དཔལ་གསང་བ་འདུས་པའི་རྣམ་བཤད། ཀ༽

༄༅། །དཔལ་གསང་བ་འདུས་པའི་རྣམ་བཤད་བྱིན་རླབས་ཀྱི་བདུད་རྩི་རྣམ་པར་རོལ་པའི་གཏེར་ཞེས་བྱ་བ་བཞུགས་སོ།

༈ །དཔལ་གསང་བ་འདུས་པའི་རྣམ་བཤད། བྱིན་རླབས་ཀྱི་བདུད་རྩི་རྣམ་པར་རོལ་པའི་གཏེར་ཞེས་བྱ་བ། ལྷག་པའི་ལྷ་བཅོམ་ལྡན་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་འབྱོར་པའི་དཔུང་ཚོགས་ཅན། །ཟག་མེད་བདུད་རྩིའི་རོ་བརྒྱ་ལྡན་པའི་དཔལ། །གཞན་དོན་བརྩེ་བའི་གར་གྱིས་རྣམ་རོལ་བ། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་རྒྱལ། །དཔལ་ལྡན་འདུས་པའི་རྒྱ་མཚོ་རྒྱུད་སྡེའི་ཀླུང༌། །བྱེ་བ་ཕྲག་བརྒྱ་ཀུན་ནས་འདུས་པའི་དོན། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་དབང་མཛད་པ། །དཔལ་ལྡན་འདུས་པའི་རྒྱ་མཚོ་རྒྱལ་གྱུར་ཅིག །ཚོགས་གཉིས་ཆུ་གཏེར་གཏིང་མཐའ་རབ་ཡངས་ལ། །རིམ་གཉིས་མཚོ་སྐྱེས་གསར་པའི་མདངས་བཀྲ་ཞིང༌། །སྟོང་ཉིད་སྙིང་རྗེའི་རྦ་རླབས་གཡོ་བའི་གར། །ཡོངས་སུ་སྒྱུར་མཛད་ཀླུ་སྒྲུབ་རྒྱལ་གྱུར་ཅིག །སྟོང་ཉིད་ཏིང་འཛིན་བརྟན་པའི་ཕ་རོལ་ཕྱིན། །ཡེ་ཤེས་ཉིན་མོར་བྱེད་པའི་འོད་སྟོང་འབར། །ཕ་རོལ་རྒོལ་བའི་དཔུང་ཚོགས་ཕམ་མཛད་པ། །འཕགས་པ་ལྷ་ཞེས་རྣམ་པར་གྲགས་པ་རྒྱལ། །རྒྱུད་སྡེའི་ཆུ་གཏེར་ཆེ་ལ་རྣམ་རོལ་ཞིང༌། །རིམ་གཉིས་རིན་ཆེན་འབར་བའི་གདེངས་ཀ་ཅན། ཤཱཀྱ་བཤེས་གཉེན་ཀླུ་ཡི་བྱང་ཆུབ་ཞབས། །དད་པའི་གཙུག་ན་རྣམ་པར་རྒྱལ་གྱུར་ཅིག །མཁྱེན་པའི་ཟླ་ཟེར་རྣམ་པར་རོལ་པའི་འོད། །འདུས་པའི་གསུང་རབ་ཀུ་མུད་རྒྱས་པའི་གཉེན། །སྲིད་པའི་གདུང་བ་འཕྲོག་བྱེད་མཚན་མོའི་མགོན། །དཔལ་ལྡན་ཟླ་བའི་ཞབས་པད་སྤྱི་བོས་མཆོད། །ཡིད་འོང་མཚན་དཔེའི་འཇའ་རིས་གཡོ་བའི་སྐུ། །གསུང་དབྱངས་མི་ཟད་ལྷ་ཡི་རྔ་བོ་ཆེ། །ཕྲིན་ལས་རྣམ་བཞི་འོད་སྟོང་འགྱེད་མཛད་པ། །དཀྱིལ་འཁོར་ལྷ་ཡིས་རྗེས་སུ་སྐྱོང་གྱུར་ཅིག །དཔལ་ལྡན་འདུས་པ་ཟབ་མོའི་ཆུ་གཏེར་ཆེ། །ལོག་རྟོག་དུག་ཆུས་ཀུན་ནས་སྦགས་གྱུར་པ། །རྣམ་པར་བསལ་ནས་རིམ་གཉིས་ཟབ་མོའི་དོན། །དྲི་མེད་རྣམ་བཤད་ངག་གིས་གསལ་བར་བྱ། །མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་དེད་དཔོན་ཐུབ་པའི་དབང་པོས། གདུལ་བྱ་ངེས་པར་ལེགས་པའི་ལམ་ལ་འགོད་པའི་དོན་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས། ཆགས་བྲལ་གྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་མཛད་དོ། །དེ་ནས་ཡང༌། གདུལ་བྱའི་སེམས་ཅན་ཉོན་མོངས་པའི་འཇུག་པ་ཤས་ཆེ་བས། འདོད་ཡོན་སྤོང་བར་མི་ནུས་པའི་གདུལ་བྱ་རྣམས་ཀྱི་དོན་དུ། འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ཏེ། འཁོར་ལོ་སྒྱུར་བའི་ཆ་བྱད་དུ་སྤྲུལ་ནས། ཨུ་རྒྱན་དང༌། ལྕང་ལོ་ཅན་ལ་སོགས་པའི་གནས་དུ་མར། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དུ། སྤྲུལ་པ་དང༌། དག་པའི་འཁོར་རྣམས་ལ། ཆགས་པ་བཞིའི་གཉེན་པོར་རྒྱུད་སྡེ་བཞིའི་རང་བཞིན་གྱི་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །མདོ་སྡེ་དང་རྒྱུད་སྡེ་དེ་དག་གི་རྩ་བ་ལྟ་བུར་གྱུར་པ་དཔལ་ལྡན་གསང་བ་འདུས་པའི་རྒྱུད་ལེའུ་བཅུ་བདུན་པ། བཤད་རྒྱུད་བཞི་ཡིས་དགོངས་པ་ལེགས་པར་བཀྲལ་བ། འགྲེལ་པ་སྒྲོན་མ་གསལ་བ་དང་བཅས་པ་ནི། འདིར་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་དོན་གསུམ་སྟེ། རྒྱུད་ལ་འཇུག་པའི་ཡན་ལག འཇུག་བྱ་རྒྱུད་ཀྱི་དོན་བསྟན་པ། བྱ་བ་མཐར་ཕྱིན་པའི་དོན་ནོ། །དང་པོ་ལ་བཞི། ཡུལ་དམ་པ་ལ་མཆོད་པར་བརྗོད་པ། བརྗོད་བྱ་རིམ་པ་ལྔར་བསྡུ་བ། རྗོད་བྱེད་རྒྱུད་ཀྱི་ཆེ་བ་བསྟན་པ། མཛེས་བྱེད་རྒྱན་བདུན་བཤད་པའོ། །དང་པོ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། མཆོད་བརྗོད་དངོས་སོ། །དང་པོ་ནི། བཤད་དོ་ཞེས་དྲང་ངོ༌། །གང་ན། རྣལ་འབྱོར་རྒྱུད་ནའོ། །གང་གིས་ན། ཟླ་བ་གྲགས་པས་སོ། །ཚུལ་ཇི་ལྟར་ན། ལེའུ་བཅུ་བདུན་གྱི་ཚིག་དོན་རིམ་པ་བཞིན་དུའོ། །རྒྱུད་སྡེའི་མིང་ཅི་ཡིན་ཞེ་ན། དཔལ་ལྡན་རྒྱུད་རྒྱལ་རྒྱལ་བའི་འདུས་པ་གང་ཡིན་ཞེས་པས་བསྟན་ཏེ། རྒྱལ་པོ་དང་འདྲ་བས་ན། རྒྱལ་པོའོ། །དེ་ལ་ཆོས་བཞི་ཡོད་དེ། རང་གི་དཔུང་ཚོགས་རྒྱས་པར་བྱེད་པ་དང༌། གཞན་གྱི་ཕྱོགས་འཇོམས་པར་བྱེད་པ་དང༌། འཁོར་གྱི་ནང་ན་མཛེས་པ་དང༌། སྐྱེ་བོ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་བཞིན་དུ། རྒྱུད་འདི་ཡང༌། སྨིན་གྲོལ་གཉིས་ཀྱིས་ཚོགས་གཉིས་རྒྱས་པར་བྱེད་པ་དང༌། སྒྲིབ་གཉིས་འཇོམས་པ་དང༌། རྒྱུད་ཐམས་ཅད་ཀྱི་དབུས་ན་མཛེས་པ་དང༌། རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིའི་རྩ་བ་ཡིན་པས་རྒྱུད་སྡེ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ། །རྒྱུད་ཀྱི་ཁྱད་པར་ནི་གསུམ་སྟེ། འཆད་བྱེད་ཀྱི་ཁྱད་པར་ནི། ཚིག་དོན་ཤིན་ཏུ་གསལ་བ་བཤད་རྒྱུད་བཞིས་རྣམ་པར་ཕྱེ་ཞིང་ལེགས་པར་བཤད་པའོ། །བརྗོད་བྱའི་ཁྱད་པར་ནི། རིམ་པ་གཉིས་ཏེ། དེ་གཉིས་ཀྱི་གནས་སུ་བསྟན་པའི་ཕྱིར་རོ། །ཚུལ་ཇི་ལྟར་བསྟན་ན། སངས་རྒྱས་ཀུན་གྱིས་རིམ་པ་གཉིས་ཀྱིས་རྒྱས་བཏབ་པའི་ཚུལ་གྱིས་སོ། །ཟབ་པའི་ཁྱད་པར་ནི། གང་ཟག་ལྔ་ལས། རྒྱལ་སྲས་རིན་པོ་ཆེ་ལྟ་བུ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ཏེ། མཐའ་དྲུག་གི་འཆིང་བས་བཅིངས་པས་རྟོགས་པར་དཀའ་བ་ཡིན་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱིས་ཇི་ལྟར་འཆད་པར་ནུས་ཤེ་ན། ཀླུ་སྒྲུབ་ལས་རྙེད་པའི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་དོན་སྟོན་ཅིང་རྣམ་པར་དབྱེ་བ་ཡིན་ནོ། །རྒྱུད་ནི་རྣམ་པ་གཉིས་ཏེ། བརྗོད་བྱ་དོན་གྱི་རྒྱུད་དང༌། རྗོད་བྱེད་སྒྲའི་རྒྱུད་དོ། །དང་པོ་ལ་ཡང་གསུམ་སྟེ། རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་དོ། །དང་པོ་ནི། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་སེམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པ་སྟེ། རྒྱུ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་རྒྱུའི་རྒྱུད་དོ། །རྒྱུ་ཡིན་ཏེ། ཉོན་མོངས་པ་དང་རྣམ་རྟོག་གིས་རྐྱེན་བྱས་པ་ལས་འཁོར་བའི་རྒྱུ་བྱེད་ལ། ལམ་གྱི་རྐྱེན་ལ་བརྟེན་ནས་མྱ་ངན་ལས་འདས་པའི་རྒྱུ་བྱེད་པའི་ཕྱིར་རོ། །རྒྱུད་ཅེས་ཀྱང་བྱ་སྟེ། འཁོར་བ་ཐོག་མ་མེད་པ་ནས་རིག་པ་སྔ་མ་ལ་བརྟེན་ནས་ཕྱི་མ་རྒྱུན་མི་འཆད་པའི་ཚུལ་དུ་འབྱུང་བའི་ཕྱིར་རོ། །ཐབས་ཀྱི་རྒྱུད་ནི། རྒྱུའི་རྒྱུད་ཀྱི་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་སྨིན་གྲོལ་གྱི་ལམ་སྟེ། ཐབས་ཀྱང་ཡིན་ལ་རྒྱུད་ཀྱང་ཡིན་པས་ཐབས་ཀྱི་རྒྱུད་དོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ལམ་ཉེ་བ་དང༌། ལམ་བདེ་བ་དང༌། འབྲས་བུ་ཕུལ་དུ་བྱུང་བ། ཐབས་མང་ཞིང་རྒྱ་ཆེ་བས་ན་ཐབས་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་གྲངས་མེད་གསུམ་གྱིས་སངས་རྒྱས་འགྲུབ་ལ་འདིར་བརྩོན་འགྲུས་ཅན་གྱིས་མཐོང་བའི་ཆོས་དང༌། ལེ་ལོ་ཅན་གྱིས་བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཕྱིར་རོ། །ལམ་བདེ་བ་ཡང་ཡིན་ཏེ། དཀའ་སྤྱད་ལ་ལྟོས་པ་མེད་པར། རང་བཞིན་ཡོངས་སུ་ཤེས་པའི་ཚུལ་གྱིས་འདོད་ཡོན་ལྔ་ལ་ཅི་བདེར་ལོངས་སྤྱོད་པའི་ཕྱིར་རོ། །འབྲས་བུ་སྒྲུབ་པའི་ཐབས་མང་བ་ཡང་ཡིན་ཏེ། བསྐྱེད་རིམ་དང༌། རྫོགས་རིམ་ལ་སོགས་པའི་སྒྲུབ་ཐབས་མང་བ་དང༌། གཞན་དོན་སྒྲུབ་པའི་ཐབས་ལས་ཚོགས་རབ་འབྱམས་ཡོད་པའི་ཕྱིར་དང༌། འབྲས་བུ་ཡང་ཁ་སྦྱོར་གྱི་ཡན་ལག་བདུན་ལྡན་ལ་སོགས་པ་འབྲས་བུ་མཆོག་ཏུ་གྱུར་པའི་ཕྱིར། ཡན་ལག་བདུན་ལྡན་ལས། ལོངས་སྤྱོད་རྫོགས་པ་ཙམ་ཡིན་པས། །དེ་དང་མཉམ་པ་དགག་པའི་ཕྱིར། །ཁ་སྦྱོར་ཡན་ལག་བཤད་པར་བྱ། །ཞེས་པ་ལྟར་རོ། །ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན། ལས་དང་པོ་པའི་ས་ནས་བཟུང་སྟེ་ཟུང་འཇུག་གི་བར་དུ་ལམ་སྔ་མ་ལ་བརྟེན་ནས་ཕྱི་མ་རྒྱུན་མི་འཆད་པའི་ཚུལ་དུ་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། ཟག་མེད་ཀྱི་བདེ་བས་ཁྱད་པར་དུ་བྱས་པའི་རིགས་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པ་ནི་འབྲས་བུའི་རྒྱུད་དེ། ཐབས་ཀྱི་རྒྱུད་ལས་བྱུང་བའི་འབྲས་བུ་ཡང་ཡིན་ལ། སྐུ་དང་ཡེ་ཤེས་ལ་བརྟེན་ནས་འཁོར་བ་ཇི་སྲིད་པར་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རྒྱུད་ཀྱང་ཡིན་ནོ། །རྗོད་བྱེད་སྒྲའི་རྒྱུད་ནི། རྒྱུད་གསུམ་པོ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཏེ། བརྗོད་བྱའི་མིང་གིས་རྗོད་བྱེད་ལ་བཏགས་པའོ། །གཉིས་པ་མཆོད་བརྗོད་དངོས་ལ། བྱ་བ་ཅི་ཞིག་བྱས་ནས་འཆད་ཅེ་ན། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་བཏུད་དེ། ཞེས་སྦྱར་རོ། །དཀྱིལ་འཁོར་པ་ཐམས་ཅད་འདི་ཡི་རྣམ་འཕྲུལ་ཡིན་པས་ཁྱབ་པ་དང༌། རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་བདག་པོ་དང༌། ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་དང༌། སྟོང་པ་ཉིད་ལ་རྡོ་རྗེ་དང༌། དེ་རྟོགས་པའི་ཡེ་ཤེས་ལ་སེམས་དཔའ་ཞེས་བྱ་སྟེ། རྡོ་རྗེ་འཆང་ངོ༌། །མཆོད་པར་བརྗོད་པ་བསྟན་ཟིན་ཏོ། །གཉིས་པ་རྒྱུད་ཀྱི་བརྗོད་བྱ་རིམ་པ་ལྔར་བསྡུ་བ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། རིམ་པ་གཉིས་ཀྱི་རྣམ་བཞག་སྤྱིར་བསྟན། སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཡང་སྦྱང་གཞི་ངོས་བཟུང་བ་དང༌། སྦྱང་གཞི་དང་ཆོས་མཐུན་སྦྱར་བ་དང༌། མི་མཐུན་ཕྱོགས་ཀྱི་དྲི་མ་བསྟན་པའོ། །དང་པོ་ནི། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་སྣོད་དང་བཅས་པ་ནི། བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། འཆི་བ་དོན་དམ་པའི་བདེན་པ་བར་དོ་དང་བཅས་པ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་ནོ། །དེ་སྐད་དུ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལས་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུམ་པ་ཡིན། །ཞེས་བཤད་པ་ལྟར་རོ། །གཉིས་པ་ལ་བཞི་སྟེ། སྦྱང་གཞི། སྦྱོང་བྱེད། དེ་དག་གི་ཆོས་མཐུན། སྦྱོང་ཚུལ་ལོ། །དེ་ལ་དང་པོ་བསྐྱེད་རིམ་གྱི་སྦྱང་གཞི་ལ། གཞལ་ཡས་ཁང་སྒོམ་པའི་སྦྱང་གཞི་ནི། སྣོད་སྔ་མ་སྟོངས་པ་ནས་བཟུང་སྟེ། གླིང་བཞི་རི་རབ་དང་བཅས་པའི་སྣོད་ཀྱི་འཇིག་རྟེན་ཆགས་པ་ནི། གཞལ་ཡས་ཁང་ཡེ་ཤེས་ཀྱི་ས་དང་བཅས་པའི་སྦྱང་གཞིའོ། །བཅུད་ཀྱི་སེམས་ཅན་ཆགས་པ་ནི་བརྟེན་པ་ལྟ་བསྒོམ་པའི་སྦྱང་གཞི་ཡིན་ནོ། །གཉིས་པ་སྦྱོང་བྱེད་ནི། ཡེ་ཤེས་ཀྱི་ས་བསྒོམ་པ་ནས་བཟུང་སྟེ། ལས་རྒྱལ་པོ་མཆོག་གི་བར་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་ཡིན་ནོ། །གསུམ་པ་ནི། བཙུན་མོ་ཅན་གྱིས། བསྲུང་འཁོར་གྱི་སྦྱང་གཞི་ཁོར་ཡུག་གི་རི་ཡིན་ཞེས་པ་མི་འཐད་དེ། ཏིང་ངེ་འཛིན་གྱི་དངོས་གཞི་དང་ཆོས་མཐུན་སྦྱར་བར་བྱ་བ་ཡིན་ལ། བསྲུང་འཁོར་ནི་ཏིང་ངེ་འཛིན་གྱི་བར་ཆད་བསྲུང་བའི་དོན་དུ་སྔོན་འགྲོ་ཙམ་ཡིན་པའི་ཕྱིར། ཡང་འགའ་ཞིག ཏིང་ངེ་འཛིན་གྱི་ཡན་ལག་ཙམ་ཡིན་པས་མ་སྦྱར་ཞེས། ཟེར་བ་ཡང་ནོར་པ་སྟེ། ཡེ་ཤེས་ཀྱི་ས་བསྒོམ་པ་སོགས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་པས་སྦྱང་གཞི་དང་སྦྱར་དུ་མེད་པར་འགྱུར་རོ། །ཇི་སྐད་བཤད་པའི་དོན་སྔ་མ་ལ་དགོངས་ནས། འཕགས་པ་ཡབ་སྲས་ཀྱིས་ཆོས་མཐུན་མ་སྦྱར་བར། ཡེ་ཤེས་ཀྱི་ས་བསྒོམ་པ་ནས་བཟུང་བ་ཡིན་ནོ། །དེ་ལ་ཡེ་ཤེས་ཀྱི་ས་བསྒོམ་པ་ནི། འཇིག་རྟེན་སྔ་མ་ཞིག་ནས་ཕྱི་མ་མ་ཆགས་ཀྱི་བར་གྱི་སྟོང་པ་དང་ཆོས་མཐུན། འབྱུང་བ་རིམ་བརྩེག་རྡོ་རྗེའི་ས་དང་བཅས་པ་ནི། རླུང་གི་དཀྱིལ་འཁོར་ནས་སའི་དཀྱིལ་འཁོར་ཆགས་པའི་བར་དང་ཆོས་མཐུན། གཞལ་ཡས་ཁང་གདན་དང་བཅས་པ་ནི། གླིང་གཞི་རི་རབ་དང་བཅས་པ་དང་ཆོས་མཐུན། ལྷག་མོས་ཀྱིས་ལྷ་ཅིག་ཆར་དུ་སྒོམ་པ་ནི། བསྐལ་པ་དང་པོའི་མི་རྫུས་ཏེ་སྐྱེ་བ་དང་ཆོས་མཐུན། གཙོ་བོའི་སྐུ་མདོག་ནག་པོ་ནི། བསྐལ་པ་དང་པོའི་མིས་ཁ་ཟས་རགས་པ་ཟོས་པས་ལུས་ཀྱི་འོད་ནུབ་པ་དང་ཆོས་མཐུན། འཁོར་རྣམས་ཁ་དོག་ཐ་དད་པ་ནི། ཁ་ཟས་མང་ཉུང་ཟོས་པའི་བྱེ་བྲག་ལས། ཁ་དོག་དང་དབྱིབས་ཐ་དད་པར་གྱུར་པ་དང་མཐུན་ནོ། །ཡབ་ཡུམ་ཞལ་སྦྱོར་ནི། ཕོ་མོའི་དབང་པོ་དོད་ནས་ཕན་ཚུན་རྗེས་སུ་ཆགས་པས་འཁྲིག་ལ་སྤྱོད་པ་དང་ཆོས་མཐུན། ལྷག་མོས་བསྡུས་ཏེ་དོན་དམ་པའི་དཀྱིལ་འཁོར་དུ་བཅུག་པ་དེ་བཞིན་ཉིད་ལ་བྱང་ཆུབ་པ་ནི། སེམས་ཅན་དེ་དག་དབང་པོ་འགགས་ནས་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་ནོ། །རྗེས་སུ་རྣལ་འབྱོར་གྱི་སྦྱང་གཞི་སྦྱར་ཚུལ་ལ། འགའ་ཞིག ཧཱུྃ་ལས་བྱུང་བའི་ཉི་མ་ནི། ཕའི་རྡོ་རྗེ་དང༌། ཨོཾ་ལས་བྱུང་བའི་ཟླ་བ་ནི། ཕ་མ་རྗེས་སུ་ཆགས་པ་དང༌། ཨ་ལས་བྱུང་བའི་པདྨ་ནི། མའི་པདྨ་དང༌། དེའི་སྟེང་གི་ཡི་གེ་འབྲུ་གསུམ་ནི། བར་དོའི་ལུས་ངག་ཡིད་གསུམ་དང༌། སྟེང་འོག་རྣམས་ཟླ་བ་ལ་ཞུགས་ཏེ། ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི། བར་དོའི་རྣམ་ཤེས་དང་ཁུ་ཁྲག་གསུམ་འདྲེས་ཏེ། ཡེ་ཤེས་ཀྱི་ས་ཐོབ་པ་དང་ཆོས་མཐུན། ཡིག་འབྲུ་ལས་བྱང་ཆུབ་པ་ནི། ནུར་ནུར་པོ་སོགས་ཡི་གེའི་དབྱིབས་སུ་གནས་པ་དང་ཆོས་མཐུན། ཕྱག་མཚན་ལས་བྱང་ཆུབ་པ་ནི། འཁྲང་འགྱུར་གྱི་གནས་སྐབས་ན་འཁོར་ལོ་སོགས་ཀྱི་དབྱིབས་སུ་གནས་པ་དང་ཆོས་མཐུན། སྐུ་རྫོགས་པ་བྱང་ཆུབ་པ་ནི། རྐང་ལག་འགྱུས་པ་སོགས་དང་ཆོས་མཐུན། དེ་ལས་རྡོ་རྗེ་མགོན་པོར་བསྒྱུར་བ་ནི། མངའ་ནས་བཙས་ནས་མིག་གི་སྤྱོད་ཡུལ་དུ་གྱུར་པ་དང་ཆོས་མཐུན། ཕུང་པོ་སོགས་ལ་ཡིག་འབྲུ་འགོད་པ་ནི། སྐྲ་སེན་སོགས་དོད་པ་དང་ཆོས་མཐུན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། མངལ་གྱི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟོབས་ལྡན་དུ་གྱུར་པ་དང་ཆོས་མཐུན། དམ་ཚིག་སེམས་དཔའ་ནི། མངལ་ནས་ཐོན་པ་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་ལུས་ཀྱི་ཁོག་སྟོང་ལས་རླུང་འབྱུང་བ་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི། རླུང་དང་ལྷན་ཅིག་པའི་རང་བྱུང་གི་སྒྲ་ཨ་ཐུང་དང་ཆོས་མཐུན་ཞེས་ཟེར་རོ། །གཞན་གྱི་འདོད་པ་བཀོད་ཟིན་ནས། དེ་དགག་པ་ནི། དང་པོའི་མགོན་པོ་བར་དོ་ལུས་དང་སྦྱར་བ་རྣམ་བཞག་རིམ་པ་ནས་གསུངས་པས་ན། ཕ་མ་ལས་བྱུང་བའི་ཆོས་མཐུན་མི་འཐད་དེ། བར་དོའི་རྫུས་སྐྱེས་ཡིན་པའི་ཕྱིར་རོ། །ཡིག་འབྲུ་ལས་བྱང་ཆུབ་པ་སོགས་ནི། དང་པོའི་མགོན་པོ་བསྐྱེད་པ་ལ་སྦྱར་བར་བྱ་བ་ཡིན་པས། ནུར་ནུར་པོ་སོགས་ལ་ཆོས་མཐུན་མི་འཐད་དོ། །སྐུ་རྫོགས་པ་རྐང་ལག་འགྱུས་པ་དང་མི་མཐུན་པ་དེ་ཉིད་ཀྱིས་བསྟན་ཏོ། །ཡིག་འབྲུ་འགོད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སེམས་དཔའ་གསུམ་གྱི་ཆོས་མཐུན་ཡང་མི་འཐད་དེ། རྡོ་རྗེ་མགོན་པོར་བསྒྱུར་བའི་དུས་སུ་ལུས་ངག་ཡིད་གསུམ་སྟོབས་ལྡན་དུ་གྲུབ་ཟིན་པའི་ཕྱིར་དང༌། དམ་ཚིག་སེམས་དཔའ་མངལ་ནས་བྱུང་བ་དང་ཆོས་མཐུན་དུ་སྦྱར་ན། རྡོ་རྗེ་མགོན་པོར་བསྒྱུར་བའི་དུས་སུ་མངལ་ནས་ཐོན་ཟིན་པ་དང་འགལ་བའི་ཕྱིར་དང༌། ཡིག་འབྲུ་འགོད་པ་དང༌། དབང་པོ་དོད་པ་སོགས་དང་ཆོས་མཐུན་ཡང་མི་འགྲིག་པའི་ཕྱིར་དང༌། རྣམ་བཞག་རིམ་པ་ལས། རྡོ་རྗེ་མགོན་པོར་བསྒྱུར་བ་ནས་བཟུང་ནས། ཆོས་མཐུན་བཤད་པ་རགས་པ་ཙམ་ཞིག་སྨོས་ཀྱི། འདི་ལྟ་བུའི་ཚུལ་མ་གསུངས་པས། རང་བཟོའི་ཉེས་པ་ཡོད་པའི་ཕྱིར་དང༌། ཇི་སྐད་བཤད་པའི་རིགས་པ་དང་འགལ་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། བསྐལ་པ་དང་པོའི་མིས་ཁ་ཟས་རགས་པ་ཟོས་པ་ལ་བརྟེན་ནས་ཕོ་མོའི་དབང་པོ་དོད་པའི་ཚུལ་དང་སྦྱར་བར་བྱ་སྟེ། ཧཱུྃ་ལས་བྱུང་བའི་ཉི་མ་ནི་ཕའི་རྡོ་རྗེ་དོད་པ་དང༌། ཨོཾ་ལས་བྱུང་བའི་ཟླ་བ་ནི་ཕ་མ་རྗེས་སུ་ཆགས་པ་དང༌། ཨ་ལས་བྱུང་བའི་པདྨ་ནི་མའི་པདྨ་དོད་པ་དང་སྦྱར་ཏེ། འདིས་ནི་བར་དོའི་རྣམ་ཤེས་གང་དུ་འཇུག་པའི་ཡུལ་གྱི་ཆོས་མཐུན་བསྟན་ནོ། །འཇུག་པ་པོའི་བར་དོའི་ཚུལ་བསྟན་པ་ནི། བསྐལ་པ་དང་པོའི་མི་ཤི་ནས་བར་དོ་གྲུབ་པའི་ཚུལ་ཏེ་ཟླ་བའི་སྟེང་གི་ཡི་གེ་འབྲུ་གསུམ་ནི། བར་དོ་འགྲུབ་པའི་ལུས་ངག་ཡིད་གསུམ་གྱི་སྔ་རོལ་གྱི་ས་བོན་མཚོན་ནོ། །དེ་དག་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི། བར་དོའི་སྔོན་རོལ་གྱི་ལུས་ངག་ཡིད་གསུམ་འོད་གསལ་དང་དབྱེར་མེད་དུ་འདྲེས་པ་དང་མཐུན་ནོ། །དེ་ནས་ཡི་གེ་གསུམ་ལས་ཕྱག་མཚན་ཡོངས་སུ་གྱུར་པ་ནི། སྔར་ལུས་ངག་ཡིད་གསུམ་འོད་གསལ་དུ་ཐིམ་པ་ལས་ལངས་ཏེ། ཡིད་མངོན་དུ་གྱུར་པ་དང་ཆོས་མཐུན་ཏེ། ཕྱག་མཚན་གྱིས་ནི་ཐུགས་མཚོན་པའི་ཕྱིར་རོ། །ཟླ་བའི་སྟེང་གི་འབྲུ་གསུམ་ནི། བར་དོའི་ངག་དང་ཆོས་མཐུན་ཏེ། ཡིག་འབྲུ་ནི་གསུང་མཚོན་བྱེད་ཡིན་པའི་ཕྱིར་རོ། །སྐུ་ཡོངས་སུ་རྫོགས་པ་ནི། བར་དོའི་ལུས་དང་ཆོས་མཐུན་ནོ། །དང་པོའི་མགོན་པོ་རྡོ་རྗེ་མགོན་པོར་བསྒྱུར་བ་ནི། མངལ་དུ་ཞུགས་ནས་སྐྱེས་པ་དང་ཆོས་མཐུན་ནོ། །ལུས་ལ་ཡིག་འབྲུ་འགོད་པ་ནི། ལུས་ལ་ཕུང་སོགས་ཀྱི་ས་བོན་ཡོད་པ་དང་ཆོས་མཐུན། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་ཀྱི་ལུས་ངག་ཡིད་གསུམ་གྱི་ས་བོན་ལས། ལུས་ངག་ཡིད་གསུམ་མངོན་དུ་གྱུར་པ་དང་ཆོས་མཐུན། སེམས་དཔའ་སུམ་རྩེག་ནི་ལུས་ངག་ཡིད་གསུམ་དང་པོར་མངོན་དུ་གྱུར་པ། དེ་ཉིད་གནས་པ་དང་ཆོས་མཐུན། ཞེས་བཤད་པར་ནུས་མོད་ཀྱི། ལུང་གིས་ཟིན་པའི་བཤད་པ་མེད་པས་རང་བཟོའི་ཉེས་པར་འགྱུར་གྱིས་དོགས་སོ། །གོང་དུ་ཇི་སྐད་བསྟན་པ་ལྟར་བཤད་ན། དེ་བཞིན་ཉིད་ལས་བྱང་ཆུབ་པ་ཆོས་ཀྱི་སྐུ་དང༌། དང་པོའི་མགོན་པོ་བར་དོ་ལོངས་སྐུ་དང༌། རྡོ་རྗེ་མགོན་པོར་བསྒྱུར་བ་ནི་སྐྱེ་བ་སྤྲུལ་སྐུ་དང་ཆོས་མཐུན་པར་སྦྱར་ཏེ། རྣམ་བཞག་རིམ་པ་དང་མཐུན་ནོ། །རང་བཟོས་ཞིབ་དུ་སྦྱར་བ་ནི་མི་འགྲིག་གོ །གལ་ཏེ་ཞིབ་ཏུ་མ་སྦྱར་ན་གཞན་རྣམས་ཀྱིས་སོ་སོའི་ཆོས་མཐུན་མི་རྙེད་པར་འགྱུར་རོ་ཞེ་ན། རགས་པ་ཙམ་སྦྱར་བ་ཡིན་གྱི་ནུར་ནུར་དང༌། མེར་མེར་སོགས་སོ་སོའི་ཆོས་མཐུན་ནི་མི་རྙེད་པའི་ཕྱིར་ན་མ་ཡིན་ནོ། །གཞན་དུ་ན། བརྟེན་པ་ལྷའི་རྣལ་འབྱོར་དང༌། སེམས་ཅན་གྱི་སྐྱེ་བ་སྦྱང་གཞི་དང་སྦྱོང་བྱེད་དུ་བཤད་པས་ན། ལྷ་ལ་ཞལ་གསུམ་ཕྱག་དྲུག་དང༌། ཕྱག་མཚན་དྲུག་དྲུག་ཡོད་པ་ལྟར་ཆོས་མཐུན་བཙལ་དགོས་ན་རྙེད་པ་ཡང་མ་ཡིན་ནོ། །ཕྱག་རྒྱ་འདུ་བྱེད་པ་ནི། རིགས་ཀྱི་བུ་མོ་བག་མར་ལེན་པ་དང་ཆོས་མཐུན། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་འཇུག་པ་ནི། ཕན་ཚུན་ཆགས་ཏེ་འཁྲིག་པ་སྤྱོད་པ་དང་ཆོས་མཐུན། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི་བུ་དང་བུ་མོ་སོགས་བསྐྱེད་པ་དང་ཆོས་མཐུན། སེམས་སྦྱང་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ནི་བུ་དང་བུ་མོ་སོགས་དེ་དག་གིས་རིག་པའི་གནས་བསླབས་ཏེ་དོན་སྒྲུབ་པ་དང་ཆོས་མཐུན། སྔགས་བཟླས་ཤིང་ལྷ་མཆོད་པ་ལ་སོགས་པས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པ་ནི། བུ་དང་བུ་མོ་སོགས་པ་དེ་དག་གིས་རྒྱལ་པོ་མཉེས་པར་བྱས་ཏེ། བྱ་དགའ་ཐོབ་པ་དང་ཆོས་མཐུན། གཙོ་བོ་དོན་དམ་དུ་ཞུགས་ཏེ་ལྷ་མོའི་གླུས་བསྐུལ་བ་ནི། དེ་དག་ཤི་བས་ཉེ་དུ་རྣམས་ཀྱིས་མྱ་ངན་བྱེད་པ་དང་ཆོས་མཐུན། སླར་ཡང་བཞེངས་ཏེ་འདོད་ཡོན་ལ་སྤྱོད་པ་ནི། སྐྱེ་བ་གཞན་དུ་ལུས་བླངས་ཏེ། འདོད་ཡོན་ལ་སྤྱོད་པ་དང་ཆོས་མཐུན་ནོ། །སློབ་དཔོན་ཀླུ་བྱང་གིས། རྣམ་བཞག་རིམ་པར་རགས་པ་ཙམ་སྦྱར་བ་ཉིད་འཐད་ཀྱི། དེ་ལས་རྗེས་སུ་དཔགས་ནས་རང་བཟོས་ཞིབ་པར་སྦྱར་བ་ནི་མི་འགྲིག་གོ །རྒྱུད་གཞན་ལས། བསྐྱེད་རིམ་གྱིས་སྐྱེ་གནས་བཞི་ཀ་སྦྱོང་བར་བཞེད་ལ། འདིར་འཕགས་པ་ཡབ་སྲས་ཀྱིས། མི་ལ་བསྐལ་པ་དང་པོའི་མི་རྫུས་སྐྱེས་དང༌། ད་ལྟ་མངལ་སྐྱེས་གཉིས་གཙོ་ཆེ་བས། མིའི་སྐྱེ་གནས་སྦྱོང་བའི་དོན་དུ་གསུངས་པར་བཞེད་དོ། །ཞེས་འགའ་ཞིག་གསུང་ཡང༌། མངོན་པ་ནས་མི་ལ་སྐྱེ་གནས་བཞི་ཀ་ཡོད་པར་བཤད་ཅིང༌། འདིར་ཡང་བཞི་ཀའི་སྦྱོང་བྱེད་ཡོད་པར་གསལ་ཏེ། ལྷག་མོས་ཀྱིས་རྫུས་སྐྱེས་དང༌། དཀྱིལ་འཁོར་རྒྱལ་མཆོག་གིས་མངལ་སྐྱེས་དང༌། དང་པོའི་མགོན་པོ་བསྐྱེད་པའི་སྐབས་སུ། ཉི་ཟླ་གཅིག་ཏུ་གྱུར་པ་སོགས་ལས་བསྐྱེད་པ་སྒོང་སྐྱེས་དང༌། ལུས་དཀྱིལ་སོགས་ས་བོན་ཙམ་ལས་བསྐྱེད་པ་དྲོད་གཤེར་སྐྱེས་སྦྱོང་བ་ཡང་ཡོད་པས་སོ། །ལུས་དབེན་གྱི་སྦྱང་གཞི་ནི། ཕུང་པོ་ལྔ་ལྔར་རིགས་ལྔ་ལྔར་ཕྱེ་བ་སོགས་རིགས་བརྒྱར་རྣམ་པར་ཕྱེ་བ་སྟེ། འདི་ནི་བསྐྱེད་རིམ་མཐར་ཕྱིན་པའོ། །སྦྱོར་བ་ཡན་ལག་དྲུག་གི་སྐབས་སུ་ལུས་དབེན་བཤད་པ་ནི། རྫོགས་རིམ་གྱི་སྦྱོར་བར་བཤད་པ་ཡིན་ནོ། །བཞི་པ་ཇི་ལྟར་སྦྱོང་བའི་ཚུལ་ནི། སྣོད་བཅུད་ཀྱི་དངོས་པོ་ཐ་མལ་པའི་རྟོག་པས་ཞེན་པ་རྣམས། དག་པ་ལྷའི་གནས་དང༌། ལུས་དང་ལོངས་སྤྱོད་དུ་སྣང་བ་བསྒྱུར་བའི་ཚུལ་གྱིས་སྦྱོང་སྟེ། སྣོད་ཐ་མལ་དུ་ཞེན་པ་ནི། གཞལ་ཡས་ཁང་གི་སྣང་བར་བསྒྱུར་བའི་ཚུལ་གྱིས་སྦྱོང་ལ། བཅུད་ཐ་མལ་དུ་ཞེན་པ་ནི་ལྷའི་སྣང་བར་ཡོངས་སུ་བསྒྱུར་བའི་ཚུལ་གྱིས་སྦྱོང་ངོ༌། །སྐྱེ་བ་ཀུན་རྫོབ་བདེན་པའི་སྦྱང་གཞི་དང༌། སྦྱོང་བྱེད་བསྟན་ཟིན་ཏོ། །འཆི་བ་དོན་དམ་པ་རྫོགས་རིམ་གྱི་སྦྱང་གཞི་བསྟན་པ་ནི། སྦྱང་གཞི། སྦྱོང་བྱེད། གཉིས་པོ་ཕན་ཚུན་སྦྱར་བ་དང༌། ཇི་ལྟར་སྦྱོང་བའི་ཚུལ་དང་བཞིའོ། །དང་པོ་ནི། འཆི་བའི་ཚེ་འབྱུང་བ་རིམ་གྱིས་འགགས་པ་ནས་བཟུང་སྟེ། བར་དོར་ཡིད་ཀྱི་ལུས་གྲུབ་པའི་བར་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་ནོ། །གཉིས་པ་སྦྱོང་བྱེད་ནི། རྡོར་བཟླས་ནས། ཟུང་འཇུག་གི་བར་གྱི་ཏིང་ངེ་འཛིན་ཡིན་ནོ། །ལུས་དབེན་ནི། བསྐྱེད་རིམ་མཐར་ཕྱིན་པའི་གནས་སྐབས་དང༌། རྫོགས་རིམ་གྱི་སྔོན་འགྲོ་ཡིན་པས་གཉིས་ཀའི་གནས་སྐབས་སུ་བཤད་ཀྱང༌། ཆག་ལོཙྪ་བས། བསྐྱེད་རིམ་དངོས་ཡིན་པར་འདོད་པ་ལེགས་ཏེ། ཀླུ་སྒྲུབ་ཀྱིས། སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་ལ་ནི་སློབ། །ཞེས་གསུངས་པས་སོ། །གསུམ་པ་ནི། འཆི་བའི་ཚེ། ས་ཆུ་ལ། ཆུ་མེ་ལ། མེ་རླུང་ལ་ཐིམ་པའི་བར། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རགས་པ་འགགས་པ་ནི། ལུས་ཡོངས་སུ་རྫོགས་པ་ཡིན་ལ། རླུང་རྣམ་ཤེས་ལ་ཐིམ་པ་ནི། ངག་རྫོགས་པ་དང༌། རྣམ་ཤེས་འོད་གསལ་ལ་ཐིམ་པ་ནི་ཡིད་རྫོགས་པ་ཡིན་པས། རྫོགས་རིམ་གྱི་སྦྱང་གཞི་དངོས་ཡིན་ནོ། །འདི་ལ་དགོངས་ནས་འཆི་བ་དོན་དམ་རྫོགས་རིམ་གྱི་སྦྱང་གཞིར་བཤད་པ་ཡིན་ནོ། །འདི་ནི་འགགས་པའི་ཆ་ནས་རྫོགས་པར་བཤད་པ་ཡིན་ནོ། །སྒྱུ་ལུས་ཀྱི་སྦྱང་གཞི་ནི། རྒྱལ་བུ་སྤྲིན་གྱི་ཤུགས་ཅན་བར་དོ་ལ་འདོད་ཅིང༌། ཆག་ལོས་ཀྱང་བཞེད་དོ། །ཟུང་འཇུག་གི་སྦྱང་གཞི་ནི་ཐམས་ཅད་དེ། ཐམས་ཅད་བདེན་གཉིས་ཟུང་འཇུག་གི་ཚུལ་དུ་ཡོད་པའི་ཕྱིར་རོ། །སྒྱུ་ལུས་ཀྱི་སྦྱང་གཞི་བཙུན་མོ་ཅན་རྨི་ལམ་ལ་འདོད། མངོན་ཤེས་ཅན་ལུས་ལེན་ཁའི་ཤེས་པ་ལ་འདོད། ནག་པོ་ཞབས། སྒྱུ་ལུས་ལ་སྦྱང་གཞི་ལོགས་པ་མེད་པར་འདོད་པ་རྣམས་ལས། རྒྱལ་བུ་སྤྲིན་གྱི་ཤུགས་ཅན་དང༌། བཙུན་མོ་ཅན་གྱིས་བར་དོ་དང་རྨི་ལམ་གྱི་ལུས་ལ་འདོད་པ་ཉིད་ལེགས་མོད་ཀྱི་གཞན་གཉིས་མི་འཐད་དེ། ཤེས་པ་སྒྱུ་ལུས་ཀྱི་སྦྱང་གཞི་མ་ཡིན་པའི་ཕྱིར་དང༌། སྦྱང་གཞི་ལོགས་པ་ཡང་རྙེད་པའི་ཕྱིར་རོ། །འོད་གསལ་གྱི་སྦྱང་གཞི་ནི། འཆི་བ་འོད་གསལ་ལོ། །དོན་ཉེ་བར་བསྡུ་བ་ནི། ངག་དབེན་གྱི་ནི། རླུང་རྣམ་ཤེས་ལ་ཐིམ་པས་བསྟན་ལ། སེམས་དབེན་གྱི་ནི་སྣང་གསུམ་རིམ་གྱིས་འོད་གསལ་ལ་ཐིམ་པའི་བར་ཡིན་ནོ། །འཆི་བ་འོད་གསལ་ནི། འོད་གསལ་གྱི་ཏིང་ངེ་འཛིན་གྱི་སྦྱང་གཞི་ཡིན་ནོ། །སྒྱུ་ལུས་ཀྱི་ནི་གཉིས་ཏེ། བར་དོའི་ལུས་དང༌། རྨི་ལམ་གྱི་ཡིད་ལུས་སོ། །ཟུང་འཇུག་གི་ནི་ཐམས་ཅད་ལ་གནས་ཏེ། ཐམས་ཅད་ཀྱང་བདེན་གཉིས་ཟུང་འཇུག་གི་ཚུལ་དུ་ཡོད་པའི་ཕྱིར་རོ། །འདི་ནི་འབྱུང་བ་ཐིམ་པ་ནས་བར་དོ་གྲུབ་པའི་བར་གྱི་སྦྱང་གཞི་སྦྱར་ཚུལ་ཡིན་ལ། ད་ལྟར་གྱི་གནས་སྐབས་ལ་སྦྱར་བའི་ཚུལ་ནི། ལུས་དངོས་པོ་བརྒྱར་གནས་པ་ནི་ལུས་དབེན་གྱི་སྦྱང་གཞི་སྟེ། བསྐྱེད་རིམ་གྱི་སྦྱང་གཞིར་བསྡུའོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིག་འབྲུ་གསུམ་དང་ཐ་མི་དད་དུ་འབྱུང་བ་ནི། ངག་དབེན་གྱི་སྦྱང་གཞི། སེམས་གསུམ་རང་བཞིན་བརྒྱད་ཅུ་དང་བཅས་པ་ནི། སེམས་དབེན་གྱི་སྦྱང་གཞི་དང༌། རྨི་ལམ་གྱི་རླུང་སེམས་ལས་གྲུབ་པའི་ལུས་ནི། སྒྱུ་ལུས་ཀྱི་སྦྱང་གཞི་དང༌། འབྱུང་བ་འགག་པ་ནས་སེམས་གསུམ་འོད་གསལ་ལ་ཐིམ་པའི་བར་ནི་འོད་གསལ་གྱི་སྦྱང་གཞི་དང༌། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། བར་དོའི་ལུས་གྲུབ་པ་ནི། ཟུང་འཇུག་གི་སྦྱང་གཞི་ཡིན་ནོ། །ཞེས་རྔོག་བཞེད་དོ། །དེ་ལྟར་ན་ད་ལྟར་གྱི་གནས་སྐབས་ནས་བར་དོའི་བར་དུ་སྦྱར་ཚུལ་དང༌། འབྱུང་བ་ཐིམ་པ་ནས་བར་དོའི་བར་དུ་སྦྱར་ཚུལ་གཉིས་ཡོད་དོ། །འོ་ན། བསྐྱེད་རིམ་དང༌། ལུས་དབེན་གྱི་སྦྱང་གཞི་གཅིག་ཏུ་འགྱུར་རོ་ཞེ་ན། ལུས་དབེན་གྱི་སྦྱང་གཞི་ཉིད་བསྐྱེད་རིམ་གྱི་སྦྱང་གཞིའི་བྱེ་བྲག་ཡིན་པས་ཉེས་པ་མེད་དོ། །བསྐྱེད་རིམ་ཡང་གཉིས་ཏེ་རགས་པ་དང༌། ཕྲ་བའོ། །དང་པོས་ནི་ཐ་མལ་གྱི་རྣམ་རྟོག་རགས་པ་སྤོང་ལ། ཐ་མས་ནི་ཕྲ་བ་སྤོང་ངོ༌། །གལ་ཏེ་འཆི་བ་སྟོང་ཉིད་དང༌། བར་དོ་གཉིས་བསྐྱེད་རིམ་གྱི་སྦྱང་གཞིར་བཤད་པ་དང༌། རྫོགས་རིམ་གྱི་སྦྱང་གཞིར་བཤད་པ་གཉིས་འགལ་ལོ་ཞེ་ན། བསྐལ་པ་དང་པོའི་མི་རྫུས་སྐྱེས་ཤི་ནས་མངལ་དུ་འཇུག་པའི་འཆི་བ་འོད་གསལ་དང༌། བར་དོ་ནི་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། མངལ་ཁ་བརྒྱུད་པའི་འཆི་བ་འོད་གསལ་དང༌། བར་དོ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་པས་མི་འགལ་ལོ། །འདི་ལ་ཤེས་བྱེད་ཅི་ཡོད་ཅེ་ན། ལུང་དཔང་པོར་གྱུར་པ་ཡིན་ནོ། །སྦྱང་གཞི་དང་སྦྱོང་བྱེད་དུ་སྦྱར་བ་བསྟན་ཟིན་ཏོ།། ༈ །བཞི་པ་ཇི་ལྟར་སྦྱོང་བའི་ཚུལ་ནི། དབེན་པ་རྣམ་པ་གསུམ་གྱིས་ནི། སྤང་བྱ་མངོན་འགྱུར་མགོ་གནོན་པའི་ཚུལ་གྱིས་སྦྱོང་ལ། སྒྱུ་ལུས་འོད་གསལ་དང་བཅས་པས་ནི། སྤང་བྱའི་ས་བོན་སྤོང་བའི་ཚུལ་གྱིས་སྦྱོང་ངོ༌། །སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་རྒྱས་པར་བསྟན་ཟིན་ཏོ། །གསུམ་པ་མི་མཐུན་ཕྱོགས་ཀྱི་དྲི་མ་བསྟན་པ་ནི་གཉིས་ཏེ། སྣོད་བཅུད་ཐ་མལ་གྱི་རྣམ་རྟོག་དང༌། གཟུང་འཛིན་བྱ་བྱེད་ཀྱི་རྣམ་རྟོག་གོ །དང་པོ་ལ་ཡང་དྲི་མ་རགས་པ་ནི། རགས་པའི་བསྐྱེད་རིམ་གྱིས་སྤོང་ལ། ཕྲ་བ་ནི་ལུས་དབེན་གྱིས་སྤོང་ངོ༌། །གཟུང་འཛིན་བྱ་བྱེད་ཀྱི་རྟོག་པ་ལའང་གསུམ་སྟེ། རགས་པ་དང༌། ཕྲ་བ་དང༌། བག་ལ་ཉལ་ཤིན་ཏུ་ཕྲ་བའོ། །དང་པོ་ནི། མཚན་བཅས་དང་འབྲེལ་བའི་རྫོགས་རིམ་དབེན་པ་རྣམ་པ་གཉིས་ཀྱིས་སྤོང་ལ། གཉིས་པ་ནི་སྒྱུ་ལུས་དང་འོད་གསལ་གཉིས་ཀྱིས་སྤོང་ངོ༌། །ཐ་མ་ནི་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་སྤོངས་སོ། །བསྐྱེད་རྫོགས་གཉིས་ཀྱི་རྣམ་བཞག་སྤྱིར་བཤད་པ་བསྟན་ཟིན་ཏོ། །གཉིས་པ་བསྐྱེད་རྫོགས་སོ་སོར་བཤད་པ་ལ་གཉིས་ཏེ། བསྐྱེད་རིམ་བཤད་པ་དང༌། རྫོགས་རིམ་བཤད་པའོ། །དང་པོ་ལ། འགའ་ཞིག བསྐྱེད་རིམ་མཚན་ཉིད་པ་དང༌། བཏགས་པ་བ་གཉིས་སུ་ཕྱེ་ནས། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་སྣོད་བཅུད་ཀྱིས་བསྡུས་པ་ནི། བསྐྱེད་རིམ་གྱི་སྒྲ་དངོས་སུ་འཇུག་པའི་གཞི་བསྐྱེད་རིམ་མཚན་ཉིད་པ་ཡིན་ལ། དབྱེ་བ་ནི་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་ནོ། །ཅིའི་ཕྱིར་དེ་དག་ལ་བསྐྱེད་རིམ་ཞེས་བྱ་ཞེ་ན། སྣོད་ཀྱི་འཇིག་རྟེན་ནི་འབྱུང་བ་ཆེན་པོ་བཞིས་བསྐྱེད་ཅིང༌། དེ་དག་རིམ་གྱིས་ཆགས་པ་ལས་འགྲུབ་པའི་ཕྱིར་དང༌། བཅུད་ཀྱི་སེམས་ཅན་ནི་འབྱུང་བ་ལྔས་བསྐྱེད་ཅིང༌། གནས་སྐབས་ལྔའམ་ཡན་ལག་དང་ཉིང་ལག་རིམ་གྱིས་གྲུབ་པའི་ཕྱིར་རིམ་པའོ། །ཞེས་འདོད་དོ། །འོ་ན་རྫུས་སྐྱེས་ཀྱི་སེམས་ཅན་ལ་བསྐྱེད་རིམ་གྱི་དོན་མེད་པར་ཐལ། ཡན་ལག་དང་ཉིང་ལག་རིམ་གྱིས་འགྲུབ་པ་མ་ཡིན་པའི་ཕྱིར་དང༌། གནས་སྐབས་རིམ་གྱིས་འགྲུབ་པ་མ་ཡིན་པའི་ཕྱིར་རོ། །འདོད་ན། དམིགས་བསལ་མེད་པར། བཅུད་ཀྱི་སེམས་ཅན་བསྐྱེད་རིམ་མཚན་ཉིད་པར་འདོད་པ་འགལ་ཞིང༌། ལྷག་མོས་ཀྱི་སྦྱང་གཞི་བསྐྱེད་རིམ་མཚན་ཉིད་པ་མ་ཡིན་པར་འདོད་དགོས་སོ། །བསྐལ་པ་དང་པོའི་མི་ཤི་འཕོས་པའི་བར་དོའི་ལུས་ལ་ཡང་བསྐྱེད་རིམ་གྱི་དོན་མེད་པས། བསྐྱེད་རིམ་མཚན་ཉིད་པ་མ་ཡིན་པར་འདོད་དགོས་ལ། དེ་ལྟ་ན་སྦྱང་གཞི་ཉིད་བསྐྱེད་རིམ་མཚན་ཉིད་པར་འདོད་པ་འགལ་ལོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བསྐྱེད་རིམ་མཚན་ཉིད་པ་ཡོད་པའི་རིགས་པས། རྫོགས་རིམ་ཡང་མཚན་ཉིད་པ་ཁས་ལེན་དགོས་པས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བསྐྱེད་རྫོགས་རང་ཆས་སུ་ཡོད་པར་འགྱུར་རོ། །དེ་ལྟར་ན་སྨིན་གྲོལ་གྱི་ལམ་འབད་མེད་དུ་ཐོབ་པས་འབད་མེད་དུ་གྲོལ་བར་འགྱུར་ཞིང༌། སེམས་ཅན་ཐམས་ཅད་ལ་སྟོབས་བཅུ་རང་ཆས་སུ་ཡོད་པ་དང་ཚུལ་མཚུངས་སོ། །འདི་ལ་ལུང་གི་ཤེས་བྱེད་མེད་ཅིང༌། རིགས་པ་དང་འགལ་བས་རང་བཟོ་ཁོ་ནའོ། །རང་ལུགས་བཤད་པ་ནི། སྦྱང་གཞི་ནི། སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་གཉིས་སོ། །སྦྱོང་བྱེད་ནི་བསྐྱེད་རིམ་སྟེ། སྣོད་ཀྱི་འཇིག་རྟེན་ཆགས་པའི་རིམ་པ་དང༌། བཅུད་ཀྱི་སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་སྒོམ་པའི་ཕྱིར། སེམས་ཅན་སྐྱེ་བའི་རིམ་པ་ཡང་སྤྱིར་སྐྱེ་བ་འགྲུབ་པའི་རིམ་པ་ལ་སྦྱར་བར་བྱ་བ་ཡིན་གྱི། ཡན་ལག་དང་ཉིང་ལག་སོགས་རིམ་གྱིས་འགྲུབ་པ་ལ་འདོད་ན། སྦྱང་གཞི་རྒྱ་ཆུང་བར་ཐལ་བའི་སྐྱོན་ཡོད་དོ། །བསྐྱེད་རིམ་གྱི་ཏིང་ངེ་འཛིན་བཤད་པ་ལ་གསུམ་སྟེ། གང་གིས་སྒྲུབ་པ་གང་ཟག་གི་མཚན་ཉིད། གང་དུ་བསྒྲུབ་པ་གནས་ཀྱི་མཚན་ཉིད། གང་བསྒྲུབ་པ་རྣལ་འབྱོར་གྱི་རིམ་པའོ། །དང་པོ་ན།ི དབང་བསྐུར་བས་རྒྱུད་སྨིན་པར་བྱས་ཤིང༌། སྔགས་ཀྱི་དམ་ཚིག་དང་སྡོམ་པ་འཛིན་པའོ། །གཉིས་པ་ནི། རྩ་རྒྱུད་དུ། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །ཞེས་སོ། །གསུམ་པ་ལ་གཉིས་ཏེ། སྔོན་འགྲོ་བསྲུང་བའི་འཁོར་ལོ་དང༌། དངོས་གཞིའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། གནས་བསྲུང་བ་དང༌། བདག་བསྲུང་བའོ། །གནས་བསྲུང་བ་ལ་ཡང་ཕྱོགས་མཚམས་བཅིང་བ་དང༌། རྭ་བ་དང་དྲྭ་བས་བསྲུང་བའོ། །དང་པོ་ལ་ཡང་གསུམ་སྟེ། ཁྲོ་བོ་དང༌། ཕུར་བུ་དང༌། མེས་བསྲུང་བའོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་གསུམ་སྟེ། ངོ་བོ་ངོས་བཟུང་བ་དང༌། ངེས་ཚིག་བཤད་པ་དང༌། དབྱེ་བ་བསྟན་པའོ། །དང་པོ་ལ་བསྐྱེད་རིམ་གྱི་ངོ་བོ་ནི། ལྷ་བསྐྱེད་པའི་ཆོ་གའི་རིམ་གྱིས་སྔགས་ཀྱི་སྐུ་བསྐྱེད་པའི་སྒོ་ནས། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། ཅིའི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་ཞེ་ན། བསྐྱེད་པ་ནི་ལྷ་ཡིན་ལ། དེ་བསྐྱེད་པའི་ཆོ་གའི་རིམ་པའི་སྒོ་ནས་བསྐྱེད་པའི་རིམ་པ་ཞེས་འགའ་ཞིག་གསུང༌། ས་སྐྱ་པ་ལྟར་ན། བསྐྱེད་རྫོགས་ཀྱི་ཐ་སྙད་ནི་རྣལ་འབྱོར་ཆེན་པོའི་དབང་དུ་བྱས་པ་ཡིན་པས། སྦྱང་གཞི་སྲིད་པ་སྐྱེ་བའི་རིམ་པ་ལྟར་སྒོམ་པའི་ཕྱིར། བསྐྱེད་རིམ་ཞེས་བྱའོ་ཞེས་གསུང་ངོ༌། །གསུམ་པ་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ལ་གཉིས་ཏེ། དྲན་པ་གཅིག་པ་དང༌། རྟོག་པའི་རྣལ་འབྱོར་རོ། །དབྱེ་བ་སོ་སོའི་དོན་ལ། དང་པོ་དྲན་པ་གཅིག་པའི་རྣལ་འབྱོར་ལ་དོན་བདུན་ཏེ། ངོ་བོ་དང༌། ངེས་ཚིག་དང༌། བསླབ་ཚུལ་དང༌། དགོས་པ་དང༌། རབ་ཏུ་དབྱེ་བ་དང༌། མཐར་ཕྱིན་པའི་ཚད་དང༌། ཐུན་མཚམས་ཀྱི་བྱ་བའོ། །ངོ་བོ་ནི། ལྷའི་དམིགས་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། གཅིག་ཏུ་ལྷའི་རྣམ་པ་དྲན་པའི་ཕྱིར། དྲན་པ་གཅིག་པ་ཞེས་བྱའོ། །གསུམ་པ་བསླབ་ཚུལ་ལ་གཉིས་ཏེ། ཐོག་མར་ལྷ་རེ་རེ་ལ་རྣམ་པ་གཏོད་པ་དང༌། ཕྱིས་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པའོ། །དགོས་པ་ནི་བཞི་སྟེ། ཐ་མལ་པའི་ལུས་ལ་མངོན་པར་ཞེན་པ་དགག་པ་དང༌། བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་བསགས་པ་དང༌། ཐོབ་བྱའི་འབྲས་བུ་སངས་རྒྱས་དང་རྗེས་སུ་མཐུན་པར་ལུས་བྱིན་གྱིས་རློབ་པ་དང༌། གཙོ་བོར་ལུས་ཀྱི་དྲི་མ་སྦྱོང་བའོ། །དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་དབྱེ་ན་གཉིས་ཏེ། དཔའ་བོ་གཅིག་པ་དང༌། དཀྱིལ་འཁོར་འཁོར་ལོ་བསྒོམ་པའོ། །དང་པོ་ནི། གང་ཟག་བློ་ཆུང་བ་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བས་བསྒོམ་པ་སྟེ། དབང་པོ་རབ་རྣལ་འབྱོར་བཞིས་བསྒོམ་པ་དང༌། འབྲིང་མངོན་བྱང་ལྔས་བསྒོམ་པ་དང༌། ཐ་མ་རྡོ་རྗེ་བཞིས་བསྒོམ་པ་དང་གསུམ་མོ། །དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་གཉིས་ཏེ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་གོ །དང་པོ་སྦྱོར་བ་ལ་ལྔ་སྟེ། རྟེན་གཞི་སྒྲུབ་པའི་ཏིང་ངེ་འཛིན་དང༌། བརྟེན་པ་ལྷའི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་འདུ་བྱ་བའི་ཏིང་ངེ་འཛིན་དང༌། མཁའ་གསང་བྱིན་རླབས་སྔོན་དུ་འགྲོ་བའི་རྗེས་ཆགས་ཀྱི་སྦྱོར་བ་དང༌། ལས་ལ་གནས་པའི་མཆོད་པའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། སའི་ཆ་བསྐྱེད་པ་དང༌། གཞལ་ཡས་ཁང་བསྐྱེད་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ཏེ། ལྷག་མོས་བསྐྱེད་པ་དང༌། རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པའོ། །གཙོ་བོ་བསྐྱེད་པ་བཞི་སྟེ། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །དང་པོ་ལ་གཉིས་ཏེ། དེ་བཞིན་ཉིད་ལས་བྱང་ཆུབ་པ་དང༌། ཟླ་བ་ལས་བྱང་ཆུབ་པའོ། །རྗེས་སུ་རྣལ་འབྱོར་ལ་གསུམ་སྟེ། ཡིག་འབྲུ་དང༌། ཕྱག་མཚན་དང༌། སྐུ་རྫོགས་པ་བྱང་ཆུབ་པའོ། །ཤིན་ཏུ་རྣལ་འབྱོར་ལ་གཉིས་ཏེ། སྤྲུལ་སྐུར་བསྒྱུར་བ་དང༌། ས་བོན་བཀོད་པའོ། །རྣལ་འབྱོར་ཆེན་པོ་ལ་གཉིས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སེམས་དཔའ་སུམ་རྩེག་ཏུ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། སོ་སོར་བྱིན་གྱིས་བརླབ་པ་དང༌། ཐུན་མོང་དུ་བྱིན་གྱིས་བརླབ་པའོ། །ཕྱག་རྒྱ་འདུ་བྱ་བ་ལ་གཉིས་ཏེ། ཕོ་ཉའི་ལམ་པས་ལས་རྒྱ་དང༌། རྣལ་འབྱོར་གྱི་ལམ་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འདུ་བྱ་བའོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ལ་ལྔ་སྟེ། དེ་བཞིན་གཤེགས་པ་ལྔ་དང༌། རིགས་ཀྱི་ཡུམ་བཞི་དང༌། མཆོད་པའི་ལྷ་མོ་ལྔ་དང༌། བྱང་ཆུབ་སེམས་དཔའ་བརྒྱད་དང༌། ཁྲོ་བོ་བཅུ་བསྐྱེད་པའི་ཆོ་གའོ། །དེ་རེ་རེ་ལ་ཡང༌། བསྐྱེད་པ། སྤྲོ་བ། བསྡུ་བ། འགོད་པ་དང་བཞི་བཞིའོ། །དྲན་པ་གཅིག་ལ་མཐར་ཕྱིན་པའི་ཚད་ནི། ལྷའི་རྣམ་པ་ཆེས་ཤིན་ཏུ་གསལ་བ་དང༌། རྐྱེན་གྱིས་མི་བསྒུལ་བ་དང༌། རང་གི་ངང་གིས་འབྱུང་བའོ། །བདུན་པ་ཐུན་མཚམས་ཀྱི་བྱ་བ་ནི་བདུན་ཏེ། གཙོ་བོ་དོན་དམ་དུ་གཞུག་པ་དང༌། ལྷ་མོས་དབྱངས་ཀྱིས་བསྐུལ་བ་དང༌། དེའི་ངོར་བཞེངས་པ་དང༌། ཕྱི་ནང་གསང་གསུམ་གྱི་མཆོད་པ་དང༌། སླར་ཡང་དཀྱིལ་འཁོར་བསྡུ་བ་དང༌། ལྷའི་ང་རྒྱལ་གྱིས་གནས་པའོ། །གཉིས་པ་རྟོག་པའི་རྣལ་འབྱོར་ནི་འོག་ཏུ་འཆད་དོ། །བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ། །གཉིས་པ་རྫོགས་པའི་རིམ་པ་བཤད་པ་ལ་གཉིས་ཏེ། སྦྱང་གཞིའི་མཚན་ཉིད་དང༌། སྦྱོང་བྱེད་རྫོགས་རིམ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ངོ་བོ། དབྱེ་བ། ངེས་ཚིག་གོ །དང་པོ་ནི། འབྱུང་བཞི་ཐིམ་པ་ནས་འོད་གསལ་གྱི་བར་དང༌། བར་དོའི་ལུས་སོ། །འགའ་ཞིག་འོད་གསལ་དང་བར་དོ་གཉིས་ཁོ་ན་ལ་སྦྱང་གཞིར་བཟུང་ནས། རྟོག་པའི་རྣལ་འབྱོར་རྫོགས་རིམ་དུ་བསྡུས་ཏེ། འབྱུང་བ་ཐིམ་པ་རྫོགས་རིམ་གྱི་སྦྱོར་བར་གཏོགས་པ་ལུས་དབེན་གྱི་སྦྱང་གཞི་དང༌། རླུང་རྣམ་ཤེས་ལ་ཐིམ་པ་ངག་དབེན་གྱི་སྦྱང་གཞི་དང༌། སྣང་གསུམ་འོད་གསལ་ལ་ཐིམ་པ་སེམས་དབེན་གྱི་སྦྱང་གཞིར་འདོད་པ་ནང་འགལ་བ་ཡིན་ནོ། །བར་དོའི་ལུས་རླུང་སེམས་ཙམ་ལས་གྲུབ་པས། ཡན་ལག་ཉིང་ལག་རིམ་གྱིས་གྲུབ་པ་མ་ཡིན་པས་ཅིག་ཆར་རྫོགས་པའི་ཕྱིར། རྫོགས་པ་ཞེས་བར་དེ་ཁོ་ན་ལ་རྫོགས་པའི་སྒྲ་དོན་འཆད་པ་ཡང་མི་འཐད་དེ། འབྱུང་བ་ཐིམ་པ་སོགས་ལ་རྫོགས་པའི་སྒྲ་དོན་མེད་པས། རྫོགས་རིམ་གྱི་སྦྱང་གཞི་མིན་པར་ཐལ་བའི་ཕྱིར་རོ། །དེས་ན་རྫོགས་པའི་སྒྲ་དོན་གསུམ་ལ་འཇུག་སྟེ། ལུས་ངག་ཡིད་གསུམ་རིམ་བཞིན་དུ་ཐིམ་པའི་འགྲོས་ལ་རྫོགས་པར་བཤད་པ་ནི། འགགས་པ་ལ་རྫོགས་པར་བཤད་པ་སྟེ། ཚེ་འགགས་པ་ལ་ཚེ་རྫོགས་ཞེས་བཤད་པ་ལྟ་བུའོ། །ཆ་ཤས་ཅིག་ཆར་དུ་གྲུབ་པ་ལ་རྫོགས་ཞེས་བཤད་པ་ནི། རྫོགས་པའི་སྒྲ་དོན་གཉིས་པ་སྟེ། རྩལ་རྫོགས་པར་གྲུབ་ཞེས་བཤད་པ་གཅིག་ཆར་རྫོགས་པ་ལ་རྫོགས་པའི་སྒྲས་བརྗོད་པའོ། །མཐར་ཐུག་པ་ལ་རྫོགས་པའི་སྒྲ་བརྗོད་པ་ནི། སྐྱེས་བུ་རྩལ་རྫོགས་ཞེས་བརྗོད་པ་ལྟ་བུའོ། །དེ་ལ་འབྱུང་བ་ཐིམ་པའི་རིམ་པ་དང༌། སྣང་བ་གསུམ་ཐིམ་པའི་རིམ་པ་ནི། དང་པོའི་དབང་དུ་བྱས་ལ། བར་དོའི་ལུས་ནི་གཉིས་པའི་དབང་དུ་བྱས་སོ། །ཟུང་འཇུག་ནི་གསུམ་པའི་དབང་དུ་བྱས་པའོ། །དབྱེ་བ་ནི་བཞི་སྟེ། ཕུང་པོ་འགགས་པས་བསྡུས་པ་དང༌། འཆི་བས་བསྡུས་པ་དང༌། བར་དོས་བསྡུས་པ་དང༌། སྣང་སྟོང་ཟུང་འཇུག་གིས་བསྡུས་པའོ། །གསུམ་པ་ངེས་ཚིག་ནི། རིམ་གྱིས་འགགས་པ་ལ་འཇུག་པ་དང༌། ཆ་ཤས་རྫོགས་པ་ལ་འཇུག་པ་དང༌། ནུས་པ་མཐར་ཐུག་པ་ལ་འཇུག་པ་གསུམ་གྱིས་བསྟན་ཏོ། །སྦྱང་གཞི་བསྟན་ཟིན་ཏོ། །གཉིས་པ་སྦྱོང་བྱེད་རྫོགས་རིམ་བསྟན་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག དབྱེ་བ། གྲངས་ངེས། གོ་རིམ་མོ། །དང་པོ་ནི། འབྱུང་བ་དང་སེམས་སྣང་བ་གསུམ་འོད་གསལ་ལ་ཐིམ་ནས། སླར་ཡང་འོད་གསལ་ལས་རླུང་སེམས་ཙམ་ལ་སྐད་ཅིག་གིས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་འཇའ་ཚོན་ལྟ་བུ། འབད་རྩོལ་མེད་པར་སྔོན་གྱི་འཕེན་པའི་ཤུགས་ཀྱིས་འབྱུང་བ་ལ་བརྟེན་ནས། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། སྦྱང་གཞི་རྫོགས་པའི་སྒྲས་བསྟན་པ་སྦྱོང་བར་བྱེད་པའི་ཐབས་ཀྱི་རིམ་པ་དང་ལྡན་པའི་ཕྱིར། རྫོགས་རིམ་ཞེས་བྱའོ། །གསུམ་པ་དབྱེ་བ་ལ། ཀླུ་སྒྲུབ་ཀྱིས། རྒྱུད་ཀྱི་དོན་མ་ལུས་པ་སྡུད་པའི་དབང་དུ་བྱས་ནས་བསྐྱེད་པའི་རིམ་པ་སྟོན་པ་ལ། བསྡུས་རིམ་ལོགས་སུ་མཛད་ཅིང༌། རྫོགས་པའི་རིམ་པ་ལ་བཞིར་ཕྱེ་ནས་ལྔར་རྣམ་པར་བཞག་གོ །ཟླ་བ་གྲགས་པས་ཀྱང་དེ་དང་མཐུན་པར་མཛད་དོ། །གལ་ཏེ་རིམ་ལྔ་ལས། སེམས་དམིགས་བགྲངས་ནས་རྫོགས་རིམ་འབའ་ཞིག་ལ་རིམ་པ་ལྔར་མཛད་པ་མ་ཡིན་ནམ་ཞེ་ན། སེམས་དམིགས་ཀྱི་རིམ་པ་བསྟན་པ་ནི། ཤཱཀྱ་བཤེས་གཉེན་གྱིས། རིམ་པ་ལྔའི་དོན་འགྲེལ་དུ་མཛད་ཅིང༌། མིང་ཡང༌། བླ་ན་མེད་པའི་དགོངས་པའམ། རྣམ་པར་དག་པའི་རིམ་པ་ཞེས་བྱའོ། །དེར་སེམས་དམིགས་རྒྱས་པར་སྟོན་པ་ནི། རིམ་ལྔའི་སྦྱང་གཞིའི་གཙོ་བོ་ཡིན་པ་ལ་དགོངས་སོ། །ནག་པོ་དམ་ཚིག་རྡོ་རྗེས་ཀྱང༌། ཀླུ་སྒྲུབ་ལས་སྐྱེས་ཡོན་ཏན་མཚོ། །ཤཱཀྱ་བཤེས་གཉེན་ཞེས་བྱ་བས། །རིམ་པ་ལྔ་ཡི་བསྡུས་པའི་དོན། །སླར་ཡང་གཅིག་ཏུ་བྱས་ནས་བསྟན། །ཞེས་གསུངས་སོ། །འོ་ན་ཀླུ་སྒྲུབ་ཀྱིས། རྡོ་རྗེའི་བཟླས་པ་རྫོགས་རིམ་གྱི་རིམ་པ་དང་པོར་བཤད་ལ། ཟླ་བས་རྡོ་རྗེའི་བཟླས་པ་མ་སྨོས་པར། སེམས་དམིགས་རྫོགས་རིམ་གྱི་དང་པོར་བཤད་པ་གཉིས་མི་མཐུན་ནོ་ཞེ་ན། རྡོ་རྗེའི་བཟླས་པ་ནི། སེམས་དམིགས་ཐོབ་པའི་ཐབས་ཡིན་ལ། སེམས་དམིགས་ནི་ཐབས་ལས་བྱུང་བའོ། །རིམ་པ་ལྔའི་ཡ་གྱལ་དུ་བགྲང་བ་ནི། རྡོ་རྗེའི་བཟླས་པ་ཡིན་ཏེ། ལེའུ་དྲུག་པའི་སྒྲོན་གསལ་ལས། སེམས་ལ་དམིགས་པ་ནི་རིམ་པ་གཉིས་པས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའོ། །ཞེས་གསུངས་སོ། །འདིས་ནི་བསྐྱེད་པའི་རིམ་པ་ལ་དང་པོ་དང༌། རྡོ་རྗེའི་བཟླས་པ་ལ་གཉིས་པར་བྱས་ན། དེས་སེམས་དམིགས་ཇི་ལྟ་བ་བཞིན་ཤེས་ཞེས་བསྟན་པ་ཡིན་ནོ། །འོ་ན་ཟླ་བས། སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། སེམས་ལ་དམིགས་པའི་ཐབས་རྡོ་རྗེ་བཟླས་པ་ལ་རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་བཤད་པར་བྱ་བ་ཡིན་ཏེ། ལེའུ་དྲུག་པའི་འགྲེལ་པས་ཤེས་སོ། །ཆག་ལོའི་དགོངས་པ་བཞིན་བཤད་དེ་ལེགས་སོ། །གཞན་དག་གི་བཤད་པ་ནི། ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ཀླུ་སྒྲུབ་ཀྱིས་མཛད་པར་བགྲངས་པས་ཉེས་སོ། །ཨརྻ་དེ་བའི་དགོངས་པ་ཡང་ཀླུ་སྒྲུབ་དང་མཐུན་པ་ཡིན་ཏེ། མདོ་རྒྱུད་རྟོག་པ་བསྡུས་པར། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱའི་དེ་ཁོ་ན་ཉིད། བདག་གི་དེ་ཁོ་ན་ཉིད་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་དང༌། ཡོངས་སུ་དག་པ་ལྷའི་དེ་ཁོ་ན་ཉིད་དོ། །རིམ་པ་ལྔ་གསལ་བར་བྱ་བའི་ཕྱིར། མདོ་རྒྱུད་རྟོག་པ་བསྡུས་པ་བཤད་པར་བྱའོ། །ཞེས་གསུངས་པས་སོ། །དེ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་པས་ནི་བསྐྱེད་རིམ་དང༌། ཕྱག་རྒྱའི་དེ་ཁོ་ན་ཉིད་ནི་རྡོ་རྗེའི་བཟླས་པ་འབྲས་བུ་དང་བཅས་པ། བདག་གི་དེ་ཁོ་ན་ཉིད་ནི་སྒྱུ་ལུས། ཆོས་ཀྱི་དེ་ཁོ་ན་ཉིད་ནི་འོད་གསལ། ཡོངས་སུ་དག་པ་ལྷའི་དེ་ཁོ་ན་ཉིད་ནི་ཟུང་འཇུག་གོ །དེས་ན་ཨརྻ་དེ་བས་ལུས་དབེན་དང་དྲུག་ཏུ་འདོད་ཞེས་པའང་འཁྲུལ་ལོ། །སྐབས་འགའ་ཞིག་ཏུ་རྫོགས་རིམ་དུ་བཤད་པ་ནི། རྫོགས་རིམ་གྱི་སྦྱོར་བ་ལ་དགོངས་ཀྱི། རྫོགས་རིམ་གྱི་དངོས་གཞི་བཞི་ལས་མེད་དོ། །གལ་ཏེ་བསྐྱེད་རྫོགས་སྒོམ་པའི་སྐབས་སུ་ལྷའི་རྣམ་པ་སྒོམ་པ་འདྲ་ན། ཁྱད་པར་གང་གིས་འབྱེད་ཅེ་ན། བསྐྱེད་རིམ་གྱི་སྐབས་སུ་མོས་པ་ཡིད་བྱེད་ཙམ་ཡིན་ལ། རྫོགས་རིམ་གྱི་སྐབས་སུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས། འདི་ནི་ཁྱད་པར་རོ། །ལུས་དབེན་ནི། ལྷག་པར་མོས་པ་མཐར་ཕྱིན་པའི་གནས་སྐབས་ཡིན་པས། བསྐྱེད་རིམ་མཐར་ཕྱིན་པའོ་ཞེས་བཤད་པར་བྱའོ། །བཞི་པ་གྲངས་ངེས་ནི། སྤྱང་གཞི་ལུས་ངག་ཡིད་གསུམ་སོ་སོ་དང༌། ཆོས་ཉིད་དང༌། ཆོས་ཅན་དང༌། ཆོས་ཉིད་དབྱེར་མེད་པ་ལྔ་ལ་ལྟོས་ནས། སྦྱོང་བྱེད་རིམ་པ་ལྔ་སྟེ། ལུས་རགས་པའི་དྲི་མ་སྦྱོང་བའི་དོན་དུ་བསྐྱེད་རིམ། ངག་དང་སེམས་ཀྱི་དྲི་མ་སྦྱོང་བའི་དོན་དུ་རྡོ་རྗེའི་བཟླས་པ། ལུས་ཕྲ་བ་བར་དོ་དང་རྨི་ལམ་གྱི་ལུས་སྦྱོང་བའི་དོན་དུ་སྒྱུ་ལུས། ཆོས་ཉིད་ཀྱི་དྲི་མ་སྦྱོང་བའི་དོན་དུ་འོད་གསལ། བདེན་གཉིས་ཐ་དད་དུ་འཛིན་པ་དག་པའི་དོན་དུ་ཟུང་འཇུག་བསྟན་པའི་ཕྱིར་རོ། །ལྔ་ལས་ལྷག་པ་མི་དགོས་ཏེ། ཆོས་ཅན་ལུས་ངག་ཡིད་གསུམ་དང༌། ཆོས་ཉིད་བདེན་གཉིས་དབྱེར་མེད་ལས་མ་གཏོགས་པའི་སྦྱང་གཞི་གཞན་མེད་པའི་ཕྱིར་རོ། །འདི་ལྔས་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཡང་བསྟན་ཏེ། བསྐྱེད་རིམ་གྱིས་ཀྱང་བསྟན་ཅིང༌། རྫོགས་རིམ་གྱིས་ཀྱང་བསྟན་པའི་ཕྱིར་རོ། །དེ་ལ་བསྐྱེད་རིམ་གྱི་སྐབས་སུ། དེ་བཞིན་ཉིད་བྱང་ཆུབ་པ་བསྒོམ་པ་ནི་ཆོས་སྐུ་དང༌། གདན་པད་ཟླ་ནས། སྐུ་ཡོངས་སུ་རྫོགས་པའི་བར་གྱིས་ནི་ལོངས་སྐུ་དང༌། དེས་སེམས་ཅན་གྱི་དོན་བྱེད་པ་ནི་སྤྲུལ་པའི་སྐུ་སྟེ་སངས་རྒྱས་སོ། །ངག་གི་བཟླས་པ་ནི། དམ་ཆོས་སོ། །འཁོར་གྱི་ལྷ་རྣམས་ནི་དགེ་འདུན་ནོ། །རྫོགས་རིམ་ལ་ངག་དབེན་དང༌། སེམས་དབེན་དང༌། འོད་གསལ་གསུམ་ནི་ཆོས། སྒྱུ་ལུས་ནི་དགེ་འདུན། ཟུང་འཇུག་ནི་སངས་རྒྱས་སོ། །ལྔ་པ་གོ་རིམ་ནི། རྒྱུ་འབྲས་ཀྱི་གོ་རིམ་སྟེ། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ནི་སྔོན་དུ་སོང་བ་ལ་བརྟེན་ནས། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་འབྱུང་སྟེ། པི་ཝང་གི་ཁོག་པ་ལེགས་པར་སྦྱངས་པ་ལས་སྐད་སྙན་པ་འབྱུང་བ་བཞིན་ནོ། །ངག་རྣམ་པར་དབེན་པས་སེམས་ཀྱི་བཞོན་པ་རླུང་དབང་དུ་འདུས་པ་ལས། རླུང་ལ་ཞོན་པའི་སེམས་རྣམ་པར་དབེན་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་འབྱུང་སྟེ། དཔེར་ན་རྟའི་ཁ་ལོ་འབྱོངས་པའི་སྐྱེས་བུས་བགྲོད་བྱའི་གནས་སུ་ཕྱིན་གྱི་གཞན་གྱིས་མ་ཡིན་པ་བཞིན་ནོ། །སེམས་དབེན་གྱི་ཏིང་ངེ་འཛིན་ནི་མེད་ན་སྒྱུ་མའི་ཏིང་ངེ་འཛིན་མི་འབྱུང་སྟེ། སྒྱུ་མའི་ཏིང་ངེ་འཛིན་དེ་ནི། སེམས་དབང་དུ་འདུས་པ་ལས་འབྱུང་དགོས་པའི་ཕྱིར། སྒྱུ་ལུས་མངོན་སུམ་དུ་མ་བྱས་པར་འོད་གསལ་རྟོགས་པར་མི་ནུས་ཏེ། སྒྱུ་ལུས་རིལ་འཛིན་རྗེས་ཞིག་གི་བསམ་གཏན་གཉིས་ཀྱིས་བཤིག་ནས། འོད་གསལ་མངོན་དུ་བྱེད་དགོས་པའི་ཕྱིར། འོད་གསལ་མངོན་དུ་མ་བྱས་པར་ཟུང་འཇུག་རྟོགས་པ་མི་འབྱུང་སྟེ། བདེན་གཉིས་དབྱེར་མེད་དུ་རྟོགས་པ་ནི་འོད་གསལ་མངོན་དུ་བྱས་པ་ལ་རག་ལས་པའི་ཕྱིར་རོ། །འདི་ལ་རིམ་གྱིས་སློབ་དགོས་པ་ནི། མདོ་རྒྱུད་རྟོག་པ་བསྡུས་པར། མདའ་འཕེན་པ་ལ་སློབ་པའི་དཔེས་བསྟན་ནོ། །རིམ་ལྔ་ལས་ཀྱང༌། བསྐྱེད་པའི་རིམ་པ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་དོ། །རིམ་པ་ལྔའི་སྤྱིའི་དོན་བསྟན་ཟིན་ཏོ།། ༈ །གཉིས་པ་ཡན་ལག་གི་དོན་བཤད་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་བཤད་པ་དང༌། རྫོགས་པའི་རིམ་པ་བཤད་པའོ། །དང་པོ་ནི། སྔགས་ཀྱི་སྐུ་ནི་རབ་སྒྱུར་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །ཞེས་པས་བསྟན་ཏེ། སྔགས་ནི་ཡི་གེ་གསུམ་ཡིན་ལ། སྐུ་ནི་དེས་བསྐྱེད་པའི་ལྷའི་སྐུའོ། །རིམ་པ་ནི། སྐུ་དེ་རབ་ཏུ་སྒྲུབ་པར་བྱེད་པའི་ཏིང་ངེ་འཛིན་གསུམ་ལ་བརྗོད་དོ། །བསྐྱེད་རིམ་ནི་སྐས་ཀྱི་རིམ་པ་དང་པོ་ལྟར་རྫོགས་རིམ་གྱི་ཐོག་མར་བསྒོམ་པར་བྱ་བ་ཡིན་པས། རིམ་པ་དང་པོ་ཡིན་ནོ། །བསྐྱེད་རིམ་གྱི་མཐར་ཐུག་ལུས་དབེན་སྟོན་པ་ལ་བཞི་སྟེ། ངོ་བོ་ནི། དོན་དམ་པར་ལུས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱས་ནས། ཀུན་རྫོབ་ཏུ་ལུས་དངོས་པོ་བརྒྱར་ཕྱེ་སྟེ། དེ་བཞིན་གཤེགས་པ་བརྒྱར་ང་རྒྱལ་བྱེད་པ་སྟེ་རྒྱས་པའོ། །འབྲིང་དུ་དངོས་པོ་བརྒྱར་ཕུང་པོ་ལྔར་བསྡུས་ནས་རིགས་ལྔར་ཡིད་ལ་བྱེད་པའོ། །བསྡུས་པ་ལ་ལུས་ངག་ཡིད་གསུམ་དུ་བསྡུས་ནས། སྐུ་གསུང་ཐུགས་རྡོ་རྗེར་ཡིད་ལ་བྱེད་པའོ། །ཤིན་ཏུ་བསྡུས་པ་ཁམས་གསུམ་གསང་ཆེན་རིགས་གཅིག་ཏུ་ཡིད་ལ་བྱེད་པའོ། །སྔ་རབས་པ་དག གཟུགས་ཀྱི་ལུས་དབེན། རང་བཞིན་གྱི་ལུས་དབེན། རྣམ་པར་ཤེས་པའི་ལུས་དབེན། ཏིང་ངེ་འཛིན་གྱི་ལུས་དབེན་དང་བཞིར་བྱས་ནས། དང་པོ་ཉན་ཐོས་དང་ཐུན་མོང་བ། གཉིས་པ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བ། གསུམ་པ་སེམས་ཙམ་པ་དང་ཐུན་མོང་བ། བཞི་པ་སྔགས་ཀྱི་ཐུན་མོང་མ་ཡིན་པ་ཞེས་བཤད་པ་ནི་དོན་མེད་པའི་སྤྲོས་པ་ཡིན་པས་སྤང་བར་བྱའོ། །ངེས་ཚིག་ནི། ཐ་མལ་པའི་ལུས་སུ་རྟོག་པས་དབེན་པའི་ཕྱིར། ལུས་རྣམ་པར་དབེན་པ་ཞེས་བྱའོ། །མཐར་ཕྱིན་པའི་ཚད་ནི། ཁམས་གསུམ་ཐམས་ཅད་གསང་ཆེན་རིགས་གཅིག་ཏུ་ང་རྒྱལ་བརྟན་པར་གྱུར་པའོ། །ཕན་ཡོན་ནི། ཐ་མལ་པའི་རྣམ་པར་རྟོག་པ་སྤོང་བ་དང༌། ངག་དབེན་གྱི་སྣོད་དུ་འགྱུར་བ་དང༌། མཐར་ཐུག་གཟུགས་ཀྱི་སྐུ་འགྲུབ་པའོ། །བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ། །འདི་ནི་སྐས་ཀྱི་རིམ་པ་དང་པོ་ལྟར། རིམ་པ་ལྔའི་དང་པོ་ཡིན་ནོ། །གཉིས་པ་རྫོགས་རིམ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་གསུམ་སྟེ། སྦྱང་བར་བྱ་བའི་གཞི་དང༌། སྦྱོང་བྱེད་ཀྱི་ཐབས་དང༌། སྦྱང་བར་བྱས་པའི་འབྲས་བུའོ། །དང་པོ་ནི། དོན་དམ་པར་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་གཟུང་འཛིན་གཉིས་དང་བྲལ་བར་གནས་པའི་རིག་ཙམ། འཁོར་འདས་ཀྱི་ས་བོན་ཐམས་ཅད་ལྡན་པ། ཆུ་ལས་ཆུ་བུར་རམ། ནམ་མཁའ་ལས་སྤྲིན་བཞིན་འབྱུང་སྟེ། དེ་ལ་སངས་རྒྱས་ཀྱི་ཁམས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སོགས་ཀྱི་རྣམ་གྲངས་དུ་མ་མཛད་དོ། །དེ་ལས་བདག་དང་གཞན་དུ་རྟོག་པའི་ཤེས་པ་འབྱུང་ལ། དེ་ནས་རླུང་ལ་སོགས་པ་བཞི་དང༌། ཁམས་ལྔ་པོ་དང༌། དེ་ལས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་འབྱུང་ངོ༌། །དེ་སྐད་དུ་ཡང༌། རྡོ་རྗེ་ཕྲེང་བ་ལས། སའི་ཁམས་དང་ཆུ་ཉིད་དང༌། །དེ་བཞིན་མེ་དང་རླུང་དང་ནི། །རྣམ་པར་ཤེས་པ་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །ཞེས་བཤད་དོ། །དེ་ཡང་ཁམས་གསུམ་གང་དང་གང་ན་ཅི་འདྲ་བའི་ཕུང་པོ་ཡོད་པ་དེ་དང་དེ་ལ་ནི་རླུང་དང་སེམས་དབྱེར་མི་ཕྱེད་པའི་ཚུལ་དུ་གནས་སོ། །གཟུགས་མེད་དུ་འབྱུང་བཞི་འགག་པར་བཤད་པ་ནི་རླུང་རགས་པ་མེད་པ་ལ་དགོངས་སོ། །རྣམ་ཤེས་ལས་སྐྱེས་པའི་རླུང་དེ་ནི། ཕྱིས་སྲོག་འཛིན་གྱི་རླུང་དུ་འགྱུར་ཏེ། དེ་སྙིང་ལ་གནས་ནས། དབུགས་འབྱུང་རྔུབ་ལ་སོགས་པ་བེམ་པོའི་རླུང་རྣམས་དང༌། དབང་པོ་ལྔའི་རླུང་ལྔ་བསྐྱེད་ནས། རྣམ་ཤེས་ཀྱི་བཞོན་པ་བྱེད་ཅིང༌། འོད་གསལ་ཐོབ་པའི་ཚེ། ལས་རླུང་ཐམས་ཅད་དངོས་མེད་དུ་འགྱུར་རོ་ཞེས་བཤད་དོ། །རྡོ་རྗེ་བཟླས་པ་ལས། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔའི་བདག་ཉིད་བཅུ་ཡང་ཡིན། །ཞེས་བྱ་བ་དང༌། བླ་ན་མེད་པའི་དགོངས་པར། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །སེམས་དང་ཡང་དག་འདྲེས་གྱུར་ཏེ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་བཤད་དོ། །སྲོག་འཛིན་གྱིས་ཡེ་ཤེས་ཀྱི་གཞོན་པ་བྱས་ནས་དུས་གསུམ་གྱི་ཤེས་བྱ་ལ་འཇུག་སྟེ། སྡེ་སྣོད་གསུམ་གྱི་ཚུལ་ལས། གཅིག་ཏུ་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །གདུལ་བར་དཀར་བའི་སེམས་འདུལ་བྱེད། །ཞེས་བཤད་དོ། །ཕུག་ནི་སྙིང་གི་དབུས་སུ་ཤཱཀྱ་བཤེས་གཉེན་གྱིས་བཤད་དོ། །རྒྱུད་རྡོ་རྗེ་ཕྲེང་བ་ལས། སྙིང་ལ་ལྔ་ནི་ངེས་གནས་ཏེ། །རྒྱུད་ལྔར་རྣམ་པར་བྱུང་བ་ནི། །རྨི་ལམ་རླུང་དང་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །ཅེས་སོ། །གཉིད་ནང་དུ་སྲོག་རླུང་ཕྲ་མོ་གཡོས་པས་རྨི་ལམ་གྱི་དབང་ཤེས་ལྔ་འབྱུང་བར་བཤད་དོ། །རྨི་ལམ་གྱི་ཤེས་པ་རླུང་ལ་བརྟེན་ནས་ལུས་བོར་ཏེ། སྔོན་མཐོང་བ་དང་མ་མཐོང་བའི་ཡུལ་དུ་མར་ཡིད་ཀྱི་གཟུགས་ཀྱིས་འགྲོའོ། །འོ་ན་འཆི་བར་ཐལ་བར་འགྱུར་རོ་ཞེ་ན། ལས་ཀྱི་མཐུས་སླར་ཡང་ལུས་ལ་འཇུག་པར་འགྱུར་བས་ཉེས་པ་མེད་དོ། །འོ་ན་གང་གིས་འཆི་བར་འགྱུར་ཞེ་ན། ལས་དང་ཚེ་ཟད་པས་འཆི་བར་འགྱུར་རོ། །ཞེས་འགའ་ཞིག་འཆད། གནས་སྐབས་འགའ་ཞིག་ཏུ་སྔར་གྱི་བག་ཆགས་ཡོངས་སུ་སད་པའི་མཐུ་ལས་རྣམ་པར་ཤེས་པ་ལ་ཡུལ་སྣ་ཚོགས་ཀྱི་རྣམ་པ་ཤར་བས། ཡུལ་དེ་དང་དེར་ཕྱིན་པ་སྣང་བར་ཡང་འགྱུར་རོ། །རྣམ་ཤེས་ཚོགས་དྲུག་གི་རླུང་སྲོག་འཛིན་ལ་ཐིམ་ནས། ཚོགས་དྲུག་མེད་པའི་རྟོག་མེད་ནི་གཉིད་ཀྱི་འོད་གསལ་ཡིན་ལ། བརྒྱལ་བ་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་སོགས་ཀྱང་དེ་དང་འདྲའོ། །དོན་དེ་དག་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི། སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ཀྱི་རྩ་བ་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་ཉིད་འབྱུང་ངོ༌། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ། རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང༌། སྐྱེ་མཆེད་དྲུག་དང༌། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲེས་པའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་ལ་རབ་ཏུ་སྤྱོད་པ་ཡོངས་སུ་གསལ་བ་ཉམས་སུ་མྱོང་བར་འགྱུར་ཞིང༌། །སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། །དེ་ལས་འོད་གསལ་བ་ནི། གནས་པ་མེད་པ། འགག་པ་མེད་པ། སྐྱེ་བ་མེད་པ། དོན་དམ་པའི་བདེན་པ་ཡང་དག་པའི་མཐའ་སྟེ། དེ་ལས་འབྱུང་བའི་མུན་པའི་སྣང་བ་ནི་མ་རིག་པའོ། །ཞེས་བྱང་ཆུབ་སེམས་དཔའ་དྲུག་སྟོང་ལ་ལེགས་པར་གསུངས་སོ། །འཆི་འཕོ་བའི་ཚེ་ན། འཕགས་པ་ཀླུ་བློའི་ལས་ཀྱི་མཐའ་རྣམ་འབྱེད་ལས། སྔོན་ནི་ཇི་ལྟར་འོངས་པ་བཞིན། །རིམ་པ་འདི་ཡིས་ཐིམ་འགྱུར་ཏེ། །ཞེས་འབྱུང་བ་བཞིན། ས་ཆུ་དང༌། ཆུ་མེ་དང༌། མེ་རླུང་དང༌། རླུང་རྣམ་ཤེས་རྣམས་དང༌། རྣམ་ཤེས་འོད་གསལ་ལ་ཐིམ་ནས་རྣལ་འབྱོར་པས་དོན་སྤྱི་ཅུང་ཟད་ཅིག་རྟོགས་ཀྱང༌། ལས་དང་ཉོན་མོངས་པ་མ་དག་པས། དེ་གཉིས་ཀྱིས་སེམས་འོད་གསལ་ལས་བསྐུལ་ཏེ། བར་དོའི་ལུས་གྲིབ་མའི་གཟུགས་འདྲ་བ། གང་ལ་ཡང་མི་ཐོགས་པ་བླངས་ཏེ། སླར་ཡང་ཁམས་གསུམ་དང་སྐྱེ་གནས་བཞིར་སྐྱེ་བར་འགྱུར་རོ། །རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་དང་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང༌། སླར་ཡང་སྲོག་གི་རླུང་ཤར་ན། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་ལྡང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་དག་འཁོར་ལོ་བསྐོར་བ་འདྲ། །ཞེས་གསུངས་སོ། །དོན་དེ་དག་འཇམ་དཔལ་ཞལ་ལུང་ནས། འཕགས་པ་འཇམ་དཔལ་གྱིས། ཨ་བྷི་ཡཾ་རཾ་བཾ་ལཾ་ཧཱུྃ། ཞེས་ཡི་གེ་བདུན་གྱིས་བསྟན་ཏེ། ཨས་ཁམས་གཉིས་མེད་ཡེ་ཤེས་དང༌། བྷི་ཀལྤ་རྟོག་པ་དང༌། དེ་ནས་བཞི་འབྱུང་བཞི་དང༌། ཧཱུྃ་ཕུང་པོ་ལྔའོ། །བསྐལ་པ་འཇིག་པའི་ཚེ་ཡང༌། སེམས་ཅན་ཐམས་ཅད་ཀྱི་ཁམས་གཉིས་མེད་དེ། མི་ཤིགས་པའི་ཐིག་ལེ་ཕྲ་མོ་གནས་པ་ཅིས་ཀྱང་མི་ཤིགས་པ་ལས། སྣོད་བཅུད་ཐམས་ཅད་འབྱུང་བ་དང༌། ཐིག་ལེ་མ་ཤེས་བར་དུ་འཁོར་བར་འཁྱམ་ཞིང༌། ཤེས་ནས་ལས་ཐམས་ཅད་དེར་ཐིམ་པས་འཁོར་མི་ནུས་པར་བཤད་དོ། །དགྱེས་པ་རྡོ་རྗེ་ལ་སོགས་པ་དུ་མ་ནས། ཨ་ཀ་རོ་མུ་ཁཾ་གི་སྔགས་ཀྱིས་ཆོས་ཐམས་ཅད་ཨས་བྱས་པའི་སྒོ་ཅན་ཐོག་མ་ནས་མ་སྐྱེས་པའི་ཕྱིར། ཞེས་བཤད་ལ། ཡུམ་ལས་ཀྱང༌། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བཤད་དོ། །འདི་དག་གིས་ནི་ཆོས་ཐམས་ཅད་འོད་གསལ་གྱི་རྩ་བ་ཅན་དུ་བསྟན་ཏོ། །དེ་ནས་འོད་གསལ་ལས་བྱུང་བའི་ཁམས་ནི་ཀུན་གཞིའི་རྣམ་ཤེས་ཡིན་ལ། རྣམ་ཤེས་གཞན་རྣམས་ནི་རྒྱ་མཚོའི་རྦ་རླབས་སམ། མེ་དཔུང་གི་མེ་ལྕེས་སྡོང་པོའི་ཡལ་ག་བཞིན་དུ། དེ་ལས་སྐྱེས་པ་ཡིན་ཏེ། ལངྐར་གཤེགས་པ་ལས། ཀུན་གཞི་རྒྱ་མཚོ་རྟག་གནས་པ། །ཡུལ་གྱི་རླུང་གིས་རབ་བསྐྱོད་ནས། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གར་ཞིང་རབ་ཏུ་འཇུག་པར་འགྱུར། །རྒྱ་མཚོ་དང་ནི་རྦ་རླབས་རྣམས། །ཇི་ལྟར་བྱེ་བྲག་མེད་པ་བཞིན། །རྣམ་ཤེས་སེམས་ཀྱང་དེ་བཞིན་དུ། །ཐ་དད་པར་ཡང་མི་དམིགས་སོ། །སེམས་ནི་ལས་སོགས་བྱེད་ཅེ་ན། །ཡིད་ནི་རྒྱ་ཆེར་སོག་པ་སྟེ། །རྣམ་ཤེས་དང་ནི་རྣམ་པར་རིག །སྣང་བའི་ཡུལ་དུ་ལྟོས་སྔར་བཤད་དོ། །ཞེས་པ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། དེ་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །ཞེས་པ་དང༌། ཆོས་དབྱིངས་བསྟོད་པ་ལས། ས་བོན་གྱུར་པའི་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་བཤད་དོ། །ཁ་ཅིག་འོད་གསལ་ལས་བྱུང་བའི་རླུང་ཕྲ་མོས་ཡེ་ཤེས་ཕྲ་མོ་སྒྲུབ་ལ། རིམ་གྱིས་རགས་པར་སོང་བའི་རླུང་གིས་ཡེ་ཤེས་རགས་པ་བསྐྱེད་ནས། སྒོ་ཀུན་ནས་ཡུལ་ཀུན་ལ་འཇུག་པས། ཡེ་ཤེས་གཅིག་པུ་པ་ཡིན་ནོ་ཞེས་ཟེར་བ་ནི་མིན་ཏེ། རྡོ་རྗེ་ཕྲེང་བ་ལ་སོགས་པའི་བཤད་རྒྱུད་ནས། ཀུན་གཞི་བཤད་པ་དང༌། འཕགས་པ་ཡབ་སྲས་ཀྱི་སྔགས་ཀྱི་གཞུང་ནས་ཀྱང་བཤད་པས་སོ། །གལ་ཏེ་ཡེ་ཤེས་གཅིག་ལ་ལྡོག་པ་ནས་གཉིས་སུ་ཕྱེའོ་ཞེ་ན། མི་འཐད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཀུན་གཞི་དང་ཡེ་ཤེས་རྟེན་དང༌། བརྟེན་པར་བཤད་པའི་ཕྱིར་རོ། །བཟང་སྐྱོང་གིས་ཞུས་པ་ལས། རྣམ་པར་ཤེས་པའི་ཁམས་འདི་ནི། ཆོས་ཀྱི་དབྱིངས་ལ་རྟེན་པའི་ཕྱིར། མི་ཟད་པ་ཡིན་ནོ་ཞེས་བཤད་པས། སེམས་ཅན་རྣམས་དེ་ལས་སྐྱེ་བའི་ཕྱིར། སེམས་ཅན་རྣམས་མཐའ་མེད་པ་ཡིན་ནོ། །དེ་འདྲ་བའི་འཁྲུལ་པའི་སེམས་དང་པོ་དང་ཐ་མར་བྱུང་བ་ལ། སྣང་བ་དང༌། དེ་མཆེད་པ་དང༌། སྣང་བ་ཐོབ་པ་ཞེས་བྱ་བའམ། སློབ་དཔོན་འཕགས་པ་ལྷས། ཡུལ་ཁོལ་བུ་ལ་གཡོ་བ་སྣང་བ་དང༌། དེ་རྒྱས་པ་མཆེད་པ་དང༌། མཆེད་པ་ལོག་པ་ལ་སྣང་བ་ཐོབ་པ་ཞེས་བཤད་དོ། །འཁྲུལ་པའི་རླུང་སེམས་ལས། རང་བཞིན་གྱི་རྟོག་པ་བརྒྱད་ཅུ་ལ་ཉིན་མཚན་གྱི་དབྱེ་བས་བརྒྱ་དྲུག་ཅུ་དང༌། དེ་བསྡུས་ནས་བརྒྱ་རྩ་བརྒྱད་དང༌། དེ་ལས་ཉོན་མོངས་པ་རྣམས་འབྱུང་ཚུལ་ནི་སྤྱོད་བསྡུས་ལས་རྒྱས་པར་བཤད་དོ། །སྦྱང་གཞི་བསྟན་ཟིན་ཏོ། །སྦྱོང་བྱེད་ཀྱི་ཐབས་རྫོགས་པའི་རིམ་པ་ལས། རྡོ་རྗེ་བཟླས་པ་ནི། རྣལ་འབྱོར་བསྒོམ་པའི་བར་ཆད་ཅན། །ཕྱི་རོལ་བཟླས་པ་སྤང་བར་བྱ། །ཞེས་པ་དང༌། རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་ངོ་བོ་འཛིན་མ་ཡིན། །ཞེས་འབྱུང་བས། དང་པོ་རྡོ་རྗེ་བཟླས་པ་ནི། སྙིང་གི་དབུས་ཀྱི་རླུང་མི་ཤིགས་པའི་རྒྱལ་པོ་ཨ་དུམ་གྱི་རྣམ་པར་གནས་པ། ངག་གི་སྒྲ་ཐམས་ཅད་ཀྱི་རྒྱུ་ལ་དམིགས་ཏེ། ཡི་གེ་གསུམ་ཆར་གྱིས་ལྡང་འཇུག་གནས་གསུམ་བྱེད་པའམ། འཇུག་པ་ཨོཾ། གནས་པ་ཨཱཿ ལྡང་བ་ཧཱུྃ་དུ་ཤེས་པ་ལ་རྩེ་གཅིག་ཏུ་གནས་པ་ཡིན་ཏེ། རང་གི་སེམས་རྡོ་རྗེ་ལྟར་བྱེད་པས་རྡོ་རྗེའི་བཟླས་པའོ། །རྡོ་རྗེ་ཕྲེང་བ་ལས། སྙིང་གི་བ་སྤུ་ནམ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་དང་འོག་ལ་རྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །ཞེས་པ་དང༌། གཞན་ལས། ལྟེ་བའི་དབུས་གནས་རྒྱལ་བ་ཡིས། །སྙིང་གའི་རླུང་ནི་བསྐྱོད་བྱས་ཏེ། །འབར་བ་མར་མེའི་རྩེ་ལྟ་བུས། །བརྡའི་སྔགས་ནི་བསྐྱེད་པར་བྱེད། །ཅེས་པ་དང༌། དགོངས་པ་ལུང་སྟོན་ལས། ཐུང་ངུ་མ་ལུས་སྔགས་སུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་བཤད་དོ། །དེ་ལྟར་ལས་དང་པོ་པ་དབང་གིས་སྨིན་པར་བྱས་པའི་བསྐྱེད་རིམ་དང༌། རྡོ་རྗེ་བཟླས་པ་ནི་བཟོད་པ་འབྲིང་ཐོབ་ནས། །བདེ་འགྲོ་འབའ་ཞིག་ཏུ་སྐྱེས་ཏེ། །རྡོ་རྗེའི་དོན་ཞེས་བྱ་བ་ལས། རྡོ་རྗེ་བཟླས་པའི་སར་གནས་ནས། །བཟོད་པ་འབྲིང་པོ་ཐོབ་པར་བྱེད། །ཅེས་བཤད་དོ། །རྡོ་རྗེའི་བཟླས་པ་བྱས་པ་ལ་ནི། སེམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་འགྱུར་ཏེ། འཕགས་པ་ཀླུ་བློའི་ལས་ཀྱི་མཐའ་རྣམ་འབྱེད་ལས། སྤྲིན་ནི་འབྲུག་གི་སྒྲའི་རྣམ་པ་དང་ལྡན་ནམ་མཁའི་ཁོངས་ནས་ཀུན་ཏུ་འབྱུང་བ་རྣམས། །གང་ཚེ་ཕྱོགས་བཅུར་བསྐོར་ནས་གནས་ཤིང་དེ་ཉིད་དུ་ནི་སླར་ཡང་ཡལ་བར་མཐོང་བ་ཇི་ལྟ་བར། །དེ་ལྟར་རྣམ་ཤེས་རྣམས་ནི་འོད་གསལ་གནས་ལས་ཐོན་ཏེ་སླར་ཡང་ཞིག་གྱུར་ནས། །རང་བཞིན་རྣམ་པ་སྣ་ཚོགས་རྣམས་སུ་གནས་ཤིང་དེ་ཉིད་དུ་ནི་ཡལ་བར་འགྱུར། །ཞེས་སོ། །དེ་ལྟར་ན་སེམས་ནམ་མཁའ་དང་འདྲ་བར་བསྒོམས་པས་ལུས་ངག་ཡིད་གསུམ་སེམས་ཀྱི་ངོ་བོར་ཤེས་པའི་ཡེ་ཤེས་སྐྱེས་ཏེ། བཟོད་པ་ཆེན་པོ་དང༌། ཆོས་མཆོག་ཆུང་འབྲིང་རྒྱུད་ལ་སྐྱེའོ། །དེ་ནས་རིམ་པ་གཉིས་པ་སྒྱུ་མ་ལྟ་བུ་ནི་རླུང་སེམས་འདྲེས་པ་དང༌། ཐབས་ཤེས་ཟུང་དུ་འབྲེལ་བའི་ལྷའི་སྐུ་འོད་ཟེར་ལྔ་འཕྲོ་བ། མཚན་དང་དཔེ་བྱད་འབར་བས་བརྒྱན་པ། སྒྱུ་མ་ལྟ་བུའི་སྐུར་དམིགས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་དང་ཆུ་ཟླ་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། བྲག་ཆ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མིག་འཕྲུལ་དང༌། འཇའ་ཚོན་དང༌། གློག་དང༌། ཆུའི་ཆུ་བུར་དང༌། མེ་ལོང་གི་གཟུགས་བརྙན་ཏེ་བཅུ་གཉིས་དང༌། འགལ་མེ་དང༌། འཕྲུལ་སྣང་དང༌། སྤྲུལ་པ་དང༌། སྤྲིན་དང༌། སྐར་མ་དང༌། ཟིལ་པ་ལ་སོགས་པ་ལྟར། མི་རྟག་ཅིང་སྙིང་པོ་མེད་པ་ལ་སོགས་པར་བསྒོམས་ཏེ། སྙིང་ཁར་མི་ཤིགས་པའི་ཐིག་ལེ་ཤིན་ཏུ་ཕྲ་བ། ལྷ་སྐུ་དང་བཅས་པའམ་བསྒོམ་མོ། །འདི་མཐར་ཕྱིན་པས་ནི། ཆོས་མཆོག་ཆེན་པོ་ཐོབ་སྟེ། ཤཱཀྱ་བཤེས་གཉེན་གྱིས། བཟོད་པ་ཆེ་ནས་ཆོས་མཆོག་བར། །གང་དེ་སེམས་ལ་དམིགས་པ་དང༌། །སྒྱུ་མ་ལྟ་བུས་ཐོབ་པར་འགྱུར། །འོག་གི་ས་ལ་རྨོངས་པ་ཡིས། །རབ་ཏུ་དགའ་སོགས་ས་ལ་འཇོག །སྒྲུབ་པར་མི་འགྱུར་དུད་འགྲོ་བཞིན། །ཞེས་དྲངས་པ་ཡིན། གསུམ་པ་འོད་གསལ་ནི། དོན་དམ་པའི་བདེན་པ་སྟེ། དཔེ་དུ་མས་མཚོན་པའི་སྒྱུ་མ་ལྟ་བུའི་སྐུ་རིལ་པོར་འཛིན་པས་ཅིག་ཆར་སྟོང་པ་ཉིད་དུ་སྒོམ་པའམ། ཡང་ན་རྗེས་སུ་བཞིག་པས། སྣོད་བཅུད་ནས་རིམ་གྱིས་སྙིང་ཁའི་ས་བོན་གྱི་ན་དའི་བར་དུ་བསྡུས་ནས་འོད་གསལ་བསྒོམ་མོ། །རིམ་ལྔ་ལས། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ནས་ཡལ་འགྲོ་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱ། །ཞེས་འབྱུང་བ་བཞིན་དུ། ན་དའང་སྣང་མེད་འོད་གསལ་དུ་བསྡུས་པས། དུ་བ་དང་སྨིག་རྒྱུ་ལྟ་བུའི་རྟགས་རྣམས་འབྱུང་སྟེ། དེ་སྤངས་པའི་རྗེས་ཐོགས་སུ་སེམས་ཀྱི་ཆོས་ཉིད་འོད་གསལ། ཡེ་ཤེས་ཀྱི་མིག་གིས་མངོན་སུམ་དུ་མཐོང་བའི་ལམ་སྐྱེའོ། །ཤཱཀྱ་བཤེས་གཉེན་གྱིས། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་བར་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་མོ། །ཞེས་པ་དང༌། འོད་གསལ་བ་ཡི་སྦྱོར་བ་ཡིས། །བཅུ་གསུམ་པ་ལ་ཡང་དག་གནས། །ཞེས་དྲངས་ནས། འོད་གསལ་བས་ནི་ས་བཅུའི་དང་པོ་རབ་ཏུ་དགའ་བ་ཐོབ་པར་བཤད་དོ། །ཟུང་འཇུག་ནི། ས་དང་པོ་ནས་བཅུ་པའི་བར་དུ་མཉམ་བཞག་ཏུ་ཟུང་འཛིན་གཉིས་མེད་ཟུང་འཇུག་དང༌། རྗེས་ཐོབ་ཏུ་བདེན་གཉིས་དབྱེར་མེད་ཟུང་འཇུག་གོམས་པར་བྱེད་པ་ལ་གཉིས་མེད་ཀྱི་ཡེ་ཤེས་ཞེས་བཤད་དོ། །དེ་ལ་འོད་གསལ་མངོན་དུ་བྱས་པའི་ཚེ་ནི། སྒོ་ལྔའི་རླུང་ཐམས་ཅད་སྲོག་འཛིན་ལ་ཐིམ་པར་འགྱུར་ལ། འགོག་པ་མངོན་དུ་བྱས་པའི་ཚེ་ནི་རྣམ་ཤེས་གཉིས་ཀ་འོད་གསལ་ལ་ཐིམ་པར་འགྱུར་རོ། །སློབ་པའི་འོད་གསལ་དང༌། སློབ་པའི་ཟུང་འཇུག་མཐར་ཕྱིན་པའི་ས་བཅུ་ལ་དཔའ་བར་འགྲོ་བའམ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ལ་ཉེ་བར་སྦྱོར་ཏེ། རྒྱ་ཆེར་རོལ་པ་ལས། བཅོམ་ལྡན་མི་གཡོ་བའི་ཏིང་ངེ་འཛིན་གྱིས་སངས་རྒྱ་བར་བཞེད་པ་ལ། སངས་རྒྱས་ཐམས་ཅད་ཀྱི་སེ་གོལ་གྱི་སྒྲས་བསྐུལ་ནས། འོད་གསལ་གྱི་ཏིང་ངེ་འཛིན་གྱིས་སངས་རྒྱས་པར་བཤད་པ་ཡིན་ནོ། །དེའི་ཕྱིར་ཟག་མེད་ཀྱི་སེམས་དང་པོ་དང་གཉིས་པ་ནི། འོད་གསལ་གྱི་ཏིང་ངེ་འཛིན་ཁོ་ནས་ཐོབ་པར་བཤད་དོ། །ཤཱཀྱ་བཤེས་གཉེན་གྱིས། རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །གང་གིས་རྗེས་ལ་ཐོབ་པ་རྣམས། །ཟུང་འཇུག་གིས་ནི་སྦྱོར་བར་བྱེད། །གཞན་པའི་ཡུལ་དུ་འགྱུར་མ་ཡིན། །ཞེས་དྲངས་པ་ཡིན་ནོ། །དོན་དེ་དག་རྡོ་རྗེ་བཟླས་པའི་རིམ་པ་ལས། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱིས་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློབ། །རྡོ་རྗེའི་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐའ་ནི་རྣམ་སྦྱང་བྱ། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་སོ། །གང་དག་རྡོ་རྗེའི་བཟླས་པ་ལ་སོགས་པའི་རིམ་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལྟར་ས་མཚམས་སོ་སོར་ངེས་པ་བཞག་ཏུ་མེད་དོ། །ཞེས་འཆད་པ་ནི་ལེགས་པར་མ་བསླབས་པའི་བབ་ཅོལ་འབའ་ཞིག་གོ །ལམ་གྱི་གྲོགས་སྤྱོད་པ་ནི། ལམ་གྱི་ནུས་པ་བོགས་འབྱིན་པར་བྱེད་པ་སྟེ། སྤྱོད་པ་གསུམ་དུ་བཤད་དོ། །སྦྱོང་བྱེད་ཀྱི་ཐབས་བསྟན་ཟིན་ཏོ། །གསུམ་པ་སྦྱངས་པའི་འབྲས་བུ་ནི། མི་སློབ་པའི་ཟུང་འཇུག་གི་ས་མཚམས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་སོ་སོར་བཤད་པ་ལ་བཞི་སྟེ། ངག་དབེན་འབྲས་བུ་དང་བཅས་པ་དང༌། སྒྱུ་ལུས་དང༌། འོད་གསལ་དང༌། ཟུང་འཇུག་གོ །དང་པོ་ལ་ལྔ་སྟེ། ཤེས་བྱ་དང༌། མི་མཐུན་ཕྱོགས་དང༌། ཉམས་སུ་བླང་བའི་ཐབས་དང༌། མཐར་ཕྱིན་པའི་ཚད་དང༌། ཕན་ཡོན་ནོ། །དང་པོ་ནི། ངག་དབེན་ལ་སློབ་པའི་ཚེ། རླུང་འཇུག་ནས་ལྡང་གསུམ་ཡི་གེ་གསུམ་དང་དབྱེར་མེད་དུ་ཤེས་པ་དང༌། རླུང་སྔགས་གཉིས་ཀ་དང་པོར་སྟོང་པ་ཉིད་ལས་བྱུང་བ་དང༌། མཐར་ཡང་སྟོང་པ་ཉིད་ལ་ཐིམ་པར་ཤེས་པར་བྱེད་པ་སྟེ། ཇི་སྐད་དུ། གསུང་གི་རྡོ་རྗེ་བྱང་ཆུབ་སྒྲུབ། །སྒྲ་དང་སྒྲ་མིན་རྣམ་དཔྱད་དེ། །གསུང་གི་རྡོ་རྗེ་ཞེས་བཤད་དོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། ཕྱི་རོལ་གྱི་ངག་གི་བཟླས་པ་དང༌། རླུང་སྔར་དབྱེར་མེད་པའི་དོན་ཁོང་དུ་མ་ཆུད་པའོ། །གསུམ་པ་ནི་སྒྲའི་དེ་ཁོ་ན་ཉིད་ནམ་མཁའ་དང་མཉམ་པར་ཤེས་པར་བྱས་ནས། རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དབྱེར་མེད་པར་སྦྱར་ནས། རླུང་གི་རྒྱུ་བ་བགྲང་བའི་ཚུལ་གྱིས་སློབ་བོ། །བསླབ་པར་བྱ་བའི་དེ་ཁོ་ན་ཉིད་ནི་གསུམ་སྟེ། རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། སྒྲའི་དེ་ཁོ་ན་ཉིད་དོ། །རླུང་གི་དེ་ཁོ་ན་ཉིད་བསྟན་པ་ལ་གཉིས་ཏེ། བསླབ་བྱ་གཏན་ལ་དབབ་པ་དང༌། བསླབས་པའི་ཕན་ཡོན་ནོ། །དང་པོ་ལ་བདུན་ཏེ། རླུང་གི་ངོ་བོ་དང༌། དབྱེ་བ་དང༌། རྒྱུ་བའི་གནས་དང༌། ཁ་དོག་དང༌། རྒྱུ་བའི་ཚུལ་དང༌། བྱེད་ལས་དང༌། རྒྱུ་བའི་གྲངས་སོ། །དང་པོ་ནི། འཇུག་གནས་ལྡང་གསུམ་གྱིས་བསྡུས་པ་སྟེ། རིམ་ལྔ་ལས། འཇུག་པ་ཉིད་དང་གནས་པ་དང༌། །ལྡང་བ་ཡི་ནི་རིམ་གྱིས་ཀྱང༌། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བཤད་པ་ལྟར་རོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། རྩ་བའི་རླུང་དང༌། ཡན་ལག་གི་རླུང་ངོ༌། །རྩ་བའི་རླུང་ནི་ལྔ་སྟེ། སྲོག་འཛིན་དང༌། ཐུར་སེལ་དང༌། གྱེན་རྒྱུ་དང༌། མཉམ་གནས་དང༌། ཁྱབ་བྱེད་ཀྱི་རླུང་ངོ༌། །ཡན་ལག་གི་རླུང་ལ་ཡང་ལྔ་སྟེ། རྒྱུ་བ་དང༌། རྣམ་པར་རྒྱུ་བ་དང༌། ཡང་དག་པར་རྒྱུ་བ་དང༌། ངེས་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བའོ། །རླུང་གི་གནས་ལ་གཉིས་ལས། རྩ་བའི་རླུང་གི་གནས་ནི། གྱེན་རྒྱུ་ལྐོག་མ། སྲོག་འཛིན་སྙིང་ཁ། མཉམ་གནས་ལྟེ་བ། ཐུར་སེལ་གསང་གནས། ཁྱབ་བྱེད་ཚིགས་ཐམས་ཅད་ན་གནས་སོ། །ཇི་སྐད་དུ། ལྐོག་མ་སྙིང་ཁ་ལྟེ་བ་དང༌། །གསང་བའི་པདྨར་འགྲོ་འོང་སྟོན། །ཞེས་པ་དང༌། ལུས་ཀུན་ལ་ནི་གནས་པའི་རླུང༌། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ཚེ་ན་འབྱུང་བ་ཡིན། །ཞེས་གསུངས་སོ། །ཡན་ལག་གི་རླུང་ནི་དབང་པོ་ལྔ་ལ་གནས་ཏེ། མིག་སོགས་དབང་པོ་ལྔ་དང༌། རྒྱུ་བ་སོགས་ཀྱི་རླུང་ལྔ་གྲངས་བཞིན་དུ་སྦྱར་རོ། །སྤྱོད་བསྡུས་ལས། དབང་པོ་ལྔ་ལ་གནས་ནས་ཕྱི་རོལ་གྱི་བྱ་བ་རྣམས་བྱེད་དོ། །ཞེས་གསུངས་ཏེ། མིག་ནས་རྒྱུ་བའི་རླུང་གིས་གཟུགས་ལ་བལྟ་བའི་བྱ་བ་བྱེད་ཅེས་སོགས་སྦྱར་རོ། །ཁ་དོག་ལ། གྱེན་རྒྱུ་དམར་པོ། ཐུར་སེལ་སེར་པོ། མཉམ་གནས་ལྗང་ཁུ། སྲོག་འཛིན་དཀར་པོ། ཁྱབ་བྱེད་ནག་པོའོ། །འཇམ་དཔལ་ཞལ་ལུང་ནས། འདི་དང་ཁ་དོག་མི་མཐུན་པར་བཤད་པ། རིགས་ལྔའི་ཁ་དོག་དང་མཐུན་པར་བྱས་པར་མངོན་ནོ། །ཡན་ལག་གི་རླུང་གི་ཁ་དོག་ལ། མངོན་ཤེས་ཅན་གྱིས། མིག་ནས་དམར་པོ། རྣ་བ་ནས་ལྗང་ཁུ། སྣ་ནས་སེར་པོ། ལྕེ་ནས་དཀར་པོ། བ་སྤུ་ནས་སྔོ་བསངས་ཞེས་བཞེད་མོད། ལུང་རྣམ་དག་གིས་མ་ཟིན་པས་རང་བཟོའི་ཉེས་པ་ཡོད་དོ། །རྒྱུ་བའི་ཚུལ་ལ་གཉིས་ཏེ། མགོན་པོའི་རླུང་གི་རྒྱུ་ཚུལ་དང༌། ཡུམ་གྱི་རླུང་གི་རྒྱུ་ཚུལ་ལོ། །དང་པོ་ལ་ད་ལྟ་རྒྱུ་བའི་དབང་དུ་བྱས་པ་བཞི་སྟེ། སྣ་སྒོ་གཡས་ནས་པདྨ་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །ཁ་དོག་ནི་དམར་པོའོ། །གཡོན་ནས་མཉམ་གནས་ཀྱི་རླུང་ལས་ཀྱི་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །ཁ་དོག་ནི་ལྗང་སེར་རོ། །གཉིས་ཀ་ན་ཐུར་སེལ་གྱི་རླུང་རིན་ཆེན་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །ཁ་དོག་ནི་སེར་པོའོ། །ཡང་གཉིས་ཀ་ནས་སྲོག་འཛིན་གྱི་རླུང་ཆུ་རླུང་སྟེ། རྡོ་རྗེ་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །ཁ་དོག་ནི་དཀར་པོའོ། །ས་རླུང་རྩུབ་པ་དང༌། ཆུ་རླུང་དལ་བར་རྒྱུ་བ་གཉིས་ནི་ཁྱད་པར་རོ། །ཅིའི་ཕྱིར་ཐོག་མར་མེའི་རླུང་སྟོན་ཅེ་ན། རྡོ་རྗེའི་བཟླས་པ་ནི་གསུང་གི་རང་བཞིན་ཡིན་ལ། འོད་དཔག་མེད་གསུང་གི་བདག་པོ་ཡིན་པས་སོ། །རྒྱུད་ལས། གཡས་པ་ནས་ནི་འབྱུང་བའི་ཁམས། །མེའི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདི། །པདྨ་མགོན་པོའི་རྒྱུ་བའོ། །ཞེས་གསུངས་སོ། །རྣམ་སྣང་གི་རླུང་ནི། ཁ་དོག་ནག་པོ་འཆི་བའི་དུས་སུ་དགུ་བརྒྱ་ཕྲག་གཅིག་རྒྱུ་བར་གསུངས་སོ། །ཤེས་རབ་ཀྱི་རྒྱུ་ཚུལ་ནི། ཐབས་མགོན་པོ་རེ་རེ་རྒྱུ་བ་ན། ལྷ་མོ་བཞི་བཞི་འབྱུང་སྟེ། གཡས་པ་ནས་འབྱུང་བ་མེ་རླུང་དགུ་བརྒྱ་ཕྲག་གཅིག་ལ། ལྷ་མོ་བཞིའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དང་པོར་རྩ་བའི་རླུང་གི་རིམ་པ་ལྟར། གོས་དཀར་མོའི་མེ་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ། དེ་ནས་སྒྲོལ་མའི་མེ་རླུང་ནག་པོའི་ཁ་དོག་ཅུང་ཟད་འདྲེས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གསེག་ལ་རྒྱུའོ། །དེ་ནས་སྤྱན་མའི་མེ་རླུང་དམར་པོ་སེར་པོའི་ཁ་དོག་གིས་ཁྱད་པར་དུ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་ནས་མཱ་མ་ཀིའི་མེ་རླུང་དམར་པོ་དཀར་པོའི་ཁྱད་པར་དང་ལྡན་པ་ཟུར་དུ་རྒྱུའོ། །དེ་བཞིན་དུ་གཡོན་པ་ནས་རླུང་གི་རླུང་དགུ་བརྒྱ་ཕྲག་གཅིག་ལ་ལྷ་མོ་བཞིའི་བྱེ་བྲག་གིས་བཞིར་འགྱུར་ཏེ། རླུང་གི་རླུང་སྒྲོལ་མའི་ལྗང་སེར་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གསེག་ལ་རྒྱུའོ། །དེ་ནས་རླུང་གི་ས་སྤྱན་མ་ལྗང་ཁུ་ལ་སེར་པོས་ཁྱད་པར་དུ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་ནས་རླུང་གི་ཆུ་མཱ་མ་ཀི་ལྗང་ཁུ་ལ་དཀར་པོས་ཁྱད་པར་དུ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་ནས་རླུང་གི་མེ་གོས་དཀར་མོ་ལྗང་ཁུ་ལ་དམར་པོས་ཁྱད་པར་དུ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གྱེན་དུ་རྒྱུའོ། །དེ་བཞིན་དུ་གཉིས་ཀ་ནས་རིན་ཆེན་མགོན་པོའི་རླུང་དགུ་བརྒྱ་ཕྲག་གཅིག་ལ། བྱེ་བྲག་ལྷ་མོ་བཞིའི་དབྱེ་བས་བཞིར་འགྱུར་ཏེ། དང་པོར་སྤྱན་མའི་སའི་ས་སེར་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་ནས་མཱ་མ་ཀིའི་ངོ་བོ་སའི་ཆུ་སེར་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་ནས་གོས་དཀར་མོའི་ངོ་བོ་སའི་མེ་སེར་པོའི་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གྱེན་དུ་རྒྱུའོ། །དེ་ནས་སྒྲོལ་མའི་ངོ་བོ་སའི་རླུང་སེར་པོའི་ལྗང་ཁུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གསེག་ལ་རྒྱུའོ། །དེ་བཞིན་དུ་རྡོ་རྗེ་མགོན་པོའི་རླུང་དགུ་བརྒྱ་ཕྲག་གཅིག་ལ། བྱེ་བྲག་ལྷ་མོ་བཞིའི་དབྱེ་བས་བཞིར་འགྱུར་ཏེ། དང་པོར་མཱ་མ་ཀིའི་ཆུའི་ཆུ་དཀར་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་ནས་གོས་དཀར་མོའི་ངོ་བོ། ཆུའི་མེ་དཀར་པོའི་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གྱེན་དུ་རྒྱུའོ། །དེ་ནས་སྒྲོལ་མའི་ངོ་བོ་ཆུའི་རླུང་དཀར་པོའི་ལྗང་ཁུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གསེག་ལ་རྒྱུའོ། །དེ་ནས་སྤྱན་མའི་ངོ་བོ་ཆུའི་ས་དཀར་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་སྐད་དུ་ཡང༌། འཁོར་དང་ཁྱད་པར་དག་ཏུ་སྤྲོ། །ཞེས་པ་དང༌། དགོངས་པ་ལུང་སྟོན་ལས། དམར་དང་ལྗང་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པ། །བཞི་བཞི་ཡིས་ནི་སྦྱོར་བ་ལས། །གོས་དཀར་ལ་སོགས་ལེགས་པར་བྲི། །ཞེས་གསུངས་སོ། །འདིར་རླུང་གི་རླུང་ཁ་དོག་ནག་པོར་བསྒྱུར་བ་ནི། འགྱུར་གྱི་ཉེས་པའོ། །རྣམ་སྣང་གི་རླུང་གི་ཁ་དོག་དང་ཁྱད་མེད་དུ་འགྱུར་བས་མི་རིགས་ཤིང༌། རིམ་ལྔར་དྲངས་པའི་རྒྱུད་དུ་ཡང༌། །ལྗང་སེར་དག་ཏུ་སྣང་བ་སྟེ། །ཞེས་པའོ། །འདི་དག་ནི་ནག་པོ་ཞབས་ཀྱི་ལུགས་སོ། །མངོན་ཤེས་ཅན་ལྟར་ན། རླུང་གི་རླུང་གཙོ་བོར་བྱས་ནས་རྒྱུ་བ་ན། ལྡང་བའི་དུས་སུ་རླུང་གི་རླུང་དེ། རླུང་གཞན་བཞིའི་དབུས་ན་གནས་པ་དང༌། འཁོར་བཞི་ལས་ཅུང་ཟད་རགས་པ་དང༌། རིང་བ་དང༌། རྩ་བའི་ཁ་དོག་གིས་འཁོར་བཞི་ལ་ཁྱབ་པ་དང༌། ཧཱུྃ་གི་སྒྲ་དང་བཅས་ནས་སྣ་སྒོ་གཡས་ནས་གསེག་ལ་འགྲོ། སླར་བཟློག་པའི་དུས་སུ་ཨོཾ་གྱི་སྒྲ་དང་བཅས་ནས་ལྟེ་བའི་གནས་སུ་འཇུག གནས་པའི་དུས་སུ་ཨའི་སྒྲ་དང་བཅས་ནས་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། འབྱུང་འཇུག་གནས་གསུམ་གྱི་རྒྱུ་བ་གཅིག་ཏུ་བགྲངས་པའི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་སྒྲོལ་མའི་རླུང་རྒྱུ་ཚུལ་ལོ། །ཡང་རླུང་གི་རླུང་གཙོ་བོར་བྱས་ནས། མགྲིན་པ་ནས། སྣ་སྒོ་གཡས་པ་ནས་གྱེན་དུ་འབྱུང་ཞིང༌། ཚུལ་སྔ་མ་བཞིན་དུ་གནས་པ་དང༌། གྲངས་ཡང་སྔ་མ་བཞིན་དུ་བགྲངས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་རླུང་གི་མེ་གོས་དཀར་མོའི་རྒྱུ་བའོ། །ཡང་རླུང་གི་རླུང་གཙོ་བོར་བྱས་ནས། གསང་གནས་ནས་ལྡང་སྟེ། སྣ་སྒོ་གཉིས་ཀར་ཐད་ཀར་འགྲོ་ཞིང་ཚུལ་སྔ་མ་བཞིན་དང༌། གྲངས་སྔ་མ་བཞིན་དུ་བགྲངས་པས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་རླུང་གི་ས་སྤྱན་མའི་རྒྱུ་བའོ། །ཡང་རླུང་གི་རླུང་གཙོ་བོར་བྱས་ནས། སྙིང་ཁ་ནས་ཐུར་དུ་འགྲོ་ཞིང༌། ཚུལ་སྔ་མ་དང་གྲངས་སྔ་མ་བཞིན་དུ་བགྲངས་པས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་རླུང་གི་ཆུ་མཱ་མ་ཀིའི་རྒྱུ་བའོ། །དེ་ལྟར་རླུང་གི་རླུང་གཙོ་བོར་བྱས་པ་དགུ་བརྒྱ་ཕྲག་གཅིག་ནི་ལས་ཀྱི་མགོན་པོའི་རྒྱུ་བའོ། །དེ་ནས་མེ་རླུང་གཙོ་བོར་གྱུར་པ་ལ་འཕོས་ཏེ། ཐོག་མར་མགྲིན་པ་ནས། མེ་རླུང་གི་གཙོར་བྱས་པ་ཚུལ་དང་གྲངས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། མེའི་མེ་གོས་དཀར་མོའོ། །དེ་ནས་ལྟེ་བའི་རླུང་ནས། མེ་རླུང་གི་གཙོར་བྱས་པ་ཚུལ་དང་གྲངས་སྔ་མ་བཞིན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། མེའི་རླུང་སྒྲོལ་མའོ། །དེ་ནས་གསང་གནས་ཀྱི་རླུང་ནས། མེ་རླུང་གི་གཙོར་བྱས་པ་ཚུལ་དང་གྲངས་སྔ་མ་བཞིན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། མེའི་ས་སྤྱན་མའོ། །དེ་ནས་སྙིང་ཁའི་ཆུ་རླུང་ནས། མེ་རླུང་གི་གཙོར་བྱས་པ། ཚུལ་དང་གྲངས་སྔ་མ་བཞིན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། མེའི་ཆུ་མཱ་མ་ཀིའོ། །དེ་ལྟར་མེས་གཙོར་བྱས་པ་དགུ་བརྒྱ་པ་ཕྲག་གཅིག་ནི། པདྨ་མགོན་པོའི་རྒྱུ་བའོ། །དེ་ནས་སའི་རླུང་ལ་གཙོ་བོ་འཕོས་ཏེ། ཐོག་མ་གསང་གནས་ཀྱི་དཀྱིལ་འཁོར་ནས། ས་རླུང་གིས་གཙོར་བྱས་པ་སྔ་མ་བཞིན་དུ་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། སའི་ས་སྤྱན་མའོ། །དེ་ནས་ལྟེ་བའི་དཀྱིལ་འཁོར་ནས་ས་རླུང་གི་གཙོར་བྱས་པ་སྔ་མ་བཞིན་དུ་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། སའི་རླུང་སྒྲོལ་མའོ། །དེ་ནས་མགྲིན་པ་མེའི་དཀྱིལ་འཁོར་ནས། ས་རླུང་གི་གཙོར་བྱས་པ་སྔ་མ་བཞིན་དུ་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། སའི་མེའི་གོས་དཀར་མོའོ། །དེ་ནས་སྙིང་ཁ་ཆུའི་དཀྱིལ་འཁོར་ནས་ས་རླུང་གི་གཙོར་བྱས་པ་སྔ་མ་བཞིན་དུ་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། སའི་ཆུ་མཱ་མ་ཀིའོ། །དེ་ལྟར་སའི་རླུང་གིས་གཙོར་བྱས་པ་དགུ་བརྒྱ་ཕྲག་གཅིག་ནི། རིན་ཆེན་མགོན་པོའི་རྒྱུ་བའོ། །དེ་ནས་ཆུའི་རླུང་ལ་གཙོ་བོ་འཕོས་ཏེ། ཐོག་མར་སྙིང་ཁའི་ཆུའི་དཀྱིལ་འཁོར་ནས། ཆུ་རླུང་གིས་གཙོར་བྱས་པ་སྔ་མ་བཞིན་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཉིས་ནས་འབྱུང་བ་ནི། ཆུའི་ཆུ་མཱ་མ་ཀིའོ། །དེ་ནས་ལྟེ་བ་རླུང་གི་དཀྱིལ་འཁོར་ནས། ཆུ་རླུང་གིས་གཙོར་བྱས་པ་སྔ་མ་བཞིན་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཡོན་པ་ནས་འབྱུང་བ་ནི་ཆུའི་རླུང་སྒྲོལ་མའོ། །དེ་ནས་མགྲིན་པ་མེའི་དཀྱིལ་འཁོར་ནས་ཆུ་རླུང་གིས་གཙོར་བྱས་པ་སྔ་མ་བཞིན་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཡས་པ་ནས་འབྱུང་བ་ནི། ཆུའི་མེ་གོས་དཀར་མོའོ། །དེ་ནས་གསང་གནས་སའི་དཀྱིལ་འཁོར་ནས་ཆུ་རླུང་གིས་གཙོར་བྱས་པ་སྔ་མ་བཞིན་སྦྱར་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཉིས་ཀ་ནས་འབྱུང་བ་ནི། ཆུའི་ས་སྤྱན་མའོ། །དེ་ལྟར་ཆུ་རླུང་གིས་གཙོར་བྱས་པ་དགུ་བརྒྱ་ཕྲག་གཅིག་ནི། རྡོ་རྗེ་མགོན་པོའི་རྒྱུ་བའོ། །འདི་དག་ལ་རླུང་གང་གིས་གཙོ་བོར་བྱེད་པ་དེ། འཁོར་གཞན་བཞིའི་དབུས་ན་གནས་པ་དང༌། ཅུང་ཟད་རགས་པ་དང༌། རིང་བ་དང༌། གཙོ་བོའི་ཁ་དོག་གིས་གཞན་ལ་ཁྱབ་པའི་ཚུལ་གྱིས་གནས་དང་སྒོ་གང་ནས་རྒྱུ་ཡང༌། ཐབས་ཀྱི་རྒྱུ་བ་ཡིན། དེ་ཉིད་གང་ནས་འབྱུང་བའི་གནས་དང༌། རྒྱུ་བའི་སྒོ་དང༌། ཇི་ལྟར་རྒྱུ་བའི་དབྱེ་བས། ཤེས་རབ་ཀྱི་རྒྱུ་བར་བཞག་གོ །རླུང་གི་བྱེད་ལས་ལ་གཉིས་ཏེ། ཐ་མལ་པའི་རྒྱུད་ལ་བྱེད་པའི་ལས་དང༌། རྣལ་འབྱོར་པའི་རྒྱུད་ལ་བྱེད་པའི་ལས་སོ། །དང་པོ་ལ་ཡང་གཉིས་ཏེ། ཐུན་མོང་གི་ལས་དང༌། ཁྱད་པར་གྱི་ལས་སོ། །དང་པོ་ནི། སེམས་རྟོག་བཅས་ཀྱི་སྣང་བ་གསུམ་དང་འདྲེས་ནས། འཁོར་བའི་ཆོས་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་དོ། །བྱེད་པའི་ཚུལ་ལ། ཚེ་འདིར་བྱེད་པའི་ཚུལ་དང༌། བར་དོར་བྱེད་པའི་ཚུལ་ལོ། །དང་པོ་ལ་ཡང་གསུམ་སྟེ། ལུས་ལ་བྱ་བ་བྱེད་པའི་ཚུལ་དང༌། ངག་དང༌། ཡིད་ལ་བྱ་བ་བྱེད་པའི་ཚུལ་ལོ། །དང་པོ་ནི། མངལ་གྱི་གནས་སྐབས་སུ་ལུས་རིམ་གྱིས་འགྲུབ་པ་དང༌། སྐྱེས་ནས་ཇི་སྲིད་འཚོའི་བར་དུ་ལུས་འཇུག་པའི་བྱ་བ་བྱེད་དོ། །གཉིས་པ་ནི། ཡི་གེ་ཨ་དང་ལྷན་ཅིག་ཏུ་ཞུགས་ནས་ངག་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་དོ། །གསུམ་པ་ནི། སྣང་གསུམ་རང་བཞིན་བརྒྱད་ཅུ་དང་བཅས་པའི་བཞོན་པར་གྱུར་ནས་རྟོག་བཅས་རྟོག་མེད་ཀྱི་སེམས་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་དོ། །འཆི་བའི་དུས་སུ་བྱ་བ་བྱེད་ཚུལ་ནི། མི་ཤིགས་པ་ཧ་ལ་ཞུགས་ནས་རིམ་གྱིས་འཆི་བ་འོད་གསལ་མངོན་དུ་བྱེད་དོ། །བར་དོར་བྱེད་ཚུལ་ནི། བར་དོའི་སྲིད་པའི་བཞོན་པར་གྱུར་ནས་ཡིད་ལུས་གནས་གཞན་དུ་རྒྱུ་བ་དང༌། ལས་ཀྱི་སྟོབས་ཀྱིས་སྐྱེ་གནས་ལེན་པའི་བྱ་བ་བྱེད་དོ། །གཉིས་པ་ཁྱད་པར་གྱི་ལས་ལ་གཉིས་ཏེ། རྩ་བའི་རླུང་གི་ལས་དང༌། ཡན་ལག་གི་རླུང་ལྔའི་ལས་སོ། །དང་པོ་ལ་སྲོག་འཛིན་གྱི་རླུང་གི་ལས་ནི། རླུང་ཐམས་ཅད་སྤྲོ་བ་དང་སྡུད་པའི་བྱ་བ་བྱེད་དོ། །མེ་དང་མཉམ་དུ་གནས་པས་ནི། ཁ་ཟས་ཐམས་ཅད་འཇུ་བའི་བྱ་བ་བྱེད་དོ། །གྱེན་དུ་རྒྱུ་བས་ནི་རོ་ལ་ལོངས་སྤྱོད་པའི་བྱ་བ་བྱེད་དོ། །ཐུར་སེལ་གྱིས་ནི། གཅིན་དང་ཕྱི་ས་ལ་སོགས་པ་འཕེན་པ་དང༌། སྡོམ་པའི་བྱ་བ་བྱེད་དོ། །ཁྱབ་བྱེད་ཀྱིས་ནི། འགྲོ་འོང་དང་བརྐྱང་བསྐུམ་ལ་སོགས་པའི་བྱ་བ་བྱེད་དོ། །ཡན་ལག་གི་རླུང་གིས་ལྔའི་ལས་ནི། རྒྱུ་བའི་རླུང་གིས་ནི་མིག་གི་སྒོར་ཞུགས་ནས་གཟུགས་མཐོང་བའི་བྱ་བ་བྱེད་དོ། །རྣམ་པར་རྒྱུ་བའི་རླུང་གིས་ནི་རྣ་བའི་སྒོར་ཞུགས་ནས་སྒྲ་དང༌། ཡང་དག་པར་རྒྱུ་བས་ནི་སྣའི་སྒོར་ཞུགས་ནས་དྲི་དང༌། རབ་ཏུ་རྒྱུ་བའི་རླུང་གིས་ནི་ལྕེའི་སྒོར་ཞུགས་ནས་རོ་དང༌། ངེས་པར་རྒྱུ་བའི་རླུང་གིས་ནི་ལུས་ཀྱི་སྒོར་ཞུགས་ནས་རེག་བྱ་འཛིན་པའི་བྱ་བ་བྱེད་དོ། །ཐ་མལ་པའི་རྒྱུད་ལ་བྱ་བ་བྱེད་ཚུལ་བསྟན་ཟིན་ཏོ། །རྣལ་འབྱོར་པའི་རྒྱུད་ལ་ལས་བྱེད་ཚུལ་ཡང༌། གཉིས་ཏེ། ཐུན་མོང་གི་ལས་དང༌། ཁྱད་པར་གྱི་ལས་སོ། །དང་པོ་ནི། བསྐྱེད་རིམ་པས་ཕྱག་རྒྱ་ལ་བརྟེན་ཏེ་སྙོམས་འཇུག་བྱས་པས། རྩ་སྦུག་སོ་སོ་ནས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྣམ་པར། ཡུམ་གྱི་པདྨར་རྒྱུ་བའི་རླུང་བབ་སྟེ། ཡི་གེ་གསུམ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་བྱ་བ་བྱེད་དོ། །རྫོགས་རིམ་པས། རླུང་དེ་ཉིད་ཡི་གེ་གསུམ་དང་སྦྱར་ནས་ལྷུན་གྱིས་གྲུབ་པའི་བཟླས་པ་བྱས་པས་སྔོན་གྱི་ལས་སྒྲིབ་ཟད་པར་བྱེད་དོ། །གདམ་ངག་བཞིན་རྡོ་རྗེའི་བཟླས་པ་བྱས་པས། སེམས་ཀྱི་ཞོན་པ་རླུང་དབང་དུ་འདུས་པས། སེམས་ལ་དམིགས་པའི་ཏིང་ངེ་འཛིན་མངོན་དུ་བྱེད་དོ། །སེམས་དམིགས་ཀྱི་སྐབས་སུ་སྣང་བ་རླུང་དང་འདྲེས་ནས་སྒྱུ་མ་ལྟ་བུའི་སྐུ་མངོན་དུ་བྱེད་དོ། །སྒྱུ་ལུས་ཀྱི་སྐབས་སུ་སྒྱུ་ལུས་དེ་ཉིད་འོད་གསལ་གྱི་མེས་སྦྱངས་ནས་འོད་གསལ་མངོན་དུ་བྱེད་དོ། །དེ་ནས་འོད་གསལ་ལས་ལངས་ནས་ཟུང་འཇུག་གི་སྐུ་བསྐྱེད་པའི་བྱ་བ་བྱེད་དོ། །གཉིས་པ་ཁྱད་པར་གྱི་ལས་ལ་ལྔ་སྟེ། རྡོ་རྗེ་མགོན་པོའི་རླུང་རྒྱུ་བའི་དུས་སུ། རྡོ་རྗེའི་བཟླས་པ་བྱས་པས་ཞི་བའི་ལས་བྱེད་དོ། །རིན་ཆེན་མགོན་པོའི་རླུང་རྒྱུ་བའི་དུས་སུ་རྒྱས་པའི་ལས་བྱེད་དོ། །པདྨ་མགོན་པོའི་རླུང་རྒྱུ་བའི་དུས་སུ་དབང་གིས་ལས་བྱེད་དོ། །ལས་ཀྱི་མགོན་པོའི་རླུང་རྒྱུ་བའི་དུས་སུ་མངོན་སྤྱོད་ཀྱི་ལས་བྱེད་དོ། །ཁྱབ་བྱེད་ཀྱི་རླུང་གིས་བར་དོར་འཆི་བ་དོན་དམ་མངོན་སུམ་དུ་བྱེད་པའི་བྱ་བ་བྱེད་དོ། །གནས་སྐབས་དེར་ཤཱུ་ནྱཱ་ལ་སོགས་པའི་སྔགས་ཀྱི་དོན། གནས་སྐབས་གསུམ་དུ་དོན་གསུམ་མངོན་སུམ་དུ་བྱས་ནས་འཆི་བ་འོད་གསལ་མངོན་དུ་བྱེད་དོ། །ཕུང་པོ་ལ་སོགས་པ་མཐར་རླུང་ལ་ཐིམ་ནས། ཁྱབ་བྱེད་ཀྱི་རླུང་རྒྱུ་བའི་དུས་སུ་འཆི་ཁའི་རྡོ་རྗེ་བཟླས་པ་བྱེད་པ་ནི། ཤཱུ་ནྱཱ་ཏ་ལ་སོགས་པའི་སྔགས་ཀྱི་དོན་གནས་སྐབས་དང་པོ་རླུང་མངོན་དུ་བྱས་པ་ཡིན་ནོ། །རླུང་ཡང་མི་ཤིགས་པ་ཧ་ལ་ཐིམ་ནས། ཧ་ཞེས་རླུང་སེམས་ལ་ཐིམ་པ་ནི། ཤཱུ་ནྱཱ་ཏ་ལ་སོགས་པའི་སྔགས་ཀྱི་དོན་གཉིས་སེམས་མངོན་དུ་བྱས་པ་ཡིན་ནོ། །སེམས་ཀྱང་སེམས་བྱུང་ལ་ཐིམ། སེམས་བྱུང་ཡང་མ་རིག་པ་ལ་ཐིམ། མ་རིག་པ་ཐམས་ཅད་སྟོང་པ་འཆི་བ་འོད་གསལ་ལ་ཐིམ་པ་ནི། ཤཱུ་ནྱཱ་ཏ་ལ་སོགས་པའི་སྔགས་ཀྱི་དོན་གསུམ་པ་སྟོང་པ་མངོན་དུ་བྱས་པ་ཡིན་ནོ། །དེ་ལྟར་དང་པོ་རླུང་མངོན་དུ་བྱས་པ་དང༌། གཉིས་པ་སེམས་དང༌། གསུམ་པ་སྟོང་པ་མངོན་སུམ་དུ་བྱས་པ་སྟེ། གནས་སྐབས་གསུམ་མོ། །ཁྱབ་བྱེད་ཀྱི་རླུང་གི་སྐབས་སུ། ཤཱུ་ནྱཱ་ཏའི་སྔགས་རླུང་སེམས་གསུམ་ལ་སྦྱར་བའི་དོན། གནས་སྐབས་གསུམ་དུ་མངོན་སུམ་དུ་བྱས་ནས། འཆི་བ་འོད་གསལ་རྟོག་པའི་བྱ་བ་བྱེད་དོ། །ཡན་ལག་གི་རླུང་གིས་ནི་རྣལ་འབྱོར་པའི་རྒྱུད་ལ་མངོན་པར་ཤེས་པ་ལྔ་བསྐྱེད་པའི་བྱ་བ་བྱེད་དོ། །འཁོར་འདས་གཉིས་ཀའི་བྱ་བ་བྱེད་པ་ཡང༌། ཇི་སྐད་དུ། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་གསུངས་པ་ལྟར་རོ། །རླུང་རྒྱུ་བའི་གྲངས་ལ་གསུམ་སྟེ། ཐབས་ཀྱི་གྲངས་དང༌། ཤེས་རབ་ཀྱི་གྲངས་དང༌། ཉིན་མཚན་གྱི་གྲངས་སོ། །དང་པོ་ནི། གནས་གཅིག་ལས་དགུ་བརྒྱ་ཕྲག་རེའོ། །གཉིས་པ་ནི། དེ་ལྷ་མོ་བཞིས་བགོས་པས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རེའོ། །གསུམ་པ་ནི། བསྐོར་དྲུག ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉི་ཤུ་རྩ་བཞི། ཐུན་ཕྱེད་ཕྱེད་ལ་དགུ་བརྒྱ་ཕྲག་རེ་རྒྱུ་བས། ཐམས་ཅད་བསྡོམས་པས་ཉིན་མཚན་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཇི་སྐད་དུ། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་ནས་ནི། །སྦྱོར་བ་བཞི་བསྡུས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་སོ། །རླུང་གི་དེ་ཉིད་ཤེས་པའི་ཕན་ཡོན་ནི། སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཅེས་པ་ལྟར་རོ། །རླུང་གི་དེ་ཁོ་ན་ཉིད་བསྟན་ཟིན་ཏོ། །གཉིས་པ་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ལྔ་སྟེ། སྔགས་ཀྱི་ངོ་བོ། ངེས་ཚིག དབྱེ་བ། བྱེད་ལས། སྔགས་བཏུ་བའོ། །ངོ་བོ་ནི་ཡི་གེ་གསུམ་མོ། །གཉིས་པ་ངེས་ཚིག་ནི། མན་ཏྲ་ཞེས་པ་ལས། མ་ན་ནི་ཡིད་ཡིན་ལ། ཏྲ་ནི་སྐྱོབ་པ་སྟེ། ཡིད་སྐྱོབ་པས་ན་སྔགས་སོ། །དགོངས་པ་ལུང་སྟོན་ལས། མ་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་སོ། །དབྱེ་བ་ལ་བཞི་སྟེ། བརྗོད་པའི་ཡི་གེ་གསུམ། དབྱིབས་ཀྱི་ཡི་གེ་གསུམ། བརྡར་གྱུར་པའི་ཡི་གེ་གསུམ། དོན་དམ་པའི་ཡི་གེ་གསུམ་མོ། །ཇི་སྐད་དུ། མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་དང་དམིགས་པར་བཅས་པ་དང༌། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་གསུངས་སོ། །དང་པོ་ལ། ངོ་བོ་ནི་ངག་ཏུ་བརྗོད་པ་ཡིན་ལ། དབྱེ་ན་བཞི་སྟེ། སྦྲུལ་དང༌། བཏུས་པ་དང༌། མགོ་མེད་དང༌། མཐའ་མེད་དོ། །རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། ཐོག་མར་ཨོཾ་ལྡན་ཐ་མར་ནི། །སྭཱ་ཧཱ་ཡང་དག་ལྡན་པ་འདི། །སྦྲུལ་ཏེ་ཞི་བའི་ལས་ཅན་དུ། །སྔགས་སྨྲ་རྣམས་ཀྱིས་ཤེས་པར་བྱ། །སྭཱ་ཧཱ་མེད་ཅིང་ཨོཾ་མེད་པ། གང་ཡིན་བཏུས་པ་ཞེས་བརྗོད་དོ། །སྭཱ་ཧཱ་ལྡན་ཞིང་ཨོཾ་མེད་པ། །མིང་ནི་མགོ་མེད་ཞེས་བྱ་སྟེ། །འདི་ནི་ལས་ཀུན་ཆོ་ག་ལ། །རྡོ་རྗེ་གཙུག་ཏོར་གྱིས་གསུངས་སོ། །གང་ལ་ཨོཾ་ཡོད་སྭཱ་ཧཱ་མེད། །འདི་ནི་མཐའ་མེད་ཞེས་བརྗོད་དོ། །ཞེས་གསུངས་སོ། །འདི་དག་ཀྱང་གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་དུ་འདུས་སོ། །དང་པོ་གསང་སྔགས་ཀྱི་མཚན་ཉིད་ནི། རྩེ་མོ་ལས། སྔགས་རྣམས་ཀྱི་ནི་མཚན་ཉིད་ཀྱང༌། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང༌། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་གསུངས། །ཞེས་སོ། །རིག་སྔགས་ཀྱི་མཚན་ཉིད་ནི། རིག་སྔགས་ཀྱི་ནི་མཚན་ཉིད་གསུམ། །འཁོར་བ་མྱོང་བའི་སྡུག་བསྔལ་དང༌། །འདོད་ཆགས་ལ་སོགས་ཉེས་པའི་ཚོགས། །རིགས་དང་བཅས་པ་ཞི་བྱེད་པ། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །ཅེས་སོ། །གཟུངས་སྔགས་ཀྱི་མཚན་ཉིད་ནི། དེ་བཞིན་ཁོ་ནར་གཟུངས་སྔགས་ནི། །སངས་རྒྱས་ཆོས་རྣམས་འཛིན་བྱེད་ཅིང༌། །ཆོས་རྣམས་འཛིན་པར་བྱེད་པ་དང༌། །དགེ་བ་ཞེས་བྱ་འཛིན་བྱེད་པ། །གཟུངས་སྔགས་ཀྱི་ནི་མཚན་ཉིད་བརྗོད། །ཅེས་སོ། །གཉིས་པ་དབྱིབས་ཀྱི་ཡི་གེ་གསུམ་ནི། ལྷ་བསྐྱེད་པའི་ས་བོན་འབྲུ་གསུམ་མོ། །འདི་ལ་དམིགས་པར་བཅས་པའི་སྔགས་ཞེས་བཤད་དོ། །དམིགས་པར་བྱ་བའི་ལྷ་བསྐྱེད་པའི་སྔགས་ཡིན་པའི་ཕྱིར། བརྡ་ནི་རླུང་འཇུག་གནས་ལྡང་གསུམ་སྟེ། ཡི་གེ་གསུམ་གྱི་བརྡར་གྱུར་པའི་ཕྱིར། དོན་དམ་པའི་སྔགས་ནི་འབྲུ་གསུམ་གྱི་ཆོས་ཉིད་ལ་ངོས་བཟུང་བར་བྱའོ། །བྱེད་ལས་ལ། བརྗོད་པའི་ཡི་གེས་ནི། ལྷའི་ཐུགས་བསྐུལ་བའི་བྱ་བ་བྱེད་ལ། དབྱིབས་ཀྱི་ཡི་གེས་ནི་ལྷ་བསྐྱེད་པའི་བྱ་བ་བྱེད་དོ། །བརྡར་གྱུར་པའི་ཡི་གེས་ནི། རླུང་གི་བྱེད་ལས་ཇི་སྐད་བཤད་པ་བཞིན་ཡིན་ནོ། །དོན་དམ་པའི་ཡི་གེས་ནི། གཉིས་སུ་མེད་པའི་དོན་རྟོགས་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པའི་བྱ་བ་བྱེད་དོ། །ལྔ་པ་སྔགས་བཏུ་བ་ལ་གསུམ་སྟེ། གཞི་གང་ལས་བཏུ། ངོ་བོ་གང་བཏུ། ཚུལ་ཇི་ལྟར་བཏུ་བའོ། །དང་པོ་ནི། ཨཱ་ལི་ཀཱ་ལི་ལས་བཏུ་སྟེ། །ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནས། །སྔགས་ཀྱི་རྒྱལ་པོ་བཏུ་བར་བྱ། །ཞེས་པ་ལྟར་རོ། །ངོ་བོ་གང་བཏུ་བ་ནི། བརྗོད་པའི་སྔགས་སྒྲའི་རྣམ་པར་བཏུ་བ་དང༌། དམིགས་པའི་སྔགས་གཟུགས་སུ་བཏུ་བ་དང༌། བརྡར་གྱུར་པའི་སྔགས་ཡི་གེ་གསུམ་གྱི་ཚུལ་དུ་བཏུ་བ་དང༌། དོན་དམ་པའི་སྔགས་སྐྱེ་མེད་ཀྱི་རྣམ་པར་བཏུ་བ་སྟེ། བཞི་ཞེས་བཤད་ནའང་རུང་ངོ༌། །བརྗོད་པའི་སྔགས་བཏུ་ཚུལ་ནི་གཉིས་ཏེ། བསྐྱེད་རིམ་པའི་བཏུ་བ་དང༌། རྫོགས་རིམ་པའི་བཏུ་བའོ། །དང་པོ་ནི། ཆའི་གཉིས་དང་ནི་དགུ་པ་ཉིད་ཀྱིས་བཤད། །སུམ་ཅུ་གསུམ་པ་ལྔ་པའི་ས་བོན་ཉིད། །ཆ་གཉིས་ལྔ་པ་དྲུག་པར་ཕྱེ་བ་ལས། །བྱུང་བ་འདི་ནི་ཐིག་ལེ་ཡིན་ཞེས་བཤད། །ཅེས་པའི་འགྱུར་གཞིར་བཞག་ལ། ཆའི་གཉིས་པ་ནི་ཨཱ་རིང་པོའོ། །དགུ་པ་ནི་ཨོའོ། །སུམ་ཅུ་གསུམ་པ་ནི་ཧའོ། །ལྔ་པའི་ས་བོན་ཉིད་ཅེས་པ་ལ། ལྔ་པ་ནི་སྡེ་ཚན་ལྔ་པའོ། །ས་བོན་ནི་མའོ། །དེ་ནི་ཨོཾ་གྱི་ཀླད་ཀོར་རོ། །དེས་ཨོཾ་གྲུབ་བོ། །ཆ་གཉིས་ནི་གསལ་བྱེད་དང༌། དབྱངས་སོ། །གསལ་བྱེད་ཀྱི་ལྔ་པ་ལ། དབྱངས་ཀྱི་དྲུག་པ་ཨཱུ་རིང་པོའོ། །ཕྱེ་བ་ལས་ཞེས་པ་ནི། གསལ་བྱེད་དང་དབྱངས་གཉིས་སུ་ཕྱེ་བ་ལས་ཞེས་པའི་དོན་ནོ། །བྱུང་བ་འདི་ནི་ཟླ་ཚེས་ཏེ། དེ་ལྟར་ཧཱུཾ་གྲུབ་བོ། །ཨ་ལ་རྣམ་དབྱེ་དང་པོ་སི་བྱིན། སི་ཨི་ཡིག་བརྗོད་དོན་ཡིན་པས་ཕྱིས། རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ་ཞེས་པས་རྣམ་བཅད་གྲུབ་བོ། །ཆོས་རྗེ་ས་སྐྱ་པཎྜི་ཏས། འབྲུ་གསུམ་ཨ་ལ་ཚེག་དྲག་ཐོབ། །ཅེས་སོ། །འདི་གཞན་གྱིས་ཇི་བཞིན་ཤེས་པ་མ་བྱུང་ངོ༌། །གཉིས་པ་རྫོགས་རིམ་པའི་སྔགས་བཏུ་བ་ལ། གཞན་དག་ནུས་པའི་སྒོ་ནས་བཏུ་བ་དང༌། སྒྲའི་སྒོ་ནས་བཏུ་བའི་ཚུལ་གཉིས་འཆད་པ་ནི། དོན་མེད་པའི་སྤྲོས་པ་རང་བཟོ་འབའ་ཞིག་གོ །རང་ལུགས་ནི། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འབྲུ་གསུམ་བཏུ་ཚུལ་ལྟར་ཤེས་པར་བྱའོ། །སྒྲའི་དེ་ཁོ་ན་ཉིད་ལ་བཞི་སྟེ། སྒྲའི་ངོ་བོ། དོན་བརྗོད་ཚུལ། སྒྲ་མཐའ་ནམ་མཁའ་དང་མཉམ་པ། སྒྲའི་དེ་ཉིད་རྟོགས་པའི་ཕན་ཡོན་ནོ། །ངོ་བོ་ནི། ཨཱ་ལི་ཀཱ་ལིས་བསྡུས་པའི་མིང་ཚིག་གི་ཚོགས་ཐམས་ཅད་དོ། །གཉིས་པ་ནི། ཡི་གེ་འདུས་པ་ལས་མིང༌། མིང་འདུས་པ་ལས་ཚིག་འབྱུང་བའི་སྒོ་ནས་དོན་སྟོན་པའོ། །གསུམ་པ་ནི། ངག་གི་སྒྲ་ཐམས་ཅད་ཨཱ་ལི་ཀཱ་ལི་ལས་འབྱུང་ལ། ཨཱ་ལི་ཀཱ་ལི་ཡང་ཨའི་རྩ་བ་ཅན་ཡིན་ཞིང༌། ཨ་ཡང་འོད་གསལ་ལས་འབྱུང་བ་དང༌། མཐར་ཡང་འོད་གསལ་ལ་ཐིམ་པའི་ཕྱིར། སྒྲ་མཐའ་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །ལྔ་པ་ལ་གཉིས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་གནོན་པའོ། །དང་པོ་ནི། བརྗོད་པའི་རྩ་བ་ཨའི་དོན་ལ་བརྟགས་པས། སྐྱེ་བ་མེད་པའི་དོན་རྟོགས་པར་འགྱུར་བའི་ཕྱིར། དེ་ལ་དགོངས་ནས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་སྒོའོ། །གཉིས་པ་ནི། སྒྲ་ཐམས་ཅད་སྐྱེ་མེད་དུ་ཤེས་པས་བསྟོད་སྨད་སོགས་ལ་དགའ་མི་དགའ་མི་འབྱུང་བའི་ཕྱིར་ཏེ། བསྟོད་སྨད་ཐམས་ཅད་བྲག་ཆ་དང་འདྲ་བར་ཁོང་དུ་ཆུད་པའི་ཕྱིར་རོ། །རྡོ་རྗེའི་བཟླས་པ་མཐར་ཕྱིན་པའི་ཚད་ལ་གཉིས་ལས། བེམ་པོའི་རླུང་རགས་པ་ལ་སློབ་པ་མཐར་ཕྱིན་པའི་ཚད་ནི། རླུང་གི་རྒྱུ་བ་གསལ་བ་དང༌། ཁ་དོག་མཐོང་བ་དང༌། རླུང་གཡས་གཡོན་དུ་སྤོ་ནུས་པའོ། །གཉིས་པ་གསལ་བའི་རླུང་ཤེས་པ་དང་འདྲེས་པ་ལ་སློབ་པ་མཐར་ཕྱིན་པའི་ཚད་ནི། རླུང་གནོད་མེད་དུ་བསྡམས་ནུས་པ་དང༌། ཕྱི་ནང་དུ་བསྲེ་ནུས་པ་དང༌། འཇིག་རྟེན་ཆོས་བརྒྱད་ཟིལ་གྱིས་གནོན་པ་སྟེ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུ་གསུང་རྣམ་པར་དག་པ་གྲུབ་པ་དང༌། ཟུང་འཇུག་གི་སྐུ་ལ་བརྟེན་ནས་ཞི་བ་ལ་སོགས་པའི་ལས་འགྲུབ་པའོ། །སེམས་དབེན་བཤད་པ་ལ་གཉིས་ཏེ། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་རྟེན་གྱི་གང་ཟག