ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་དོན་དུ་བསླབ་ཚུལ་ལོ། །དང་པོ་ནི། འོད་གསལ་མཐར་ཕྱིན་པའི་རྣལ་འབྱོར་པས། རྗེས་དྲན་གྱི་ཡན་ལག་གིས་ཟུང་འཇུག་གི་སྐུར་ལྡང་བར་བྱའོ་སྙམ་པའི་སེམས་ཀྱིས་འཕེན་པ་བཏང་སྟེ། འོད་གསལ་ལ་འཇུག་པར་བྱའོ། །དེ་ནས་སྔོན་གྱི་འཕེན་པའི་ཤུགས་ཀྱིས། འཛིན་པའི་ཡན་ལག་འོད་གསལ་དང༌། རྗེས་དྲན་གྱི་ཡན་ལག་སྣང་གསུམ་རླུང་དང་བཅས་པ་ལས། ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ། གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྐྱེད་ནས། སྤྲུལ་སྐུར་བསྒྱུར་བའི་ཕྱིར། རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣམ་པར་བསྐྱེད་ནས། སྤྲོ་བསྡུས་རང་ལ་བཅུག་ཏེ་སྤྲུལ་སྐུར་བསྒྱུར་བ་ནི་དང་པོའི་སྦྱོར་བའོ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་སྤྲོ་བའི་དོན་དུ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བདེ་བའི་སྣང་བ་ཙམ་ལས་ལྷ་སུམ་ཅུ་རྩ་གཉིས་སྐད་ཅིག་གིས་བསྐྱེད་དེ། རང་རང་གི་མཚན་སྔགས་ཀྱིས་བསྐུལ་ནས། སྤྲོ་ཞིང་བསྡུས་ནས་རང་རང་གི་ཕུང་པོ་ལ་སོགས་པའི་རྣམ་པར་དག་པའི་ངོ་བོར་བཀོད་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །དཀྱིལ་འཁོར་རྒྱལ་པོ་མཆོག་ལ་གནས་ནས། རྡོ་རྗེ་བཟླས་པའི་སྒོ་ནས། ཞི་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང༌། སྤྲོས་བཅས་སོགས་ཀྱི་སྤྱོད་པ་གསུམ་གང་ཡང་རུང་བ་ལ་བསླབ་པར་བྱ་བ་ནི་ལས་རྒྱལ་མཆོག་གོ །གནས་སྐབས་དེ་དག་ཏུ་སྐུ་གསུམ་དབྱེར་མེད་ལ་བསླབ་པ་ནི། ཟུང་འཇུག་དེ་ཉིད་འོད་གསལ་གྱིས་རྒྱས་བཏབ་ནས། མི་རྟོག་པ་ལ་གནས་པ་ནི་ཆོས་སྐུའོ། །འོད་གསལ་ལས་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་ལྡང་ནས་འཁོར་གྱི་དབུས་སུ་ཆོས་ཀྱི་རོ་མྱོང་བར་མཛད་པ་ནི་ལོངས་སྐུའོ། །གདུལ་བྱའི་ངོར་དུ་མར་སྣང་བ་ནི་སྤྲུལ་པའི་སྐུའོ། །རྡོ་རྗེ་ཕྲེང་བར། སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་པས་སྦྱོར་བ་ཡི། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་བཤད་དོ། །སློབ་པའི་ཟུང་འཇུག་གི་སྐབས་སུ་ནི། འབད་རྩོལ་གྱིས་མ་བསླབ་ཀྱང༌། རང་གི་ངང་གིས་གནས་པར་འགྱུར་མོད། འོན་ཀྱང་འབད་རྩོལ་མེད་པའི་ཚུལ་གྱིས་སློབ་དགོས་ཏེ། འབྲས་བུ་མཐར་ཐུག་མ་ཐོབ་པའི་ཕྱིར། ཏིང་ངེ་འཛིན་འདི་ལ་བསླབས་པས། མཆོག་ཐོབ་པའི་སྔ་ལྟས་ལེའུ་བཅོ་ལྔ་པ་ནས་བཤད་པ་རྣམས་འབྱུང་བར་འགྱུར་རོ། །ལེ་ལོ་ཅན་བར་དོར་འདའ་བའི་བསླབ་ཚུལ་ནི། བདེན་པ་མཐོང་ཡང༌། འཇིག་རྟེན་གྱི་བྱ་བས་རྣམ་པར་གཡེངས་པས་སྤྱོད་པ་གསུམ་མ་སྤྱད་ཅིང་འཆི་ལྟས་བྱུང་ན། བདག་གིས་འཆི་བ་འོད་གསལ་མངོན་དུ་བྱས་ནས་བར་དོར་ཟུང་འཇུག་གི་སྐུར་ལངས་ནས། མཆོག་ཐོབ་པར་བྱའོ་སྙམ་དུ་འཕེན་པ་བཏང་སྟེ། འཆི་ཁའི་མན་ངག་ཇི་ལྟ་བ་བཞིན་བསྒོམ་པ་ན། འཆི་བ་འོད་གསལ་མངོན་དུ་བྱས་ཏེ། དེའི་སྟོབས་ཀྱིས་བར་དོར་འོད་གསལ་ལས་ཟུང་འཇུག་གི་སྐུར་ལངས་ཏེ། བར་དོའི་ལུས་ཟུང་འཇུག་གི་སྐུར་འགྱུར་རོ། །ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེའི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་པ་དང༌། དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ནས། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་སོ། །ཟུང་འཇུག་མཐར་ཕྱིན་པའི་ཚད་ནི། བསླབ་པའི་བྱ་བ་དང་བྲལ་ནས་དོན་གཉིས་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་གནས་པ་སྟེ། ཇི་སྐད་དུ། ཟུང་འཇུག་ཏིང་ངེ་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་སོ། །ཕན་ཡོན་ནི། རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་བའོ། །ངེས་ཚིག་ནི་བདེན་གཉིས་དབྱེར་མེད་དམ། ཐབས་ཤེས་དབྱེར་མེད་དུ་གྱུར་པས་ན་ཟུང་འཇུག་གོ །སྔར་བཤད་པའི་རིམ་པ་དེ་དག་གི་མཇུག་བསྡུ་བ་ནི། སྔར་བཤད་པའི་རིམ་པ་ལྔ་པོ་འདི་ནི། རྡོ་རྗེ་འཆང་སྒྲུབ་པར་བྱེད་པའི་ཡན་ལག ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཏུ་གྱུར་པ་སྟེ། རྒྱུད་ལེའུ་བཅུ་བདུན་པོ་ཀུན་གྱིས་དོན་བསྡུས་པའོ། །རིམ་པ་ལྔ་པོ་འདི་རྣམས་ཀྱི་དབྱེ་བ་ཡང༌། ཕྱེ་ནས་སྤྲོས་པའི་རྣམ་པས་རྣམ་པ་མང་ངོ༌། །འདི་ལྟར་བསྐྱེད་རིམ་ལ་ཡང་དྲན་པ་གཅིག་པ་དང༌། རྟོག་པའི་རྣལ་འབྱོར་གཉིས་དང༌། དྲན་པ་གཅིག་པ་ལ་ཡང༌། དཔའ་བོ་གཅིག་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གཉིས། དང་པོ་ལ་ཡང༌། ཟློས་པ་པོའི་བྱེ་བྲག་གིས་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། དཀྱིལ་འཁོར་འཁོར་ལོ་ལ་ཡང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལ་སོགས་པ་གསུམ་དང༌། ཟློས་པ་པོའི་བྱེ་བྲག་གིས་སུམ་ཅུ་རྩ་གཉིས་སུ་འགྱུར་བས་རྣམ་པ་མང་ངོ༌། །རྟོག་པའི་རྣལ་འབྱོར་ལ་ཡང༌། ནང་ལ་མཆོག་ཏུ་གཞོལ་བ་དང༌། སྔགས་ལ་མཆོག་ཏུ་གཞོལ་བའི་སྒོ་ནས་གཉིས་ཡིན་ལ། དང་པོ་ལ་ཡང་སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་དང༌། འོག་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་སྒོམ་པ་གཉིས་ཡིན་ལ། འོག་སྒོ་ལ་ཡང་ཐིག་ལེ་དངོས་བསྒོམ་པ་དང༌། མཚན་མ་ཕྲ་མོ་སྒོམ་པ་གཉིས་སོ། །སྔགས་ལ་མཆོག་ཏུ་གཞོལ་བ་ལ་ཡང་རྡོ་རྗེའི་བཟླས་པ་དང༌། ངག་གི་བཟླས་པ་གཉིས་སོ། །ངག་གི་བཟླས་པ་ལ་ཕྲེང་སྔགས་དང༌། མཚན་སྔགས་སོགས་ཡོད་པས་རྣམ་པ་མང་ངོ༌། །རྡོ་རྗེའི་བཟླས་པ་ལ་ཡང༌། ངོ་བོ་དང༌། འབྲས་བུ་སེམས་དབེན་གཉིས་སོ། །དང་པོ་ལ་ཡང༌། རྩ་བའི་རླུང་ལ་བརྟེན་པ་དང༌། ཡན་ལག་གི་རླུང་གི་བཟླས་པ་གཉིས་སོ། །འབྲས་བུ་སེམས་དབེན་ལ་ཡང༌། ཤེས་བྱའི་སེམས་བསྟན་པ་དང༌། ཡུལ་ཅན་ཡེ་ཤེས་བསྟན་པ་གཉིས་སོ། །དང་པོ་ལ་ཡང་སྣང་གསུམ་དང༌། རང་བཞིན་གྱི་དབྱེ་བ་གཉིས་སོ། །དང་པོ་ལ་ཡང་སྣང་མཆེད་ཐོབ་གསུམ་གྱི་བྱེ་བྲག་གིས་གསུམ་ཡིན་ལ། རང་བཞིན་སྣང་བ་ལ་ཡང༌། སུམ་ཅུ་རྩ་གསུམ་དང༌། བཞི་བཅུ་དང༌། བདུན་ཡིན་པས་རྣམ་པ་མང་ངོ༌། །ཡུལ་ཅན་ཡེ་ཤེས་ལའང༌། ཆོས་ཅན་རིག་པ་དང༌། ཆོས་ཉིད་རིག་པའི་ཡེ་ཤེས་གཉིས་སོ། །དང་པོ་ལ་ཡང་སྣང་མཆེད་ཐོབ་གསུམ་གྱི་སྒོ་ནས་གསུམ་ཡིན་པས་རྣམ་པ་མང་ངོ༌། །སྒྱུ་ལུས་ལ་ཡང་གཞིའི་སྒྱུ་ལུས་དང༌། ལམ་གྱི་སྒྱུ་ལུས་དང༌། འབྲས་བུའི་སྒྱུ་ལུས་དང་གསུམ་མོ། །ལམ་གྱི་སྒྱུ་ལུས་ལ་ཡང༌། ངོ་བོ་དང༌། སྒྲུབ་པའི་རྒྱུ་དང༌། བསླབ་ཚུལ་དང༌། ཕན་ཡོན་དང༌། མཐར་ཕྱིན་པའི་ཚད་ལ་སོགས་པའི་སྒོ་ནས་རྣམ་པ་མང་ངོ༌། །འོད་གསལ་ལ་ཡང་རྟོགས་བྱ་མངོན་པར་བྱང་ཆུབ་པ་དང༌། བྱང་ཆུབ་མངོན་དུ་བྱེད་པའི་བསམ་གཏན་ནོ། །དང་པོ་ལ་ཡང་ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པ་གཉིས་སོ། །ཕྱི་མ་ལ་ཡང་གཉིས་ཏེ། རིལ་འཛིན་དང༌། རྗེས་ཞིག་གོ །ཟུང་འཇུག་ལ་ཡང༌། ངོ་བོ་དང༌། བསླབ་ཚུལ་དང༌། དབྱེ་བ་དང་གསུམ་མོ། །དབྱེ་བ་ལ་ཡང་སྣང་བ་ཟུང་འཇུག འགོག་པ་ཟུང་འཇུག འབྲེལ་པ་ཟུང་འཇུག་གི་དབྱེ་བས་རྣམ་པ་མང་ངོ༌། །གལ་ཏེ་རྣམ་པ་མང་ན། ཅིའི་ཕྱིར་ལྔར་བསྡུས་ཤེ་ན། ལྔར་བསྡུས་པའི་དགོས་པ་ལ་གཉིས་ཏེ། བསྡུས་པ་ཤེས་པའི་དགོས་པ་དང༌། བསྡུས་དོན་ཤེས་པའི་དགོས་པའོ། །དང་པོ་ནི། སྤྲོས་པ་དེ་རྣམས་རིམ་པ་ལྔར་ཡང་དག་པར་བསྡུས་པ་གང་ཡིན་པ་དག གང་ཟག་གང་གིས་ཤེས་པ་དེས། རྒྱུད་ཀྱི་དོན་བདེ་བླག་ཏུ་རིག་པ་ཡིན་ནོ། །གཉིས་པ་ནི། སྔགས་དང༌། སེམས་དམིགས་ཐབས་དང་བཅས་པ་དང༌། སྒྱུ་ལུས་དང༌། སྒྱུ་ལུས་རྣམ་པར་དག་པ་འོད་གསལ་དང༌། ཟུང་འཇུག་སྟེ། རྒྱུད་ཀྱིས་བསྡུས་པའི་དོན་རིམ་པ་ལྔར་ཤེས་ནས་མཐའ་དྲུག་གི་བཤད་པ་ལ་འཇུག་གོ །བརྗོད་བྱ་རིམ་པ་ལྔར་བསྡུ་བ་བསྟན་ཟིན་ཏོ།། ༈ །གསུམ་པ་རྗོད་བྱེད་རྒྱུད་ཀྱི་ཆེ་བ་བསྟན་པ་ལ་གཉིས་ཏེ། མདོ་སྡེ་དུ་མའི་རྩ་བར་བསྟན་པ་དང༌། རྒྱུད་སྡེ་དུ་མའི་རྩ་བར་བསྟན་པའོ། །དང་པོ་ནི། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་པ་ནས། དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་པའི་བར་གྱིས་བསྟན་ཏེ། རྩ་བའི་ཡི་གེ་གསུམ་ནི། ས་མ་ཛའོ། །དང་པོ་ཡའི་མིང་གི་མཐའ་ཅན་ནི། ཨརྠ་བི་ནི་ཙ་ཡ་ཞེས་པ་སྟེ། དོན་རྣམ་པར་ངེས་པ་དང༌། རའི་མཐའ་ཅན་ནི། ལ་ལི་ཏ་བ་ཏི་ར་ཞེས་པ་སྟེ། རྒྱ་ཆེར་རོལ་པ་དང༌། ལའི་མཐའ་ཅན། ཨུ་པ་ཡ་ཀཽ་ཤ་ལ་ཏེ། ཐབས་ལ་མཁས་པ་དང༌། ཧའི་མཐའ་ཅན། གྷཎྚ་བྷུ་ཧ་སྟེ། སྡོང་པོ་བཀོད་པ་དང༌། ཀའི་མཐའ་ཅན། རཏྣ་ཀ་རན་ཊ་ཀ་སྟེ། དཀོན་མཆོག་ཟ་མ་ཏོག་དང༌། ཁའི་མཐའ་ཅན། པྲ་བ་ཙ་ན་མུ་ཁ་སྟེ། གསུང་རབ་ཀྱི་སྒོ་དང༌། གྷའི་མཐའ་ཅན། རཏྣ་མེ་གྷ་སྟེ། དཀོན་མཆོག་སྤྲིན་དང༌། ཛའི་མཐའ་ཅན། ག་ག་ན་གན་ཛ་སྟེ། ནམ་མཁའ་མཛོད། ཎའི་མཐའ་ཅན། མཧཱ་པ་རི་ནཱིར་བཱ་ཎ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། དའི་མཐའ་ཅན། པྲ་ཀ་ར་ན་པ་ད་སྟེ། རབ་ཏུ་བྱེད་པའི་རྐང་པ་དང༌། དྷའི་མཐའ་ཅན། ཀོ་ཙ་ར་པ་རི་ཤུད་དྷ་སྟེ། སྤྱོད་ཡུལ་ཡོངས་སུ་དག་པ་དང༌། མའི་མཐའ་ཅན། མ་དྷྱ་ཨ་ག་མ་སྟེ་ལུང་བར་མ་སྟེ། དེ་དག་གི་རྩ་བ་ཡང་ཡི་གེ་གསུམ་མོ། །རྒྱུད་སྡེ་ལ་ཡའི་མཐའ་ཅན་ནི། ཛྙཱ་ན་བཛྲ་ས་མུད་ཙ་ཡ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང༌། རའི་མཐའ་ཅན། ཙཀྲ་སམྦྷ་ར་སྟེ། འཁོར་ལོ་བདེ་མཆོག་དང༌། ལའི་མཐའ་ཅན། བཛྲ་མཱ་ལཱ། རྡོ་རྗེ་ཕྲེང་བ་དང༌། ཧའི་མཐའ་ཅན། ཏ་ཏྭ་སྃ་གྲ་ཧ་སྟེ། དེ་ཁོ་ན་ཉིད་བསྡུས་པ་དང༌། ཀའི་མཐའ་ཅན། སཾ་པུ་ཊ་ཏི་ལ་ཀ་སྟེ། ཁ་སྦྱོར་ཐིག་ལེ་དང༌། ཁའི་མཐའ་ཅན། བཛྲ་མུ་ཁ་སྟེ། རྡོ་རྗེ་སྒོ་དང༌། གྷའི་མཐའ་ཅན། བི་ན་ཡ་ཨ་མོ་གྷ་སྟེ། འདུལ་བ་དོན་ཡོད་པ་དང༌། ཛའི་མཐའ་ཅན། ཏསྟྭ་ས་ཧ་ཛ་ཏེ། ལྷན་ཅིག་སྐྱེས་པ་དང༌། ཎའི་མཐའ་ཅན། སན་དྷི་བྱ་ཀ་ར་ཎ་སྟེ། དགོངས་པ་ལུང་སྟོན་དང༌། དའི་མཐའ་ཅན། བི་ཀལྤ་ཚིནྡ་སྟེ། རྣམ་རྟོག་གཅོད་པ་དང༌། དྷའི་མཐའ་ཅན། ཨཱ་དྷི་བུདྡྷ་སྟེ། དང་པོའི་སངས་རྒྱས་དང༌། མའི་མཐའ་ཅན། སརྦ་བུདྡྷ་ས་མ་ག་མ་སྟེ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་སྟེ། ཀཱ་ལི་སུམ་ཅུ་རྩ་གསུམ། ཨཱ་ལི་དང་བཅས་པའི་མིང་གི་མཐའ་ཅན་གྱི་མདོ་རྒྱུད་དེ་དག་གི་རྩ་བ་ཡི་གེ་གསུམ་ནི་ས་མ་ཛ་སྟེ་འདུས་པའོ། །དཔལ་ལྡན་འདུས་པ་འདི་མདོ་རྒྱུད་ཐམས་ཅད་ཀྱི་དུ་མའི་དོན་སྟོན་པའི་སྣོད་ཡིན་ཏེ། ཐུབ་པ་ཆེན་པོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་དོན་བདེན་པ་གཉིས་སུ་འདུས་ལ། འདིས་བདེན་པ་གཉིས་ཀྱི་མཐར་ཐུག་རིམ་པ་རྣམ་པ་གཉིས་ཕྱེ་ནས་རྒྱས་པར་སྟོན་པའི་ཕྱིར་རོ། །རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་འདུས་པ་དེ་ནི་རྒྱུད་ཀྱི་རྩེ་མོའམ། མཆོག་ཏུ་གྱུར་པ་བཤད་དོ། །འདུས་པའི་རྒྱུད་དེ་ཡང་ཁྱད་པར་བཞི་དང་ལྡན་པ་སྟེ། རྗོད་བྱེད་ཀྱི་གཞུང་ཉུང་བ་ཤླཽ་ཀ་སྟོང་བཞི་བརྒྱ་ཉི་ཤུ་རྩ་གསུམ་དང༌། བརྗོད་བྱའི་དོན་མང་བ་མདོ་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པ་དང༌། མར་མེ་མཛད་མན་ཆད་ཀྱི་ཞིང་ཁམས་འདིའི་སངས་རྒྱས་རྣམས་ཀྱིས་མ་གསུངས་པས། རྙེད་པར་དཀའ་བ་དང༌། རྟོགས་པར་དཀའ་བ་ཡང་ཡིན་ཏེ། རྒྱན་བདུན་གྱིས་བཅིངས་ཤིང༌། རྒྱན་བདུན་ཡང་བླ་མའི་མན་ངག་མེད་ན་རྟོགས་པར་དཀའ་བས། སྒྲ་ཇི་བཞིན་དུ་བཟུང་བ་སོགས་ཀྱི་སྒོ་ནས། འཁྲུལ་པ་བསྐྱེད་པའི་ཕྱིར་རོ། །ཐམས་ཅད་དུ་ནི་རྣམ་པར་འཁྲུལ། །ཞེས་པའི་འགྱུར་ལེགས་སོ། །རྒྱུད་ཀྱི་ཆེ་བ་བསྟན་ཟིན་ཏོ།། ༈ །བཞི་པ་མཛེས་བྱེད་ཀྱི་རྒྱན་བདུན་བཤད་པ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །དང་པོ་ནི། རྒྱན་བདུན་མ་རྟོགས་པར་རྒྱུད་དོན་མི་ཤེས་པ་དེ་བས་ན། རྒྱན་བདུན་པོ་དེའི་རྣམ་པར་དབྱེ་བ་བྱའོ། །འདི་ཡང་རང་དགར་འཆད་པ་མ་ཡིན་གྱི། བླ་མའི་མན་ངག་གི་བཀའ་དྲིན་ལས། ཐོས་བསམ་གྱི་འབད་པས། རྒྱན་བདུན་གྱི་རྣམ་པར་ཤེས་པར་བྱས་ནས་སོ། །དགོས་པ། རྒྱུད་ཀྱི་དོན་ལ་རྨོངས་པའི་སེམས་ཅན་རྗེས་སུ་གཟུང་བར་འདོད་པ་ཡིས་སོ། །གཉིས་པ་བཤད་པ་དངོས་ལ། དབྱེ་བ་མདོར་བསྟན། མཚན་ཉིད་རྒྱས་པར་བཤད། མཇུག་བསྡུ་བ་དང་གསུམ་མོ། །དང་པོ་ལ་ཡང་གསུམ་སྟེ། དགོས་ཆེད་གང་གི་དབང་དུ་བྱས་པ་དང༌། ངེས་ཚིག་བཤད་པ་དང༌། རྒྱན་བདུན་ཐོག་མར་བསྟན་པའི་དགོས་པའོ། །དང་པོ་ནི། དོགས་པ་ལྔ་སེལ་བའི་དོན་དུ་གླེང་བསླང་བའི་གྲངས་ལྔ་གསུངས་སོ། །བྱེད་པ་པོའི་སྐྱེས་བུ་ཚད་མར་སྒྲུབ་པའི་དོན་དུ། ཚུལ་ནི་རྣམ་པ་བཞི་དང་ཡང་གསུངས་པ་ཡིན་ནོ། །རྒྱུད་རྗོད་བྱེད་གང་གི་སྒོ་ནས་འཆད་སྙམ་ན། རྒྱས་པར་བཤད་པའི་མཐའ་རྣམ་པ་དྲུག འཆད་ཚུལ་རྣམ་པ་བཞི་གསུངས་པ་ཡིན་ནོ། །སློབ་མ་གང་དང་གང་ལ་འཆད་སྙམ་ན། ལྔ་པའི་དབྱེ་བ་རྣམ་པ་གཉིས། །ཞེས་གསུངས་ཏེ། ཐུན་མོང་བ་ཚོགས་བཤད་དང༌། ཐུན་མོང་མ་ཡིན་པ་སློབ་བཤད་གཉིས་བྱའོ། །ཞེས་པའི་དོན་ནོ། །འོ་ན་གང་ཟག་གང་ལ་ཚོགས་བཤད་བྱ། གང་ལ་སློབ་བཤད་བྱ་སྙམ་ན། དྲུག་པའི་དབྱེ་བ་ལྔ་དང་ལྡན། །ཞེས་གསུངས་ཏེ། གང་ཟག་ལྔ་ཡོད་པ་ལས། དང་པོ་བཞི་ལ་ཚོགས་བཤད་དང༌། ཕྱི་མ་ལ་སློབ་བཤད་བྱ། ཞེས་པའི་དོན་ནོ། །བཤད་པས་རྟོགས་པ་ཇི་ལྟར་བསྐྱེད་སྙམ་ན། བདུན་པའི་དབྱེ་བ་རྣམ་པ་གཉིས། །ཞེས་པ་སྟེ། བདེན་གཉིས་ངེས་པའི་རྟོགས་པ་སྐྱེ། །ཞེས་པའི་དོན་ནོ། །གཉིས་པ་ངེས་ཚིག་ནི། དགའ་བ་བསྐྱེད་པར་བྱེད་པས་ན་རྒྱན་ཏེ། དཔེར་ན། རིན་པོ་ཆེའི་རྒྱན་ལུས་ལ་གདགས་པས་དགའ་བ་བསྐྱེད་པར་བྱེད་པ་བཞིན་ནོ། །རྩ་རྒྱུད་ཀྱི་དོན་གསལ་བར་བྱས་པས་མཐོང་ན་མཁས་པ་རྣམས་དགའ་བ་བསྐྱེད་པའི་ཕྱིར་རྒྱན་ནོ། །མདོ་སྡེ་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །ཞེས་སོ། །གསུམ་པ་ནི། རྒྱན་བདུན་མ་རྟོགས་པར་རྩ་རྒྱུད་ཀྱི་དོན་རྟོགས་པར་མི་ནུས་པས། རྩ་རྒྱུད་བཤད་པའི་ཐོག་མར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་དབྱེ་བ་དང༌། བསྡུ་བ་དང༌། གྲངས་ངེས་དང༌། གོ་རིམ་དང༌། དགོས་འབྲེལ་བཞི་བསྟན་པའི་ཚུལ་ལོ། །དང་པོ་གླེང་བ། གླེང་བའི་གྲངས་ལ་ལྔ་སྟེ། རྒྱུད་ཀྱི་མིང་དང༌། བྱེད་པ་པོ་དང༌། གདུལ་བྱ་དང༌། དགོས་ཆེད་དང༌། ཚད་དམ་ནུས་པའོ། །ཚུལ་ནི་རྣམ་པ་བཞི་སྟེ། རྒྱུད་དང༌། གླེང་གཞི་དང༌། ངེས་ཚིག་དང༌། རྒྱུའོ། །བཤད་པའི་མཐའ་ནི་རྣམ་པ་དྲུག་སྟེ། དྲང་དོན་དང༌། ངེས་དོན་དང༌། དགོངས་པ་དང༌། དགོངས་མིན་དང༌། ཇི་བཞིན་དང༌། ཇི་བཞིན་མ་ཡིན་པའོ། །བཤད་པའི་ཚུལ་ལ་བཞི་སྟེ། ཡི་གེའི་དོན་དང༌། སྤྱིའི་དོན་དང༌། སྦས་པའི་དོན་དང༌། མཐར་ཐུག་པའི་དོན་ནོ། །རྒྱན་ལྔ་པའི་དབྱེ་བ་རྣམ་པ་གཉིས་ཏེ། ཚོགས་པ་ལ་བཤད་པ་དང༌། སློབ་མ་ལ་བཤད་པའོ། །རྒྱན་དྲུག་པའི་དབྱེ་བ་ལྔ་སྟེ། ཨུཏྤལ་ལྟ་བུ་ལ་སོགས་པའི་གང་ཟག་ལྔའོ། །རྒྱན་བདུན་པའི་དབྱེ་བ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་ཚུལ་ངེས་པ་དང༌། དོན་དམ་གྱི་ཚུལ་རྣམ་པར་ངེས་པའོ། །གཉིས་པ་བསྡུ་བ་ལ། ཐ་དད་དང༌། ཐ་མི་དད་ཀྱི་རྒྱན་གཉིས་སུ་བསྡུ་བ་དང༌། ངེས་བྱ་དང༌། ངེས་བྱེད་ཀྱི་རྒྱན་གཉིས་སུ་བསྡུ་བ་དང༌། བརྗོད་བྱ་དང༌། རྗོད་བྱེད་ཀྱི་རྒྱན་གཉིས་སུ་བསྡུ་བའོ། །དང་པོ་ལ། ཐ་དད་ཀྱི་རྒྱན་ནི་བཅོ་ལྔ་སྟེ། རྒྱུད་ཀྱི་མཚན་དང༌། བྱེད་པ་པོ་དང༌། འཇུག་པའི་གང་ཟག་དང༌། སངས་རྒྱ་ཚུལ་དང༌། ངེས་པ་རྣམ་པ་གཉིས་དང༌། དགོས་པའི་དགོས་པ་རྣམས་ཏེ། རྒྱུད་ལས་དོན་གཞན་ཡིན་པའི་ཕྱིར་རོ། །རྒྱུད་ཀྱི་ཚད་དམ། །ནུས་པ་དང༌། མཐའ་དྲུག་དང༌། ཚུལ་བཞི་དང༌། ཚོགས་བཤད་དང༌། སློབ་བཤད་རྣམས་ཏེ། རྒྱུད་དུ་གཏོགས་པའི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྒྱན་དང་པོ་དྲུག་ངེས་བྱེད་དང༌། བདུན་པ་ངེས་པར་བྱ་བའི་རྒྱན་ཡིན་ཏེ། རྒྱན་དང་པོ་དྲུག་གིས་བདེན་གཉིས་ངེས་པར་བྱས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཚུལ་རྣམ་པ་བཞི་དང༌། བདུན་པའི་དབྱེ་བ་རྣམ་པ་གཉིས་ནི་བརྗོད་བྱ་དང༌། མཐའ་རྣམ་པ་དྲུག་དང༌། འཆད་ཚུལ་རྣམ་པ་བཞི་ནི་རྗོད་བྱེད་དང༌། གླེང་སློང་བ་དང༌། བཤད་པ་རྣམ་པ་གཉིས་དང༌། གང་ཟག་གི་དབྱེ་བ་ནི་གཉིས་ཀའི་ཐུན་མོང་བའོ། །གསུམ་པ་གྲངས་ངེས་ནི། གསང་བ་འདུས་པའི་རྩ་རྒྱུད་ཀྱི་དོན་མཐའ་དག་རྟོགས་པའི་ཡན་ལག་ལ། བདུན་པོ་འདིར་འདུས་ཤིང་འདི་ལས་ལྷག་པ་མི་དགོས་པའི་ཕྱིར་རོ། །བཞི་པ་གོ་རིམ་ནི། ཐོག་མར་གླེགས་བམ་མཐོང་བ་ལ་བརྟེན་ནས་འདིའི་མིང་ཅི་ཡིན་སྙམ་ན། རྒྱུད་ཀྱི་མཚན་བསྟན་ལ། འདིའི་བྱེད་པ་པོ་སུ་ཞིག་ཅེས་འདྲི་ན། འདི་བྱེད་པ་པོ་རྡོ་རྗེ་སེམས་དཔའ་ཞེས་བསྟན་ནོ། །གདུལ་བྱ་གང་གི་དོན་དུ་བྱས་ཞེས་འདྲི་ན། སྐྱེ་བོ་འདོད་ཆགས་ཅན་གྱི་དོན་དུ། ཞེས་གསུངས་སོ། །བརྗོད་བྱ་གང་སྟོན་ཞེས་འདྲི་ན། དེ་ཡང་ལེའུ་ཆོ་ག་དང༌། དུམ་བུ་རིམ་པར་ཕྱེ་བ་ཉིད་ཅེས་སྟོན། འདི་ལ་དགོས་པ་ཁྱད་པར་ཅན་ཅི་ཡོད་སྙམ་ན། ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཉིད་ཀྱང་མཆོག་ཡིན་ནོ། །ཞེས་བསྟན་པ་ཡིན་ཏེ། ལྷག་མ་རྣམས་ཀྱི་གོ་རིམ་ནི། མདོར་བསྟན་དུ་བསྟན་པ་དེ་ཉིད་དོ། །ལྔ་པ་དགོས་འབྲེལ་བཞི་བསྟན་པ་ནི། སངས་རྒྱ་བའི་ཚུལ་བཞི་དང༌། རྒྱན་བདུན་པ་ངེས་པར་བྱས་པའི་རྒྱན་ནི་བརྗོད་བྱར་འདུས་སོ། །མཐའ་དྲུག་དང༌། འཆད་ཚུལ་བཞི་ནི་རྗོད་བྱེད་དུ་འདུས་སོ། །རྒྱན་ལྔ་པ་དབྱེ་བ་གཉིས་དང༌། རྒྱན་དྲུག་པ་དབྱེ་བ་རྣམ་པ་ལྔ་ནི་གཉིས་ཀར་འདུས་སོ། །རྒྱུད་ཀྱི་མིང་དང༌། བྱེད་པ་པོ་དང༌། བདུན་པ་ངེས་པར་བྱས་པ་རྒྱན་ནི་དགོས་པར་འདུས་སོ། །ཞི་སོགས་ཕྲིན་ལས་བཞི་དང༌། གྲུབ་པ་བརྒྱད་དང༌། མཆོག་སངས་རྒྱས་རྣམས་ནི་དགོས་པའི་དགོས་པར་འདུས་སོ། །གཉིས་པ་ཡན་ལག་གི་དོན་ལ། མཚམས་སྦྱར་བ་དང་སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས། རྒྱན་བདུན་པོ་རྣམས་ཀྱི་རེ་རེའི་མཚན་ཉིད་རིམ་པ་བཞིན་དུ་བསྟན་པ་དག་གི་སོ་སོར་བཤད་པ་བདག་གིས་བྱའོ། །གཉིས་པ་ལ་བདུན་ཡོད་པའི་དང་པོ་གླེང་བསླང་བའི་གྲངས་ལ་དྲི་བ་བཀོད་པ་དང༌། ལན་བསྟན་པའོ། །དང་པོ་ནི། རྒྱུད་འདིའི་མིང་གི་ཐ་སྙད་ནི་ཅི་ཞིག་ཡིན། གང་ཟག་གང་གི་དོན་དུ་རྒྱུད་འདི་ཉིད་མཛད། འདི་ཡི་བྱེད་པ་པོ་སུ་ཞིག རྒྱུད་འདིའི་ཚད་གང་ཡིན། རྒྱུད་འདི་གསུངས་པའི་དགོས་པ་ཅི་ཞིག་ཡིན། ཞེས་དྲི་བ་ལྔའོ། །ལན་ལ། དྲི་བ་དང་པོའི་ལན་ནི། རྒྱུད་ཀྱི་མིང་གི་ཐ་སྙད་གསང་འདུས་ཞེས་པ་ནི་མཚན་ཡིན་ལ། གང་གི་དོན་དུ་མཛད་པ་ནི། སྐྱེ་བོ་འདོད་ཆགས་ཅན་དོན་དུ་ཞེས་སོ། །བྱེད་པ་པོ་གང་ཡིན་པ་ནི། འདིའི་བྱེད་པོ་རྡོར་སེམས། །ཞེས་པ་སྟེ། རྡོ་རྗེ་འཆང་ངོ༌། །འདིའི་བརྗོད་བྱ་དང༌། འབྲས་བུ་འགྲུབ་པའི་ཚད་ནི་གང་ཞེ་ན། ཚད་ཀྱང་བཤད་པར་བྱ་སྟེ། ཚད་དེ་ཡང༌། ལེའུ་ནི་པ་རི་ཙྪེ་དཿཞེས་པ་སྟེ། ཐད་ཀར་བསྒྱུར་ན་ཡོངས་སུ་གཅོད་པ། དོན་ནི། བརྗོད་བྱ་ཐ་དད་དུ་ཡོངས་སུ་གཅོད་ཅིང༌། ཐེ་ཚོམ་གཅོད་པའོ། །ཆོ་ག་ནི། ཀལྤ་སྟེ། རྟོག་པའམ། བརྟག་པ་ཞེས་པའོ། །དོན་ནི། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་ཕྲིན་ལས་རྒྱུན་མི་འཆད་པས་རང་གི་མོས་པ་ལྟར་རྟོག་ཅིང་རྫོགས་པར་བྱེད་པའོ། །དུམ་བུ་ནི། ཁ་ཎ་ཌ་ཞེས་པ་བརྗོད་བྱ་དུམ་བུར་འབྱེད་པའོ། །རིམ་པར་ཕྱེ་བ་ནི། པ་ཌ་ལ་ཞེས་པས། གོས་ཀྱིས་འཚེ་བ་བཟློག་པ་ལྟར། །ཉེ་བར་འཚེ་བ་བཟློག་པའོ། །ཡང་ན་ཚད་ནི་གཞུང་ཚད་དོ། །ཆོ་ག་ནི། ཞི་བའི་ལས་ལ་སོགས་པ་སྟོན་པའོ། །ལེའུ་ནི་བཅུ་བདུན་ནོ། །རིམ་པར་ཕྱེ་བ་ནི། བསྐྱེད་རྫོགས་གཉིས་སུ་ཕྱེ་བའོ། །དུམ་བུ་ནི། ལེའུ་སོ་སོའི་བརྗོད་བྱའོ། །དེ་ལྟར་ན་ཚད་ལ་སོགས་པ་རྣམ་པ་བཞིར་འགྱུར་ཞིང༌། འདི་ནི་གཞུང་གི་ཚད་ལ་སོགས་པ་ཉིད་ཀྱི་གྲངས་ཡིན་ནོ། །འདིར་སོགས་པའི་སྒྲ་མི་མངོན་པར་བྱས་པའོ། །ཞེས་བཤད་བྱའོ། །དགོས་པ་ཡང་ནི་བཤད་པར་བྱ་སྟེ། ཞེས་མཚམས་སྦྱར་ནས། ཞི་སོགས་བྱ་བའི་ཆོ་ག་ཞེས་སོགས་ཀྱིས་བསྟན་ཏེ། དགོས་པ་ནི་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ཡང་གཉིས་ཏེ། དམན་པ་ཞི་སོགས་ཕྲིན་ལས་བཞི་དང༌། ཁྱད་པར་དུ་འཕགས་པ་གྲུབ་པ་ཆེན་པོ་བརྒྱད་དོ། །བརྒྱད་པོ་ནི་ལེའུ་བཅུ་གཅིག་པ་ནས། མངོན་ཤེས་དང༌། ལེའུ་བཅུ་གཉིས་པ་ནས་རིག་འཛིན་དང༌། བཅོ་ལྔ་པ་ནས་མི་སྣང་བ་དང༌། ཡང་བཅུ་གཉིས་པ་དང༌། བཅོ་ལྔ་པ་ནས་རི་ལུ་དང༌། བཅུ་དྲུག་པ་ལས་མངའ་གཞུག་པ་དང༌། བཅུ་བདུན་པ་ལས་མིག་སྨན་དང༌། ཡང་བཅུ་གཅིག་པ་ལས་མཁའ་སྤྱོད་དང༌། ཡང་བཅུ་དྲུག་པ་ལས་བཅུད་ལེན་བསྟན་པ་སྟེ་བརྒྱད་དོ། །ཡང་རྡོ་རྗེ་ཕྲེང་བར། མི་སྣང་བ་དང་གཏེར་མཐོང་བ། །འདོད་དགུར་བསྒྱུར་དང་རྐང་མགྱོགས་དང༌། །གསེར་འགྱུར་དང་ནི་དུག་ལས་རྒྱལ། །མེའི་ནང་དུ་འཇུག་པ་དང༌། །མངོན་ཤེས་ལྔའི་གོ་འཕང་ཐོབ། །ཅེས་པའོ། །འཇིག་རྟེན་ལས་འདས་པ་ནི་མཆོག་གི་སངས་རྒྱས་ཏེ་རྡོ་རྗེ་འཆང་ངོ༌། །གླེང་བསླང་བའི་རྒྱན་བཤད་ཟིན་ཏོ། །རྒྱན་གཉིས་པ་ཚུལ་བཞི་ལ་བཞི་སྟེ། མཚམས་སྦྱར་བ་དང༌། མདོར་བསྟན་པ་དང༌། སོ་སོའི་རང་བཞིན་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ནི། གླེང་བསླང་བ་ནི་འདས་ཟིན་ཏེ། ཞེས་པ་སྟེ། བཤད་ཟིན་ཞེས་པའི་དོན་ནོ། །གཉིས་པ་ནི། རྒྱན་གཉིས་པ་ཡང་ནི་བཤད་པར་བྱ། གཉིས་པ་གང་ཞེ་ན། རྒྱུད་དང༌། གླེང་གཞི་དང༌། ངེས་པའི་ཚིག་དང༌། རྒྱུ་དང་བཞི་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། ཆགས་བྲལ་གྱི་སངས་རྒྱ་ཚུལ་དང༌། ཆགས་བཅས་ཀྱི་སངས་རྒྱ་ཚུལ་ལོ། །དང་པོ་ནི། གདུལ་བྱའི་གཙོ་བོ་མི་ཡིན་པས། མིའི་རྟེན་ལ་སངས་རྒྱ་བའི་ཚུལ་བསྟན་པ་ཉིད་འཆད་པ་ནི། མིའི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པ་བརྗོད། །ཅེས་པའོ། །མིའི་རྟེན་ལའང་ཁྱིམ་སྤངས་ནས་རབ་ཏུ་བྱུང་བའི་རྟེན་ལ་ལམ་སྒྲུབ་དགོས་པས་ན། བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །ཞེས་སོ། །གླེང་གཞི་ནི་དང་པོའི་རྒྱུ་ལ་བྱས་ཏེ། རབ་ཏུ་བྱུང་བ་ནི་ལམ་སྒྲུབ་པའི་དང་པོའི་རྒྱུ་ཡིན་པའི་ཕྱིར། ཡང་ན་ནི་ཙ་ཡ་ནི་ངེས་པ་ཡིན་ལ། ད་ན་ནི་སྟེར་བ་སྟེ། རྒྱུ་འབྲས་མཐུན་པ་སྟེར་བ་ཞེས་བཤད་དེ། རྒྱུའི་གནས་སྐབས་སུ་རབ་ཏུ་བྱུང་བའི་ཆ་ལུགས་སུ་ཡོད་པ་བཞིན་དུ། འབྲས་བུའི་གནས་སྐབས་ན་ཡང་ཆ་ལུགས་དེ་ཉིད་ཀྱིས་འཚང་རྒྱ་བའི་ཕྱིར་རོ། །ཐོག་མར་རབ་ཏུ་བྱུང་བ་ཙམ་གྱིས་སངས་རྒྱས་མི་ཐོབ་པས་ཚུལ་ཁྲིམས་ལ་གནས་དགོས་ཞེས་སྟོན་པ་ནི། འདུལ་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པ་ཡིན། །ཞེས་བྱའོ། །ངེས་པའི་ཚིག་ནི་ངེས་པར་གནས་པ་སྟེ། རབ་ཏུ་བྱུང་ནས་འདུལ་བ་ནས་བསྟན་པའི་བསླབ་བྱ་རྣམས་ལ་ངེས་པར་གནས་དགོས་པའི་ཕྱིར་ངེས་ཚིག་ཅེས་བྱའོ། །ཚུལ་ཁྲིམས་ལ་གནས་པ་ཙམ་གྱིས་གྲོལ་བ་མི་ཐོབ་པས། ལམ་བསྒོམ་དགོས་ཞེས་སྟོན་པ་ནི། འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །ཞེས་པའོ། །དོན་ནི། འབྲས་བུ་རྣམ་པར་གྲོལ་བ་འདོད་པས། ཆོས་ལ་སྤྱོད་པ་ནི་རྣམ་པར་གྲོལ་བ་ཉེ་རྒྱུ་ཡིན་པའི་ཕྱིར། རྒྱུ་ཞེས་བྱའོ། །བཞི་པ་ནི། འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་པའོ། །གཉིས་པ་ཆགས་བཅས་ཀྱི་སངས་རྒྱ་ཚུལ་ལ་གཉིས་ཏེ། དམ་བཅའ་དང༌། སོ་སོར་བཤད་པའོ། །དང་པོ་ནི། འདོད་ཆགས་དང་བཅས་པའི་ཚུལ་གྱིས་སངས་རྒྱ་བའི་ཚུལ་གྱི་དོན་གསལ་བར་རྟོགས་པར་བྱ་བའི་ཕྱིར་བཤད་པར་བྱའོ། །ཞེས་བྱའོ། །གཉིས་པ་སོ་སོར་བཤད་པ་ལ། བསྐྱེད་རིམ་སྟོན་པར་བྱེད་པ་རྒྱུད། རྫོགས་རིམ་སྟོན་པ་གླེང་གཞི། དབང་བསྐུར་སྟོན་པ་ངེས་ཚིག