ་གསུམ་གྱི་སྒྱེད་བུའི་སྟེང་དུ་མར་ཁུ་ཆེན་པོ་རྐང་མར་དང་ཁྲག་དང་བཤང་བ་ལ་སོགས་པའི་བདུད་རྩི་ལྔས་བཀང་བའི་ཐོད་པ་བཞག་ལ། དེའི་སྟེང་དུ་དེ་ནས་པདྨའི་སྐུད་པ་དང༌། ཨརྐ་སྟེ་ཤིང་ཤུན་གྱི་སྐུད་པས་མར་མེའི་སྙིང་པོ་བྱས་ལ་མེ་སྦར་ཏེ། དེའི་སྟེང་དུ་ཆང་གིས་བཀང་བའི་ཐོད་པ་བཞག་ལ། སྒྲུབ་པ་པོ་ཐོད་པའི་སྟན་ལ་གནས་པས་བསྲུང་བའི་འཁོར་ལོ་བསྒོམ་ཞིང༌། འཁོར་ལོའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ནས། མར་ངོའི་བཅུ་བཞིའི་ནམ་ཕྱེད་ན་ཆང་གི་བཀང་བའི་ཐོད་པའི་ཞབས་ལ་དུད་པ་དབབ་པར་བྱའོ། །དེ་ནས་དུ་བ་བླངས་ལ་ཟ་མ་ཏོག་ཏུ་ལེགས་པར་བཞག་སྟེ། སྔགས་དེ་ཉིད་བརྒྱ་རྩ་བརྒྱད་དུ་བ་ལ་བཏབ་ནས། མིག་ལ་བསྐུས་ན། དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་འགྲུབ་པར་འགྱུར་རོ། །མི་སྣང་བ་ནི་མཆོག་གོ །ས་འོག་གི་གཏེར་མཐོང་བ་ནི་འབྲིང་ངོ༌། །དབང་དུ་བྱེད་པ་ནི་ཐ་མའོ། །འདི་ནི་གྲུབ་ཆེན་བརྒྱད་དུ་གཏོག་པའི་མིག་སྨན་ནོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངས་པའོ། །གཉིས་པ་རྗོད་བྱེད་གསང་བ་འདུས་པའི་རྒྱུད་ཀྱི་ཆེ་བ་ལ་བཞི་སྟེ། དགོས་པ་ཁྱད་པར་ཅན་དང་ལྡན་པས་ཆེ་བ་དང༌། རྙེད་པར་དཀའ་བས་ཆེ་བ་དང༌། འབྲས་བུ་མྱུར་བས་ཆེ་བ་དང༌། ཟབ་པས་ཆེ་བའོ། །དང་པོ་ནི། རྒྱུད་འདི་ལ་ཞུགས་པས་འབྲས་བུ་ཉིང་དགོས་ཅི་ཞིག་མཐོང་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་འདི་ལ་དད་ཅིང་འཇུག་པ་ལགས། ཞེས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། དད་ཅིང་བསྒོམ་པར་འགྱུར་རོ། །ཞེས་པའི་བར་རོ། །ལན་ནི། ཉིང་དགོས་ཀྱི་འབྲས་བུ་གསུམ་མཐོང་ནས་དད་ཅིང་འཇུག་པ་ཡིན་ནོ། །ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ནས། དད་ཅིང་བསྒོམ་པར་འགྱུར་རོ། །ཞེས་པའི་བར་གྱི་བསྟན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས་ཞེས་པ་ནི། གོང་དུ་གསང་བའི་ཡི་གེ་གསུམ་རྟོགས་པ་དང་ལྡན་ན། བྱང་ཆུབ་ཀྱི་སྤྱོད་པ་ལ་དད་ཅིང་བསྒོམ་ཞེས་བསྟན་པ་ལ་དྲི་བའོ། །ལན་ནི། གསང་བའི་ཡི་གེ་གསུམ་ངོས་བཟུང་བ་སྟེ། རྡོ་རྗེ་འཛིན་པས་ཞེས་པ་ནས། གསུམ་པོ་འདི་དག་གོ་ཞེས་པའི་བར་རོ། །འདིས་ནི་དབང་ཕྱུག་བརྒྱད་ཀྱི་བདག་ཉིད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ་པར་བསྟན་ནོ། །དེ་ནས་ཞེས་པ་ནས། ཞུགས་པར་གྱུར་ཏོ་ཞེས་པའི་བར་རོ། །དགོས་པའི་དོན་ལ་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་གྱུར་པ་བསྟན་ནོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཞེས་པ་ནས། ཐུབ་པ་ཆེན་པོ་འོད་སྲུངས་ཆེན་པོ་མངོན་པར་རྫོགས་པ་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་སོ། །དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནས། སྐལ་བ་མེད་པའི་ཕྱིར་ཞེས་པའི་བར་ནི་གཏན་ཚིགས་སོ། །དེའི་དོན་ཇི་སྐད་བརྗོད་པའི་དུས་དེ་སྲིད་ཀྱི་བར་ནི། སེམས་ཅན་རྣམས་དམན་པ་ལ་མོས་ཤིང་འདོད་ཆགས་ལ་སྤྱོད་པས་ཆགས་ཅན་གྱི་ཚུལ་གྱིས་འཚང་རྒྱ་བའི་ལམ་ལ་སྐྲག་པའི་ཕྱིར་དང༌། ཆགས་བྲལ་གྱི་ཆོས་ཁོ་ནས་འདུལ་བའི་ཕྱིར་རོ། །ཤཱཀྱ་ཐུབ་པས་ནི། སྙིགས་མའི་དུས་སུ་བྱོན་ནས་ཆགས་བྲལ་གྱི་ཚུལ་གྱིས་མི་འདུལ་བ་མཁྱེན་ནས་དེའི་དོན་དུ་གསུངས་སོ། །འགའ་ཞིག་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་དུ་མ་གསུངས་པའི་དོན་ནི། གསང་བ་འདུས་པའི་དབང་དུ་བྱས་པ་ཡིན་གྱི། གཞན་ནི་ཡང་དང་ཡང་དུ་གསུངས་སོ་ཞེས་མཚན་བརྗོད་ལས་གསུངས་པ་ལྟར་རོ། །ཞེས་གསུང་ངོ༌། །འགའ་ཞིག་ཡུལ་དབུས་སུ་མ་གསུངས་པ་ལ་དགོངས་སོ། །ཞེས་པ་དང༌། ལོངས་སྐུས་མ་གསུངས་པ་ལ་དགོངས་སོ་ཞེས་འདོད་མོད། འདི་ལ་ལུང་རིགས་གང་ཡང་མེད་པས་མི་གཟུང་ངོ༌། །དེས་ན་འཇིག་རྟེན་གྱི་ཁམས་འདིའི་དབང་དུ་བྱས་ནས་མ་གསུངས་ཞེས་པ་ཡིན་གྱི། འཇིག་རྟེན་གྱི་ཁམས་གཞན་དུ་གསུངས་པ་ལ་ཅི་འགལ། གསུམ་པ་འབྲས་བུ་མྱུར་བས་ཆེ་བ་ནི། རྙེད་པར་དཀའ་མོད། འོད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་འདི་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་བསྐྱེད་རིམ་མཐར་ཕྱིན་ཏེ། སྒྱུ་ལུས་འོད་གསལ་དུ་བཅུག་ནས། སྐད་ཅིག་ཡུད་ཙམ་ཐང་གཅིག་ཙམ་གྱིས་བདག་བྱིན་གྱིས་རློབ་པའི་རིམ་པ་ལས་ལངས་ནས་སྟོབས་སོགས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཆེས་ཁྱད་པར་དུ་འཕགས་པར་སྟོན་པ་ནི། གང་ཞིག་གངྒཱའི་ཀླུང་གི་ཞེས་པ་ནས། གྲངས་སུ་འགྲོའོ་ཞེས་པའི་བར་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས་བསྐལ་པ་མང་པོར་བསྒྲུབ་པར་བྱ་བ་ཡང༌། འདིར་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །ཞེས་པའི་དོན་ནོ། །བཞི་པ་ཟབ་པས་ཆེ་བར་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་དེ་དག་གིས་གསུང་རྡོ་རྗེའི་བརྡ་ཡི་གེའི་ཚིག་གསང་བ་འདུས་པ་འདི་ལ་དེ་ཁོ་ན་ཉིད་རྟོགས་པས་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པ་ཐོས་ཤིང༌། གཞུང་མ་ལུས་པ་ཐོས་ཀྱང་མཐའ་དྲུག་གིས་བཅིངས་པས་རྒྱུད་ཀྱི་དོན་ལ་རྨོངས་པ་དང་མ་བྲལ་བས། སེམས་ཇི་ལྟ་བ་བཞིན་དུ་རངས་པ་མ་ཐོབ་ནས་རབ་ཏུ་ངུས་སོ། །དེ་ལྟར་ངུ་བར་གཟིགས་ནས། རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཚོགས་པའི་གང་ཟག་རྣམས་ལ་རིམ་པ་གཉིས་བཤད་པས་དབུགས་འབྱིན་པ་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཞེས་པ་ནས། སྡུག་བསྔལ་གསུམ་མ་བསྐྱེད་ཅིག་ཅེས་པའི་བར་རོ། །ཡང་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་གིས་བདག་ཉིད་སྡུག་བསྔལ་བའི་རྒྱུ་ཇི་ལྟ་བ་བཞིན་སྨྲས་པ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཅེས་པ་ནས། ཐ་ན་མིང་ཐོས་པའི་སྐལ་པ་ཡང་མ་མཆིས་སོ། །ཞེས་པའི་བར་རོ། །གསང་བ་གསུམ་གྱི་ཡི་གེ་ཞེས་པ་ལ། གསང་བ་གསུམ་ནི་སྐུ་གསུང་ཐུགས་ཏེ་ཡི་གེའི་དོན་ནོ། །ཨོཾ་ལ་སོགས་པ་གསུམ་ནི་སྤྱིའི་དོན་ནོ། །འཇུག་གནས་ལྡང་གསུམ་ནི་སྦས་པའོ། །ཐབས་ཤེས་རབ་ཉེར་ཐོབ་གསུམ་ནི་མཐར་ཐུག་གོ །གསང་བ་གསུམ་གྱི་ཡི་གེ་རྣམ་པར་དག་པ་སྟོན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག གསང་བའི་ཡི་གེ་གསུམ་ནི་མ་ཤེས་མ་མཐོང་བ་ཐུན་མོང་བ་སྟེ། ངེད་ཀྱིས་ཀྱང་དོན་དམ་པར་མ་ཤེས་པའི་ཕྱིར། ཞེས་པ་སྟེ། དེའི་དོན་སྟོན་པ་ནི། རིགས་ཀྱི་བུ་ཇི་ལྟར་ཞེས་པ་ནས། སངས་མ་རྒྱས་སོ། །ཞེས་པའི་བར་ཏེ། ངེད་ཀྱིས་ཀྱང་མ་ཤེས་མ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། གསང་བ་གསུམ་གྱི་ཡི་གེ་ནི་འོད་གསལ་བས་ན་རྣམ་པར་དག་པའི་ཕྱིར་རོ། །ཞེས་དེ་ཁོ་ན་ཉིད་གསལ་བར་མཛད་དོ། །དེ་ནས་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དེ་ཁོ་ན་ཉིད་གསལ་བར་མཛད་པས། བྱང་ཆུབ་སེམས་དཔའ་ཙནྡན་ལྟ་བུ་ལ་སོགས་པ་དེ་དག་རྣམས་སོམ་ཉི་དང་བྲལ་ནས་དེ་ཁོ་ན་ཉིད་རྟོགས་པས་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །གསུམ་པ་ཐོས་བསམ་གྱི་འབྲས་བུའི་གནས་སྐབས་བསྟན་པ་ལ་དྲུག་སྟེ། སྟོན་པ་འོད་གསལ་ལ་ཞུགས་པ། དེ་ལ་ལྷ་མོའི་དབྱངས་ཀྱིས་བསྐུལ་བ། འོད་གསལ་ལས་བཞེངས་ནས་འདོད་པ་ལ་སྤྱོད་པ། ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་དང༌། འདོད་ཆགས་ཀྱིས་བྱང་ཆུབ་ཐོབ་པ་ངོ་མཚར་བ་ཞུས་པ། འདོད་ཆགས་དག་པར་བསྟན་པས་ཐེ་ཚོམ་དང་བྲལ་བའོ། །དང་པོ་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པ་སྟེ། ལེའུ་དང་པོར་གླེང་གཞིའི་སྐབས་སུ་ཚུལ་བཞིར་བསྟན་པས་བཤད་ཟིན་ཏོ། །གཉིས་པ་ནི། དེ་ནས་རྡོ་རྗེ་འཆང་ཆེན་པོ་འོད་གསལ་ལ་བཞུགས་པ་ནས་བཙུན་མོ་བཞི་པོ་བདག་པོ་དང་བྲལ་བས། གདུང་བའི་ཡིད་ཀྱིས་བལྟ་བར་འདོད་པས་བསྐུལ་བ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་སྐུགསུང་ཐུགས་ཀྱི་བཙུན་མོ་ནི་སྤྱན་མས། བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་དགའ་བས་སྒེག་ཅིང་སྙན་པའི་སྒྲའི་གླུ་དབྱངས་ཀྱིས་བསྟོད་པའི་སྒོ་ནས་བསྐུལ་བ་ནི། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ན་སེམས་ཅན་ཁམས་སོ། །ཁམས་གསུམ་གྱི་རྒྱལ་སྲིད་བརྙེས་པས་ན་གནས་ཀྱི་དབང་ཕྱུག་གོ ཁྱོད་ནི་ཞེས་པ་ནི། མདུན་ན་གནས་པ་བཞིན་བལྟ་བའོ། །ཐུགས་ཀྱི་དབང་ཕྱུག་བརྙེས་པས་ན་རྡོ་རྗེའི་ཐུགས་སོ། །དགའ་བ་ནི་རོལ་པའོ། །ཚིམ་པར་བྱེད་པས་ན་ཡིད་དུ་འོང་བའོ། །དོན་ཆེན་ཏེ་མཆོག་ཏུ་དགའ་བ་བསྐྱེད་པར་འདོད་པས་འཁྱུད་པ་ལ་སོགས་པས་སྤྱན་མ་བདག་ལ་སྐྱབས་སུ་གསོལ་བ་སྟེ་རོལ་པར་མཛོད་གཅིག་ཅེས་པའོ། །མགོན་པོ་ཞེས་བོས་ནས། གལ་ཏེ་དེ་རིང་སྤྱན་མ་བདག་གསོན་ཞིང་འཚོ་བར་མཆིས་པར་བཞེད་ན། སེམས་ཅན་རྣམས་བསྐྱེད་པའི་རྒྱུར་གྱུར་པའི་ཡབ། སེམས་ཅན་རྣམས་ལ་ཕན་པར་བྱེད་པའི་གཉེན་གྱི་མཆོག་ཆེན་པོས་བདག་ལ་རོལ་ཞིང་དགྱེས་པར་མཛད་དུ་གསོལ། མཱ་མ་ཀིས་བསྟོད་ཅིང་བསྐུལ་བ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མི་བསྐྱོད་པ་དེ་ཉིད་ཀྱི་བཙུན་མོ་མཱ་མ་ཀིས། བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་ཡང་དག་པར་བསྟོད་ཅིང་བསྐུལ་ལོ། །ཚིག་གང་གིས་ན། རྡོ་རྗེ་འདོད་པ་དགའ་བ་མཆོད་པའི་མཆོག་ནི། ཐ་མལ་པ་མིན་པའི་དགའ་བ་ཁྱད་པར་ཅན་ལ་ཞུགས་པས། དེ་སྟོན་པའི་ཡི་གེའི་ཚིག་འདིས་བསྟོད་དོ། །འཁོར་བ་ཇི་སྲིད་པར་མི་འཇིག་པའི་སྐུ་དང་ལྡན་པས་ན་རྡོ་རྗེའི་སྐུ་ཁྱོད་དོ། །སེམས་ཅན་མང་པོ་ལ་ཕན་པའི་ཆོས་སྟོན་པས་ན། བཀའི་འཁོར་ལོས་སེམས་ཅན་མང་པོར་ཕན། ཞེས་བྱའོ། །སངས་རྒྱས་རྣམས་ནི་ཕུང་པོ་ལྔའོ། །དོན་ནི་ཀུན་རྫོབ་བདེན་པའོ། །བྱང་ཆུབ་ནི་དོན་དམ་བདེན་པའོ། །མཆོག་གི་དོན་ནི་ཟུང་འཇུག་གོ །དེས་སེམས་ཅན་རྣམས་ལ་ཕན་པའི་དགོངས་པས་ཆོས་རྗེས་སུ་སྟོན་པའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པ་ཕུང་པོ་ལྔ་རྣམས་བྱང་ཆུབ་འོད་གསལ་དུ་རྟོགས་པར་བྱས་ནས། ཟུང་འཇུག་ཐོབ་པས་སེམས་ཅན་རྣམས་ལ་ཕན་པའི་ཆོས་རྗེས་སུ་སྟོན་པར་མཛད་ཅེས་པའོ། །མགོན་པོ་ཞེས་སོགས་ཚིག་རྐང་གཅིག་ནི་སྔ་མ་བཞིན་ནོ། །ཆགས་པ་རྣམ་པར་སྦྱོང་བའི་རྣམ་པས་འདོད་ཆགས་དམ་ཚིག་སྟེ་ཡང་དག་པའི་འདོད་ཆགས་ཀྱིས་མཱ་མ་ཀི་བདག་ལ་དགྱེས་ཤིང་རོལ་པར་མཛད་དུ་གསོལ། ཞེས་པའོ། །དེ་ནས་འཇིག་རྟེན་དབང་ཕྱུག་སྟེ་འོད་དཔག་མེད་དག་གི་བཙུན་མོ་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་ཏེ་གོས་དཀར་མོ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པའི་དམ་ཚིག་གི་སྒོ་ནས་ཡང་དག་པར་བསྟོད་པ་ནི། ཁྱོད་ནི་གསུང་གི་དབང་ཕྱུག་བརྙེས་པས་རྡོ་རྗེའི་གསུང་སྟེ་སེམས་ཅན་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ་ཅན་ནོ། །ཚད་མེད་བཞིས་སེམས་ཅན་ལ་ཕན་འདོགས་པས་ན་འཇིག་རྟེན་དག་གི་དགོས་པའི་དོན་སྒྲུབ་པ་ལ་རྟག་ཏུ་བརྩོན། ཞེས་སོ། །མགོན་པོ་ཞེས་སོགས་ཚིག་རྐང་གཅིག་ནི་སྔ་མ་བཞིན་ནོ། །སེམས་ཅན་གྱི་ཁམས་ཀུན་ཏུ་གདུལ་བྱའི་ཐེ་ཚོམ་གཅོད་པ་སོགས་རབ་དགའི་སྤྱོད་པ་སེམས་ཅན་གྱི་ཁམས་རྣམས་ལ་ཀུན་ཏུ་བཟང་ཞིང་དགེ་བ་ཐོབ་པར་མཛད་པས་ཀུན་ཏུ་བཟང་པོ་སྟེ། དེས་གོས་དཀར་མོ་བདག་ལ་དགྱེས་པར་མཛད་ཅེས་པའོ། །དེ་ནས་བསྟོད་དོ་ཞེས་དྲང་ངོ༌། །གང་ལ་ན། བདག་པོ་རྡོ་རྗེ་འཆང་ཆེན་པོ་ལའོ། །དེ་ཇི་ལྟ་བུ་ཞེ་ན། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས་ནས། སྣང་གསུམ་གྱི་རིམ་པས་ཆོས་ཐམས་ཅད་སྟོང་པར་གཤེགས་པ་སྟེ་ཐུགས་སུ་ཆུད་པའོ། །འདིར་ཐམས་ཅད་ནི་རྒྱ་དཔེར་ཆོས་ཐམས་ཅད་ཅེས་པ་ཡོད་པས། ཆོས་ཐམས་ཅད་སྟོང་ཉིད་དུ་ཐུགས་སུ་ཆུད་པ་ལ་སྦྱར་ན་ལེགས་སོ། །གང་གིས་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། །དེའི་བཙུན་མོ་སྒྲོལ་མས་སོ། །གང་གི་སྒོ་ནས་ན། ལུས་བདེ་བ་དང་ཡིད་བདེ་བའི་དགའ་བ་སྟོན་པའི་ཚིགས་སུ་བཅད་པ་འོག་ནས་འབྱུང་བ་འདིའི་སྒོ་ནས་སོ། །རྡོ་རྗེ་པདྨ་སྦྱོར་བ་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྒོ་ནས་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱོང་བས་ན། ཁྱོད་ནི་རྡོ་རྗེའི་འདོད་པའོ། །ལས་ཀྱི་རིགས་ཀྱི་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ །འདོད་ཆགས་ཅན་ལ་འདོད་ཆགས་རྣམ་པར་དག་པའི་ཐབས་རྩོལ་བར་མཛད་པས་ན་ཕན་དོན་ཆེའོ། །ཤཱཀྱའི་རིགས་ལས་བྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པའམ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པས་ན་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ །བདག་གཞན་མཉམ་པ་ཉིད་དུ་རྟོགས་ཀྱང་སེམས་ཅན་རྣམས་ལ་བརྩེ་བས་མཉམ་ཉིད་རྗེས་སུ་ཐུགས་བརྩེ་བ་ཞེས་པའོ། །མགོན་པོ་ཞེས་པ་ནི་བསྟན་ཟིན་ཏོ། །དེ་ལྟ་བུའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས་ཡོན་ཏན་རིན་པོ་ཆེའི་གཏེར་དུ་གྱུར་པས་སྒྲོལ་མ་བདག་ལ་དགྱེས་ཤིང་རོལ་བར་མཛོད་ཅེས་པའོ། །ཡང་སྒྲོལ་མས་སྣང་གསུམ་དང་འོད་གསལ་གྱི་ཡེ་ཤེས་བསྐྱེད་པར་བྱེད་པ་ངའོ་ཞེས་བདག་ཉིད་ལའང་བསྟོད་པར་བྱེད་པའོ། །གསུམ་པ་འོད་གསལ་ལས་བཞེངས་ནས་འདོད་པ་ལ་སྤྱོད་པ་ནི། ལྷ་མོ་བཞིས་བསྐུལ་བ་ལས་འོད་གསལ་ལས་བཞེངས་ཏེ་ཡབ་ཡུམ་སྙོམས་པར་ཞུགས་པས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཆུ་རྒྱན་བཞིན་དུ་བཞུས་པས། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་འཛག་པ་ཆོས་འབྱུང་དུ་བཞག་སྟེ། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་ཞིང་སླར་ཡང་འོད་གསལ་དུ་བཞུགས་སོ། །ཞེས་པའི་དོན་དེ་ཉིད་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་སོགས་གསུངས་ཏེ། འདོད་པའི་ཡོན་ཏན་གཟུགས་ལ་སོགས་པ་ཐམས་ཅད་ཡུལ་ཅན་དབང་པོ་དང་གཅིག་ཏུ་བྱས་ནས། ཉེ་བར་ལོངས་སྤྱོད་པས་དཔལ་ཏེ། དགའ་བདེའི་གནས་སྐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་སྤྱན་ལ་སོགས་པ་དེ་དག་ལ། དམ་ཚིག་འཁོར་ལོ་སྟེ་རྣམ་སྣང་ལ་སོགས་པའི་ངོ་བོ་ཉིད་ཀྱི་འདོད་པ་སྤྱོད་ཅིང་འོད་གསལ་ཐུགས་སུ་ཆུད་པས་དགའ་བར་མཛད་ནས་ཅང་མི་གསུང་བར་གྱུར་ཏོ། །ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་རྗེས་དེ་ནས། ནམ་མཁའི་དབྱིངས་འདི་དག་ཐམས་ཅད་རྡོ་རྗེ་འཆང་གི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གི་འཁོར་ལོ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཚོགས་དག་གིས་ཏིལ་གྱི་གང་བུ་ལྟར་གང་བར་མཚམས་མེད་པར་ཡོངས་སུ་གང་བར་གྱུར་ཏེ། བུམ་པ་རྡོ་རྗེའི་ཆུས་ཡོངས་སུ་གང་བར་ལྟར་གནས་ཤིང་ཆོས་ཀྱི་སྐུ་ལས་མི་གཡོ་བར་གནས་པར་གྱུར་ཏོ། །བཞི་པ་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་ནི། དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་ཏེ། ཁམས་གསུམ་གྱི་གནས་འདི་ན་སེམས་ཅན་སྐུ་གསུམ་སྟེ་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་དུ་ཡང་དག་པར་བྱུང་བ་དེ་རྣམས་རྡོ་རྗེ་དཔལ་གྱིས་ཏེ་རྗེ་འཆང་ཆེན་པོའི་བདེ་བ་རྒྱུད་ལ་ཡང་དག་པར་རེག་པར་བྱས་པ་དེ་དག་ཐམས་ཅད། རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་ཉིད་ཀྱི་ཡེ་ཤེས་སྟོབས་བཅུ་ལ་སོགས་པ་ཉམས་སུ་མྱོང་བ་ཅན་དུ་གྱུར་ཏོ། །འདིས་ནི་སྔགས་ཀྱི་ཟུང་འཇུག་གི་མཐར་ཐུག་པ་བཅུ་པ་ལ་འདོད་པ་བཀག་སྟེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་མངོན་དུ་བྱས་པར་བསྟན་པའི་ཕྱིར་རོ། །དེ་ནས་རྡོ་རྗེའི་འོད་ཟེར་གྱིས་དབང་བསྐུར་བ་སྟེ་སངས་རྒྱས་སུ་ལུང་སྟོན་པ་དང༌། ཕྱིར་མི་ལྡོག་པ་ཉིད་དུ་དབང་བར་མཛད་པ་དེ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་དབང་བསྐུར་བ་སྟེ་རྡོ་རྗེ་འཆང་གི་ཡེ་ཤེས་ཐོབ་ཅིང་དབང་བ་ཉིད་མཛད་པར་གྱུར་ནས། ཀུན་ཏུ་བཟང་པོ་ཀུན་ཏུ་བཟང་པོ་ཞེས་སྔོན་མ་བྱུང་བའི་དོན་གྱི་མིང་ཅན་དུ་གྱུར་ཏོ། །རྡོ་རྗེ་འཆང་གི་ཡེ་ཤེས་ཐོབ་པར་མཛད་པ་དེ་ནས་མཉམ་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་དོ་ཞེས་བསྟན་པ་ནི། ཕྱག་ན་རྡོ་རྗེས་ཞེས་སོགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བོས་ནས། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་མཐོང་ངམ་ཞེས་དྲིས་པ་ན། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བདག་པོ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་རྟོགས་པ་དང༌། རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བ་ཉིད་ཀྱིས་མཐོང་ལགས་སོ་ཞེས་ལན་ཞུས་པའོ། །ལྔ་པ་འདོད་ཆགས་ཀྱིས་བྱང་ཆུབ་ཐོབ་པ་ངོ་མཚར་བ་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་བཙུན་མོའི་བྷ་ག་ལས་བྱུང་ནས། རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གང་གི་ཕྱིར། འདོད་ཆགས་ཀྱི་ཀུན་ཏུ་སྤྱོད་པ་སྟོན་པའི་ཡི་གེའི་ཚིག་གིས་སངས་རྒྱས་ཀྱི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་རྟོགས་ཤིང་ཐོབ་པར་བྱའོ། །ཞེས་སྟོན་པ་ནི་ངོ་མཚར་རོ་ཞེས་འཁོར་རྣམས་ཀྱིས་ཞུས་པའོ། །དྲུག་པ་འདོད་ཆགས་རྣམ་པར་དག་པར་བསྟན་པས་ཐེ་ཚོམ་དང་བྲལ་བ་ནི། མངོན་པར་ཞེན་པའི་འདོད་ཆགས་ཀྱིས་བྱང་ཆུབ་ཐོབ་པ་མིན་གྱི། འདོད་ཆགས་འོད་གསལ་དུ་རྟོགས་པས་རྡོ་རྗེ་ཡེ་ཤེས་འབྱུང་བ་ངོ་མཚར་མི་ཆེའོ་ཞེས་སྟོན་པ་ནི། དེ་ནས་ཕྱག་ན་རྡོ་རྗེས་ཞེས་སོགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བོས་ནས། འདོད་ཆགས་ཀྱི་སྤྱོད་པས་བྱང་ཆུབ་ཐོབ་པ་ངོ་མཚར་ཆེའོ་ཞེས་དེ་སྐད་ཅེས་མ་གསུང་ཞིག དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ནམ་མཁའི་རྡོ་རྗེའི་དམ་ཚིག་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་དང༌། སྤྲོས་པ་དང་བྲལ་བར་མཚུངས་པའི་ཕྱིར་རོ། །དོན་དེ་ཉིད་གསལ་བར་བསྟན་པ་ནི། དོན་དམ་པར་ཆོས་ཐམས་ཅད་གཟུགས་སོགས་ཕུང་པོ་མ་ཡིན་པ་དང༌། ཁམས་མིན། སྐྱེ་མཆེད་མིན་པ་དང༌། འདོད་ཆགས་སོགས་དུག་གསུམ་མིན་པ་དང༌། ཆོས་དགེ་བ་དང༌། ཆོས་མིན་པ་མི་དགེ་བ་མིན་པའི་ཕྱིར་རོ། །ཞེས་སྟོན་ནོ། །རྡོ་རྗེ་འཆང་གིས་ཆོས་ཐམས་ཅད་འོད་གསལ་དུ་བསྟན་པའི་རྗེས་ཐོགས་དེ་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཐེ་ཚོམ་དང་བྲལ་ནས་འོད་གསལ་ལ་བཞུགས་ཏེ་ཅང་མི་གསུང་བར་གྱུར་ཏོ། །འདི་དག་གིས་སྔོན་བྱུང་བསྟན་ནས། རྗེས་འཇུག་གི་མངོན་རྟོགས་བསྟན་ཚུལ་ནི། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་སྔོན་དུ་སོང་ནས། ལས་རྒྱལ་མཆོག་ལ་ཐུན་མོང་ནི། དྲན་པ་གཅིག་པ་སྔོན་དུ་བཏང་ནས། ཐུན་ཐ་མ་ལ་ཐུན་མོང་མ་ཡིན་པའི་ལས་རྒྱལ་མཆོག་ལ་གཙོ་བོ་ཡབ་ཡུམ་འོད་གསལ་དུ་ཞུགས་པ་དང༌། ལྷ་མོའི་གླུས་བསྐུལ་བས་བཞེངས་པ་ལ་བསྟོད་པ་བྱས་ནས། ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱ་བར་བསྟན་ནོ། །ལྔ་པ་གསང་བ་འདུས་པའི་རྒྱུད་ཡོངས་སུ་གཏད་པ་ལ་བཞི་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྤྱིར་གཏད་པ། བྱེ་བྲག་ཏུ་རྡོ་རྗེ་ཆོས་ལ་ཡོངས་སུ་གཏད་པའི་ཚུལ། བྱ་བ་མཐར་ཕྱིན་ནས་སྤྲུལ་པའི་དཀྱིལ་འཁོར་རིགས་གསུམ་དུ་བསྡུ་བ། ཐམས་ཅད་རྡོ་རྗེ་གསུམ་དུ་དབྱེར་མེད་དུ་རྟོགས་པའི་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། བཀའ་བསྩལ་པ་ཞེས་པའི་བར་ནི་རྡོ་རྗེ་འཆང་གིས་འཁོར་རྣམས་ལ་བཀའ་བསྩལ་པ་ཞེས་པའི་དོན་ནོ། །ཁྱེད་རྣམས་ཀྱིས་ཞེས་པ་ནས། བསྒོ་བར་གྱིས་ཤིག་ཅེས་པའི་བར་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུད་འདི་འཆད་པ་དང་ཉན་པ་ལ་བསྒོ་བར་གྱིས་ཤིག་ཅེས་བསྐུལ་བའོ། །དེ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ལ་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་རྣམ་པ་གཉིས་ཀྱིས་ཆོས་ཀྱི་རྣམ་གྲངས་སྟོན་པའི་རྒྱུད་ཀྱི་རྒྱལ་པོ་འདི་ལ་སྐལ་པ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ནས་བཀའ་སྩལ་བའི་སྒྲ་ཇི་ལྟ་བ་བཞིན་བཤད་ནས། རིགས་ཀྱི་བུ་ཞེས་རྡོ་རྗེ་ཆོས་ལ་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ། འདའ་བར་མི་བྱ་བའི་དམ་ཚིག་གི་དེ་ཁོ་ན་ཉིད་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པའི་ཚུལ་ད་ལྟ་ངས་བཤད་པ་འདི་ཁྱོད་ཀྱིས་ཟུངས་ཤིག གང་གི་ཕྱིར་ན་ཁྱོད་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཞུང་དུ་བསྟན་པའི་ཆོས་ཐམས་ཅད་ཀྱི་ཚིག་དོན་ལ་སྤོབས་པ་ཐོགས་པ་མེད་པ་དང་ལྡན་པས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་ཞེས་བྱ་བར་དབང་བསྐུར་ཞིང་རྗེས་སུ་གནང་བའི་ཕྱིར་ཏེ། བསྟན་པ་འདི་ལ་གསུང་གི་རྡོ་རྗེ་གཙོ་བོ་ཡིན་སྙམ་དུ་དགོངས་སོ། །དེ་ནས་ཞེས་པ་ནས། མི་སྨྲ་བར་གྱུར་ཏོ་ཞེས་པའི་བར་གྱིས་ནི་ཇི་ལྟར་གཏད་པ་བཞིན་བྱེད་པར་ཁས་བླངས་པ་བསྟན་ནོ། །གསུམ་པ་ནི། རྒྱུད་ཡོངས་སུ་གཏད་པའི་རྗེས་ཐོགས་སུ། སྔར་གླེང་གཞིའི་སྐབས་སུ་འདུས་པའི་འཁོར་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པ་རྣམས་རྡོ་རྗེ་གསུམ་ལ་ཐིམ་པར་བསྟན་པ་ནི། རྒྱུད་གཏད་པའི་རྗེས་ཐོགས་དེ་ནས། གླེང་གཞིའི་འཁོར་དུ་གཏོགས་པའི་དེ་བཞིན་གཤེགས་པའི་སྤྲུལ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་ལ་སོགས་པ་མཐའ་ཡས་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་རང་གི་གསང་བའི་ཡི་གེ་གསུམ་ལ་ཞུགས་པར་གྱུར་ཏོ། །ཡི་གེ་གསུམ་གང་ཞེ་ན། སྐུ་རྡོ་རྗེ་རྣམ་སྣང་དང༌། གསུང་རྡོ་རྗེ་འོད་དཔག་མེད་དང༌། ཐུགས་རྡོ་རྗེ་མི་བསྐྱོད་པའོ། །འདིས་ནི་རྒྱུད་བཤད་ཟིན་པའི་རྗེས་སུ་གླེང་གཞིའི་སྤྲུལ་པའི་འཁོར་ཐམས་ཅད་རིགས་གསུམ་དུ་བསྡུས་པར་བསྟན་ནོ། །བཞི་པ་ནི། ཁམས་གསུམ་པའི་ལུས་ངག་ཡིད་གསུམ་རྣམས་རྡོ་རྗེ་གསུམ་གྱི་ཆོས་ཉིད་དང་རོ་གཅིག་པར་རྟོགས་པར་བསྟན་པ་སྟེ། དེ་ལ་དང་པོ་ཁམས་གསུམ་གྱི་ལུས་སྐུ་རྡོ་རྗེ་དང་དབྱེར་མེད་པར་རྟོགས་པ་ནི། དེ་ནས་ཁམས་གསུམ་པའི་སེམས་ཅན་སྒོ་ང་ལས་སྐྱེས་པ་ལ་སོགས་པ་མཆོག་དང་འབྲིང་དང་ཐ་མའི་ཚོགས་ཀྱི་ལུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་དབྱེར་མེད་པར་གནས་སོ། །འོ་ན་རྟེན་དང་བརྟེན་པ་དོན་གཞན་གྱི་ཚུལ་དུ་ཡོད་དོ་སྙམ་ན། ཁམས་གསུམ་པའི་ལུས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང༌། རྫོགས་པ་དང་མ་རྫོགས་པའི་སྐུ་མཉམ་པ་ཉིད་དུ་གནས་པར་རྟོགས་པ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །ཁམས་གསུམ་གྱི་ངག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་དཔག་མེད་དང་དབྱེར་མེད་དུ་གནས་སོ། །དེ་ཡང་