ཤེས་བྱ་དང༌། སྤང་བྱ་དང༌། ངེས་ཚིག་དང༌། དབྱེ་བའོ། །དང་པོ་ནི། རྡོ་རྗེའི་བཟླས་པ་མཐར་ཕྱིན་ནས། སེམས་དམིགས་ཀྱི་ཏིང་ངེ་འཛིན་འདོད་པའོ། །གཉིས་པ་ནི། སྣང་བའི་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དང༌། སྟོང་པ་ཉིད་ལས་བྱུང་ཞིང་སྟོང་པ་ཉིད་དུ་ཐིམ་པར་ཤེས་པར་བྱེད་དོ། །ཇི་སྐད་དུ། ཐུགས་ཀྱི་རྡོ་རྗེ་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་ན། །ཐུགས་ཀྱི་རྡོ་རྗེ་ཞེས་བཤད་དོ། །སྤང་བྱ་ནི། གཟུང་འཛིན་གྱིས་བསྡུས་པའི་རང་བཞིན་བརྒྱད་ཅུའོ། །ངེས་ཚིག་ནི་ཤེས་བྱ་སེམས་ཀྱི་ཀུན་ཏུ་སྣང་བ་དང༌། རང་བཞིན་སྣང་བ་ནི་གཟུང་འཛིན་རྟོག་པས་རང་བཞིན་གྱིས་དབེན་པས་སེམས་དབེན་དང༌། སེམས་རིག་པའི་ཡེ་ཤེས་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་གློ་བུར་བས་ཀྱང་དབེན་པས་ན། སེམས་དབེན་ཞེས་བྱའོ། །ལྔ་པ་དབྱེ་བ་ལ་གཉིས་ཏེ། ཤེས་བྱ་སེམས་ཀྱི་མཚན་ཉིད་དང༌། སེམས་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དང་པོ་ལ་ཡང་གཉིས་ཏེ། རྟོག་མེད་ཀུན་ཏུ་སྣང་བའི་སེམས་དང༌། རྟོག་བཅས་རང་བཞིན་སྣང་བའི་སེམས་སོ། །དང་པོ་ནི། རྟོག་མེད་ཀྱི་ཤེས་པ་གཅིག་ཉིད། སྐྱེ་བ་ལ་ཕྱོགས་པའི་ཆ་སྣང་བ་དང༌། སྐྱེ་བཞིན་པ་སྣང་བ་མཆེད་པ་དང༌། འགག་པ་ལ་ཕྱོགས་པའི་ཆ་སྣང་བ་ཉེར་ཐོབ་ཞེས་འདོད་པའང་ཡོད་དོ། །ཆག་གི་བཞེད་པ་ནི། དང་པོར་ཡུལ་མཐོང་བས་སྣང་བ། དེ་ནས་ཆོས་གསལ་བ་མཆེད་པ། བློའི་ནུས་པ་ཟད་པ་ལ་ཕྱོགས་པ་ཉེར་ཐོབ་ཞེས་འདོད། གཉིས་པ་རྟོག་བཅས་རང་བཞིན་གྱི་སྣང་བ་ནི། རྟོག་མེད་ཀྱི་སྣང་བས་དྲངས་པའི་འཁོར་བ་བསྐྱེད་པའི་རྒྱུ། གློ་བུར་གྱི་དྲི་མ་རང་བཞིན་བརྒྱད་ཅུའོ། །དེ་ལ་རྟོག་མེད་ནི་སྒོ་ལྔའི་རྣམ་ཤེས་ཀྱི་སྣང་བ་ཡིན་ལ། རྟོག་བཅས་ནི་ཡིད་ཀྱི་ཤེས་པའི་སྣང་བ་ཡིན་ནོ། །ཞེས་འགའ་ཞིག་བཞེད་ཅིང༌། སྐྱེ་ཚུལ་ཡང༌། སྣང་བའི་རྗེས་ཐོགས་སུ་རང་བཞིན་སུམ་ཅུ་རྩ་གསུམ། གང་རུང་གཅིག་དང༌། སྣང་བ་མཆེད་པ་སྐྱེ། མཆེད་པའི་མཇུག་ཐོགས་སུ་རང་བཞིན་བཞི་བཅུ་གང་རུང་གཅིག་དང༌། ཉེར་ཐོབ་སྐྱེ། ཉེར་ཐོབ་ཀྱི་རྗེས་ཐོགས་སུ་རང་བཞིན་བདུན་གང་ཡང་རུང་བ་གཅིག་སྐྱེ་ཞེས་བཞེད་མོད། འཐད་པར་མ་མཐོང་ངོ༌། །སྒོ་ལྔའི་རྣམ་ཤེས་ལ་རྟོག་མེད་རྣམ་བཞག་རུང་མོད་ཀྱི། སེམས་དབེན་གྱི་སྐབས་ཀྱི་དོན། ཡིད་ཀྱི་རྣམ་ཤེས་ལ་བྱེད་དགོས་པས། ཡིད་ཤེས་རྟོག་བཅས་རྟོག་མེད་ཀྱི་སྣང་བ་ལ། རྟོག་མེད་ཀྱི་སྣང་བ་དང༌། རྟོག་བཅས་ཀྱི་སྣང་བ་གཉིས་བཞག་དགོས་སོ། །རྟོག་མེད་ཀུན་ཏུ་སྣང་བ་ལ་དྲུག་སྟེ། སེམས་ཀྱི་དབྱེ་བ་དང༌། མིང་གི་རྣམ་གྲངས་དང༌། མཚན་ཉིད་དང༌། དུས་ཇི་ཙམ་དུ་སྐྱེ་བ་དང༌། སེམས་ཀྱི་བྱེད་ལས་དང༌། བསྒྲུབ་པའི་རྒྱུའོ། །དབྱེ་བ་ལ་གསུམ་སྟེ། སྣང་བ་དང༌། སྣང་བ་མཆེད་པ་དང༌། ཉེར་ཐོབ་བོ། །མིང་གི་རྣམ་གྲངས་ལ། དོན་ལ་མཁས་པ་ལ་བསྟན་པ་དང༌། མི་མཁས་པ་ལ་བསྟན་པའོ། །དང་པོ་ལ་ཡང༌། ཐེག་པ་ཐུན་མོང་ལ་གྲགས་པའི་མིང་དང༌། རྡོ་རྗེ་ཐེག་པ་ལ་གྲགས་པའི་མིང་ངོ༌། །དང་པོ་ནི། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང༌། ཀུན་བཏགས་དང༌། གཞན་དབང་དང༌། ཡོངས་གྲུབ་ཅེས་པ་ལ་སོགས་པའོ། །རྡོ་རྗེ་ཐེག་པ་ལ་གྲགས་པའི་མིང་ནི། སྣང་བ་དང༌། སྣང་བ་མཆེད་པ་དང༌། ཉེར་ཐོབ་དང༌། སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་ཞེས་སོགས་སོ། །དོན་མི་མཁས་པ་ལ་བསྟན་པ་ལ་གཉིས་ཏེ། སྒྲ་པ་ལ་བསྟན་པ་དང༌། ཐ་མལ་པ་ལ་བསྟན་པའོ། །དང་པོ་ནི། ཨོཾ་དང༌། ཨཱ་དང༌། ཨཿབསྟན་པའོ། །གཉིས་པ་ནི། ཉིན་མོ་དང༌། མཚན་མོ་དང༌། མཚམས་དང༌། སྐྱེས་པ་དང༌། བུ་མེད་དང༌། མ་ནིང་ལ་སོགས་པའོ། །སེམས་ཀྱི་མཚན་ཉིད་ལ་གཉིས་ཏེ། སྤྱིའི་མཚན་ཉིད་དང༌། བྱེ་བྲག་གི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། ཆོས་ཅན་སེམས་ཀུན་རྫོབ་པའི་མཚན་ཉིད། སེམས་ཀྱི་ཆོས་ཉིད་དོན་དམ་པའི་མཚན་ཉིད་དོ། །དང་པོ་ནི། གཟུང་འཛིན་གྱི་རང་བཞིན་གྱིས་དབེན་པའི་རང་རིག་གསལ་ཙམ་མོ། །གཉིས་པ་ནི། སེམས་ཐམས་ཅད་དོན་དམ་འོད་གསལ་གྱི་རྩ་བ་ཅན་དང༌། གཟུང་འཛིན་གྱི་ངོ་བོས་སྟོང་པ་མཐའ་གང་དུ་ཡང་མི་གནས་པའོ། །ཇི་སྐད་དུ། །རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་སོ། །གཉིས་པ་བྱེ་བྲག་གི་མཚན་ཉིད་ལ། སྣང་བ་ནི་ཟླ་བའི་འོད་ཟེར་ལྟར་གསལ་བ་དང༌། སྣང་བ་མཆེད་པ་ནི་ཉི་མའི་འོད་ཟེར་ལྟར་ཆེས་གསལ་བ་དང༌། ཉེར་ཐོབ་ནི། མཚམས་ཀྱི་མུན་པ་ལྟར་སྣང་བའི་བྱ་བ་རྫོགས་པའོ། །སྐྱེ་བའི་དུས་ནི། སྐད་ཅིག་དང༌། ཐང་གཅིག་དང༌། ཡུད་ཙམ་ལ་སོགས་པར་སྐྱེ་བའོ། །བྱེད་ལས་ནི། སེམས་གསུམ་གྱི་རང་བཞིན་མ་རྟོགས་ན། འཁོར་བའི་ཆོས་ཐམས་ཅད་སྐྱེ་ལ། རྟོགས་ན་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་བྱེད་དོ། །ཇི་སྐད་དུ། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་དེ་སྣང་བ་གསུམ་ཐོབ་པ། །སེམས་ཀྱི་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སྒྲུབ་པའི་རྒྱུ་ནི། རླུང་དང་ཤེས་པ་སྔ་མའི་སྟོབས་ཀྱིས་འབྱུང་སྟེ། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་དགོངས་པ་ལུང་སྟོན་ལས་གསུངས་ལ། རྡོ་རྗེ་ཕྲེང་བ་ལས་ཀྱང༌། དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་འཛིན་བྱེད་ལ། །རླུང་དང་ལྡན་པའི་རྣམ་ཤེས་ནི། །རྟག་ཏུ་འགྲོ་ལ་གནས་པར་འགྱུར། །ཞེས་སོ། །རྟོགས་བཅས་ཀྱི་རང་བཞིན་སྣང་བ་ནི། རྟོག་མེད་ཀུན་ཏུ་སྣང་བ་དང༌། རླུང་གི་སྟོབས་ཀྱིས་དེའི་རྗེས་སུ་རྒྱུ་བའི་ཡིད་ཀྱི་རྣམ་ཤེས་རྟོག་པ་དང་བཅས་པ་སྟེ། དེ་ཡང་སྣང་བའི་རང་བཞིན་སུམ་ཅུ་རྩ་གསུམ། མཆེད་པའི་རང་བཞིན་བཞི་བཅུ་ཐམ་པ། ཉེར་ཐོབ་ཀྱི་རང་བཞིན་བདུན་ནོ། །ནང་ཚན་གྱི་གོ་རིམ་ནི་ངེས་པ་མེད་དེ། རིམ་ལྔ་ལས། གོ་རིམ་ངེས་པ་མེད་པར་འབྱུང༌། །ཞེས་བཤད་པ་ལྟར་རོ། །སྤྱི་དོན་ཚན་གསུམ་གྱི་གོ་རིམ་ནི། གཙོ་བོའི་གོ་རིམ་དང་རྗེས་སུ་མཐུན་པར་འཇུག་གོ །སེམས་དབེན་གྱི་སྐབས་སུ་རང་བཞིན་བརྒྱད་ཅུ་བསྟན་པ་ནི། སེམས་དབེན་གྱི་མི་མཐུན་ཕྱོགས་རྟོགས་པའི་དོན་དུ་བསྟན་ནོ། །སེམས་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ལ་ལྔ་སྟེ། དབྱེ་བ་དང༌། བསྐྱེད་པའི་རྒྱུ་དང༌། ཉམས་སུ་བླང་བའི་ཐབས་དང༌། མཐར་ཕྱིན་པའི་ཚད་དང༌། ཕན་ཡོན་ནོ། །དབྱེ་བ་ལ་གཉིས་ཏེ། ཆོས་ཅན་གྱི་ཆ་སེམས་རིག་པའི་ཡེ་ཤེས་དང༌། སེམས་ཀྱི་ཆོས་ཉིད་རིག་པའི་ཡེ་ཤེས་སོ། །དང་པོ་ནི། གཟུང་འཛིན་གྱིས་དབེན་པའི་སེམས་ཀྱི་དངོས་པོ། །ཡུལ་ལ་འཇུག་ཚུལ་དང༌། འཁོར་ཇི་ལྟར་འབྱུང་བའི་ཚུལ་རྣམས་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་སོ། །གཉིས་པ་ནི། འོད་གསལ་རྟོགས་པའི་ཡེ་ཤེས་ཏེ། འོག་ཏུ་འཆད་དོ། །ཆོས་ཅན་གྱི་ཆ་རིག་པའི་ཡེ་ཤེས་ལའང༌། རབ་འབྲིང་གསུམ་སྟེ། ཐོག་མར་རང་བཞིན་སུམ་ཅུ་རྩ་གསུམ་གྱིས་སྟོང་པའི་སེམས་ཀྱི་ཚུལ་རིག་པ་སྣང་བའི་ཡེ་ཤེས། བར་དུ་རང་བཞིན་བཞི་བཅུ་ཐམ་པས་སྟོང་པའི་སེམས་རིག་པ་མཆེད་པའི་ཡེ་ཤེས། མ་རིག་པ་བདུན་གྱིས་སྟོང་པའི་སེམས་རིག་པ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །འདི་དག་ལ་དགག་བྱ་དགག་པའི་རིམ་པ་ལས། སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་ཞེས་བྱའོ། །ཡེ་ཤེས་སྒྲུབ་པའི་རྒྱུ་ནི་གཉིས་ཏེ། རྟག་ཏུ་ལས་རྒྱ་ལ་བརྟེན་པ་དང༌། ལན་གཅིག་ཙམ་བརྟེན་པའོ། །ཇི་སྐད་དུ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་པ་དང༌། གལ་ཏེ་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང༌། །བསམ་གཏན་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་སོ། །ཉམས་སུ་བླང་བའི་ཐབས་ནི། ཐོག་མར་བདེ་བ་བསྡུ་བ་དང༌། དེ་ནས་བདེ་བ་གཟུང་བ་དང༌། བདེ་བ་དང་བྲལ་བ་དང༌། བདེ་བ་སྤྲོ་བའི་ཚུལ་གྱིས་ཉམས་སུ་བླང་ཚུལ་ཏེ་བཞིའོ། །མཐར་ཕྱིན་པའི་ཚད་ནི། མཉམ་པར་བཞག་པའི་དུས་སུ་བདེ་སྟོང་དབྱེར་མེད་དུ་འཆར་བ་བཞིན་དུ། རྗེས་ཐོབ་ཀྱི་དུས་སུ་ཡང་ཡུལ་རབ་འབྲིང་ཅི་དང་ཅི་མཐོང་བའི་སྣང་བ་ཐམས་ཅད། བདེ་སྟོང་དབྱེར་མེད་དུ་འཆར་བའོ། །རྡོ་རྗེ་ཕྲེང་བ་ལས། དེ་བས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང༌། །དམ་པའི་ཡུལ་ལ་འཇུག་པ་ཡིན། །ཞེས་སོ། །སེམས་དམིགས་ཀྱི་ཕན་ཡོན་ནི་ལྔ་སྟེ། དེ་བཞིན་གཤེགས་པའི་ཐུགས་མི་རྟོག་པ་བདེ་བ་ཆེན་པོ་འབྱུང་བ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་འབྱུང་བ་དང༌། བདག་བྱིན་གྱིས་རླབས་པ་ལ་ཕྱོགས་པར་འགྱུར་བ་དང༌། ས་བཅུའི་དབང་ཕྱུག་དང་འདྲ་བར་འགྱུར་བ་དང༌། ལས་དང་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་འགྱུར་བའོ། །གཉིས་པ་ཡན་ལག་གི་དོན་ནི། སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་པ་སྟེ། རིམ་པ་གཉིས་པ་རྡོ་རྗེའི་བཟླས་པའི་ཐབས་ལས་ཐོབ་པ་ནི། སེམས་ལ་དམིགས་པ་ཞེས་བརྗོད་དོ། །ཞེས་བཤད་དོ། །ངོ་བོ་ནི་ཉོན་མོངས་པ་དང༌། གློ་བུར་གྱི་དྲི་མས་དབེན་པའི་ཚུལ་དུ། སེམས་ཀྱི་ངོ་བོ་རིག་ཅིང་བདེ་སྟོང་གཉིས་མེད་དུ་འཆར་བའི་ཏིང་ངེ་འཛིན་ནོ། །འདིར་རིམ་པ་གཉིས་པ་ནི། རྡོ་རྗེའི་བཟླས་པ་ལ་ངོས་བཟུང་བར་བྱ་བ་ཡིན་གྱི། སེམས་དམིགས་ལ་བརྗོད་པ་མ་ཡིན་ནོ། །དེས་ན་རིམ་པ་གཉིས་པའི་ཐོབ་བྱ་སེམས་དམིགས་ཀྱི་ངོ་བོ་ནི་འདི་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །སེམས་དམིགས་བསྟན་ཟིན་ཏོ། །སྒྱུ་ལུས་སྟོན་པ་ལ་གཉིས་ཏེ། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་སྣོད་དུ་བྱ་བའི་རིམ་པ་དང༌། སྒྱུ་ལུས་གཏན་ལ་དབབ་པ་དང༌། འགྲུབ་པའི་རྒྱུ་དང༌། བསླབ་ཚུལ་དང༌། མཐར་ཕྱིན་པའི་ཚད་དང༌། ཕན་ཡོན་ནོ། །དང་པོ་ནི། སློབ་དཔོན་གྱིས་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས། མེ་ཏོག་ཕྲེང་བ་དང༌། ཆུ་དབང་ལ་སོགས་པ་ཐུན་མོང་གི་དབང་དགུ་སྔོན་དུ་འགྲོ་བས། གསང་བའི་དབང་བསྐུར་ཐོབ་པར་བྱས་ཏེ། དེའི་སྟོབས་ཀྱིས་གདམས་ངག་གི་གནང་བ་བྱིན་པ་དང༌། བསྒོམ་པའི་སྣོད་དུ་གྱུར་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྒྱུ་ལུས་ངོས་བཟུང་བ་དང༌། དེ་བསྒོམ་པའི་ཚུལ་ལོ། །ཉེར་ལེན་སེམས་དབེན་གྱི་ཏིང་ངེ་འཛིན་དང༌། ལྷན་གཅིག་བྱེད་པའི་རྐྱེན་རླུང་ལྔ་ལ་བརྟེན་ནས། འོད་གསལ་ལས་སྐད་ཅིག་གིས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་གི་རྣམ་པར་སྣང་བའོ། །རྡོ་རྗེ་འཆང་དངོས་ནི་མ་ཡིན་ཏེ། འདིར་འབྲས་བུ་མཐར་མ་ཐུག་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །འོན་ཀྱང་རྡོ་རྗེ་འཆང་དང་རྗེས་སུ་མཐུན་པའི་སྐུ་ཡིན་ནོ། །སྒྱུ་མའི་རིམ་པ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་སུ་དེ་ལ་བཤད། །ཅེས་པ་དང༌། རྡོ་རྗེ་ཕྲེང་བ་ལས་ཀྱང༌། ཚིག་གི་ལམ་གྱི་ཡུལ་དེ་ཉིད། །གཙོ་བོ་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇའ་ཚོན་ལྟ་བུར་སྣང་བ་ཡིན། །ཞེས་སོ། །འདིར་མཚོན་པར་བྱེད་པའི་དཔེ་བཅུ་གཉིས་གསུངས་ཀྱང༌། དཔེའི་གཙོ་བོ་གསུམ་ཡིན་ཏེ། སྐད་ཅིག་ཙམ་གྱིས་ཡན་ལག་དང་ཉིང་ལག་རྫོགས་པར་གྲུབ་པའི་དཔེ་ནི། མེ་ལོང་ནང་གི་གཟུགས་བརྙན་ནོ། །སྤྱོད་ཡུལ་ཐམས་ཅད་ལ་ཁྱབ་པའི་དཔེ་ནི་ཆུའི་ཟླ་བའོ། །ཁ་དོག་ཡིད་དུ་འོང་ཞིང་གསལ་བ་བཀྲ་བར་སྣང་བའི་དཔེ་ནི་ནམ་མཁའི་འཇའ་ཚོན་ནོ། །རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་དེ་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ཉིད་ཀྱིས། །ཁྱབ་པ་ཆུའི་ཟླ་བས་སོ། །གཉིས་པ་བསྒོམ་པའི་ཚུལ་ནི། ཐོག་མར་ཚད་མེད་པ་བཞི་བསྒོམས་པའི་རྗེས་ལ། རང་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྒྱུ་མ་ལ་སོགས་པའི་དཔེ་ལྟར། སྣང་ལ་རང་བཞིན་མེད་པ་ཞིག་ཏུ་བསྐྱེད་ནས། སེམས་རྩེ་གཅིག་པའི་སྒོ་ནས་ཡང་དང་ཡང་དུ་སྒོམ་པར་བྱེད་པའོ། །གསུམ་པ་འགྲུབ་པའི་རྒྱུ་ནི། སྒྱུ་ལུས་ཀྱི་ཏིང་ངེ་འཛིན་དེ་ཉིད་ཡིན་ཏེ། འདིས་མ་དག་པའི་ལུས་སྤངས་ནས་དག་པའི་སྒྱུ་ལུས་རྡོ་རྗེ་འཆང་དང་རྗེས་སུ་མཐུན་པ་མངོན་དུ་བྱེད་པའི་ཕྱིར་རོ། །ཉེར་ལེན་གྱི་རྒྱུ་ནི། སེམས་བསྐྱེད་པའི་རིམ་པ་དང༌། སེམས་དབེན་གཉིས་ཚོགས་ཡིན་ལ། ལྷན་གཅིག་བྱེད་པའི་རྐྱེན་ནི་རླུང་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འགའ་ཞིག་སྒྱུ་ལུས་ཀྱི་མན་ངག་ནི། གསང་འདུས་ཁོ་ན་ལ་ཡོད་ཀྱི་རྒྱུད་གཞན་ལ་མེད་ཟེར་བ་ནི་མི་འཐད་དོ། །རྒྱུད་གཞན་བདེ་མཆོག་ལ་སོགས་པ་ལའང་རྗེས་སུ་མཐུན་པའི་རྒྱུ་མ་དག་པའི་ལུས་སྤངས་ནས་སྒྱུ་མ་ལྟ་བུའི་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་པའི་ཐབས་ཡོད་པའི་ཕྱིར་རོ། །དེ་ལ་རྗེས་སུ་མཐུན་པའི་རྒྱུ་ནི་ལྷའི་སྐུ་བསྒོམ་པ་ཡིན་ལ། སྣང་ལ་རང་བཞིན་མེད་པར་སྣང་བའི་རྒྱུ་ནི། འོད་གསལ་དང་སྒྱུ་ལུས་གཉིས་ཚོགས་བསྒོམ་པ་ཡིན་ནོ། །བསླབ་ཚུལ་ཡང༌། སྒྱུ་མའི་ཏིང་ངེ་འཛིན་ཉིད་ཀྱིས་བསྟན་ཏོ། །ལྔ་པ་མཐར་ཕྱིན་པའི་ཚད་ནི། འོད་གསལ་ལས་ལྡང་ནས། རླུང་སེམས་ཙམ་ལས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་ངོ་བོར་དངོས་སུ་སྟོན་ནུས་པའོ། །ཕན་ཡོན་ནི། གནས་སྐབས་ཀྱི་ཕན་ཡོན་འོད་གསལ་མངོན་དུ་བྱེད་པ་དང༌། མཐར་ཐུག་གི་ཕན་ཡོན་རྡོ་རྗེ་འཆང་ཆེན་པོ་ཚེ་དེ་ཉིད་ལ་མངོན་དུ་བྱེད་པ་སྟེ། རིམ་ལྔ་ལས། བདག་བྱིན་བརླབས་པའི་རིམ་གྱིས་ནི། །འོད་གསལ་བ་ཉིད་ཐོབ་པར་འགྱུར། །ཞེས་པ་དང༌། བདག་ལ་བྱིན་བརླབས་ཐོབ་པ་ཡིས། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ཡན་ལག་གི་དོན་ནི། ཀུན་རྫོབ་བདེན་པ་བསྟན་པ་ནི། ཡིད་འོང་རིམ་པ་གསུམ་པ་ཡིན། །ཞེས་པས་ཏེ། ནམ་མཁའི་འཇའ་ཚོན་ལྟར་འོད་ཟེར་ལྔས་བརྒྱན་པ་ཡིད་དུ་འོང་བ་དང༌། དབང་པོའི་སྤྱོད་ཡུལ་དུ་གྱུར་པས་ཀུན་རྫོབ་ཀྱི་བདེན་པར་བསྟན་པ་ནི། རིམ་པ་གཉིས་པ་རྡོ་རྗེ་བཟླས་པ་འབྲས་བུ་དང་བཅས་པའི་མཇུག་ཐོག་ཏུ་བསྒོམ་པར་བྱ་བ་ཡིན་པས་ན། རིམ་པ་གསུམ་པ་ཞེས་བྱའོ། །སྒྱུ་ལུས་བསྟན་ཟིན་ཏོ། །བཞི་པ་འོད་གསལ་སྟོན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །ཞེས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་སྒྱུ་ལུས་རིལ་འཛིན་དང༌། རྗེས་ཞིག་གཉིས་ཀྱི་སྒོ་ནས་བསྒོམས་པས། དག་པར་བྱེད་པ་ནི། རིམ་པ་བཞི་པ་འོད་གསལ་གྱི་ཏིང་ངེ་འཛིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། སྣོད་དུ་བྱ་བའི་རིམ་པ་དང༌། མངོན་པར་བྱང་ཆུབ་པ་གཏན་ལ་དབབ་པ་དང༌། ཇི་ལྟར་བསླབ་པའི་རིམ་པ་དང༌། བསྒོམ་པ་མཐར་ཕྱིན་པའི་ཚད་དང༌། ཕན་ཡོན་ནོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ནས། ཚོགས་ཀྱི་དཀྱིལ་འཁོར་དུ་མཆོད་པ་ཆེན་པོ་བྱས་པའི་རྗེས་ལ། བུམ་པའི་དབང་དང༌། གསང་དབང་སྔོན་དུ་འགྲོ་བས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གཉིས་པ་ལ་གཉིས་ཏེ། ཡུལ་འོད་གསལ་ངོས་བཟུང་བ་དང༌། ཡུལ་ཅན་འོད་གསལ་གྱི་ཏིང་ངེ་འཛིན་ནོ། །དང་པོ་ལ། རྒྱ་བོད་ཀྱི་མཁས་པ་དུ་མས། སྣང་གསུམ་ཉེ་བར་ནུབ་པའི་འོད་གསལ་གཉིས་སུ་མེད་པའི་ཡེ་ཤེས་མྱོང་རིག་ཙམ་ལ་འདོད་པ་ནི་མི་འཐད་དེ། འོད་གསལ་གྱི་དོན་ཁོང་དུ་མ་ཆུད་པའི་ཕྱིར་ཏེ། སྤྱོད་བསྡུས་ལས། འོད་གསལ་གྱི་མིང་གི་རྣམ་གྲངས་སྟོན་པ་ན། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་སྐུ་ཞེས་བཤད་པའི་ཕྱིར་རོ། །འཕགས་པའི་མཉམ་བཞག་གི་ཡེ་ཤེས་ལ་འདོད་པ་ལའང་འདི་ཉིད་ཀྱིས་གནོད་དོ། །གལ་ཏེ་འོད་གསལ་དང༌། དེ་བཞིན་ཉིད་དོན་གཅིག་ན། ཀུན་རྫོབ་ཀྱི་བདེན་པ་སྒྱུ་ལུས་དང་རྒྱུ་འབྲས་སུ་བཤད་པ་དང་འགལ་ལོ་ཞེ་ན། འོད་གསལ་རྟོགས་པའི་ཡེ་ཤེས་ལ། ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་ནས་དེ་དང་རྒྱུ་འབྲས་སུ་བཤད་པ་ཡིན་ནོ། །ངོ་བོ་བསྟན་ཟིན་ཏོ། །དབྱེ་བ་ནི་གཉིས་ཏེ། ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པའོ། །དང་པོ་ནི། ཕྱིའི་དཔེའི་སྒོ་ནས་མཚོན་པ་སྟེ། ཐོ་རངས་ཀྱི་དུས་སུ་ཟླ་བའི་འོད་ཟེར་འདས་ཤིང་ཉི་མའི་འོད་ཟེར་མ་ཤར་ལ། མཚམས་ཀྱི་མུན་པ་ནུབ་པའི་སྐབས་སུ། སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ། སྣང་མུན་གྱི་སྒྲིབ་བྱེད་དང་བྲལ་བས་ནམ་མཁའི་ངོ་བོའི་ཚུལ་ཇི་ལྟ་བ་བཞིན་དུ་སྣང་བའི་དཔེས་བསྟན་ནོ། །ནང་གི་མངོན་པར་བྱང་ཆུབ་པ་ནི་བཞི་སྟེ། སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང༌། ཐམས་ཅད་སྟོང་པ་འོད་གསལ་ལོ། །དང་པོ་ནི། འབྱུང་བཞི་རིམ་གྱིས་འགགས་ཏེ། འདོད་ཆགས་ལས་གྱུར་པའི་རང་བཞིན་སུམ་ཅུ་རྩ་གསུམ་འགགས་པས། དེས་སྟོང་པའི་ཆ་ལ་བརྗོད་དོ། །གཉིས་པ་ནི། ཞེ་སྡང་ལས་གྱུར་པའི་རང་བཞིན་བཞི་བཅུ་འགགས་པས། དེས་སྟོང་པའི་ཆ་ལ་བརྗོད་དོ། །གསུམ་པ་ནི། གཏི་མུག་ལས་གྱུར་པའི་རང་བཞིན་བདུན་འགགས་པས། དེས་སྟོང་པའི་ཆ་ལ་བརྗོད་དོ། །དེ་ནས་སེམས་ཀྱི་རྒྱུ་བ་མ་ལུས་པ་འགགས་ཏེ། སྤྲིན་མེད་པ་ཐོ་རངས་ཀྱི་ནམ་མཁའ་ལྟར་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དེ། ཐམས་ཅད་སྟོང་པ་འོད་གསལ་ཞེས་བྱའོ། །གཉིས་པ་ཡུལ་ཅན་འོད་གསལ་གྱི་ཏིང་ངེ་འཛིན་ནི། སྟོང་པར་རྟོགས་པ་སྣང་བའི་ཡེ་ཤེས། ཤིན་ཏུ་སྟོང་པར་རྟོགས་པ་མཆེད་པའི་ཡེ་ཤེས། སྟོང་པ་ཆེན་པོར་རྟོགས་པ་ཉེར་ཐོབ་ཀྱི་ཡེ་ཤེས། དེ་ཐམས་ཅད་ཀྱི་མཇུག་ཐོགས་སུ་ཐམས་ཅད་སྟོང་པ་འོད་གསལ་ལ་ཡང༌། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བའི་ཡེ་ཤེས་སོ། །གཞན་དག མཉམ་བཞག་སྣང་མེད་དུ་འདོད་པ་ནི། སེམས་ཙམ་པའི་འདོད་ཚུལ་ཡིན་གྱི། འཕགས་པ་ཡབ་སྲས་ནི། ཡུལ་གྱི་སྣང་བ་མེད་པའི་ཤེས་པ་གཏན་མི་བཞེད་དེ། ཤེས་བྱ་དང་ཤེས་པ་ཕན་ཚུན་ལྟོས་པའི་ཕྱིར་ཏེ། འཇུག་པ་ལས། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་པ་ཁུངས་སུ་མཛད་པ་ནི་མི་འཐད་དེ། བསྒྲུབ་བྱ་དང་ལུང་གི་ཤེས་བྱེད་འབྲེལ་པ་མེད་པའི་ཕྱིར་དང༌། ལུང་གི་དོན་ངེས་པར་མ་བཟུང་བའི་ཕྱིར་རོ། །ཤེས་བྱ་ཤེས་བྱེད་ཕན་ཚུན་ལྟོས་པས། འོད་གསལ་རྟོགས་པའི་ཡེ་ཤེས་ལ། ཡུལ་གྱི་རྣམ་པ་སྣང་བར་མི་འགྲུབ་སྟེ། མཉམ་བཞག་ལ་ཡུལ་ཡོད་ཀྱང༌། ཡུལ་གྱི་སྣང་བ་མངའ་མི་དགོས་པས་སོ། །ཡུལ་མེད་པའི་ཡུལ་ཅན་འདོད་ན། ཕན་ཚུན་ལྟོས་པའི་ལུང་གིས་གནོད་པ་ཡིན་ཀྱང༌། ཡུལ་ཡོད་པ་ལ་ཡུལ་གྱི་རྣམ་པ་དང་འབྲེལ་བའི་སྣང་བ་མངའ་མི་དགོས་པས་སོ། །ཡང་འོད་གསལ་གྱི་ངོ་བོ་མཉམ་བཞག་ལ་འདོད་པ་ཡང་སྔར་ཡང་བཀག་ཟིན་ཅིང༌། གནོད་བྱེད་གཞན་ཡང༌། རྒྱུད་བླ་ལས། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་པ་དང༌། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པ་དང༌། སྤྱོད་བསྡུས་ལས། འོད་གསལ་དང༌། དེ་བཞིན་ཉིད་མིང་གི་རྣམ་གྲངས་སུ་གསུངས་པ་རང་ཡང་འགལ་ལོ། །གསུམ་པ་ཇི་ལྟར་བསླབ་པའི་ཚུལ་ནི། རིལ་འཛིན་རྗེས་ཞིག་གཉིས་ཀྱིས་སྒྱུ་ལུས་འོད་གསལ་དུ་བཅུག་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་དེ་བཞིན་ཉིད་ལ་མཉམ་པར་བཞག་ནས་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །འོད་གསལ་སྤྲིན་མེད་པའི་ནམ་མཁའི་དཔེས་བསྟན་པས་ན། འོད་གསལ་གྱི་ཡུལ་ཅན་སྣང་མེད་ཡིན་པར་མངོན་ནོ། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་དཔེའི་ཡེ་ཤེས་ལ་བརྟེན་པ་དོན་རྟོགས་པར་བྱས་ཏེ། དེའི་རྒྱུན་གོམས་པ་ལས་ཐོབ་པ་ཡིན་ནོ། །ཇི་སྐད་དུ། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །བསྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཅེས་པས་སོ། །བཞི་པ་མཐར་ཕྱིན་པའི་ཚད་ནི། འོད་གསལ་ལ་མཉམ་པར་བཞག་པའི་དུས་སུ། གང་གིས་ཀྱང་བསྒུལ་བ་དང༌། བསྐྱོད་པར་མི་ནུས་ཤིང༌། རྗེས་ཐོབ་ཀྱི་དུས་སུའང་ཉོན་མོངས་དང་རྣམ་རྟོག་གི་མཚན་མར་འཛིན་པས་མི་རྫི་བའི་ནུས་པ་ཐོབ་བོ། །ལྔ་པ་ཕན་ཡོན་ནི། ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུ་ཐོབ་པ་སྟེ། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་ཟུང་འཇུག་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །ཞེས་པས་བསྟན་ཏེ། འཛིན་པའི་ཡན་ལག་འོད་གསལ་ལས་ལངས་ནས། རྗེས་དྲན་གྱི་ཡན་ལག་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། ཀུན་རྫོབ་བདེན་པ་སྒྱུ་ལུས་དང༌། དོན་དམ་བདེན་པ་འོད་གསལ་གཉིས་དབྱེར་མེད་དུ་སྦྱོར་བའི་ཚུལ་གྱིས་བཞེངས་པ་གང་ཡིན་པ་ནི། ཟུང་འཇུག་ཅེས་བྱ་སྟེ། རིམ་པ་ལྔ་པའོ། །གཉིས་པ་ལ། ཟུང་འཇུག་གཏན་ལ་དབབ་པ་དང༌། བསླབ་པར་བྱ་བའི་ཚུལ་དང༌། མཐར་ཕྱིན་པའི་ཚད་དང༌། ཕན་ཡོན་དང༌། ངེས་ཚིག་བསྟན་པའོ། །དང་པོ་ལ་ཡང་གསུམ་སྟེ། རང་བཞིན་ངོས་བཟུང་བ་དང༌། དབྱེ་བ་དང༌། ས་མཚམས་སོ། །དང་པོ་ནི། ལུགས་བཟློག་གི་སྣང་བ་གསུམ་གྱི་རྒྱུ་དང༌། རླུང་འོད་ཟེར་ལྔ་ལྡན་གྱི་ལྷན་གཅིག་བྱེད་རྐྱེན་ལས་གྲུབ་པ། ཡིད་ཀྱི་རང་བཞིན་གྱི་ལུས་ཅན། འཇའ་ཚོན་ལྟར་རང་བཞིན་མེད་པ། འོད་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་དག་སྣང་བར་བྱེད་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་སྐུའི་རང་བཞིན་ཅན་ནོ། །མ་རྒྱུད་ལྟར་ན། ཐབས་ལམ་བསྒོམས་པའི་སྟོབས་ལས་བྱུང་བའི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་དྭངས་མས། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟར། མ་དག་པའི་ལུས་དང་བྲལ་ནས། འཇའ་ལུས་རྡོ་རྗེའི་སྐུར་བསྒྱུར་བར་བཞེད་དོ། །འགའ་ཞིག་རྒྱུ་ཐོགས་བཅས་ལས་འབྲས་བུ་ཐོགས་མེད་འབྱུང་བར་འདོད་པ་ནི། སོལ་བ་བདར་བས་དུང་དུ་འགྱུར་བར་མཚུངས་པ་ལྟར། དགག་པ་བྱེད་པ་མི་འཐད་དེ། འོ་ན་མ་དག་པའི་སེམས་ལས་དག་པའི་སེམས་འབྱུང་བ་ཡང་མི་འཐད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ན་སངས་རྒྱས་ཇི་ལྟར་ཐོབ་པར་འགྱུར། ཐོགས་བཅས་ཀྱི་ལུས་ཅན་གྱིས་ཕྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པ་ཡང་མི་འཐད་པར་ཁས་ལོངས་ཤིག ཡེ་ཤེས་ཀྱི་ཁྱད་པར་ནི། ཤེས་རབ་དང་སྙིང་རྗེ་ཡེ་ཤེས་གཅིག་ལ་དབྱེར་མེད་དུ་ཞུགས་ཤིང༌། མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཡེ་ཤེས་ནི། ཟུང་འཇུག་གི་ཡེ་ཤེས་ཀྱི་ངོ་བོ་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། སློབ་པའི་ཟུང་འཇུག་དང༌། མི་སློབ་པའི་ཟུང་འཇུག་གོ །དང་པོ་ནི། སྔགས་ཀྱི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པའི་སྐུའོ། །སྤྱོད་བསྡུས་སུ་ལུང་དྲངས་པའི་མདོ་ལས། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་ཐོབ་པའི་སྐྱེས་བུ་དམ་པ་འདི་དག་ནི། སངས་རྒྱས་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ལ་ནི། བྱང་ཆུབ་སེམས་དཔའ་ཞེས་མི་སྨྲའོ། །ཞེས་པ་དང༌། ཡང་མདོ་དེ་ཉིད་ལས། བློ་གྲོས་བརྟན་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པས་ཐོབ་བོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་མི་སློབ་པའི་ཟུང་འཇུག་ལ་གཉིས་ཏེ། སྐུའི་ཁྱད་པར་དང༌། ཡེ་ཤེས་ཀྱི་ཁྱད་པར་རོ། །སྐུའི་ཁྱད་པར་སྔར་ངོས་བཟུང་བ་ལྟར་རོ། །ཡེ་ཤེས་ཀྱི་ཁྱད་པར་ལ་ངོ་བོ་དང༌། དབྱེ་བའོ། །དང་པོ་ནི། བདེན་གཉིས་རྟོགས་པའི་ཡེ་ཤེས་དབྱེར་མེད་དུ་གཅིག་ལ་ཞུགས་པའོ། །གཉིས་པ་ལ་ནི་གསུམ་སྟེ། འགོག་པ་ཟུང་འཇུག སྣང་བ་ཟུང་འཇུག འབྲེལ་པ་ཟུང་འཇུག་གོ །དང་པོ་ནི། འཁོར་འདས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་སོགས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལ་ཐ་དད་དུ་འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་ལྡོག་པ་ནས་བསྟན་པའོ། །ཟུང་འཇུག་གི་རིམ་པ་ནས། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་པ་ཞེས་བཤད་དོ། །ཞེས་སོ། །གཉིས་པ་ནི། ཐབས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་ལུས་དང༌། ཤེས་རབ་དོན་དམ་པའི་བདེན་པ་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་ཏེ། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་བཤད་དོ། །ཞེས་སོ། །གསུམ་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། དམིགས་པ་མེད་པའི་སྙིང་རྗེ་དབྱེར་མེད་དུ་འདྲེས་པའི་ཡེ་ཤེས་ལ་བརྗོད་དོ། །ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཞེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་ཀྱི་རྣམ་པར་བཞག་པ་གཞན་ནི་གཞན་དུ་ཤེས་པར་བྱའོ། །གསུམ་པ་ས་མཚམས་ལ། འགའ་ཞིག་ཕ་རོལ་ཏུ་ཕྱིན་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྔགས་ཀྱི་མཐར་ཐུག་ཟུང་འཇུག་གི་ཡེ་ཤེས་དོན་གཅིག་པ་ཨརྻ་དེ་བས་བཞེད་པར་བཤད་ནས། ལུང་གི་ཁུངས་སྤྱོད་བསྡུས་ཀྱི་ལེའུ་དང་པོར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས། གང་ལ་ཡང་མི་སློབ་བོ་ཞེས་པའི་མདོ་ཤེས་བྱེད་དུ་དྲངས་པ་ཉིད་ཁུངས་སུ་མཛད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་དོན་གཅིག་ན། སློབ་པའི་ལམ་གྱིས་བསྡུས་པས། མི་སློབ་པའི་ས་ཡིན་པར་འགལ་ལོ། །ཡང་སྔགས་ཀྱི་ཟུང་འཇུག་མཐར་ཐུག་པ་བཅུ་པ་ལ་སྦྱར་དགོས་ཏེ། སློབ་དཔོན་ཨིནྡྲ་བྷུ་ཏི་དང༌། སློབ་དཔོན་ཀླུ་སྒྲུབ་གཉིས་ཀས་སྔགས་ཀྱི་མཐར་ཐུག་ཟུང་འཇུག་གི་སྐུ་མངོན་དུ་བྱས་པའི་ཕྱིར་དང༌། འབྲས་བུ་མཐར་ཐུག་གི་སངས་རྒྱས་ཀྱིས་བསྡུས་པ་ལ་འདོད་ན། བསྟན་པ་གཅིག་ལ་སྟོན་པ་གཉིས་འབྱུང་བར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །འདི་ནི་མ་བརྟགས་པ་ཁོ་ན་སྟེ། འོ་ན་འོད་སྤུངས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱེད་པས། སངས་རྒྱས་མི་ཐོབ་པའམ། སངས་རྒྱས་གཅིག་ལས་མི་འབྱུང་བར་ཐལ་བ་དང༌། ཤཱཀྱ་ཐུབ་པ་དང༌། བྱམས་པ་ལ་སོགས་པའི་བསྟན་པ་ལ་སངས་རྒྱས་ཐོབ་པ་མེད་པའམ། རེ་རེ་ལས་མེད་པར་འགྱུར་བས་ཧ་ཅང་ཐལ་ལོ། །སྟོན་པ་གཉིས་ལྷན་གཅིག་ཏུ་མི་འབྱུང་བའི་དོན་ནི། མཛད་པ་བཅུ་གཉིས་ཀྱིས་འཚང་རྒྱ་བའི་ཚུལ་སྟོན་པ་བསྟན་པ་གཅིག་ལ་དུས་གཅིག་ཏུ་མི་འབྱུང་ཟེར་བའི་དོན་ཡིན་ནོ། །ཡང་འགའ་ཞིག་ནི། ཕར་ཕྱིན་ཐེག་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང༌། སྔགས་ཀྱི་ཐེག་པའི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་དོན་གཅིག་ཅིང༌། ངོ་བོ་ལ་ཁྱད་པར་མེད་ལ། འོན་ཀྱང་ཕ་རོལ་ཏུ་ཕྱིན་པས་གྲངས་མེད་གསུམ་གྱིས་འཐོབ་དགོས་ལ། སྔགས་ཀྱིས་ཚེ་འདི་ཉིད་ལའང་འཐོབ་ནུབ་པ་ནི་ཁྱད་པར་རོ་ཞེས་ཟེར་རོ། །ཡང་འགའ་ཞིག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ས་བཅུ་པ་ལས་ལྷག་པ་བགྲོད་མི་ནུས་ལ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཐོབ་དགོས་སོ་ལོ། །འོ་ན་ས་བཅུ་པའི་རྗེས་ཐོགས་སུ། སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་བསྐྱེད་རྫོགས་གཉིས་དང༌། དེའི་འབྲས་བུ་སློབ་པའི་ཟུང་འཇུག་དང༌། འབྲས་བུ་མཐར་ཐུག་མི་སློབ་པའི་ཟུང་འཇུག་རིམ་གྱིས་ཐོབ་དགོས་པས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལས་ལྷག་པའི་ས་བཅུ་གསུམ་པ་ཅིའི་ཕྱིར་ཁས་མི་ལེན། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་མདོ་སྡེ་དུ་མ་དང་ཡང་འགལ་ལོ། །གལ་ཏེ་སྔགས་ལ་ཞུགས་ནས་ཐོབ་པ་ཡིན་གྱི། ཕྱི་རོལ་ཏུ་ཕྱིན་པའི་ཐེག་པ་འབའ་ཞིག་གིས་ཐོབ་པ་མིན་ནོ་ཞེ་ན། རྒྱུ་ས་བཅུའི་ནུས་པ་ཡོངས་སུ་རྫོགས་ན། འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པ་ལ། བར་དུ་ཆོས་གཞན་ཉམས་སུ་ལེན་པ་ལ་ཅི་ཞིག་ལྟོས། དངོས་རྒྱུས་དངོས་འབྲས་བསྐྱེད་པ་ཆོས་གཞན་ལ་མི་ལྟོས་པ་བཞིན་ནོ། །གལ་ཏེ་ཕར་ཕྱིན་ཐེག་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་བཤད་པ་ནི་ངེས་པའི་དོན་མ་ཡིན་ནོ་ཞེ་ན། རྒྱུ་ས་བཅུ་རྫོགས་ན་སློབ་ལམ་རྫོགས་པས། མི་སློབ་ལམ་ཐོབ་པ་ལ་བར་དུ་ཆོས་གཞན་ལ་སློབ་པ་ལ་ཅི་ཞིག་ལྟོས། འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བཀུར་པ་འདེབས་པ་ཡིན་པས་རིང་དུ་སྤང་བར་བྱའོ། །དོན་ནི་འདི་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་བྱེད་ཅིང༌། འདི་ཐོབ་པ་ནི་སངས་རྒྱས་དང་དེ་བཞིན་གཤེགས་པ་དངོས་ཡིན་ནོ། །འོ་ན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་དང་ཁྱད་པར་ཅི་ཡོད་ཅེ་ན། སྤངས་རྟོགས་ལ་ཁྱད་པར་མེད་ཅིང༌། ཡོན་ཏན་གྱིས་རྡོ་རྗེ་འཛིན་པའི་ས་ལྷག་པ་ཡིན་ནོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། སྤངས་རྟོགས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་བྱེད་པ་ཡིན་ལ། ཡོན་ཏན་ནི་བསོད་ནམས་ཀྱི་ཚོགས་ཀྱི་བྱེད་པ་ཡིན་ཅིང༌། ཕ་རོལ་ཏུ་ཕྱིན་པ་ལས། སྔགས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཐབས་མང་ཞིང་རྒྱ་ཆེ་བ་ཡིན་པའི་ཕྱིར། རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་ནུས་པ་ལྷག་པས། འབྲས་བུ་ཡོན་ཏན་ཡང་ལྷག་པ་འཐད་དོ། །དཔེས་བསྟན་པ་ནི། དག་པར་བྱེད་པའི་ཆུས་སྣོད་ཡོངས་སུ་དག་པར་བྱས་པའི་རྗེས་སུ་སྣོད་དུ་ཆུ་ཁྱད་པར་ཅན་བླུགས་པ་བཞིན་ནོ། །ཆུ་ནི་དྲི་མ་དག་བྱེད་ཀྱི་ཡེ་ཤེས་ཀྱི་དཔེའོ། །དྲི་མ་དག་པ་ནི་སྤངས་པའི་དཔེའོ། །དཔེ་འདི་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་སྤངས་རྟོགས་མཐར་ཐུག་བསྟན་ནོ། །བཅུད་ཁྱད་པར་ཅན་བླུགས་པ་ནི། སྔགས་ཀྱི་ཡོན་ཏན་ལྷག་པའི་དཔེའོ། །ཡང་དཔེར་ན། སྲོག་གཅོད་སྤོང་བའི་སེམས་དཔས། སྲོག་གཅོད་སྤངས་པ་ན། གཉེན་པོ་དང་སྤངས་པ་ཁྱད་པར་ཅན་ཡོད་ཀྱང་གཞན་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱིན་པ། སྔར་གྱི་སྤང་བྱ་སྤངས་པ་དང༌། གཉེན་པོ་ལས་ཡོན་ཏན་ལྷག་པ་ལྟ་བུའོ། །འོ་ན་སྔགས་ཡོན་ཏན་གང་གིས་ལྷག་ཅེ་ན། ཟག་པ་མེད་པའི་དགའ་བདེ་ཁྱད་པར་ཅན་དང༌། ཁ་སྦྱོར་གྱི་ཡན་ལག་ལ་སོགས་པ་དུ་མས་ལྷག་གོ །དོན་འདི་ལ་དགོངས་ནས། སཾ་པུ་ཊི་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སངས་རྒྱས་ཡིན་ནོ། །ཞེས་གསུངས་སོ། །བསམ་གྱིས་མི་ཁྱབ་པའི་གནས་ནི། རྡོ་རྗེ་འཛིན་པའི་ས་མཐར་ཐུག་ཡིན་ལ། དེ་མ་ཐོབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་འབྲས་བུ་བདེ་བར་གཤེགས་པ་སྟེ། འདི་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་འཇོག་པ་ཡིན་ནོ། །སྦྱོར་བ་བདུན་པ་ལས་ཀྱང༌། ལོངས་སྤྱོད་རྫོགས་པ་ཙམ་ཡིན་པས། །དེ་དང་མཉམ་པ་དགག་པའི་ཕྱིར། །ཁ་སྦྱོར་ཡན་ལག་བཤད་པར་བྱ། །ཞེས་གསུངས་སོ། །གང་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ས་བཅུ་པའི་བར་དུ་བགྲོད་པར་འདོད་པ་ལྟར་ན་ཡང༌། ས་བཅུ་པའི་རྗེས་ཐོག་ཏུ་གསང་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་དགོས་པའི་ཕྱིར། བར་དུ་ཀུན་ཏུ་འོད་ཀྱི་ས་དང༌། ས་དུ་མས་བར་དུ་ཆོད་དགོས་པས་བཅུ་གཅིག་པར་མི་འཐད་པ་ཉིད་དུ་འགྱུར་རོ། །དེས་ན་རྣལ་འབྱོར་གྱི་དབང་ཕྱུག་གི་མན་ངག་མངའ་བའི་ས་སྐྱ་པ་རྣམས་ཀྱི་བཞེད་པ་ཁོ་ན་ལྟར་རིགས་པའི་སྟོབས་ཀྱིས་གནས་སོ། །གང་དག་བུ་སྟོན་དང༌། དེའི་རྗེས་སུ་འབྲང་བ་དག་ནི་ས་སྐྱ་པའི་ལེགས་བཤད་ལ་སྐུ་འཕྲོག་སློང་གསུམ་ལ་རེ་བར་ཟད་དོ། །བསླབ་ཚུལ་ལ་གཉིས་ཏེ། བརྩོན་འགྲུས་ཅན་མཐོང་ཆོས་ལ་མྱ་ངན་ལས་འདའ་བའི་དོན་དུ་བསླབ་ཚུལ་དང༌།            རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*