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་པ་མིན་གྱི། ཁམས་གསུམ་པའི་ངག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་འོད་དཔག་མེད་མཉམ་པ་ཉིད་དུ་རྟོགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཁམས་གསུམ་པའི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་ན་རྡོ་རྗེའི་ཐུགས་དང་དབྱེར་མེད་དུ་གནས་སོ། །ཡང་ཁམས་གསུམ་པའི་ཡིད་དང་དེ་བཞིན་གཤེགས་པའི་ཐུགས་མི་བསྐྱོད་པ་མཉམ་པ་ཉིད་དུ་རྟོགས་ནས་ཅང་མི་གསུང་བར་གྱུར་ཏོ། །ལྔ་པ་གཏད་པའི་རྒྱུད་ཉེ་བར་བསྡུ་བ་ནི། འདི་སྐད་བདག་གིས་ཐོས་ཞེས་པ་ལ་སོགས་པས་རྒྱུད་ཀྱི་དོན་བརྒྱན་བདུན་གྱིས་བཤད་པའི་ཚུལ་ཐོས་ཤིང་ཁོང་དུ་ཆུད་ནས། རིམ་པ་གཉིས་ཀྱི་མན་ངག་སྦྱིན་པ་སྔོན་དུ་འགྲོ་བས་ཉན་པ་པོ་རྣམས་ལ་བཤད་པའི་དོན་ཡོངས་སུ་རྫོགས་པས། རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་བསྩལ་ཏོ། །ཞེས་སྡུད་པ་པོས་བསྟན་ནོ། །གསུམ་པ་ལེའུའི་མཚན་དོན་ནི། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རིགས་ལྔ་དང༌། སྡོམ་པ་རིགས་ལྔ་དང༌། དེ་ཉིད་གཉིས་སུ་མེད་ཅིང་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེ། དེས་བྱིན་གྱིས་བརླབས་པའི་རྒྱལ་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་མཚན་གྱི་རྣམ་གྲངས་ནི། དང་པོའི་སངས་རྒྱས་དང༌། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང༌། ཡེ་ཤེས་ཀྱི་སྐུ་དང༌། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན། དུས་གསུམ་གྱི་བདག་ཉིད་ཅན། སྐུ་གསུམ་གྱི་བདག་ཉིད་ཅན། ཐེག་པ་གསུམ་གྱི་བདག་ཉིད་ཅན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། བདེན་པ་གཉིས་ཀྱི་བདག་ཉིད་ཅན། ཞེས་སོགས་དེ་བཞིན་གཤེགས་པ་དྲུག་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་པ་དེ་སྟོན་པའི་གཞུང་གི་ཚོགས་ནི། སྔར་ལེའུ་དང་པོར་བསྟན་པ་བཞིན་དུ་འཁོར་བའི་ཉེ་བར་འཚེ་བ་ལས་སྐྱོབ་པས་གོས་དང་འདྲ་བའི་ཕྱིར་ལེའུ་ཞེས་བྱ་སྟེ། བཅུ་བདུན་པའི་རྣམ་བཤད་དོ།། །།རྒྱུད་ཀྱི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །ཚིག་དོན་སྔར་བསྟན་ཟིན་ཏོ།། ༈ །རྒྱུད་འདི་འཛིན་ཅིང་སྟོན་པར་བྱེད་པ་མ་འོངས་པ་ན་སུ་ཞིག་འབྱུང༌། ཞེ་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང༌། ཇི་སྲིད་འཇིག་རྟེན་དུ་དམ་པའི་ཆོས་གནས་པ་དེ་སྲིད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དོན་བླ་མ་བརྒྱུད་པའི་མན་ངག་ལ་བརྟེན་ནས། རིམ་པ་གཉིས་ཀྱི་དོན་རྟོགས་ཏེ་ཚེ་འདི་ལ་སངས་རྒྱས་ཉིད་དུ་འགྱུར་བའི་མན་ངག སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བརྩམས་ཏེ། གཏེར་གྱི་ཁ་བྱང་དང་འདྲ་བར། སློབ་དཔོན་རྣམས་ལ་བརྒྱུད་པའི་རིམ་གྱིས་གསང་བ་འདུས་པའི་མན་ངག་གདུལ་བྱའི་རྒྱུད་ལ་རིམ་པ་བཞིན་དུ་འཇུག་གོ །སློབ་དཔོན་ཀླུ་སྒྲུབ་རྒྱུད་ལ་འཁྲུལ་པ་མེད་པར་ཅིས་ཤེས་ཤེ་ན། དེ་ལ་གཉིས་ཏེ། བདེ་བར་གཤེགས་པས་ལུང་བསྟན་པ་དང༌། རང་ཉིད་ཀྱིས་ཡེ་ཤེས་བརྙེས་པའོ། །དང་པོ་ནི། ལངྐར་གཤེགས་པ་ལས། རྟོག་གེ་རྣམས་ཀྱི་ཡུལ་མིན་པ། །སོ་སོ་རང་རིག་ཡེ་ཤེས་ནི། །ཕྱི་མའི་དུས་སུ་གྱུར་པ་ན། །མགོན་པོ་སུ་ཞིག་འཛིན་འགྱུར་གསུངས། །བདེ་གཤེགས་མྱ་ངན་འདས་པའི་འོག །དུས་དག་འདས་ནས་འབྱུང་བ་ནི། །གང་ཞིག་བསྟན་པ་འཛིན་འགྱུར་ཏེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔའ་ལྡན་ཆེར་གྲགས་པ། །དེའི་མིང་ཡང་ཀླུ་སྒྲུབ་ཏེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ངའི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་སོ། །གཉིས་པ་ནི། རང་ཉིད་ཀྱིས་རིམ་པ་གཉིས་ཀྱི་དོན་མངོན་སུམ་དུ་བྱས་ཤིང༌། རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་དུ་བསྟན་ནས། ལྷ་དང་མིའི་བདེ་བ་དང༌། མུ་སྟེགས་དང༌། ཉན་རང་གི་ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་བདེ་བ་ལས་འདས་ནས། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་སྟོབས་དང༌། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པ་རབ་ཏུ་བརྙེས་ནས། བདེ་བ་ཅན་དུ་གཤེགས་ཏེ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་པས། རྒྱུད་ཀྱི་དོན་ལ་ཚད་མར་གྲུབ་པ་ཡིན་ནོ། །དཔལ་ལྡན་ཡོན་ཏན་དམ་པའི་ཁྱོན་ཡངས་ཤིང༌། །ས་གསུམ་ཁྱོན་དུ་གྲགས་པའི་འོད་རིས་ཅན། །ཚོགས་གཉིས་རོལ་པའི་པད་མཚོར་མཛེས་པའི་དཔལ། །ཟག་མེད་དགའ་བདེའི་དཔལ་ལ་རྣམ་རོལ་བ། །རྡོ་རྗེ་འཆང་དབང་མཁྱེན་པའི་ཁྱོན་ཡངས་སུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་སྤྲིན། །རྣམ་མང་རྒྱུད་སྡེའི་ཆུ་ཀླུང་འདུས་པའི་མཚོ། །རིམ་གཉིས་ཟབ་མོའི་རྒྱུ་སྐར་ཕྲེང་གཟུགས་ལྡན། །སྲིད་ཞིའི་ཕ་མཐའ་རྣམ་པར་བགྲོད་པའི་ལམ། །ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ། །ཟླ་ཟེར་རོལ་པའི་མཚོ་ལས་བདུད་རྩི་བཞིན། །ཟབ་ཅིང་རྒྱ་ཆེའི་རྦ་རླབས་རྣམ་པར་གཡོ། །ལེགས་བཤད?མཚོ་སྐྱེས་གསར་པའི་མདངས་བཀྲ་ཞིང༌། །འཕགས་པ་ཀླུ་དབང་རྣམ་པར་རོལ་པའི་གནས། །ངག་གི་དབང་ཕྱུག་གསུང་རབ་ཟླ་འོད་ཅན། །དཔལ་ལྡན་ཀླུ་དབང་ལས་རྙེད་ཟབ་མོའི་དོན། །རྣམ་འགྲེལ་ངག་གི་ཡོན་ཏན་གཞི་འོད་ལྡན། །དཔལ་ལྡན་ཟླ་བའི་གསུང་རབ་བདུད་རྩིའི་གཏེར། །རྨད་བྱུང་དོན་གྱི་སྙིང་པོའི་རོ་བརྒྱ་ལྡན། །གསུང་རབ་ཟབ་མོའི་ཟློས་གར་བསྒྱུར་བྱེད་པ། །རྣམ་དག་ལུང་དང་རིགས་པས་རྣམ་འབྱེད་ཅིང༌། །སྡེབ་སྦྱོར་འོད་ཀྱི་དྲྭ་བས་རྣམ་པར་མཛེས། །གདུལ་བྱའི་བློ་གྲོས་ཀུ་མུད་རྒྱས་པའི་གཉེན། །ལེགས་བཤད་ཉིན་མོར་བྱེད་པའི་འོད་སྟོང་ལྡན། །རྣམ་བཤད་འདི་ནི་སྔོན་མེད་ཉི་མ་ཡིན། །ཚུལ་འདི་མང་ཐ?ས་བློ་གྲོས་མིག་སྟོང་ལྡན། །སྒྲ་ཚད་ཟུང་གི་ངང་པའི་གཤོག་ཡངས་ཤིང༌། །གསུང་རབ་རྒྱ་མཚོའི་ཕ་རོལ་བགྲོད་གྱུར་པའི། །མགྲིན་པའི་ཆུ་འཛིན་གསར་པའི་ཕུང་པོ་ལས། །རྣམ་བཤད་དུས་ཀྱི་ཆར་རྒྱུན་མཐའ་ཡས་པ། །རྣམ་པར་སྤེལ་བའི་དགེ་ཚོགས་སྟོན་ཟླའི་འོད། །སྲིད་པའི་གདུང་བ་མ་ལུས་འཕྲོག་བྱེད་ཅིང༌། །ཟུང་འཇུག་ཏིང་འཛིན་ཆུ་གཏེར་རྣམ་རོལ་ཞིང༌། །སྐུ་བཞིའི་པདྨོ་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་དཔལ་གསང་བ་འདུས་པའི་རྣམ་བཤད་བྱིན་རླབས་ཀྱི་བདུད་རྩི་རྣམ་པར་རོལ་བའི་གཏེར་ཞེས་བྱ་བ་འདི་ནི་དཔལ་ལྡན་རྡོ་རྗེ་འཆང་གི་རྒྱུད་སྡེ་ཟབ་མོའི་ལེགས་བཤད་ཀྱི་བདུད་རྩིས་བློ་གྲོས་ཀྱི་དབང་པོ་རབ་ཏུ་རྒྱས་པ། ཆག་ལོ་ཙཱ་བའི་རྣམ་བཤད་མ་ལུས་པའི་དོན་དང༌། དཔལ་ལྡན་ས་སྐྱ་པའི་མན་ངག་གི་དོན་ཉེ་བར་བསྡུས་ནས། ལུང་དང་རིགས་པའི་ངག་གིས་བཤད་པ་འདི་ནི། ལེགས་བཤད་བཀའ་པོད་བཞི་དང༌། གསང་བ་འདུས་པ་ལ་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པ་སྨྱ་ལ་ཏེ་རའི་མཁན་པོ་རྣམ་མཁའ་དཔལ་འབྱོར་གྱིས་བསྐུལ་བའི་ངོར། མཁན་ཆེན་སྐྱབས་མཆོག་དཔལ་བཟང་པོ་དང༌། བླ་མ་ཉི་མ་རྒྱལ་མཚན་དཔལ་བཟང་པོ་གཉིས་ཀྱི་བཤད་པའི་མན་ངག་ལ་བརྟེན་ནས། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང༌། རྒྱུད་སྡེ་བཞིའི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་རོང་སྟོན་ཆེན་པོ་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་དཔའ་བཟང་པོས་བྱང་ཆུབ་གླིང་ནས་བཟུང་སྟེ། བྱམས་ཆེན་གླིང་དུ་རྫོགས་པར་སྦྱར་བའོ།། །།ཤུབྷཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*