སྤྱོད་པ་སྟོན་པར་བྱེད་པ་རྒྱུའོ། །དང་པོ་ནི། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་པ་སྟེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་གིས་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་པ་ནི། རིགས་ལྔའི་ཁོངས་སུ་འདུ་བས། རིགས་ལྔའི་སངས་རྒྱས་བསྐྱེད་པ་ཞེས་བྱ་ལ། རིགས་རྒྱུད་ཁྱད་པར་ཅན་དུ་སྐྱེས་པས་ན་རྒྱུད་ཅེས་བྱའོ། །སླར་རྫོགས་རིམ་ཡང་བསྒོམ་དགོས་པས་ན། རྫོགས་རིམ་སྟོན་པར་བྱེད་པའི་གླེང་གཞི་ནི། སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །ཞེས་པ་སྟེ། དབེན་གསུམ་དང༌། སྒྱུ་ལུས་དང༌། འོད་གསལ་རིམ་གྱིས་བསྒོམས་ཏེ། སླར་ཡང་སྐུ་གསུམ་དབྱེར་མེད་དུ་བསྒོམ་པ་ནི་རིགས་གཅིག་ཏུ་གྱུར་པའོ། །རྒྱུའི་རྡོ་རྗེ་འཆང་བསྒོམ་པ་ཉིད་ཀྱིས་འབྲས་བུ་རྡོ་རྗེ་འཆང་ལ་རང་གི་རྣམ་པ་སྟེར་བས་ན་གླེང་གཞིའོ། །རྣམ་པ་སྟེར་བའི་དོན་ནི། འབྲས་བུ་རྡོ་རྗེ་འཆང་ཡང་རང་གི་རྣམ་པ་དང༌། འདྲ་བར་བསྐྱེད་པའོ། །བསྐྱེད་རྫོགས་གཉིས་ཀྱི་སྔོན་དུ་སྨིན་ལམ་འགྲོ་དགོས་པས། དབང་བསྐུར་སྟོན་པ། ངེས་ཚིག་ནི། རྡོ་རྗེ་ལ་སོགས་བཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །ཅེས་པ་སྟེ། དབང་བསྐུར་གྱི་སྔོན་དུ་རྡོ་རྗེ་ལ་སོགས་པ་རིགས་ལྔའི་དམ་ཚིག་དང་སྡོམ་པ་བཟུང་བ་དང༌། ཐུན་མོང་གི་དབང་དགུའི་སྐབས་སུ་ཆུ་དབང་སྔོན་དུ་འགྲོ་བའི་རྡོ་རྗེ་ལ་སོགས་པའི་དབང་བསྐུར་བ་ནི། རྡོ་རྗེ་ལ་སོགས་བཟུང་བ་ཉིད། །ཅེས་པའོ། །སོགས་ཀྱི་སྒྲས་དབང་ཕྱི་མ་གསུམ་བཟུང་ངོ༌། །སྨིན་ལམ་ནི་གདོན་མི་ཟ་བར་བསྟེན་པར་བྱ་བ་མ་ཡིན་པས། ངེས་པའི་ཚིག་ཅེས་བྱའོ། །འབྲས་བུའི་ནུས་པ་འབྱིན་པ་ལ་སྤྱོད་པ་དགོས་པས། སྤྱོད་པ་སྟོན་པར་བྱེད་པའི་རྒྱུ་ནི། སྒེག་པ་ལ་སོགས་པ་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་པ་སྟེ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པས། སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་ཚུལ་གྱིས་སྤྱོད་པ་བྱེད་པ་ནི། མཆོག་དང་ཐུན་མོང་གི་འབྲས་བུས་མྱུར་དུ་འབྱིན་པར་བྱེད་པའི་ཉེ་རྒྱུ་ཡིན་པས་ན། རྒྱུ་ཞེས་བྱའོ། །འདིར་སྐྱེ་བོ་འདོད་ཆགས་ཅན་དོན་དུ་ཞེས་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་འདིར་ཆགས་བྲལ་གྱི་སངས་རྒྱ་ཚུལ་སྟོན་ཞེ་ན། ཆགས་བྲལ་གྱི་ཚུལ་ཅན་ཡང༌། སྔགས་ཀྱི་སྣོད་དུ་ཤེས་པར་བྱ་བའི་དོན་ནོ། །ཡང་ན་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སངས་རྒྱ་བ་འཐད་ཀྱི། སྔགས་ཀྱིས་སངས་རྒྱས་མི་ཐོབ་བོ་སྙམ་པའི་ལོག་རྟོག་དགག་པའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སངས་རྒྱ་ཚུལ་བཞི་ཡོད་པ་ལྟར། འདི་ལའང་ཡོད་དོ་ཞེས་པའི་དོན་ཏེ། སྔ་མ་དཔེར་བསྟན་ནས། རང་གཞུང་འཐད་པར་བསྟན་པའོ། །འདིར་ཚུལ་བཞི་ལས་རྒྱུད་དང་པོར་བསྟན་པ་ནི། ཆགས་བྲལ་གྱི་ཚུལ་བཞི་དང་གོ་རིམ་མཐུན་པར་བྱ་བའི་ཕྱིར། བཤད་པའི་རིམ་པ་ཡིན་གྱི། དོན་གྱི་རིམ་པ་ལ་ནི་དབང་བསྐུར་སྟོན་བྱེད་ཀྱི་ངེས་ཚིག་དང་པོར་འབྱུང་དགོས་སོ། །རྒྱན་གསུམ་པ་མཐའ་དྲུག་བཤད་པ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །དང་པོ་ནི། ཤླཽ་ཀ་གཅིག་གིས་བསྟན་ཏེ། རྒྱན་ནི་གསུམ་པ་ཉིད་ཀྱང་བཤད་པར་བྱ། །ཞེས་སྦྱར་རོ། །དགོས་པ་ཅིའི་ཕྱིར་འཆད་ཅེ་ན། སངས་རྒྱས་ཀུན་གྱིས་རྒྱས་བཏབ་པའི་རྒྱུད་ཀྱི་དོན་ནི། མཐའ་དྲུག་གི་ཚིག་གིས་རབ་ཏུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་ལས་བཤད་པའི་མཐའ་དྲུག་གི་ཚིག་གིས་ངེས་པར་བྱེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མིང་གི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དྲང་བའི་དོན་དང༌། ངེས་པའི་དོན་དང༌། དགོངས་པས་བཤད་པ་དང༌། དགོངས་པ་ཅན་མ་ཡིན་པ་དང༌། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པ་སྟེ། མཐའ་ནི་དྲུག་ཏུ་སྦྱར་བར་བྱ། །ཞེས་སོ། །འདིར་མཐའ་ནི་གཉིས་ཏེ། ཐ་དད་པ་ལ་བརྗོད་པ་དང༌། མཐར་ཐུག་པ་ལ་བརྗོད་པའོ། །དང་པོ་ལ་དོན་ཐ་དད་པ་ལ་བརྟེན་པ་དང༌། ཚིག་ཐ་དད་པ་ལ་བརྟེན་པ་གཉིས་སོ། །དང་པོ་ནི། རྡོ་རྗེའི་ཚིག་གཅིག་བརྗོད་བྱ་དྲང་དོན་ངེས་དོན་གཉིས་སུ་ངེས་པའོ། །ཚིག་ཐ་དད་པ་ལ་བརྟེན་པ་ནི། བརྗོད་བྱ་རེ་རེར་ངེས་པ་སྟེ། དགོངས་བཤད། དགོངས་མིན་དང༌། སྒྲ་ཇི་བཞིན་དང༌། ཇི་བཞིན་མ་ཡིན་པའོ། །དང་པོའི་དཔེ་ནི། བཛྲ་དྷྲིཀ་ཅེས་པའི་སྒྲ་དེས་དྲང་དོན་དུ་རྡོ་རྗེ་རྩེ་ལྔ་པ་བཤད་ལ། ངེས་དོན་དུ་ཟུང་འཇུག་གི་ཡེ་ཤེས་ངོས་བཟུང་བ་ལྟ་བུའོ། །འདིར་རྡོ་རྗེ་ཚིག་གཅིག་ལ་དྲང་དོན་ངེས་དོན་གཉིས་བཤད་པའོ། །འགའ་ཞིག་དྲང་དོན་གྱིས་བསྐྱེད་རིམ་ཁོ་ན་སྟོན་ལ། ངེས་དོན་གྱིས་རྫོགས་རིམ་ཁོ་ན་སྟོན་ཞེས་བཤད་ཀྱང་མི་འཐད་དེ། ལེའུ་བརྒྱད་པ་ལས་གསུངས་པའི་གསོལ་བ་གདབ་པ་དྲང་དོན་དུ་བཤད་པས་བསྐྱེད་རིམ་མ་ཡིན་པ་སྟོན་པའི་ཕྱིར་དང༌། ལེའུ་བཅུ་གཅིག་པ་ལས་བཤད་པའི་གནས་ངེས་དོན་དུ་བཤད་པས་ཕྱག་རྒྱ་མ་ལ་སྦྱར་བ་བསྐྱེད་རིམ་བཤད་པའི་ཕྱིར་རོ། །དགོངས་པ་དང༌། དགོངས་མིན་གཉིས་ནི། ཚིག་གི་ཐ་དད་པའི་མཐའ་བརྟེན་པ་ཡིན་ཏེ། དགོངས་པ་ནི། རྡོ་རྗེའི་ཚིག་གིས་དངོས་སུ་ཟིན་པ་དོན་གཞན་དུ་སྦྱར་ནས་འཆད་དགོས་པའི་ཕྱིར། དགོངས་མིན་ནི། ཚིག་དོན་མཐུན་པའི་སྒོ་ནས་བཤད་པར་བྱ་བ་ཡིན་ནོ། །འདི་གཉིས་ཀྱིས་ཤས་ཆེར་རྫོགས་རིམ་སྟོན་ལ། བསྐྱེད་རིམ་སྟོན་པའང་ཡོད་དེ། ལེའུ་བདུན་པར། རྗེས་སུ་དྲན་པ་དྲུག་གི་སྒོ་ནས་ལུས་དབེན་ནས་ཟུང་འཇུག་གི་བར་དུ་སྟོན་པ་དགོངས་བཤད་དུ་མཛད་པ་དང༌། ལེའུ་བཅུ་གཅིག་པ་ལས། ལེའུའི་མཚན་གྱིས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟོན་པ་དགོངས་བཤད་དུ་མཛད་པས་བསྐྱེད་རྫོགས་གཉིས་ཀ་བསྟན་ལ། ལེའུ་བཅུ་གཉིས་པ་ལས་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་ཏིང་ངེ་འཛིན་དང་སྤྱོད་པ་གཉིས་ཀ་དགོངས་བཤད་དུ་བསྟན་པ་གཉིས་ཀ་དང༌། ལེའུ་དྲུག་པ་ལས། ཕྲ་མོའི་རྣལ་འབྱོར་གཞན་བསྟན་པ་བསྐྱེད་རིམ་ཁོ་ན་ལ་སྦྱར་བའི་དགོངས་བཤད་ལྟ་བུ་དང༌། ལེའུ་བརྒྱད་པ་ནས་བཤད་པའི་གསང་དབང༌། བསྐྱེད་རྫོགས་ཀྱི་རྣལ་འབྱོར་པ་གཉིས་ཀས་ཉམས་སུ་བླང་བར་བྱ་བ། དགོངས་མིན་གྱི་སྒོ་ནས་བཤད་པ་ལྟ་བུའོ། །སྒྲ་ཇི་བཞིན་པས་ཤས་ཆེར་བསྐྱེད་རིམ་སྟོན་ལ། རྫོགས་རིམ་སྟོན་པའང་ཡོད་དེ། ལེའུ་གཉིས་པ་ནས་བཤད་པའི་རྨད་དུ་བྱུང་བའི་བསྟོད་པ། སྒྲ་ཇི་བཞིན་བཤད་པ་རྫོགས་རིམ་ལ་སྦྱར་བ་དང༌། ལེའུ་བདུན་པ་ནས་རྗེས་སུ་དྲན་པའི་འབྲས་བུ་རྫོགས་རིམ་གྱི་ངོ་བོ་སྒྲ་ཇི་བཞིན་ལ་བཤད་པ་ལྟ་བུའོ། །སྒྲ་ཇི་བཞིན་མ་ཡིན་པས་ཤས་ཆེར་རྫོགས་རིམ་སྟོན་ལ། བསྐྱེད་རིམ་སྟོན་པའང་ཡོད་དེ། རླུང་འོད་ཟེར་ལྔ་དང༌། ཡུལ་ལྔ་ལ། སྒྲ་ཇི་བཞིན་མ་ཡིན་པའི་སྒོ་ནས་བསྐྱེད་རྫོགས་གཉིས་ཀ་བཤད་པ་ལྟ་བུའོ། །དེ་ལ་རྡོ་རྗེའི་ཚིག་གི་གཅིག་ལ་དོན་གཉིས་བྱུང་ན་དྲང་དོན་ངེས་དོན་ནོ། །བསྐྱེད་རྫོགས་གཉིས་གང་སྟོན་ཡང་ཚིག་དོན་འགལ་བ་བྱུང་ན་དགོངས་བཤད་དོ། །མི་འགལ་བ་བྱུང་ན་དགོངས་པ་མ་ཡིན་པས་བཤད་པའོ། །རྗོད་བྱེད་ཀྱི་ཚིག་གི་བརྡའི་སྒོ་ནས་བཤད་ན། སྒྲ་ཇི་བཞིན་མ་ཡིན་པའོ། །ཚིག་འཇིག་རྟེན་ལ་གྲགས་པའི་སྒོ་ནས་བཤད་ན། སྒྲ་ཇི་བཞིན་པའོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་དྲུག་སྟེ། དང་པོ་དྲང་བའི་དོན་ནི། སྐལ་ངན་རྣམས་ལ་རྒྱལ་བའི་དོན། །སྦས་ཏེ་བཤད་པ་དྲང་བའི་དོན། །ཞེས་པའི་རྫོགས་རིམ་གྱི་སྣོད་དུ་མི་རུང་བའི་སྐལ་ངན་རྣམས་ལ་རྫོགས་རིམ་སྦས་ཏེ་བསྐྱེད་རིམ་གྱི་དོན་བཤད་པ་ནི་དྲང་བའི་དོན་ནོ། །འདི་ནི་ཐུན་མོང་གི་དངོས་གྲུབ་འདོད་པ་རྣམས་ལ་བཤད་པར་བྱའོ། །གཉིས་པ་ངེས་དོན་ནི། ཡང་དག་ཅེས་སོགས་ཀྱི་ཚིག་རྐང་པ་གཉིས་ཀྱིས་སྟོན་ཏེ། རྫོགས་རིམ་གྱི་སྣོད་དུ་རུང་བའི་རྡོ་རྗེའི་དེ་ཉིད་བསྐྱེད་རིམ་སུ་མ་ཟད། ཡང་དག་པའི་དོན་རྫོགས་རིམ་རབ་ཏུ་སྟོན་པའི་ཕྱིར། ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་བྱ་བའོ། །འགའ་ཞིག ངེས་དོན་རྫོགས་རིམ་ཁོ་ན་ལ་སྦྱོར་བ་ནི་འདི་དང་འགལ་ལོ། །གསུམ་པ་དགོངས་བཤད་ནི། མཆོག་འདོད་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ་མཆོག་གི་དངོས་གྲུབ་འདོད་པའི་སེམས་ཅན་དབང་པོ་རྣོན་པོ་རྣམས་ཀྱི་ཕྱིར། ཆོས་ཀྱི་དེ་ཁོ་ན་ཉིད་སྒྱུ་ལུས་དང༌། འོད་གསལ་ཟུང་འཇུག་སོགས་རྫོགས་པའི་རིམ་པ། འགལ་བའི་ཚིག་གི་སྦྱོར་བ་ཡིས། རབ་ཏུ་སྟོན་གང་ཡིན་པ་དེ་དགོངས་བཤད་དོ། །བཞི་པ་དགོངས་མིན་ནི། དབང་པོ་དམན་པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ་དབང་པོ་དམན་ཡང་མཆོག་གི་དངོས་གྲུབ་འདོད་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར། མཆོག་ཏུ་གསལ་ཞིང་དོན་དང་མཐུན་པའི་ཚིག་གིས་གཙོ་བོར་ཆོས་ཀྱི་དེ་ཁོ་ན་ཉིད་འོད་གསལ་ཟུང་འཇུག་སོགས་སྟོན་པ་ནི། དགོངས་པ་མ་ཡིན་པས་བཤད་པའོ། །ལྔ་པ་སྒྲ་ཇི་བཞིན་པ་ནི། དཀྱིལ་འཁོར་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། རྟོག་པའི་རྒྱུད་ལ་སོགས་པ་རུ། །དཀྱིལ་འཁོར་ཇི་ལྟར་བྲི་བ་དང༌། །སྦྱིན་སྲེག་དང༌། གཏོར་མ་ལ་སོགས་པའི་སྤྱོད་པ་ཇི་ལྟར་གསུངས་པ་རྣམས། འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཚིག་གིས་དོན་གསལ་བར་བཤད་པ་གང་ཡིན་པ་དེ་ནི། སྒྲ་ཇི་བཞིན་པར་གསུངས་སོ། །དྲུག་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། ཀོ་ཊ་ཀྵ་ལ་སོགས་པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། སྒྲ་གང་དོན་དེའི་རྗོད་བྱེད་དུ། འཇིག་རྟེན་དང་བརྡ་སྤྲོད་པའི་བསྟན་བཅོས་ལ་གྲགས་པ་མེད་ཅིང༌། དེ་བཞིན་གཤེགས་པ་དང༌། རྣལ་འབྱོར་ཕོ་མོ་རྣམས་ཀྱི་བརྡ་རླུང་བཅུ་སྟོན་པ་ལ་ཀོ་ཊ་ཀྵ་དང༌། ཀོ་ཏ་བ་ལ་སོགས་པའི་སྒྲ་ལྟ་བུ་ནི་སྒྲ་ཇི་བཞིན་མ་ཡིན་པར་བསྒྲགས་སོ། །རྒྱན་བཞི་པ་བཤད་པའི་རྒྱན་ལ། མཚམས་སྦྱར་བ་དང༌། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །དང་པོ་ནི། མཐའ་དྲུག་དབྱེ་བ་བསྟན་ནས་ནི། །ཞེས་པའོ། །གཉིས་པ་ནི། འཆད་ཚུལ་དབྱེ་བ་བརྗོད་པར་བྱ། །ཞེས་པས་བསྟན་ཏོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དབྱེ་བ་དང༌། སོ་སོའི་དབྱེ་བ་གཉིས་སོ། །དང་པོ་ནི། སྤྱིའི་དོན་དང༌། ཡི་གེའི་དོན་དང༌། སྦས་པའི་དོན་དང༌། མཐར་ཐུག་པའི་དོན་དུ་བཤད་པའོ། །འདི་བཞི་པོ་འགའ་ཞིག་མཐའ་དྲུག་ཏུ་འདུས་པར་བཞེད་དེ། ཡི་གེའི་དོན་དང༌། སྒྲ་ཇི་བཞིན་པ་གཉིས། དོན་གཅིག་པ་དང༌། མཐར་ཐུག་དགོངས་བཤད་དུ་འདུས་པ་དང༌། སྤྱི་དོན་དྲང་དོན་དུ་འདུས་པ་དང༌། སྦས་དོན་ངེས་དོན་དུ་འདུས་སོ་ཞེས་བཞེད་དོ། །འོ་ན་ལོགས་ཤིག་ཏུ་ཇི་ལྟར་སྟོན་ཞེ་ན། དགོངས་པ་བཞི་གཉེན་པོ་ལ་ལྡེམ་དགོངས་སུ་འདུས་ཀྱང་ལོགས་སུ་བཤད་པ་བཞིན་ནོ། །ཞེས་བཞེད་པ་ནི་འཐད་པར་སྣང་ངོ༌། །གཉིས་པ་ནི། དང་པོ་ཡི་གེའི་དོན་ནི། དབྱེ་བ་མེད་པ་གཅིག་པུ་ཁོ་ན་ཉིད་དོ། །སྤྱིའི་དོན་གྱི་དབྱེ་བ་ནི་གཉིས་ཏེ། མདོ་སོགས་ལ་ཞུགས་པའི་སྤྱིའི་དོན་དང༌། བསྐྱེད་རིམ་པའི་སྤྱིའི་དོན་ནོ། །སྦས་པ་ནི་གསུམ་སྟེ། འདོད་ཆགས་ཆོས་ཀྱི་སྦས་པ་དང༌། ཀུན་རྫོབ་སྒྱུ་མའི་སྦས་པ་དང༌། སེམས་གསུམ་གྱི་སྦས་པའོ། །རིགས་རལ་ནི་འདོད་ཆགས་ཆོས་ཀྱི་སྦས་པ་འཐད་ཀྱི། གཞན་གཉིས་ལ་སྦས་པའི་དོན་མེད་དོ་ཞེས་འཆད་དེ། གཞུང་ལུགས་སྤྱིའི་དགོངས་པ་ལ་ལེགས་མོད་ཀྱི། འདིར་གསུམ་དུ་བྱའོ། །མཐར་ཐུག་ནི་གཉིས་ཏེ། འོད་གསལ་དང༌། ཟུང་འཇུག་གོ །དེ་ལ་འོད་གསལ་ནི་ལམ་གྱི་མཐར་ཐུག་ཡིན་ལ། ཟུང་འཇུག་ནི་འབྲས་བུའི་མཐར་ཐུག་གོ །དེ་ལ་ཡི་གེའི་དོན་དང༌། སྤྱིའི་དོན་གཉིས་ནི་སྒྲ་གཙོ་བོར་བྱས་པ་ཡིན་ལ། སྦས་དོན་དང༌། མཐར་ཐུག་ནི་དོན་ལྷུར་བླངས་ནས་བཤད་པ་ཡིན་ནོ་ཞེས་པའང་ཡོད་མོད་ཀྱི། མཐའ་དྲུག་ཚུལ་བཞི་ཚིག་གི་སྒོ་ནས་བཞག་པར་རྡོ་རྗེ་ཕྲེང་བ་ལས་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡི་གེའི་དོན་ནི། སྒྲའི་བསྟན་བཅོས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། ཕྱི་རོལ་བསྟན་བཅོས་ནི་སྒྲ་པས་བཀོད་པ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་གཞུང་དེའི་བཀོད་པ་དང་མཐུན་པར་རབ་ཏུ་བསྟན་པ་གང་ཡིན་པ་དེ་ནི་ཡི་གེའི་དོན་དུ་ངེས་པར་བཤད་པར་བྱའོ། །གཉིས་པ་སྤྱིའི་དོན་ནི། མདོ་སྡེ་སོགས་ལ་ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། མདོ་སྡེ་སོགས་ནི་ཕར་ཕྱིན་ཐེག་པ་ལ་རབ་ཏུ་ཞུགས་པ་རྣམས་ཀྱིས། མདོ་སྡེ་སོགས་ཁོང་དུ་ཆུད་ཀྱང༌། རྒྱུད་དུ་མདོ་སྡེ་ལ་གྲགས་པའི་ཆོས་སྐད་མ་མཐོང་ནས། སྔགས་བཀའ་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་བཟློག་པར་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྤྱི་ཡིན་ལ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་དག་དང་ཐུན་མོང་བ་ནི། ལེའུ་དང་པོ་ལས་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལ་སྤྱིར་བཤད་པ་དང༌། ཡི་གེ་འབྲུ་གསུམ་དང༌། ལྷག་མོས་དང༌། མི་བསྐྱོད་པ་དང༌། རྡོ་རྗེ་དང༌། པདྨ་དང༌། ལེའུ་གསུམ་པ་ལས་ཕྲ་མོའི་རྣལ་འབྱོར་དང༌། ལེའུ་དྲུག་པ་ལས་ཡེ་ཤེས་ལྔ་དང༌། ལེའུ་བདུན་པ་ལས། སྤྲོས་བཅས་ཀྱི་སྤྱོད་པ་ལ་སྤྱིར་བཤད་པ་རྣམས་ཏེ། འདི་དག་ནི་བསྐྱེད་རིམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་སྤྱིའི་དོན་ཡིན་པར་གསུངས་སོ། །གསུམ་པ་སྦས་པ་ལས། འདོད་ཆགས་ཆོས་ནི་ཞེས་སོགས་ཚིགས་བཅད་གཅིག་སྟེ། འདོད་ཆགས་ཆོས་ཀྱི་སྦས་པ་ནི། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་སྟོན་པ་སྟེ། ཚོགས་པར་དབྱུང་བ་མི་འོས་པའི་ཕྱིར། སྦས་པ་ཞེས་བྱའོ། །འགའ་ཞིག་གསང་དབང་གི་འདོད་ཆགས་ཆོས་སྦས་དང༌། འོག་སྒོའི་ཕྲ་མོའི་འདོད་ཆགས་ཆོས་སྦས་དང༌། སྤྱོད་པའི་འདོད་ཆགས་ཆོས་སྦས་ཞེས་གསུམ་བཤད་དོ། །ཀུན་རྫོབ་སྒྱུ་མའི་སྦས་པ་ལ། གཟུགས་སྐུའི་སྙིང་པོ་ཡོད་པས་སྦས་པའོ། །འདི་ལ་སྒྱུ་ལུས་དངོས་དང༌། དེ་དང་འབྲེལ་བའི་སྤྱོད་པ་སྟོན་པའང་ཡོད་དོ། །ཡེ་ཤེས་གསུམ་གྱི་སྦས་པ་ནི། སྣང་གསུམ་གྱི་ཡེ་ཤེས་དངོས་སོ། །འདི་ལ་ཆོས་སྐུའི་སྙིང་པོ་ཡོད་པས་སྦས་པའོ། །འདི་ལ་སྔོན་འགྲོ་ལུས་དབེན་དང༌། ངག་དབེན་སྟོན་པའང་ཡོད་དོ། །འདི་རིམ་པ་འོག་མའི་རྣལ་འབྱོར་ལ་གནས་པ་རྣམས་ལ་སྦར་བར་བྱ་བ་ཡིན་པས། སྦས་པ་ཞེས་འདོད་པ་ཡོད་མོད་ཀྱི། འདིར་ནི་སྙིང་པོ་ཡོད་པས་སྦས་པའོ། །ཡང་ན་ཤུན་པའི་ཁོང་ན་ཡོད་པའི་སྙིང་པོ་ལྟ་བུ་ཡིན་པས་སྦས་པ་ཞེས་བྱའོ། །བཞི་པ་མཐར་ཐུག་ནི། འོད་གསལ་ནི་རབ་སྟོན་དང་ཞེས་སོགས་ཚིགས་བཅད་གཅིག་གོ །མཐར་ཐུག་ནི་གཉིས་ཏེ། ལམ་གྱི་མཐར་ཐུག་འོད་གསལ་དང༌། འབྲས་བུའི་མཐར་ཐུག་ཟུང་འཇུག་གོ །འགོས་ཀྱིས། ཕར་ཕྱིན་གྱི་མཐར་ཐུག་འོད་གསལ། སྔགས་ཀྱི་མཐར་ཐུག་ཟུང་འཇུག་ཅེས་འདོད་དོ། །རྔོག་གིས། འོད་གསལ་དངོས་པོའི་མཐར་ཐུག ཟུང་འཇུག་ལམ་གྱི་མཐར་ཐུག ཅེས་བཞེད་དོ། །པཎྜི་ཏ་ཐུགས་རྗེ་ཞབས་ནི། རྫོགས་རིམ་ཡིན་པས་ལམ་ལ་བཤད་པ་རིགས་སོ། །ཡུལ་གྱི་འོད་གསལ་དངོས་པོའི་མཐར་ཐུག་ཏུ་བཤད་པ་ཡང་འཐད་མོད་ཀྱི། རིམ་ལྔའི་ཡ་གྱལ་དུ་བགྲང་བ་མ་ཡིན་ནོ། །ལྔ་པ་བཤད་པའི་རྒྱན་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། འཆད་པས་ཉན་པར་འདོད་པ་ལ། འོད་གསལ་རྒྱུའི་མཐར་ཐུག ཟུང་འཇུག་འབྲས་བུའི་མཐར་ཐུག་ཞེས་བཞེད་དོ། །ནཱ་རོ་པས། འོད་གསལ་སྤངས་པ་མཐར་ཐུག ཟུང་འཇུག་རྟོགས་པ་མཐར་ཐུག་ཞེས་བཞེད་དོ། །མཐར་ཐུག་ནི་མུར་ཐུག་ཚིག་ཡིན་པས། ལམ་གྱི་མཐར་ཐུག་དང༌། འབྲས་བུའི་མཐར་ཐུག་གཉིས་བཟུང་ངོ༌། །ཡང་ན་འོད་གསལ་ནི། ཕུང་པོ་ལ་སོགས་པའི་ཆོས་ཅན་རྣམས་ཀྱི་མཐར་ཐུག་པ་ཡིན་ལ། སྟོང་ཉིད་གསུམ་ཡོངས་སུ་དག་པའི་མཐའ་ནི་འོད་གསལ་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ལ་སོགས་པའི་སྟོང་པ་ཉིད་གསུམ་མོ། །སྟོང་པ་ཉིད་གསུམ་གྱི་མཐའ་ནི་འོད་གསལ་ལོ། །ཞེས་བཤད་ནས། དེ་ནི་མཐར་ཐུག་པ་བཤད་པའོ། །ཞེས་གསུངས་སོ། །འདིས་ནི་ཡུལ་གྱི་མཐར་ཐུག་གི་འོད་གསལ་དང༌། ཡུལ་ཅན་གྱི་མཐར་ཐུག་གི་འོད་གསལ་གཉིས་བསྟན་ཏོ། །འདིར་བགྲང་བའི་འོད་གསལ་ནི། ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་ནས། ལམ་གྱི་འོད་གསལ་སྟོན་པའི་ཕྱིར། ལམ་གྱི་མཐར་ཐུག་འོད་གསལ་ཉིད། །ཅེས་རིགས་ཏེ། རིམ་ལྔའི་ཡ་གྱལ་དུ་བགྲང་བའི་འོད་གསལ་དང༌། སློབ་མ་ལ་བཤད་པ་གཉིས་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། ཚོགས་བཤད་ནི། ཇི་བཞིན་སྒྲ་དང་ཞེས་པ་ཚིགས་བཅད་གཅིག་སྟེ། སྒྲ་ཇི་བཞིན་པ་ལ་སོགས་པའི་མཐའ་དྲུག་ལས་གསུམ་དང༌། བཤད་ཚུལ་བཞི་ལས་ཡི་གེའི་དོན་དང༌། སྤྱིའི་དོན་གཉིས་ཏེ་ལྔ་ནི་ཤེས་བྱ་ཐུན་མོང་བ་སྟོན་པའི་ཕྱིར། བསྐྱེད་རྫོགས་གཉིས་ཀའི་གདུལ་བྱ་ལ་ཐུན་མོང་དུ་བཤད་པར་བྱ་བ་ཡིན་པས། ཚོགས་བཤད་ཅེས་བྱ་བར་བརྗོད་དོ། །དགོངས་མིན་གྱི་རྫོགས་རིམ་སྟོན་པ་མ་ཡིན་ནམ། ཇི་ལྟར་ཚོགས་བཤད་ཡིན་ཞེ་ན། འདི་ནི་དབང་པོ་དམན་པའི་དབང་དུ་བྱས་པ་ཡིན་པར་བཤད་པས་དོན་དེ་ལ་དགོངས་སོ། །ཡང་ན་དགོངས་མིན་ལ་བསྐྱེད་རིམ་གྱི་ཆ་ཡོད་པས་བསྐྱེད་རིམ་གྱི་ཆའི་སྣོད་ཉེ་བར་བཟུང་ངོ༌། །གཉིས་པ་སློབ་བཤད་ནི། ཇི་བཞིན་མིན་སྒྲ་ངེས་དོན་དང༌། །ཞེས་སོགས་ཚིགས་བཅད་གཅིག་སྟེ། སྒྲ་ཇི་བཞིན་མ་ཡིན་པ་དང༌། ངེས་དོན་དང༌། དགོངས་ཏེ་བཤད་པ་སྟེ། མཐའ་དྲུག་ལས་གསུམ་དང༌། ཚུལ་བཞི་ལས། སྦས་དོན་དང༌། མཐར་ཐུག་པ་གཉིས་ནི་རྫོགས་རིམ་གཙོ་བོར་སྟོན་པའི་ཕྱིར། རྫོགས་རིམ་གྱི་སྣོད་ཁོ་ན་ལ་བསྟན་པར་བྱ་བ་ཡིན་པས། སློབ་མ་ལ་བཤད་པར་བྱ་བ་ཡིན་པར་འདོད་དོ། །བཤད་པའི་དབྱེ་བ་གཉིས་པོ་གང་ལས་བཤད་ཅེ་ན། བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས། བདེ་གཤེགས་རྣམས་ཀྱིས་བཤད་པའི་དབྱེ་བ་གཉིས་གསུངས་པ་ཡིན་ནོ། །སུ་ཞིག་ལ་ཞེ་ན། གདུལ་བྱ་གཉིས་ལའོ། །ཚུལ་ནི་རིམ་པ་གཉིས་ཀྱི་དབྱེ་བ་ལ་བརྟེན་པའོ། །རྒྱན་དྲུག་པ་གང་ཟག་གི་རྒྱན་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། འཇུག་བསྡུ་བའོ། །དང་པོ་ལ་སྤྱིའི་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབྱེ་བ་ནི། རྣམ་པ་ཀུན་ཏུ་ཉན་འདོད་པའི། །ཞེས་པ་ནས། གང་ཟག་རྣམ་པ་ལྔར་འདོད་དོ། །ཞེས་པའི་ཚིགས་བཅད་གཅིག་སྟེ། འཇིག་རྟེན་ཏེ་གང་ཟག རྣམ་པ་ཀུན་ཏུ་རྒྱུད་ཉན་པར་འདོད་པའི་བློའི་རྣམ་པ་དཔག་ཏུ་མེད་པ་ལས་མཐའ་ཡས་པ་ཡོད་ཀྱང༌། གྲངས་ངེས་པར་གྱུར་པའི་གདུལ་བྱ་ནི། གང་ཟག་རྣམ་པ་ལྔར་འདོད་དོ། །ལྔ་གང་ཞེ་ན། ཨུཏྤལ་དང༌། པད་དཀར་དང༌། པདྨ་དང༌། ཙནྡན་དང༌། རིན་པོ་ཆེ་ལྟ་བུ་སྟེ། བློའི་རང་བཞིན་ཐ་དད་པ་མིང་ཐ་དད་ཀྱིས་བསྟན་པ་དེ་ནི། ཐམས་ཅད་མཁྱེན་པས་གསུངས་པ་ཡིན། ཞེས་བྱའོ། །སོ་སོའི་རང་བཞིན་ལ་ལྔ་ལས། ཨུཏྤལ་ལྟ་བུའི་གང་ཟག་ནི། །ལེགས་ཐོས་དངོས་པོ་མ་ལུས་པ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ནོ། །ཨུཏྤལ་ལ་ཆོས་གསུམ་སྟེ། ཆེ་ཞིང་རྩི་མང་བ་དང༌། ཉི་མས་ཁ་འབྱེ་བ་དང༌། བུང་བས་རྩི་བླང་བར་ནུས་པ་དང༌། རྩི་འཛག་སྐྱེན་པའོ། །གང་ཟག་དེ་ལ་ཡང་ཆོས་གསུམ་སྟེ། ལེགས་པར་ཐོས་པ་སྟེ། ཐོས་པ་མང་བ་དང༌། བཟུང་བྱའི་དངོས་པོ་མ་ལུས་པ་འཛིན་པ་ལ་མཁས་པ་དང༌། སྐད་ཅིག་གིས་བརྗེད་པར་གྱུར་པ་ནི། ཁྱད་པར་གསུམ་གྱིས་ཨུཏྤལ་དང་ཆོས་མཚུངས་པའི་ཕྱིར། ཨུཏྤལའི་གང་ཟག་ཅེས་བྱའོ། །པདྨ་དཀར་པོ་ལྟ་བུའི་གང་ཟག་ནི། བཟུང་བྱ་ཞེས་སོགས་ཏེ། པདྨ་དཀར་པོ་ལ་ཆོས་གཉིས་ཏེ། རྩི་མང་བ་དང༌། བུང་བས་རྩི་བླང་བར་མི་ནུས་པའོ། །གང་ཟག་འདི་ཡང༌། བཟུང་བྱའི་རྒྱུད་ལ་ཐོས་པ་ཆེ་བ་དང༌། དོན་རྟོགས་པར་གྱུར་ཀྱང༌། གཞན་ལ་སྟོན་པའི་ནུས་པ་མེད་པ་སྟེ། བུམ་པའི་ནང་གི་རས་བལ་གྱི་ས་བོན་དང་འདྲ་བས། གཞན་ལ་རྟོགས་པ་བསྐྱེད་མི་ནུས་པའོ། །འདི་ནི་པདྨ་དཀར་པོ་དང་འདྲ་བས། པད་དཀར་ཞེས་བྱ་བའི་གང་ཟག་གོ །པདྨ་དམར་པོ་ལྟ་བུའི་གང་ཟག་ནི། དད་དང་ལྡན་ཞིང་ཞེས་སོགས་ཚིགས་བཅད་གཅིག་གོ །པདྨ་དམར་པོ་ལ་ཡང་ཆོས་བཞི་ཏེ། ཁ་དོག་དམར་བ་དང༌། དབྱིབས་ལེགས་པ་དང༌། ཉི་མས་ཁ་འབྱེ་བ་དང༌། རྩི་འཛག་སྐྱེན་པའོ། །གང་ཟག་འདི་ལ་ཡང་ཆོས་བཞི་ཡོད་དེ། དད་པ་དང་ལྡན་པ་དང༌། སྙིང་རྗེ་ཆེ་བ་དང༌། ཆོས་ཐོས་ནས་བློའི་པདྨ་ཁ་འབྱེ་བ་དང༌། སྐད་ཅིག་གིས་བརྗེད་པར་འགྱུར་བས། པདྨ་དམར་པོ་དང་འདྲ་བའི་ཕྱིར། པདྨ་དམར་པོ་ལྟ་བུའི་གང་ཟག་ཅེས་བྱའོ། །ཙནྡན་ལྟ་བུའི་གང་ཟག་ནི། ཐོས་པ་ཉུང་ཞིང་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཙནྡན་སྦྲུལ་གྱི་སྙིང་པོ་ལ་ཆོས་ལྔ། དངོས་པོ་ཆུང་བ། དྲི་ཆེ་བ། རྩ་བ་ངན་པ། ཡན་ལག་མང་བ། སྦྲུལ་གྱིས་དཀྲིས་པས་བླང་བར་མི་ནུས་པའོ། །གང་ཟག་འདི་ལ་ཡང་ཆོས་ལྔ་ཡོད་དོ། །ཐོས་པ་ཆུང་བ་དང༌། ང་རྒྱལ་ཆེ་བ་དང༌། དོན་གྱི་རྩ་བ་མེད་པ་དང༌། ཚིག་གི་སྤྲོས་པ་མང་བ་དང༌། གཞན་རྗེས་སུ་བཟུང་བར་མི་ནུས་པས། ཙནྡན་དང་འདྲ་བའི་ཕྱིར། ཙནྡན་ལྟ་བུའི་གང་ཟག་ཅེས་བྱའོ། །རིན་པོ་ཆེ་ལྟ་བུའི་གང་ཟག་ནི། ཚུལ་ཁྲིམས་དག་ཅིང་ཞེས་སོགས་ཚིག་བཅད་གཅིག་སྟེ། ཡིད་བཞིན་གྱི་ནོར་བུ་ལ་ཆོས་བདུན་ཏེ། རང་བཞིན་གྱིས་དག་པ་དང༌། དགོས་འདོད་འབྱུང་བ་དང༌། རང་བཞིན་མི་འགྱུར་བ་དང༌། ཡིད་དུ་འོང་བ་དང༌། ཕན་འདོགས་པ་དང༌། གནོད་པ་མི་བྱེད་པ་དང༌། དགོས་འདོད་ཟད་མི་ཤེས་པའོ། །གང་ཟག་འདི་ཡང་ཆོས་བདུན་དང་ལྡན་ཏེ། ཚུལ་ཁྲིམས་དག་པ་དང༌། གནས་ལྔ་ལ་མཁས་པ་དང༌། སྒྲིན་པ་སྟེ་ཡིད་དུ་འོང་བ་དང༌། སྦྱོར་བྱུང་གི་ཤེས་རབ་ཆེ་བ་དང༌། དགོངས་པ་གཅིག་པ་སྟེ་རྒྱུད་བརྟན་པ་དང༌། མང་དུ་ཐོས་པས་དགོས་འདོད་འབྱུང་བ་དང༌། ལེགས་པར་སྟོན་པ་སྟེ་ཆོས་མི་ཟད་པའོ། །དེ་ལྟར་ཡོན་ཏན་བདུན་དང་ལྡན་པའི་ཕྱིར། རིན་པོ་ཆེ་ལྟ་བུའི་གང་ཟག་ཅེས་བྱའོ། །འོ་ན་གང་ཟག་འདི་དག་ལ། གང་ལ་ཚོགས་བཤད་དང༌། གང་ལ་སློབ་བཤད་བྱ་སྙམ་ན། ཚོགས་བཤད་ཀྱི་སྣོད་ནི། ཨུཏྤལ་ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ནོ། །སློབ་མ་ལ་བཤད་པའི་སྣོད་ནི། རྫོགས་པའི་རིམ་པ་སྐལ་ལྡན་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་བསྟན་ནོ། །གསུམ་པ་མཇུག་བསྡུ་བ་ནི། གང་ཟག་ཤེས་པའི་དབྱེ་བ་ཡིས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། ཇི་སྐད་བཤད་པའི་གང་ཟག་གི་དབྱེ་བ་དང༌། མཚན་ཉིད་ཤེས་པའི་རྡོ་རྗེ་སློབ་དཔོན་མཁས་པས། སྣོད་དང་སྣོད་མ་ཡིན་པའི་རྒྱུད་ཀྱི་ཁྱད་པར་ཡོངས་སུ་བརྟགས་ནས། ཚོགས་བཤད་དང༌། སློབ་བཤད་རྣམ་པ་གཉིས་བྱའོ། །རྒྱན་བདུན་པ་ནི། རྒྱན་ནི་དྲུག་པོ་རྣམས་ཀྱིས་ནི། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། ངེས་པའི་གང་ཟག་ནི། ཇི་སྐད་བཤད་པའི་གང་ཟག་ལྔ་པོ་རྣམས་སོ། །ངེས་པར་བྱེད་པ་ནི། རྒྱན་དྲུག་པོ་དེ་རྣམས་ཀྱིས་ངེས་པར་བྱེད་དོ། །གང་ངེས་པར་བྱས་པ་ནི། བདེན་པ་གཉིས་ཀྱིས་བསྡུས་པའི་སྨིན་གྲོལ་གཉིས་སོ། །ངེས་པར་བྱས་པའི་འབྲས་བུ་ནི། རྫོགས་པའི་རིམ་པ་ཟུང་འཇུག་སྒྲུབ་ཅིང་ཐོབ་པའོ། །དེ་ལྟར་ན་རྒྱན་སྔ་མ་དྲུག་པོ་ལ་བརྟེན་ནས། རྒྱུད་ཀྱི་དོན་བདེན་པ་གཉིས་སུ་ངེས་པ་ནི་རྒྱན་བདུན་པ་ཞེས་བྱའོ། །རྒྱན་བདུན་གྱི་མཚན་ཉིད་རྒྱས་པར་བསྟན་ཟིན་ཏོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས་ཏེ། རྩ་རྒྱུད་ཀྱི་དོན་ངེས་པ་བཤད་རྒྱུད་ལ་རག་ལས་པར་བསྟན་པ་དང༌། བཤད་རྒྱུད་ལ་བརྟེན་ནས་རྩ་རྒྱུད་བཟུང་བར་གདམས་པའོ། །དང་པོ་ནི། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། ཤིན་ཏུ་རྙེད་པར་དཀའ་བའི་རྣལ་འབྱོར་གྱི་རྒྱུད་འདི་ནི། བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཟུང་པའི་རྗེས་སུ་འབྲངས་ནས། རྒྱན་བདུན་གསུངས་པས་རྩ་རྒྱུད་བཤད་ཚུལ་ནི། རྒྱན་བདུན་པོ་འདི་ཉིད་ཀྱིས་ངེས་པར་བྱེད་ཀྱི། གཞན་ཇི་བཞིན་པ་དང༌། ཡི་གེའི་དོན་ཙམ་གྱིས་ནི་མ་ཡིན་ནོ། །འགའ་ཞིག་དགྱེས་རྡོར་སོགས་ཀྱི་རྒྱུད་གཞན་ལ་སྒྲ་ཇི་བཞིན་པ་དང༌། ཡི་གེའི་དོན་ཙམ་ལས་མེད་དོ་ཞེས་སྨྲ་བ་ནི་མ་ཡིན་ཏེ། རྒྱུད་སྡེ་སྤྱིའི་རྣམ་བཞག་ལས། ཉན་པ་པོས་རྟོགས་སླ་བའི་དོན་དུ་བཤད་པ་ལ། གདམས་ངག་དྲུག་གིས་བཤད་པ། སེམས་རྒྱུད་གཏན་ལ་དབབ་པ་ལ་རྒྱུད་གསུམ་གྱི་བཤད་པ། དབང་ལམ་དུ་བྱ་བའི་ཕྱིར་བདག་ཉིད་ཅན་གསུམ་གྱི་བཤད་པ། འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་དོན་དུ་གནས་པ་བཞིའི་བཤད་པ། མི་མཐུན་ཕྱོགས་སྤོང་བ་ལ་དགོངས་ནས་དག་པ་གསུམ་གྱི་བཤད་པ། སྣོད་མ་ཡིན་པ་ལ་གསང་བའི་དོན་དུ་གསང་བ་བདུན་གྱི་བཤད་པ། རྒྱུད་ཀྱི་ཁུངས་དང་བཅས་པ་གསུངས་པ་མ་མཐོང་བར་ཟད་དོ། །བིརྺ་པའི་མན་ངག རྒྱུད་སྡེ་སྤྱིའི་རྣམ་བཞག་ཏུ་བཀོད་པ་ལ་དགག་པ་བརྗོད་པ་ནི། གསང་སྔགས་ཁོང་དུ་མ་ཆུད་པའི་བླུན་པོའི་བཤད་པའོ། །གཉིས་པ་ནི། རྩ་བའི་རྒྱུད་ཀྱི་དོན་ཤིན་ཏུ་རྙེད་པར་དཀའ་བ་དེ་བས་ན། གླེང་གཞི་དང༌། དོན་རིམ་པ་ལྔའི་སྦྱོར་བ་དག་དང་བཅས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པ་གཟུང་བར་བྱའོ། །གང་གིས་ཤེ་ན། བཤད་པའི་རྒྱུད་ལ་མཁས་པའི་བླ་མ་ཡིས་སོ། །ཚུལ་ཇི་ལྟར་ན། ཐོས་བསམ་ལ་འབད་པ་དེའོ། །རྒྱན་རྣམ་པ་བདུན་བཤད་པའི་རིགས་པའོ། །རྒྱུད་ལ་འཇུག་པའི་ཡན་ལག་བསྟན་ཟིན་ཏོ།། ༈ །འཇུག་བྱ་རྒྱུད་ཀྱི་དོན་བཤད་པ་ལ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ཡང༌། རྒྱུད་སྤྱིའི་བསྡུས་དོན་དང༌། ལེའུ་སོ་སོའི་བསྡུས་དོན་ནོ། །དང་པོ་རྒྱུད་སྤྱིའི་བསྡུས་དོན་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་བསྡུས་དོན་དང༌། རྗོད་བྱེད་ཚིག་གི་བསྡུས་དོན་ནོ། །དང་པོ་ནི། ལེའུ་བཅུ་བདུན་པོའི་བརྗོད་བྱའི་དོན་རིམ་པ་ལྔ་ཡིན་ལ། མདོར་བསྡུ་ན་བསྐྱེད་རིམ་རྫོགས་རིམ་གཉིས་ཏེ། རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་སོ། །འདི་དག་ལེའུ་བཅུ་བདུན་པོས་ཇི་ལྟར་བསྟན་ཞེ་ན། ལེའུ་དང་པོས། རྒྱུད་ཀྱི་དོན་བསྐྱེད་རྫོགས་གཉིས་སུ་བསྡུས་ནས་མདོར་བསྟན་ལ། ལེའུ་ལྷག་མ་རྣམས་ཀྱིས་ནི་ལེའུ་དང་པོའི་དོན་བསྟན་པའི་དོན་སྨིན་ལམ་དང་གྲོལ་ལམ་གཉིས་སུ་ཕྱེ་ནས་རྒྱས་པར་བསྟན་པ་ཡིན་ནོ། །སྨིན་ལམ་གཙོ་བོར་སྟོན་པའི་ལེའུ་གསུམ། གྲོལ་ལམ་གཙོ་བོར་སྟོན་པའི་ལེའུ་བཅུ་གསུམ། དང་པོའི་ལེའུ་གསུམ་ནི། ལེའུ་བཞི་པ་དང༌། བརྒྱད་པ་དང༌། བཅུ་དྲུག་པ་རྣམས་སོ། །གྲོལ་ལམ་གཙོ་བོར་སྟོན་པའི་ལེའུ་བཅུ་གསུམ་ལ། བསྙེན་པ་དང༌། བསྒྲུབ་པ་གཉིས་ལས། བསྙེན་པ་སྟོན་པར་བྱེད་པའི་ལེའུ་དགུ། སྒྲུབ་པ་སྟོན་པར་བྱེད་པའི་ལེའུ་གསུམ། དངོས་གྲུབ་གཉིས་ཀྱི་དོན་དུ་ལྷའི་སྙིང་པོ་བསྐུལ་བར་བྱེད་པའི་ལེའུ་གཅིག་གོ །བསྙེན་པ་སྟོན་པའི་ལེའུ་དགུ་ལ་ཡང༌། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྟོན་པའི་ལེའུ་དྲུག རྗེས་སུ་མཐུན་པའི་སྤྱོད་པ་དང༌། དམ་ཚིག་དང༌། སྡོམ་པ་སྟོན་པའི་ལེའུ་གསུམ། ལེའུ་དྲུག་ནི། ལེའུ་གཉིས་པ་དང༌། གསུམ་པ་དང༌། དྲུག་པ་དང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་དང༌། བཅོ་ལྔ་པའོ། །སྤྱོད་པ་སོགས་སྟོན་པའི་ལེའུ་གསུམ་ལས། ལེའུ་ལྔ་པ་དང༌། བདུན་པས་སྤྱོད་པ་སྟོན་ལ། ལེའུ་བཅུ་བདུན་པས་དམ་ཚིག་དང་སྡོམ་པ་སྟོན་ནོ། །སྒྲུབ་པ་སྟོན་པའི་ལེའུ་གསུམ་ནི། ལེའུ་དགུ་པ་དང༌། བཅུ་གསུམ་པ་དང༌། བཅུ་བཞི་པའོ། །ལྷའི་སྙིང་པོ་བསྐུལ་བར་བྱེད་པ་ནི་ལེའུ་བཅུ་པའོ། །གཉིས་པ་རྗོད་བྱེད་སྒྲའི་བསྡུས་དོན་ནི། མཐའ་དྲུག་དང་ཚུལ་བཞིའོ། །གཉིས་པ་ལེའུ་སོ་སོའི་བསྡུས་དོན་ལ། ལེའུ་དང་པོའི་བསྡུས་དོན་ནི། དྲང་དོན་ངེས་དོན་རྣམ་པ་བརྒྱད། །ཚུལ་བཞིའི་གྲངས་ནི་རྣམ་པ་གསུམ། །དགོངས་བཤད་གཅིག་དང་དགོངས་མིན་གཅིག །ཇི་བཞིན་སྒྲ་དང་བཅུ་བཞིའོ། །ཡན་ལག་སོ་སོར་དབྱེ་བ་ནི། །དྲང་དོན་ཉི་ཤུ་རྩ་དྲུག་དང༌། །ངེས་དོན་ཡང་ནི་ཉི་ཤུ་དྲུག །ཚུལ་བཞི་བདུན་དང་དགོངས་བཤད་གཅིག །དགོངས་མིན་གཅིག་དང་ཇི་བཞིན་སྒྲ། །ཉི་ཤུ་དག་ཏུ་ཤེས་པར་བྱ། །ཡན་ལག་བརྒྱད་ཅུ་རྩ་གཅིག་གིས། །ལེའུ་དང་པོ་རྒྱས་བཤད་བཤད། །ལེའུ་གཉིས་པའི་བསྡུས་དོན་ནི། །དྲང་དོན་གཅིག་དང་ངེས་དོན་གཅིག །ཚུལ་བཞི་གཅིག་དང་ཇི་བཞིན་གཅིག །དགོངས་མིན་གཉིས་དང་རྣམ་པ་དྲུག །ཡན་ལག་སོ་སོར་དབྱེ་བ་ནི། །དྲང་དོན་ངེས་དོན་ཚུལ་བཞི་རྣམས། །བསྡུས་དོན་བཞིན་དུ་ཤེས་པར་བྱ། །ཇི་བཞིན་གཉིས་དང་དགོངས་མིན་དྲུག །ཡན་ལག་རྣམ་པ་བཅུ་གཅིག་གིས། །ལེའུ་གཉིས་པ་རྒྱས་བཤད་བཤད། །ལེའུ་གསུམ་པའི་བསྡུས་དོན་ལ། །དྲང་དོན་གཉིས་དང་ངེས་དོན་གཉིས། །ཚུལ་བཞི་གཅིག་དང་ལྔ་པོ་ནི། །བསྡུས་པའི་དོན་ལས་ཤེས་པར་བྱ། །ཡན་ལག་དེ་བཞིན་བཤད་པ་སྟེ། །ལེའུ་གསུམ་པ་རྒྱ་ཆེར་བཤད། །ལེའུ་བཞི་པའི་བསྡུས་དོན་ནི། །དྲང་དོན་གཅིག་དང་ངེས་དོན་གཅིག །ཇི་བཞིན་གཅིག་དང་དགོངས་མིན་གཅིག །བསྡུས་པའི་དོན་ནི་རྣམ་པ་ལྔ། །ཡན་ལག་སོ་སོར་བཤད་པ་ནི། །ཇི་བཞིན་གཉིས་དང་དགོངས་མིན་གཅིག །བསྡུས་པའི་དོན་དང་མཚུངས་པ་ལས། །དྲང་དོན་གཉིས་དང་ངེས་དོན་གཉིས། །ཡན་ལག་རྣམ་པ་བདུན་དུ་དབྱེ། །ལེའུ་བཞི་པ་རྒྱ་ཆེར་བཤད། །ལེའུ་ལྔ་པའི་བསྡུས་དོན་ནི། །དྲང་དོན་གསུམ་དང་ངེས་དོན་གསུམ། །ཇི་བཞིན་བཞི་དང་དགོངས་མིན་གཉིས། །དགོངས་བཤད་གཅིག་དང་བཅུ་གསུམ་མོ། །ཡན་ལག་བསྡུས་དོན་བཞིན་དུ་བཤད། །ལེའུ་ལྔ་པ་རྒྱ་ཆེར་བསྟན། །ལེའུ་དྲུག་པའི་བསྡུས་དོན་ནི། །དྲང་དོན་གཉིས་དང་ངེས་དོན་གཉིས། །དགོངས་བཤད་གཅིག་དང་ལྔ་ཡིས་བསྡུས། །དྲང་དོན་གསུམ་དང་ངེས་དོན་གསུམ། །ཡན་ལག་བཅུ་གཅིག་རྣམ་པར་ཕྱེ། །ལེའུ་བདུན་པའི་བསྡུས་དོན་ནི། །དྲང་དོན་གཅིག་དང་ངེས་དོན་གཅིག །དགོངས་བཤད་གསུམ་དང་དགོངས་མིན་གཉིས། །ཇི་བཞིན་གསུམ་དང་ཚུལ་བཞི་གཅིག །དེ་ལྟར་བསྡུས་དོན་བཅུ་གཅིག་གོ །དྲང་དོན་གཅིག་དང་ངེས་དོན་གཅིག །ཇི་བཞིན་གསུམ་དང་ཚུལ་བཞི་དང༌། དགོངས་བཤད་ལྔ་དང་དགོངས་མིན་གསུམ། །ཡན་ལག་བཅུ་བཞི་རྣམ་པར་ཕྱེ། །ལེའུ་བརྒྱད་པའི་བསྡུས་དོན་ནི། །དྲང་དོན་གཉིས་དང་ངེས་དོན་གཉིས། དགོངས་བཤད་དགོངས་མིན་རེ་རེ་དང༌། །ཇི་བཞིན་གསུམ་དང་རྣམ་པ་དགུ། །ཡན་ལག་སྔར་བཤད་རྣམས་དང་ནི། །དགོངས་བཤད་གཉིས་སུ་ཕྱེ་བ་བཅུ། །ལེའུ་དགུ་པའི་བསྡུས་དོན་ནི། །དྲང་དོན་ངེས་དོན་རེ་རེ་དང༌། དགོངས་བཤད་གཅིག་དང་དགོངས་མིན་གཅིག །ཡན་ལག་ཀྱང་ནི་དེ་དག་གོ །ལེའུ་བཅུ་པའི་བསྡུས་དོན་ནི། །དགོངས་བཤད་གཅིག་དང་དགོངས་མིན་གཅིག །ཇི་བཞིན་གཅིག་དང་རྣམ་པ་གསུམ། །ཡན་ལག་བསྡུས་དོན་བཞིན་དུ་ཤེས། །བཅུ་གཅིག་པ་ཡི་བསྡུས་དོན་ནི། །དྲང་དོན་ངེས་དོན་རེ་རེ་དང༌། །དགོངས་བཤད་གཉིས་དང་དགོངས་མིན་གཅིག །ཇི་བཞིན་གཉིས་དང་བདུན་གྱིས་བསྟན། །བཅུ་གཉིས་པ་ཡི་བསྡུས་དོན་ནི། །དྲང་དོན་གཉིས་དང་ངེས་དོན་གཉིས། །དགོངས་བཤད་གསུམ་དང་དགོངས་མིན་གཅིག །ཇི་བཞིན་གསུམ་དང་བཅུ་གཅིག་གོ །རྒྱས་བཤད་དྲང་དོན་གསུམ་དང་ནི། །ངེས་དོན་གསུམ་དང་དགོངས་བཤད་བཞི། །དགོངས་མིན་གཅིག་དང་ཇི་བཞིན་གཅིག །བཅུ་གསུམ་པ་ཡི་བསྡུས་དོན་ནི། །དྲང་དོན་གཉིས་དང་ངེས་དོན་གཉིས། །དགོངས་བཤད་བཞི་དང་དགོངས་མིན་གཅིག །ཇི་བཞིན་ལྔ་དང་བཅུ་བཞིའོ། །བཅུ་བཞི་པ་ཡི་བསྡུས་དོན་ནི། །དགོངས་བཤད་གཉིས་དང་ཇི་བཞིན་གཉིས། །བཅོ་ལྔ་པ་ཡི་བསྡུས་དོན་ནི། དགོངས་བཤད་གསུམ་དང་དགོངས་མིན་གཅིག །དྲང་དོན་ངེས་དོན་གཉིས་ཏེ་དྲུག །བཅུ་དྲུག་པ་ཡི་བསྡུས་དོན་ནི། །དགོངས་བཤད་གསུམ་དང་ཇི་བཞིན་གསུམ། །ཇི་བཞིན་མ་ཡིན་གཉིས་དང་བརྒྱད། །བཅུ་བདུན་པ་ཡི་བསྡུས་དོན་ནི། །དགོངས་མིན་གསུམ་དང་ཇི་བཞིན་གཅིག །ཚུལ་བཞི་གཉིས་ཏེ་རྣམ་པ་དྲུག །དེ་ལྟར་ལེའུ་བཅུ་བདུན་ལ། །ཚུལ་བཞི་བཅུ་གསུམ་དྲང་ངེས་གཉིས། །བཞི་བཅུ་རྩ་བརྒྱད་ཡིན་པར་འདོད། །དགོངས་བཤད་སུམ་ཅུ་རྩ་གསུམ་སྟེ། །དགོངས་པ་མིན་པ་གསུམ་གསུམ་མོ། །ཇི་བཞིན་སྒྲ་ནི་ལྔ་བཅུ་གཅིག །ཇི་བཞིན་མིན་པ་རྣམ་གཉིས་ཏེ། རྗོད་བྱེད་གྲངས་ཀྱི་རྣམ་བཞག་གོ། ༈ །གཉིས་པ་ཚིག་གི་དོན་བཤད་པ་ལ་གཉིས་ཏེ། ལེའུ་དང་པོས་མདོར་བསྟན། ལེའུ་ལྷག་མས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ཡང༌། བརྗོད་བྱ་དོན་གྱི་བསྡུས་དོན། རྗོད་བྱེད་སྒྲའི་བསྡུས་དོན་ནོ། །དང་པོ་ལ་ནི། ལེའུ་དང་པོ་ལས་ནི། བརྗོད་པ་གཞུང་དང༌། བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོས་བསྟན་ནོ། །ཞེས་དྲང་ངོ༌། །གང་བསྟན་ན། སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལ། རིག་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱི་སྒོ་ནས། རིམ་པ་གཉིས་ཀྱི་སྒྲུབ་ཐབས་སོ་སོར་སྟོན་ནོ། །དེ་ལ་གླེང་གཞིས་ནི། རྒྱུད་ཀྱི་དོན་མ་ལུས་པ་མདོར་བསྟན་ལ། མི་བསྐྱོད་པས་བསྡུས་པའི་དཀྱིལ་འཁོར་ནི། ལེའུ་དང་པོའི་མགོ་བརྩམས་ཏེའོ། །སྔོན་བྱུང་སྤྲུལ་པའི་དཀྱིལ་འཁོར་དུ་རིག་པའི་དབང་བསྐུར་བ་སྟོན་པ་ནི། རྗེས་འཇུག་ལ་སྦྱར་བ་དྲང་དོན་དུ་བཤད་པས་བསྐྱེད་རིམ་དང༌། ངེས་དོན་དུ་བཤད་པས་རྫོགས་རིམ་སྟོན་ནོ། །དེ་ལ་སྔོན་བྱུང་ལ་སྦྱར་བ་ནི། ལེའུ་དང་པོར་བསྟན་ནོ་ཞེས་བཤད་པའི་གཞིའོ། །གང་གིས་བསྟན་ན། རྡོ་རྗེ་འཆང་ཆེན་པོས་སོ། །ཚིག་གང་གིས་ན། རྫོད་པར་བྱེད་པ་ལེའུ་དང་པོས་སོ། །རྡོ་རྗེ་འཆང་ནི་བརྗོད་པར་བྱ་བའི་བདག་ཉིད་དོ། །གང་ཟག་ནི། ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལའོ། །བཤད་ཚུལ་ནི། དྲང་བ་དང་ངེས་པའི་དོན་གྱི་དབྱེ་བས་སོ། །དོན་ནི། བརྟགས་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་སོ་སོར་རོ། །དེ་ལ་གླེང་གཞིས་བསྐྱེད་རྫོགས་གཉིས་སྟོན་པའི་ཚུལ་ནི། སྟོན་པ་དང༌། གནས་ཕུན་སུམ་ཚོགས་པ་གཞིར་བཤད་པ་ལ། ཡི་གེའི་དོན་དུ་བཤད་པས། སྟོན་པ་དང་གནས་བསྟན་ནོ། །རྗེས་འཇུག་ལྟར་ན། གཞལ་ཡས་ཁང་བསྐྱེད་པ་དང༌། ལྷག་མོས་དང་རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་སྟོན་ནོ། །སྤྱི་དོན་དུ་བཤད་པས། ཆོས་འབྱུང་དུ་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་པ་བསྟན་ནོ། །ཡང་སྟོན་པ་དང་གནས་སྦས་དོན་དང་མཐར་ཐུག་ཏུ་བཤད་པས་རྫོགས་རིམ་སྟོན་ནོ། །དེ་ལ་སེམས་གསུམ་གྱི་སྦས་པས་ངག་དབེན་དང༌། འབྲས་བུ་སེམས་དབེན་དང༌། སྔོན་འགྲོ་ལུས་དབེན་སྟོན་ནོ། །ཀུན་རྫོབ་ཀྱི་སྦས་པས་ཀུན་རྫོབ་ཀྱི་ངོ་བོ་སྤྱོད་པ་དང་བཅས་པ་སྟོན་ནོ། །འདོད་ཆགས་ཆོས་ཀྱི་སྦས་པས། བསྐྱེད་རྫོགས་ཐུན་མོང་གི་དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། གསང་མཆོད་སྟོན་ནོ། །འཁོར་ཕུན་སུམ་ཚོགས་པ་ངེས་དོན་དུ་བཤད་པས་རྫོགས་རིམ་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་སྟོན་ནོ། །འདི་དག་ནི་གླེང་གཞིས་བསྐྱེད་རྫོགས་གཉིས་བསྟན་ཚུལ་ལོ། །གཟུངས་དཀྱིལ་གྱིས་བསྐྱེད་རྫོགས་གཉིས་བསྟན་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དྲང་དོན་དུ་བཤད་པས་བསྐྱེད་རིམ་མདོར་བསྟན། རྒྱས་པར་བཤད་པ་ལ་གསུམ་ལས། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ཚུལ་བཞིར་བཤད་པ་ལ། ཡི་གེའི་བཤད་པ་མེད་ཅིང༌། སྤྱི་དོན་གྱིས་ལྷག་མོས་མཛད་པ་དང་བཅས་པ་རྒྱས་པར་འཆད་དོ། །སྦས་དོན་གྱིས་གསང་མཆོད་སྟོན། མཐར་ཐུག་གིས་འོད་གསལ་རྒྱས་པར་འཆད། གཉིས་པ་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དྲང་དོན་དུ་བཤད་པས། ལྷག་མོས་བསྡུ་བ་དང༌། རྣལ་འབྱོར་བཞིས་གཙོ་བོ་བསྐྱོད་པ་སྟོན་ནོ། །གསུམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་པས། བསྐྱེད་རྫོགས་གཉིས་ཀའི་དཀྱིལ་འཁོར་རྒྱལ་པོ་མཆོག་སྟོན་ནོ། །འབྱིན་སྔགས་དྲང་དོན་དུ་བཤད་པས་ནི། བསྐྱེད་རིམ་གྱི་འབྱིན་སྔགས། ངེས་དོན་དུ་བཤད་པས་རྫོགས་རིམ་གྱི་འབྱིན་སྔགས་བསྟན་ནོ། །ལེའུ་ལྷག་མ་བཅུ་དྲུག་གིས་ཀྱང་རྣལ་འབྱོར་གཉིས་སྟོན་ནོ། །བརྗོད་བྱ་དོན་གྱི་བསྡུས་དོན་བསྟན་ཟིན་ཏོ། །གཉིས་པ་རྗོད་བྱེད་སྒྲའི་བསྡུས་དོན་ནི། འདི་སྐད་བདག་གིས་ཐོས་ཞེས་སོགས་གླེང་གཞི་ནི་ཚུལ་བཞིར་བཤད་དོ། །ལེའུ་དང་པོའི་དངོས་ཀྱི་བསྡུས་དོན་བསྟན་ཟིན་ཏོ། །ལེའུ་གཉིས་པས་རྫོགས་རིམ་འབའ་ཞིག་སྟོན་ནོ། །ལེའུ་གསུམ་པས་ནི་སྔགས་དང་ཡེ་ཤེས་ཀྱི་སྐུའི་རྣལ་འབྱོར་སྟོན་ནོ། །ལེའུ་བཞི་པས་ནི་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ནོ། །ལེའུ་ལྔ་པས་སྤྱོད་པ་གསུངས་སོ། །ལེའུ་དྲུག་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟོན་ནོ། །ལེའུ་བདུན་པས་ལྔ་པར་བཤད་པའི་སྤྱོད་པའི་སྤྲོས་པ་སྟོན་ནོ། །ལེའུ་བརྒྱད་པས་གསང་བའི་དབང་བསྐུར་རོ། །དགུ་པས་རྨད་དུ་བྱུང་བའི་ལུང་བསྟན་ནོ། །བཅུ་པས་ལྷའི་ཐུགས་བསྐུལ་བ་གསུངས་སོ། །བཅུ་ག?ིག་པས་སྔགས་དང་ཡེ་ཤེས་ཀྱི་བསྐྱེད་པ་སྟོན་ནོ། །བཅུ་གཉིས་པས་ཕྱག་རྒྱ་ཆེན་པོ་ལྷའི་སྐུ་གསུམ་སྟོན་ནོ། །བཅུ་གསུམ་པ་དང༌། བཅུ་བཞི་པས་ལས་རབ་འབྱམས་གསུངས་སོ། །ལེའུ་བཅོ་ལྔ་པས་དངོས་གྲུབ་འབྱིན་པའི་རྒྱུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུངས་སོ། །བཅུ་དྲུག་པར་སྔར་བཤད་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སྤྲོས་པ་གསུངས་སོ། །བཅུ་བདུན་པས་དམ་ཚིག་དང་སྡོམ་པ་བསྟན་ནོ། །ལེའུ་བཅུ་བདུན་པོས་རྒྱན་བདུན་པོ་གང་དང་གང་བསྟན་པའི་ཚུལ་ཞིབ་པར་བསྟན་ཟིན་ཏོ། །ལེའུ་དང་པོའི་ཡན་ལག་གི་དོན་སྟོན་པ་ལ་གཉིས་ཏེ། གླེང་གཞི་ཕུན་སུམ་ཚོགས་པས་མདོར་བསྟན། གཞུང་ལྷག་མས་རྒྱས་པར་བཤད་པའོ། །དང་པོ་ལ་ཡང༌། གནས་དང་སྟོན་པ་འཆད་པའི་ཚིག་ཚུལ་བཞིར་བཤད། འཁོར་སྟོན་པའི་ཚིག་དྲང་ངེས་གཉིས་སུ་བཤད། དང་པོ་ཡི་གེའི་དོན་ནི། འདིར་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས། རྡོ་རྗེ་འཆང་ལ་ཐོས་པ་ཐུགས་ལ་བཞག་ནས། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་གསུངས་ཏེ། འདིར་རྒྱ་དཔེ་ལ། ཨེ་ཝཾ་ཞེས་སོགས་ཡི་གེ་བཞི་བཅུ་ལ། འགྱུར་སྔ་མས་ཚེག་བར་སུམ་ཅུ་སོ་དྲུག ཆག་འགྱུར་གྱིས་ཚེག་བར་སུམ་ཅུ་སོ་ལྔར་བཞག་གོ །རྒྱ་སྐད་ལས། བོད་ཀྱི་ཚེག་བར་ཉུང་སྟེ། རྒྱ་སྐད་ཀྱི་ཚེག་བར་བརྒྱད་ལ། བོད་སྐད་ཀྱི་ཚེག་བར་བདུན་དུ་བཀས་བཅད་པའོ། །འདི་སྐད་བདག་གིས་ཐོས་ཞེས་པའི་ཚིག་གིས་དོན་གཉིས་བསྟན་ཏེ། བརྒྱུད་པ་གཞན་གྱིས་བར་མ་ཆོད་པ་དང༌། རྟོགས་པར་དཀའ་བ་བསྟན་ནོ། །དང་པོ་ནི། མངོན་སུམ་དུ་ཐོས་ཀྱི་བརྒྱུད་པས་མ་ཡིན་ཞེས་པའོ། །གཉིས་པ་ནི། ཚིག་ཙམ་ཐོས་ཀྱི་དོན་མ་རྟོགས་ཞེས་པའོ། །དུས་གཅིག་ན་ཞེས་པས་ནི་དུས་གསུམ་བསྟན་ཏེ་སྡུད་པ་པོ་ཐོས་པ་མང་བ་དང༌། ཤེས་རབ་ཕུལ་དུ་བྱུང་བ་དང༌། རྒྱུད་རྙེད་པར་དཀའ་བ་བསྟན་ནོ། །དང་པོ་ནི། དུས་གཅིག་ན་ཞེས་བཤད་པས། དུས་གཅིག་གི་ཚེ་འདི་ཐོས་ལ། གཞན་དུ་ནི་གཞན་དག་ཐོས་ཞེས་པའོ། །གཉིས་པ་ནི་དུས་སྐད་ཅིག་མ་གཅིག་ལ་ཐོས་ཞེས་བཤད་པས། སྐད་ཅིག་མ་གཅིག་ལ་བཟུང་ནུས་པར་བསྟན་ནོ། །གསུམ་པ་ནི། དུས་གཅིག་གི་ཚེ་ཐོས་ཀྱི་ཡང་དང་ཡང་དུ་མ་ཡིན་ཞེས་པའོ། །སྟོན་པ་གང་དང༌། གནས་གང་དུ། གྲོགས་གང་དང་ལྷན་ཅིག་ཐོས་ཤེ་ན། སྟོན་པ་ནི། བཅོམ་ལྡན་ཏེ་རྡོ་རྗེ་འཆང་ཆེན་པོ་ལ་ཐོས་ཞེས་བྱའོ། །གནས་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། བཞུགས་སོ་ཞེས་པའི་བར་ཏེ། རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཅན་གྱི་སྙིང་པོ་རྡོ་རྗེ་འཆང་ཆེན་པོའོ། །དེའི་བཙུན་མོ་ནི་ཤེས་རབ་སྟོང་པ་ཉིད། དེ་ལ་གདུལ་བྱའི་ངོར་ཆོས་འབྱུང་དུ་སྣང་བ་བྷ་གའི་སྒྲས་བསྟན་པ་དེར་བཞུགས་པ་ལ་ཐོས་ཞེས་བྱའོ། །འདིས་ནི་སྟོང་པ་ཉིད་ལ་བརྟེན་པའི་གཞལ་ཡས་ཁང་གི་ནང་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་འཆང་ཆེན་པོ་བཞུགས་པའི་གནས་དེར་ཐོས་ཞེས་པའོ། །འདིས་ནི་གཞལ་ཡས་ཁང་ལྷག་མོས་དང་བཅས་པ་དང༌། རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་སྟོན་ནོ། །གཉིས་པ་སྤྱི་དོན་ལ་གཉིས་ཏེ། འདི་སྐད་ཞེས་པ་བཤད་པ་དང༌། བདག་གིས་ཐོས་པ་སོགས་ཚིག་ལྷག་མ་བཤད་པའོ། །དང་པོ་ལ་ཨེ་ཝཾ་ཐོག་མར་སྟོན་པའི་རྒྱུ་མཚན། དེ་ལུང་གིས་སྒྲུབ་པའོ། །དང་པོ་ནི། ཅིའི་ཕྱིར་གསུང་རབ་ཀྱི་ཐོག་མར་འདི་སྐད་བདག་གིས་ཐོས་ཞེས་ཨེ་ཝཾ་ཁོ་ནས་སྟོན་པར་བྱེད། ཨེ་ཏད་མ་ཡཱ་ཏེ། འདི་བདག་གི་ཞེའམ། ཨེ་དང་མ་ཡཱ་ཏེ་འདི་བདག་གིས་ཞེས་བྱ་ལ་སོགས་པས་ཀྱང༌། རང་གི་བློ་ལ་གནས་པའི་དོན་སྟོན་པར་ནུས་པའི་ཕྱིར་ཞེ་ན། གསུང་རབ་ཀྱི་དང་པོར་ཨེ་ཝཾ་ཞེས་པའི་ཡི་གེ་གཉིས་སྦྱོར་དགོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཐབས་སྟོན་པའི་བརྡར་གྱུར་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། གཉིས་པ་ལུང་གིས་སྒྲུབ་པ་ནི། བཅོམ་ལྡན་འདས་ཉིད་ཀྱིས། ལྷའི་དབང་པོས་ཞུས་པའི་ལན་གྱིས་གསུངས་ཏེ། བརྒྱ་བྱིན་གྱིས་གསོལ་པ། ཅི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོར་རབ་ཏུ་སྦྱར། །ཞེས་པ་ནས། ཡིག་གཉིས་སྒྱུ་མ་དྲན་བྱས་ཤིང༌། །དམ་པའི་ཆོས་ལ་བླ་མར་བྱ། །ཞེས་པའི་བར་གྱིས་གསུངས་སོ། །འདི་ལ་དོན་གསུམ་སྟེ། འཁོར་གྱིས་དྲི་བ་ཞུས་པ་དང༌། སྟོན་པས་མཉན་པར་གདམས་པ་དང༌། དྲི་བའི་ལན་དངོས་བསྟན་པའོ། །དང་པོ་ནི། བསལ་དུ་གསོལ་ཞེས་ཚིག་སྐང་པ་དྲུག་གིས་བསྟན་ཏེ། ཨེ་ཝཾ་དང་པོར་སྨོས་པ་དང༌། སངས་རྒྱས་ཀྱི་གསུང་ངམ་ཉན་ཐོས་ཀྱི་གསུང་གང་ཡིན་ཞེས་དྲི་བ་གསུམ་མོ། །གཉིས་པ་ནི། དམ་ཆོས་ཡོད་མེད་སྨྲ་བ་ཡིས། །ཞེས་པ་ནས། མཉན་པར་གྱིས་ཞེས་ཚིགས་བཅད་གཉིས་ཏེ། ཨེ་ཝཾ་དེ་བཞིན་གཤེགས་པའི་གསུང་ཡིན་པ་དང༌། ཐབས་ཤེས་རབ་མཚོན་བྱེད་ཡིན་པས་དང་པོར་སྨོས་ཞེས་དྲིས་ལན་མདོར་བསྟན་ནོ། །དྲིས་ལན་དངོས་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཡི་གེ་གཉིས་ཀྱིས་ཐབས་ཤེས་བསྟན་པ་དང༌། ཡི་གེ་གཉིས་ཀྱིས་དེ་ཉིད་ཤེས་པའི་ཕན་ཡོན་དང༌། མ་ཤེས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ལ་ཡང་གསུམ་སྟེ། བརྡའི་སྒོ་ནས་བསྟན་པ་དང༌། དབྱིབས་ཀྱི་སྒོ་ནས་བསྟན་པ་དང༌། སྒྲའི་སྒོ་ནས་བསྟན་པའོ། །དང་པོ་བརྡའི་སྒོ་ནས་ཐབས་ཤེས་གཉིས་སྟོན་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་གི་གྲངས་ཇི་སྙེད་གསུངས་པ་རྣམས། མ་གྲུབ་པ་གྲུབ་པར་བྱེད་པ་དང༌། གྲུབ་ཟིན་གནས་པར་བྱེད་པའི་གཞིའམ་རྟེན་ཕ་མ་ལྟ་བུར་གྱུར་པ་ནི་ཡི་གེ་ཨེ་ཝཾ་གཉིས་སུ་བསྟན་ཏེ། དཔེར་ན་མ་ནི་ཕ་རིགས་མི་འདྲ་བ་དུ་མའི་བུའི་ཐུན་མོང་གི་རྐྱེན་བྱེད་ལ། ཕ་མ་སྙོམས་པར་ཞུགས་པ་ལས་བུ་འབྱུང་བ་དེ་བཞིན་དུ། ཡི་གེ་ཨེ་ཤེས་རབ་ཀྱི་ཡི་གེས་མཚོན་པའི་དབྱངས་ཡིག་ནི། གསལ་བྱེད་སོ་སོའི་ཁོག་ཏུ་ཞུགས་ནས་ཐུན་མོང་གི་རྐྱེན་བྱེད་པས་མ་ལྟ་བུར་གྱུར་པའི་ཕྱིར། ཡི་གེ་ཨེ་ནི་མར་གྱུར་ལ་ཞེས་བརྗོད་དོ། །ཝ་ཐབས་ཀྱི་ཡི་གེས་མཚོན་པའི་གསལ་བྱེད་ནི། མིང་ཚིག་ཡི་གེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པས། ཕ་ལྟ་བུར་གནས་པའི་ཕྱིར། ཡི་གེ་ཝ་ནི་ཕ་ཞེས་བྱ་བར་བརྗོད་དོ། །ཝ་ཡི་ཀླད་སྐོར་ཐིག་ལེ་ནི། དབྱངས་གསལ་ཕན་ཚུན་སྦྱོར་བ་མཚོན་པས། དབྱངས་གསལ་ཕན་ཚུན་སྦྱོར་བ་ལས། ཚིག་རྣམས་འབྱུང་ལ་དེ་རྣམས་འདུས་པ་ལ་ཤིན་ཏུ་རྨད་དུ་བྱུང་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་འཁོར་ལོ་འབྱུང་ངོ༌། །དེས་ན་བརྡའི་སྒོ་ནས་ཡི་གེ་གཉིས་ཀྱིས་ཐབས་ཤེས་བསྟན་ཏོ། །གཉིས་པ་དབྱིབས་ཀྱི་སྒོ་ནས་བསྟན་པ་ནི། ཨེ་ནི་པདྨ་ཞེས་བཤད་ལ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཨེའི་དབྱིབས་གྲུ་གསུམ་གྱིས་ཡུམ་གྱི་པདྨ་མཚོན་ལ། ཝའི་དབྱིབས་ཟླུམ་པོས་ནི་ཡབ་ཀྱི་རྡོ་རྗེ་མཚོན་ཅིང༌། ཐབས་ཤེས་ཕན་ཚུན་སྦྱོར་བ་དེ། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་འབྱུང་བ་མཚོན་ནོ། །དེ་ལས་འགྲོ་བ་རབ་འབྲིང་ཐ་མ་གསུམ་སྐྱེའོ། །བསྐྱེད་རིམ་ལ་སྦྱར་ན་རབ་དེ་བཞིན་གཤེགས་པ་དང་རིག་མ། འབྲིང་བྱང་ཆུབ་སེམས་དཔའ་དང་ལྷ་མོ། ཐ་མ་ཁྲོ་བོ་རྣམས་ཆོ་ག་གསུམ་ལས་བསྐྱེད་ཅེས་པ་བསྐྱེད་རིམ་པའི་སྤྱི་དོན་ནོ། །གསུམ་པ་སྒྲའི་སྒོ་ནས་ཐབས་ཤེས་སྟོན་པ་ནི། ཨེ་ཤེས་རབ་ཀྱི་ཡི་གེས་རླུང་གི་འབྱུང་ཁུངས་ལུས་ཀྱི་ཁོག་སྟོང་སྟོན་ལ། རབ་དགའ་ནི་སྣང་མཆེད་ཐོབ་གསུམ་ཡིན་ལ། དེའི་བདག་པོ་རླུང་ལ་བྱས་ཏེ། ཝའི་སྒྲ་ལས་དྲངས་ན། ཝ་ཡུ་ན་ཞེས་པའི་ཡི་གེ་བསྣན་པས་རླུང་སྟོན་ནོ། །ཐིག་ལེས་ནི་མི་ཤིགས་པ་རླུང་གི་རྩ་བ་ཨ་དུམ་སྟོན་ལ། དེ་ལས་ཀྱང་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་སྐྱེའོ། །དོན་ནི་ཡེ་ཤེས་ཀྱི་སྐུ་ལས་རླུང་བྱུང་ནས་དབྱངས་གསལ་གྱི་ཡི་གེ་རྣམས་སྐྱེ་ལ། དེ་དག་ཕན་ཚུན་སྦྱར་བས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྱུང་ཞེས་པའོ། །ཡང་ན་འབྲས་བུའི་རྒྱུད་གཙོ་བོར་བསྟན་ཏེ། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་འདུས། །དེ་བཞིན་ཝཾ་ནི་ཐུགས་རྗེ་སྟེ། །ཨེ་ཝཾ་གཉིས་ནི་སངས་རྒྱས་དང༌། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་ཞེས་བྱའོ། །ཞེས་སོ། །ཡི་གེ་གཉིས་པོ་ཤེས་པའི་ཕན་ཡོན་ནི། ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར། །ཞེས་པ་སྟེ། གསུང་རབ་ཀྱི་རྗོད་བྱེད་ཀུན་ཨེ་ཝཾ་གིས་མཚོན་པའི་དབྱངས་གསལ་གྱིས་རྒྱས་བཏབ་པ་ཡིན་ལ། བརྗོད་བྱ་ཀུན་ཀྱང་ཐབས་ཤེས་གཉིས་ལས་མ་འདས་པས་རྒྱས་བཏབ་པ་དེ་བས་ན། ཡི་གེ་གཉིས་ཀྱི་དེ་ཁོ་ན་ཉིད་གང་གིས་ཤེས་པ་དེ་ནི་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ་ཞེས་པའོ། །གསུམ་པ་མ་ཤེས་པའི་ཉེས་དམིགས་ནི། འགྲོ་བ་གང་གིས་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཡི་གེ་གཉིས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པར། གསུང་རབ་ཀྱི་ཡི་གེ་ཙམ་རྟག་ཏུ་འདོན་པ་དེ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་རྟོགས་པ་ལས་ཕྱི་རོལ་ཏུ་གྱུར་ཏེ། གསུང་རབ་ཀྱི་དེ་ཁོ་ན་ཉིད་ཐབས་ཤེས་ཀྱི་ཚུལ་ཤེས་པའི་སྦྱོར་བ་སྤངས་པའི་ཕྱིར་རོ། །ནོར་ལྡན་ལོངས་སྤྱོད་སྤངས་པས་ལོངས་སྤྱད་རྒྱུ་མེད་པ་བཞིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། ཨེ་ཝཾ་ཡིག་གཉིས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། སྤྱིར་མདོ་རྒྱུད་ཀུན་གྱི་ལུས་རྣམ་བཞག་ནི་གླེང་གཞི་ཡིན་ལ། གླེང་གཞིའི་དོན་ཡང་ཨེ་ཝཾ་ཡི་གེ་གཉིས་ཀྱིས་སྟོན་པས། མདོ་རྒྱུད་ཀྱི་དམ་ཆོས་བསྟན་པའི་ཐོག་མར་ཨེ་ཝཾ་དེ་ཉིད་རབ་ཏུ་བརྗོད་དོ། །སུ་ཞིག་གིས་བརྗོད་ཞེ་ན། ཡིག་གཉིས་ཀྱིས་མཚོན་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྒྱུ་མ་ལྟ་བུའི་ཟུང་འཇུག་གི་སྐུ་འདིར་བཞུགས་པའི་ཐམས་ཅད་མཁྱེན་པས་བརྗོད་དོ། །ཡི་གེ་གཉིས་ཀྱིས་ཐབས་ཤེས་གཉིས་སྟོན་པ་དེ་བས་ན། བརྒྱ་བྱིན་ལྷའི་བདག་པོ་ཞེས་བོས་ནས། མི་འགྱུར་བ་རྟག་པའི་གནས་ཟུང་འཇུག་གི་གོ་འཕང་ཐོབ་པར་འདོད་ན། ཡི་གེ་གཉིས་ཀྱིས་མཚོན་པའི་ཐབས་ཤེས་སྒྱུ་མ་ལྟ་བུའི་ཚུལ་དུ་དྲན་པར་བྱ་ཞིང༌། ཐབས་ཤེས་གཉིས་སྟོན་པའི་དམ་པའི་ཆོས་ལ་བླ་མར་བྱ་བ་ཞེས་པའོ། །གཉིས་པ་བདག་གིས་ཐོས་པ་སོགས་ཚིག་ལྷག་མས་སྤྱིའི་དོན་འཆད་པ་ནི། ལྷའི་དབང་པོས་ཞུས་པའི་རྒྱུད་དེ་ཉིད་ལས་བསྟན་ཏེ། ཇི་སྐད་དུ། བདག་གིས་ཐོས་པ་ཞེས་གསུངས་པ། །འཁོར་ལོ་བསྒྱུར་བའི་ངོ་བོ་ཡིས། །ས་བོན་ངོ་བོས་གང་སྤྲུལ་པ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །ཅེས་ཚིགས་བཅད་གཅིག་སྟེ། འདིས་བདག་གིས་ཐོས་པ་ཞེས་པའི་དོན་བཤད་དོ། །ངོ་བོ་ཡིས་ཞེས་པས། བདག་གིས་ཞེས་པའི་དོན་སྟོན་ནོ། །ཐོས་པ་ཞེས་པ་ནི། གང་སྤྲུལ་པ་ཞེས་པས་བསྟན་ཏོ། །བདག་གིས་ཞེས་པའི་སྒྲས་བསྟན་པ་ངོ་བོ་ཡིས་ཞེས་པ་ངོས་བཟུང་བ་ནི། ས་བོན་ངོ་བོས་ཞེས་པའོ། །ཐོས་པའི་སྒྲས་བསྟན་པ་སྤྲུལ་པ་ཞེས་པའི་དོན་བཤད་པ་ནི། ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག་ཅེས་པའོ། །དུས་གཅིག་ན་ཞེས་པ་ནི། མཆོག་ཏུ་དགའ་བའི་དུས་གཅིག་ལ་ཞེས་པས་བཤད་པ་ཡིན་ནོ། །དོན་ནི། བདག་གིས་ཐོས་པ་ཞེས་པའི་སྒྲས་གསུངས་པ། སྤྲུལ་པ་ཞེས་པ་བཤད་པའི་གཞིའོ། །གང་གིས་ན། ངོ་བོ་ཡིས་ཏེ། ས་བོན་གྱི་ངོ་བོ་བྱང་ཆུབ་ཀྱི་སེམས་འབྲུ་གསུམ་གྱི་རྣམ་པར་གནས་པས་སོ། །གང་སྤྲུལ་ན། ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག་སྟེ། །ལྷ་སུམ་ཅུ་རྩ་གཉིས་སོ། །དུས་གང་གི་ཚེ་ཞེ་ན། དབང་པོ་གཉིས་མཉམ་པར་སྦྱར་བ་ལས་མཆོག་ཏུ་དགའ་བའི་ལྷན་ཅིག་སྐྱེས་པ་མྱོང་བའི་དུས། བྱང་ཆུབ་ཀྱི་སེམས་བབ་པའི་ཚེ་ནའོ། །འཁོར་ལོ་བསྒྱུར་བའི་ངོ་བོ་ཞེས་པ་ནི། འབྲས་མིང་རྒྱུ་ལ་བཏགས་པའོ། །ཚིག་ལྷག་མ་བཅོམ་ལྡན་འདས་ནས། བཞུགས་ཞེས་པའི་བར་གྱིས་བཤད་པས་ན། བཅོམ་ལྡན་འདས་ནི་སྐུའི་དབང་ཕྱུག་ལ་སོགས་པ་ཡོན་ཏན་བརྒྱད་དང་ལྡན་པའོ། །དེའི་ཁྱད་པར་ནི། རྟག་ཏུ་དབང་པོ་གཉིས་སྦྱོར་གྱི་བདེ་བ་ཆེན་པོའི་གནས་ལ་བཞུགས་པ་དག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། འདིར་རྒྱལ་བས་སྒྲུབ་པ་པོའི་ཕུང་པོ་ལྔ་ལ་གསུངས་སོ། །འདིས་ལྷ་མོ་དང་བྱང་ཆུབ་སེམས་དཔའ་སོགས་ཀྱང་མཚོན་ནོ། །རྩ་རྒྱུད་ཀྱི་སྐུ་གསུང་ཐུགས་ཞེས་པའི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་བརྗོད་དོ། །སྙིང་པོ་རྡོ་རྗེ་ནི། སྙོམས་པར་འཇུག་པའི་དུས་འདི་ལ། ཁམས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོ། བཙུན་མོའི་བྷ་ག་ཞེས་པ་ལ། བཙུན་མོ་ནི་རྨེ་ཤ་ཅན་ལ་སོགས་པའི་བུ་མོ། དེ་ཉིད་དབང་བསྐུར་བ་ལ་སོགས་པས་ལེགས་པར་སྦྱངས་པ་ནི་ལེགས་པར་སྦྱངས་པའི་ཕྱག་རྒྱའོ། །བྷ་ག་ནི་དེའི་པདྨའོ། །ལེགས་པར་སྦྱངས་པ་ནི་བྱིན་གྱིས་བརླབས་པའོ། །བཞུགས་པ་ནི། ཡུམ་གྱི་བྷ་ག་དེར་རྡོ་རྗེ་འཛིན་པ་རང་ཉིད་ཐིག་ལེའི་གཟུགས་ཡི་གེ་གསུམ་གྱི་དབྱིབས་སུ་གནས་ཏེ་བཞུགས་སོ། །དོན་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ཁྱད་པར་གཉིས་དང་ལྡན་པ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡི་གེ་གསུམ་གྱི་རྣམ་པས་བཞུགས་སོ། །ཁྱད་པར་གསུམ་ནི། སྐུའི་དབང་ཕྱུག་སོགས་བརྒྱད་དང་ལྡན་པ། ཕུང་པོ་ལྔ་རྒྱལ་བ་ལྔའི་བདག་ཉིད་དང༌། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་པར་ནི། སྙོམས་པར་འཇུག་པའི་དགའ་བས་དབང་པོའི་ལམ་ནས་འབྱུང་བ་དག་གོ །འདིས་ཅི་བསྟན་ན། ཡབ་ཡུམ་སྙོམས་པར་ཞུགས་པའི་དུས་སུ་མཆོག་ཏུ་དགའ་བ་ལ་བརྟེན་ནས་བྱུང་བའི་ཡུམ་གྱི་བྷ་གར་གནས། བྱང་ཆུབ་སེམས་ཀྱི་ངོ་བོ། ཡི་གེ་གསུམ་གྱི་དབྱིབས་ཅན་ལས། ལྷ་སུམ་ཅུ་རྩ་གཉིས་བསྐྱེད་པའི་དོན་བསྟན་ནོ། །འདིར་སྔགས་ཡི་གེའི་དོན་དུ་བཤད་པས། རྣལ་འབྱོར་བཞིས་བསྐྱེད་པའི་གཙོ་བོ་དེ་ཉིད། ཕྱག་རྒྱ་འདུ་བྱས་ཏེ་སྙོམས་པར་ཞུགས་པ་ལས། ཕྱག་རྒྱའི་ཆོས་འབྱུང་དུ་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་པ་སྟོན་ནོ། །གང་གི་དབྱིབས་སུ་གནས་པའི་ཡི་གེའི་འབྲུ་གསུམ་ནི། ལྷ་མོ་བཞིས་ཞུས་པའི་ལུང་གིས་བསྟན་ཏེ། ཆའི་གཉིས་པ་དང་ནི་དགུ་པ་ཉིད་ཀྱིས་བཤད། སུམ་ཅུ་གསུམ་པ་ལྔ་པའི་ས་བོན་ཉིད། །ཆ་གཉིས་ལྔ་པ་དྲུག་པར་ཕྱེ་བ་ལས། །བྱུང་བ་དེ་ནི་ཐིག་ལེ་ཡིན་ཞེས་བཤད། །ཅེས་གསུངས་ཏེ་གོང་དུ་བསྟན་ཟིན་ཏོ། །འགའ་ཞིག་རྣམ་གྲངས་མང་པོ་འགོད་པ་ནི། དོན་ལ་ངེས་པ་མ་ཐོབ་པའི་བཤད་པའོ། །སྤྱིའི་དོན་བཤད་ཟིན་ཏོ། །བཞུགས་ཚིག་དེ་ཉིད། རྡོ་རྗེ་ཕྲེང་བའི་ལུང་གིས་སྦས་དོན་དུ་བཤད་ཟིན་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། སོ་སོར་བཤད་པའོ། །དང་པོ་ནི། ཨེ་ཝཾ་ལ་སོགས་པ་སཾ་སྐྲྀ་ཏའི་སྐད་ལ་ཡི་གེ་བཞི་བཅུ་ཡོད་ལ། འདི་ལ་རྒྱུད་སྡེ་བཞིའི་རྣམ་བཞག་ལས། ཡི་གེ་བསྣན་པའི་ངེས་ཚིག་གི་བཤད་པས། ཡི་གེའི་ཐོག་མ་སྨོས་ནས་སྟོན་ཏེ། ཞེས་རྒྱས་པ་ལྟར་བཤད་པར་བྱའོ། །དེ་ལ་ཡི་གེ་ཉི་ཤུ་རྩ་ལྔས་སེམས་གསུམ་གྱི་སྦས་པ་དང༌། ཡི་གེ་བཅུ་བཞིས་ཀུན་རྫོབ་བདེན་པའི་སྦས་པ་དང༌། ཡི་གེ་གཅིག་གིས་འདོད་ཆགས་ཆོས་ཀྱི་སྦས་པ་སྟོན། ཞེས་ཆག་ལོའི་རྣམ་བཤད་ལས་འབྱུང་བ་ལྟར་བཟུང་ངོ༌། །དང་པོ་ལ་ཡང་ཡི་གེ་དྲུག་གིས་སྔོན་འགྲོ་ལུས་དབེན་སྟོན་ཅིང༌། དེ་ནས་གཅིག་གིས་ངག་དབེན་སྟོན། དེ་ནས་བཅུ་དགུ་ཡིས་འབྲས་བུ་སེམས་དབེན་དངོས་སྟོན་ནོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། ཉེ་བར་བསྡུ་བའོ། །དང་པོ་ལ་ཡང་གསུམ་སྟེ། སེམས་དབེན་གྱི་སྦས་པ། འདོད་ཆགས་ཆོས་ཀྱི་སྦས་པ། ཀུན་རྫོབ་བདེན་པའི་སྦས་པའོ། །དང་པོ་ལ་ཡང་ལྔ་སྟེ། སེམས་གསུམ་གྱི་ངོ་བོ། དེ་འོད་གསལ་དུ་འཇུག་པའི་རིམ་པ། སེམས་གསུམ་གྱི་བྱེད་ལས། སེམས་གསུམ་གྱི་སྒྲུབ་པ། སེམས་གསུམ་གྱི་རྣམ་གྲངས་སོ། །དང་པོ་ལ་གསུམ་སྟེ། སྣང་བ། མཆེད་པ། ཉེར་ཐོབ་བོ། །དང་པོ་ནི། ཨེ་ཡིག་ཤེས་རབ་དམ་པ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །སྲིད་པ་གསུམ་ན་ཡོངས་ཤེས་པའི། །འདི་ནི་རྩ་བར་རྣམ་པར་བསྟན། །ཞེས་ཏེ། ཨེ་ནི་ཨེ་ཏད་དེ་འདི་ནི་ཞེས་པའོ། །སེམས་སྣང་བ་འདི་ནི་རྩ་བར་བསྟན་ཞེས་སྦྱར། གང་གི་རྩ་བར་བསྟན་ཞེ་ན། འདོད་ཆགས་དང་བྲལ་བ་ལ་སོགས་པའི་སྐད་ཅིག་མ་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཅན་གྱི་རྩ་བར་རོ། །གང་དུ་བསྟན་ཞེ་ན། སྲིད་པ་གསུམ་དུའོ། །ཚུལ་ཇི་ལྟར་རྩ་བ་བྱེད་ཅེ་ན། ཡུལ་ཡོངས་སུ་ཤེས་ཤིང་འཛིན་པའི་རང་བཞིན་རྣམས་འཕྲོ་བའི་རྩ་བར་རོ། །འདི་ལ་མིང་ནི་ཤེས་རབ་དམ་པ་ཞེས་བྱ་སྟེ། ལྷ་བསྐྱེད་པ་ལ་མོའི་བྱ་བ་བྱེད་པས་སོ། །རྣམ་པར་བསྟན་ཞེས་པ་ནི། རབ་ཏུ་བསྟན་པའི་དོན་ནོ། །གཉིས་པ་ནི་བཾ། སྨྱིག་མའི་སྟོང་པ་ལྟར་སྣང་ཞིང༌། །ཆགས་ལ་སོགས་པ་རབ་བསྐྱེད་ལྡན། །སྣང་བ་མཆེད་པའི་རྣམ་པར་ཤེས། །མིང་ནི་ཐབས་ཞེས་བྱ་བ་ཡིན། །ཞེས་ཏེ། བཾ་ནི། བཾ་ས་ཞེས་པ་སྨྱིག་མའོ། །འོད་མ་ལ་བསྒྱུར་བ་ནི་ནོར་ཏེ། འོད་མ་ནི་ཁོག་སྟོང་ཅན་མ་ཡིན་པས། དཔེ་དོན་མི་འགྲིག་གོ །ཇི་ལྟར་སྨྱིག་མའི་སྡོང་པོ་ཁོག་སྟོང་ཡིན་ཡང༌། །ཚིགས་ལས་ཡལ་ག་ལ་སོགས་སྐྱེ་བ་ལྟར། སྣང་བ་མཆེད་པའི་རྣམ་པར་ཤེས་པ་འདི་ཡང་གཟུང་འཛིན་གྱིས་སྟོང་ཡང༌། འདོད་ཆགས་ལ་སོགས་པའི་རང་བཞིན་བཞི་བཅུ་རབ་ཏུ་བསྐྱེད་པའི་ནུས་པ་དང་ལྡན་ནོ། །མིང་ནི་ཐབས་ཞེས་བྱ་བར་བསྟན་ཏེ། སྐྱེས་པ་ལྟར་ཞེ་སྡང་གི་རང་བཞིན་དྲག་པོ་བསྐྱེད་པ་ནའོ། །གསུམ་པ་ཉེར་ཐོབ་ནི། རིག་ཆེན་རང་ཉིད་རྩ་བ་སྟེ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། མཧཱ་བིརྻ་ཞེས་པ་རིག་པ་ཆེན་པོ་སྟེ་འོད་གསལ་ལོ། །མ་རིག་པ་ལས་བཟློག་པས་ན། །རིག་པ་ཆེན་པོ་ཞེས་བརྗོད་དོ། །འོད་གསལ་རང་ཉིད་རྩ་བ། །ཞེས་བརྗོད་དེ། འོད་གསལ་ལས་ལྡང་བའི་དུས་ཀྱི། སེམས་གསུམ་ལུགས་ལས་བཟློག་པའི་མ་རིག་པའི་རྩ་བའོ། །ཡང་ན་རིག་ཆེན་རང་ཉིད་ནི་འོད་གསལ་གྱི་ཡུལ་ཅན་གྱི་བློ་ཡིན་ལ། དེ་ཉིད་རྩ་བ་སྟེ། འདི་ལས་ལུགས་ལས་བཟློག་པའི་མ་རིག་པ་འབྱུང་ལ། མ་རིག་པ་ལས་སེམས་བྱུང་འབྱུང༌། དེ་ལས་སྣང་བ་འབྱུང་བའི་ཕྱིར། གཉིས་པ་སྣང་གསུམ་ལུགས་འབྱུང་གི་མ་རིག་པ། འོད་གསལ་དུ་འཇུག་པའི་རིམ་པ་ནི། ཡ་ནི། ཡ་ཏི་ཞེས་པས་འགྲོ་བའོ། །གང་ཞིག་གང་དུ་འགྲོ་ཞེ་ན། རྣམ་ཤེས་དང་པོ་སྣང་བར་འགྲོའོ། །གང་དུ་འགྲོ་བ་དེའི་མིང་ནི་སྣང་བ་མཆེད་པ་སྟེ། དེར་འགྲོའོ། །མཆེད་པ་དེ་ནི་སྟོང་པ་ཆེན་པོ་ཉེར་ཐོབ་ཏུ་འགྲོའོ། །དེ་ཡང་མཐའ་འོད་གསལ་བར་འགྲོའོ། །གསུམ་པ་སེམས་ཀྱི་བྱེད་ལས་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ཤྲུ་ནི། ཤྲུ་ཏ་ཞེས་ཡི་གེ་བསྣན་པས་ཐོས་པའོ། །གང་འདིར་ཐོས་པ་ནི། སྣང་བ་གསུམ་གྱི་མཚན་ཅན་ཉིད་ཀྱི་རྣམ་པར་ཤེས་པ་གསུམ་ལ་བྱའོ། །འདི་ནི་སེམས་ཅན་གྱི་ཁམས་མ་ལུས་པའི་རང་བཞིན་བརྒྱད་ཅུའི་རྩ་བ་ཡིན་པས། ཐམས་ཅད་ཀྱི་རྩ་བར་བསྟན་ནོ། །ཏཾ་གི་དོན་དེ་ནི་ཞེས་པ་སྟེ། རྣམ་ཤེས་གསུམ་དེ་ནི་ཞེས་སྦྱར་བས། ཐོས་པའི་རྣམ་ཤེས་གསུམ་པོ་དེ་ནི། དབང་པོའི་སྒོ་ནས་རླུང་དང་འདྲེས་ནས། ཡུལ་འཛིན་པར་བྱེད་ཅེས་པ་སྟེ། བླ་ན་མེད་པའི་དགོངས་པ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་པས། །དབང་པོ་ལམ་རྣམས་ལས་བྱུང་ནས། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཕེན་བྱེད་ཀྱི་རྒྱུར་བསྟན་པ་དང༌། རྫོགས་བྱེད་ཀྱི་རྒྱུར་བསྟན་པ་དང༌། གཉིས་ཀའི་རྒྱུར་བསྟན་པའོ། །དང་པོ་ལ། ཨེ་ནི། ཨེ་ཥ་སྟེ་འདི་ནི་ཞེས་པའོ། །འདིས། རླུང་གི་ཁམས་ནི་ཆེན་པོ་འདི། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །འདིས་ཀུན་ནས་ཉོན་མོངས་པ་འབྱུང་བ་སྤྱིར་བསྟན་པ་ནི། རླུང་གི་ཁམས་ཆེན་པོ་འདི་ནི། རྣམ་ཤེས་གསུམ་གྱི་བཞོན་པ་ཡིན་ནོ། །རླུང་དང་ལྡན་པའི་རྣམ་ཤེས་དེ་ལས་རྟག་ཏུ་རང་བཞིན་བརྒྱད་ཅུ་ཇི་ལྟ་ཇི་ལྟར་རྐྱེན་དང་འཚམས་པ་འབྱུང་བར་འགྱུར་རོ། །འོག་གི་བྷ་འདིར་དྲངས་ནས། བྷ་བན་ཏི་ཞེས་པ་འབྱུང་བ་ལ་འཇུག་གོ །འདི་སྟོན་པ་ནི། བྷ་འདི་ལས་རང་བཞིན་རྣམས་འབྱུང་བ། །ཞེས་ཚིགས་སུ་བཅད་པ་གཅིག་སྟེ། ཉོན་མོངས་པ་དང་ལས་བྱུང་བ་སོ་སོར་བཤད་དེ། འབྱུང་ཞེས་བཤད་པའི་གཞིའོ། །གང་ལས་ན། རྣམ་ཤེས་གསུམ་པོ་འདི་ལས་སོ། །གང་འབྱུང་ན། ཆགས་དང་ཆགས་མེད་ལ་སོགས་པའི་རང་བཞིན་བརྒྱད་ཅུ་རྣམས་འབྱུང་ངོ༌། །རང་བཞིན་དེ་ལས་དགེ་བ་དང་མི་དགེ་བའི་ལས་འབྱུང་ངོ༌། །དེ་ལས་འགྲོ་བ་ལྔའི་སྐྱེ་བ་འབྱུང་བ་ཡིན་ནོ། །འཕེན་བྱེད་རྒྱུ་ལས་དང་ཉོན་མོངས་པ་བསྟན་ཟིན་ཏོ། །གཉིས་པ་རྫོགས་བྱེད་ཀྱི་རྒྱུ་ལ་ལྔ་ལས། ཐོག་མར་ཀ་སྨིན་མ་དང་ཡི་གེ་གསུམ་ལས། དང་པོས་ཁམས་རྫོགས་བྱེད་དུ་བསྟན་པ་ནི། སྲ་བའི་ཁམས་དང༌། ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། ཀ་ལ། ཀ་ཊ་ཞེས་པས་སྲ་བ་སའི་ཁམས་དང༌། ཆུ་ཉིད་དང༌། དེ་བཞིན་དུ་མེ་དང་རླུང་སྟེ་འབྱུང་བ་བཞི་པོ། སྣང་གསུམ་གྱི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་པས་བླངས་ནས་སུ། སྲིད་གསུམ་གནས་སུ་སྐྱེ་བར་འགྱུར་རོ། །ཕུང་པོའི་རྫོགས་བྱེད་དུ་བསྟན་པ་ནི། སྨིན་ལ་མ་སྨིན་ཞེས་སྦྱར་ཏེ། འདི་ལ་ཞེས་པའོ། །སྣང་བ་གསུམ་གྱི་མཚན་ཉིད་ཅན་གྱི་རྣམ་ཤེས་འདི་ལ་ཡང་ནི། འདུས་བྱས་ཀྱི་མཚན་ཉིད་ཅན་ཕུང་པོ་ལྔ་འབྱུང་བ་སྟེ། ཕུང་པོ་ལྔ་པོ་གང་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ལྔ་རྣམ་པར་ཤེས་པའོ། །སྐྱེ་མཆེད་ཀྱི་རྫོགས་བྱེད་དུ་བསྟན་པ་ནི། མ་ཞེས་པ་སྟེ། མ་ན་ནི་ཞེས་སྦྱར་བས་ཡིད་དོ། །རྣམ་ཤེས་གསུམ་པོ་འདི་ནི་མའི་སྒྲས་བསྟན་པ་ཡིད་ཀྱི་སྐྱེ་མཆེད་ཉིད་ནི། མིག་དང༌། དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་སྐྱེ་མཆེད་རྣམས་འབྱུང་བའོ། །རྣམ་ཤེས་གསུམ་ལས་རྒྱུའི་རྒྱུད་འཁོར་བ་འབྱུང་བ་བསྟན་ཟིན་ནས། བཞི་པ་འབྲས་བུའི་རྒྱུད་ཡེ་ཤེས་ཀྱི་རྫོགས་བྱེད་བསྟན་པ་ནི། ས། མཉམ་ཉིད་སོ་སོར་རྟོག་པ་དང༌། །ཞེས་སོགས་གསུངས་ཏེ། སམ་ཏ་ཞེས་པ་མཉམ་པ་ཉིད་དོ། །རྣམ་ཤེས་གསུམ་པོ་འདི་ལས་ངེས་པར་ཡེ་ཤེས་ལྔ་འབྱུང་ཞེས་བྱའོ། །ལྔ་གང་ཞེ་ན། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། མེ་ལོང་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལྔ་པ་ཡུལ་གྱི་རྫོགས་བྱེད་ནི། ག་ཞེས་པ་སྟེ། དབང་པོ་རང་ཉིད་རང་ཡུལ་ལ། །ཞེས་ཚིགས་བཅད་གཅིག་གོ །ག་ནི། ག་ཙ་ཏི་ཞེས་པས་འགྲོ་བ་ལ་འཇུག་གོ །དབང་པོ་ལྔ་པོ། རང་ཉིད་རང་ཡུལ་གཟུགས་སོགས་ལ་འགྲོ་བར་འགྱུར་བའི་དབང་པོ་དེ་དང་ཡུལ་དེ་ལས་ཡུལ་ཅན་དབང་པོའི་སྤྱོད་ཡུལ་གཟུང་བར་སྣང་བ་གང་དང་གང་གཟུགས་སོགས་སྣང་བ་དེ་དང་དེ་ནི་བག་ཆགས་ཡོངས་སུ་སད་པའི་སྣང་བ་ཙམ་ཡིན་ནོ། །གསུམ་པ་ནི། ཛ། སྐྱེ་དང་གནས་དང་འཇིག་པ་ཡི། །ཞེས་སོགས་ཏེ། ཛན་མ་ཞེས་པ་ནི་སྐྱེ་བའོ། །སྐྱེ་བ་དང་དེས་མཚོན་པ་གནས་པ་དང་འཇིག་པའི་སྲིད་པ་བར་མར་གནས་པ་ནི་ཇི་སྙེད་འཇིག་རྟེན་དུ་བདེ་སྡུག་སོགས་སུ་རྟོགས་པ་ཐམས་ཅད་སེམས་དང་རླུང་གི་རྣམ་འཕྲུལ་ལོ། །ཞེས་བསྟན་ནོ། །སྦྱང་གཞི་དང༌། སྦྱང་འབྲས་བསྟན་ཟིན་ཏོ། །བཞི་པ་སེམས་གསུམ་གྱི་སྒྲུབ་པ་ལ་གཉིས་ཏེ། ལུས་དབེན་དང༌། ངག་དབེན་ནོ། །དང་པོ་ལ་སྔོན་འགྲོ་དང༌། དངོས་གཞིའོ། །སྔོན་འགྲོ་ལུས་དབེན་ཏེ། དང་པོ་ཕུང་པོའི་ལུས་དབེན་ནི། ག་འགྲོ་བར་འབྱུང་བའི་ཕུང་པོ་ལྔ། །ཞེས་ཚིགས་བཅད་གཅིག་སྟེ། ག་ཏི་ཞེས་པ་འགྲོ་བ་སྟེ། འགྲོ་བ་ལྔར་འབྱུང་བའི་ཕུང་པོ་ལྔ་པོ་རྣམས་སངས་རྒྱས་ལྔའི་བདག་ཉིད་དོ། །དེ་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔར་བསྒོམ་མོ། །བསྐྱེད་པའི་རིམ་པའོ། །འདི་མངོན་རྫོགས་བྱང་ཆུབ་རྣམ་པ་ལྔ། །ཞེས་པའི་ལུང་གིས་རབ་ཏུ་བསྐུལ་བ་སྟེ། མངོན་བྱང་ལྔས་བསྐྱེད་པའི་རྡོ་རྗེ་འཆང་གི་སྐུའོ། །འདི་ཡང་སེམས་གསུམ་གྱི་སྣང་བར་ཤེས་པར་བྱའོ། །ཁམས་ཀྱི་ལུས་དབེན་ནི། བཱན། རླུང་དང་མེ་དང་ཆུ་དང་ས། །ཞེས་སོགས་ཏེ། བ་ཡུ་ནི་རླུང་ངོ༌། །དེ་ཐོག་མར་བྱས་པའི་མེ་དང་ཆུ་དང་ས་ཏེ་ཞེས་བཞི་པོ་ནི། སྤྱན་ལ་སོགས་པ་ལྷ་མོ་བཞིར་བསྒོམ་པར་བྱ་བ་ཡིན་ནོ། །འདི་ལ་ཡང་རེ་རེ་ལ་ལྔ་ལྔར་ཕྱེ་བས་ཉི་ཤུར་འགྱུར་རོ། །འདི་དག་ཀྱང་སྣང་གསུམ་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་ཤེས་པར་བྱས་ནས་བསྒོམས་ན་འབྲས་བུ་སངས་རྒྱས་ཀྱི་བྱང་ཆུབ་སྟེར་བར་བྱེད་དོ། །སྐྱེ་མཆེད་ཀྱི་ལུས་དབེན་ནི། ས། ཐམས་ཅད་དེ་བཞིན་གཤེགས་པའི་སྐུ། །ཞེས་སོགས་ཏེ། སརྦ་ཞེས་པ་ཐམས་ཅད་དེ། གཟུགས་སོགས་ཕུང་པོ་ཐམས་ཅད་ཕྱག་རྒྱ་བཞི་སྟེ། འབྱུང་བ་བཞིས་རྒྱས་བཏབ་ཅིང༌། བསྐྱེད་པ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་སྒོམ་མོ། །མིག་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར། ལྔའི་བདག་ཉིད་དེར་ས་སྙིང་ལ་སོགས་པའི་རྒྱལ་སྲས་ལྔར་བསྒོམ་ཞིང༌། རེ་རེ་ལའང་ལྔ་ལྔར་ཕྱེ་བ་བསྒོམ་མོ། །ཡུལ་གྱི་ལུས་དབེན་ནི། ཏ། དབང་པོ་དེ་དེའི་ལམ་ནས་ནི། །ཞེས་སོགས་ཏེ། ཏ་ཏད་ཅེས་པ་སྟེ། དེ་དེའི་ཞེས་པའོ། །ཏད་དབང་པོ་ལ་འཆད་པ་ནི་ནོར་བའོ། །མིག་ལ་སོགས་པ་དབང་པོ་དེ་དེའི་ལམ་ནས་སྒྲུབ་པ་པོས་གཟུགས་ལ་སོགས་པའི་ཡུལ་ཐོབ་པའི་རང་བཞིན་དེ་རྣམས་མ་ལུས་པར་ཡབ་ཀྱི་ལྷ་དེ་རྣམས་ཚིམ་པར་བྱ་བའི་ཕྱིར་བསྒོམ་སྟེ་འབུལ་བར་བྱའོ། །ཞེས་པའི་དོན་ནོ། །དེ་ལྟར་ན་ཕུང་པོ་ལྔ་ཁམས་བཞི་སྐྱེ་མཆེད་ལྔ། ཡུལ་ལྔ་རྣམས་ལ་ལྔ་ལྔར་ཕྱེ་བས་དགུ་བཅུ་རྩ་ལྔར་འགྱུར་ལ། ཡེ་ཤེས་ལྔ་བསྣན་པས་དམ་པ་རིགས་བརྒྱར་འགྱུར་རོ། །རྦ། གང་ཡང་གདུག་པ་ངེས་འདུལ་བ། །ཞེས་སོགས་ཏེ། ཨ་རྦན་ཏི་ཞེས་པ་ངེས་པར་འདུལ་བའོ། །གང་ཡང་གདུག་པ་ངེས་པར་འདུལ་བའི་ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་བཅུ་པོ་དེ་རྣམས་དཀྱིལ་འཁོར་དུ་ཕྱོགས་དང་ཕྱོགས་མཚམས་ཀྱི་ཆར་འགོད་ལ། ལུས་ལ་ལག་པ་ལ་སོགས་པའི་ཡན་ལག་རྣམས་སུ་བརྟག་པ་སྟེ་བསྒོམ་མོ། །དེ་ཡང་ལག་པ་གཡས་གཡོན་གྱི་རྩ་བ་དང༌། ཁ་དང༌། གསང་གནས་དང༌། དཔུང་པ་གཡས་གཡོན་དང༌། པུས་མོ་གཡས་གཡོན་དང༌། མགོ་དང༌། རྐང་པ་རྣམས་སུའོ། །རྡོ་རྗེ་འཆང་གཅིག་ཉིད་རིགས་དང་རིགས་ཅན་དང་ཡབ་ཡུམ་ཐ་དད་དུ་བསྟན་པའི་དགོས་པ་ནི། ཏ། དེ་དང་དེའི་རིགས་ལས་འབྱུང༌། །ཞེས་སོགས་ཏེ། ཏ་ཏད་ཅེས་པ་དེ་དང་དེའི་ཞེས་པའོ། །རྣམ་སྣང་ལ་སོགས་པ་དེ་དང་དེའི་རིགས་ལས་འབྱུང་བའི་ས་སྙིང་ལ་སོགས་པའི་ལྷ་དང༌། སྤྱན་མ་ལ་སོགས་པའི་ལྷ་མོ་ཐ་དད་པ་དེ་ནི་གནས་ཚུལ་ལ་ཡོད་པ་མིན་མོད། གནས་ཚུལ་ལ་དེ་མེད་ཀྱང༌། འགྲོ་བའི་དོན་ཕྱིར་རབ་ཏུ་བསྟན། །ཞེས་བྱའོ། །འདི་རྩོད་སྤོང་དུ་འཆད་པ་ནི་ནོར་བའོ། །སྔོན་འགྲོ་ལུས་དབེན་བསྟན་ཟིན་ཏོ། །དངོས་གཞི་རྫོགས་རིམ་ལ་གཉིས་ཏེ། དང་པོ་ངག་དབེན་ནི། ཡེ། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །ཞེས་སོགས་ཏེ། ཡེ་བེ་ཞེས་པ་གང་ཡང་ངོ༌། །ཁམས་གསུམ་གྱི་སེམས་ཅན་རྣམས་སྲོག་གི་རྩོལ་བར་རླུང་འཇུག་གནས་ལྡང་གསུམ་ཡི་གེ་གསུམ་གྱི་རང་བཞིན་གསང་སྔགས་ཀྱི་རྒྱལ་པོ་ཡི་གེ་གསུམ་བཟློས་བཞིན་དུ་དེ་མི་ཤེས་པར་བསམ་གཏན་གྱི་ཀློག་པ་རྡོ་རྗེའི་བཟླས་པ་སྤོང་བའོ། །འདི་སྦྱང་གཞིའི་སྒོ་ནས་བསྟན་ནོ། །གཉིས་པ་འབྲས་བུ་སེམས་དབེན་ལ། སེམས་གསུམ་ལ་བསླབ་པའི་ཚུལ། སེམས་གསུམ་གྱི་མིང་གི་རྣམ་གྲངས་སོ། །དང་པོ་ནི། ཐཱ། གཉིས་མེད་མཐོང་བའི་རྣལ་འབྱོར་པས། །ཞེས་སོགས་ཏེ། ཐ་ཏ་སྱཾ་ཞེས་པས། བཞག་པར་བྱ་ཞེས་སྦྲེལ་ལོ། །གང་གིས་ན། གཟུང་འཛིན་གཉིས་སུ་མེད་པའི་སེམས་གསུམ་མཐོང་བའི་རྣལ་འབྱོར་པས་སོ། །ཐབས་གང་ལས་གཉིས་མེད་མཐོང་ཞེ་ན། ཡེ་ཤེས་གསུམ་མཐོང་བ་དེ་ལས་སོ། །ཡུལ་གང་ལ་བཞག་པར་བྱ་ཞེ་ན། དམན་པ་དང༌། བར་མ་དང༌། དམ་པའི་ཡུལ་རྣམས་ལའོ། །གང་གི་སྒོ་ནས་ཤེ་ན། ཡེ་ཤེས་གསུམ་གྱི་སྒོ་ནས་སོ། །གཉིས་པ་རྣམ་གྲངས་ནི། ཙིད། སེམས་དང་སེམས་བྱུང་མ་རིག་པ། །ཞེས་སོགས་ཏེ། ཙིཏྟ་ཞེས་པས་སེམས་སོ། །ཡུལ་ལ་སེམས་པས་ན་སེམས་ཏེ། སྣང་བ་དང་པོའོ། །དེ་ལས་བྱུང་བས་ན་སེམས་བྱུང་སྟེ། སྣང་བ་མཆེད་པ་དང༌། སྔར་ལས་ཡུལ་ལྷག་པ་མ་རྟོགས་པས་ན་མ་རིག་པ་སྟེ་ཉེར་ཐོབ་དང༌། ཆགས་པ་དང་བྲལ་བས་ན་ཤེས་རབ་སྟེ། སྣང་བ་དང༌། རགས་པའི་རྣམ་པར་འདུག་པས་ན་ཐབས་ཏེ་མཆེད་པ་དང༌། སྔ་མ་གཉིས་ཀྱི་མཇུག་ཐོག་སུ་འབྱུང་བས་ན་ཉེར་ཐོབ་བོ། །དགག་བྱ་དང་བྲལ་བའི་ངོས་ནས་གཟུང་འཛིན་གྱི་རྟོག་པ་རགས་པ་འགགས་པས་སྟོང་པ་དང༌། བར་མ་འགགས་པས་ཤིན་ཏུ་སྟོང་པ་དང༌། ཕྲ་བ་འགགས་པས་སྟོང་པ་ཆེན་པོ་ཞེས་རབ་ཏུ་བརྗོད་དོ། །ཡང་རྣམ་གྲངས་གཞན་བསྟན་པ་ནི། ཥུ། སྣང་བའི་དབྱེ་བ་འདི་རྣམས་ལ། །ཞེས་སོགས་ཏེ། ཨེ་ཥུ་ཞེས་པ་འདི་རྣམ་པ་ལ་ཞེས་པའོ། །སྣང་བའི་དབྱེ་བ་ལ་སྦྱོར་བ་ནི་ནོར་བའོ། །སྣང་བའི་དབྱེ་བ་ཉེར་ཐོབ་དང༌། མཆེད་པ་དང༌། སྣང་བ་འདི་རྣམས་ལ་རིམ་པ་ལྟར་ཐུན་མཚམས་ལྟར་གསལ་བའི་བྱ་བ་དང་བྲལ་བས། ཐུན་མཚམས་ཀྱི་ཐ་སྙད་དང༌། ཉི་མ་ལྟར་གསལ་བས་ཉིན་མོ་དང༌། ཟླ་བ་ལྟར་གནས་པས་མཚན་མོ་ཞེས་བྱའོ། །ཐ་སྙད་བྱས་པའི་དགོས་པ་ནི། འཇིག་རྟེན་གྲགས་པའི་ཐ་སྙད་བྱས་པ་ཡིས་མི་མཁས་པས་ཀྱང་ཡེ་ཤེས་གསུམ་མཐོང་ཞིང་རྟོགས་པར་འགྱུར་བའི་ཕྱིར་ཡིན་ནོ། །རྣམ་གྲངས་གཞན་ཡང༌། བི། སྣ་ཚོགས་པའི་ཐ་སྙད་དག །ཅེས་སོགས་ཏེ། བི་ཙིཏྲ་ཞེས་པ་སྣ་ཚོགས་པའོ། །ཚོགས་པའི་ཐ་སྙད་འཇིག་རྟེན་པས་སྣང་བ་གསུམ་ལ། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གི་ཐ་སྙད་བྱས་པ་དང༌། ཡང་རྩུབ་མོ་དང༌། འཇམ་པོ་སོགས་ཡོངས་སུ་བཏགས་པ་དང༌། མཚན་མོ་དང༌། ཉིན་མོ་དང༌། སྲོད་དེ་དུས་གསུམ་གྱི་དབྱེ་བ་ཡིས་མཚོན་ནས་བསྟན་པས། ཡེ་ཤེས་རྣམ་པ་གསུམ་རྟོགས་ཤིང་གོ་བ་འབྱུང་ངོ༌། །སེམས་གསུམ་གྱི་སྦས་པ་བསྟན་ཟིན་ཏོ། །གཉིས་པ་འདོད་ཆགས་ཆོས་ཀྱི་སྦས་པ་ནི། བྷ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཞེས་སོགས་ཏེ། བཛྲ་ནི་རྡོ་རྗེའོ། །ཡབ་ཀྱི་རྡོ་རྗེ་དང༌། དེས་མཚོན་པ་ཡུམ་གྱི་པདྨ་མཉམ་པར་སྦྱོར་བས་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་ཆའམ་མཚན་ཉིད་རིག་པར་འགྱུར་ཏེ། གང་ལས་ན། མན་ངག་གིས་སོ། །བློ་སྟེ་ཡེ་ཤེས་གསུམ་པོ་མངོན་སུམ་དུ་མ་བྱས་པའི་དུས་སུ་གཟུང་འཛིན་གྱི་དྲི་མས་གོས་པ་དང༌། རང་གི་ངོ་བོའི་ཆ་ནས་གཟུང་འཛིན་གྱི་དྲི་མས་མ་གོས་པར་གནས་པས་དབང་པོ་གཉིས་སྦྱོར་གྱི་སྐབས་དེར་ནི་མན་ངག་ཡོད་པ་རྣམས་གཉིས་སྣང་དང་བྲལ་བའི་བདེ་བས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཉམས་སུ་མྱོང་བས་རྟག་ཏུ་གནས་སོ། །འདོད་ཆགས་ཆོས་ཀྱི་སྦས་པ་ཡིན་ཏེ། རྦ་ལ་སྦྱོར་བ་ནི་ནོར་པ་སྟེ། ཡན་ལག་ལ་ཁྲོ་བོ་བཀོད་པ་ལ་འདོད་ཆགས་ཆོས་ཀྱི་སྦས་པའི་དོན་མ་ཚང་བའི་ཕྱིར་རོ། །གསུམ་པ་ཀུན་རྫོབ་སྒྱུ་མའི་སྦས་པ་ལ། སྒྱུ་ལུས་གཏན་ལ་དབབ་པ་དང༌། རྒྱུ་གང་ལས་སྣང་བའི་ཚུལ། སྒྱུ་ལུས་དང་འབྲེལ་བའི་སྤྱོད་པ། སྒྱུ་མར་རྟོགས་པའི་ཕན་ཡོན་ནོ། །དང་པོ་ནི། ཀ་དང༌། ཡ་དང༌། ར་དང་གསུམ་གྱིས་སྟོན་ནོ། །དེ་ལ་དང་པོ་སྒྱུ་ལུས་ཀྱི་རང་བཞིན་སྟོན་པ་ནི། ཀ སྐུ་གསུམ་དག་ནི་ཐ་དད་པར། །ཞེས་སོགས་ཏེ། ཀ་ཡ་ཏྲི་ཞེས་པ་ནི་སྐུ་གསུམ་མོ། །དེ་ལ་བསྐྱེད་རིམ་པའི་སྐུ་གསུམ་ནི། དེ་བཞིན་ཉིད་སྒོམ་པ་ཆོས་སྐུ་དང༌། དང་པོའི་མགོན་པོ་ལོངས་སྐུ་དང༌། རྡོ་རྗེ་མགོན་པོར་བསྒྱུར་བ་ནས་བྱུང་བའི་དཀྱིལ་འཁོར་གྱི་བར་སྤྲུལ་སྐུའོ། །ཡང་བསྐྱེད་རྫོགས་གཉིས་ཀྱི་ཐུན་མོང་དུ་བསྐྱེད་རིམ་སྤྲུལ་སྐུའོ། །སྒྱུ་ལུས་ལོངས་སྐུ། འོད་གསལ་ཆོས་སྐུ་སྟེ། སྐུ་གསུམ་ཐ་དད་པར་རིམ་གྱིས་ཉམས་སུ་བླང་བར་བྱ་བ་སྐྱོབ་པ་ཡིས་ནི་ཡང་དག་བསྟན་ལ། རྫོགས་པའི་རིམ་པ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྦྱོར་བ་ཡིས་སྐུ་གསུམ་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་གཅིག་ཏུ་འགྱུར་བ་ཡང་ཡིན་ནོ། །སྒྱུ་ལུས་ཟུང་འཇུག་ཏུ་འགྱུར་ཚུལ་ནི། ཡ། གང་ཞིག་སངས་རྒྱས་སྐུ་མཚན་ཉིད། །ཞེས་སོགས་ཏེ། ཡང་ཞེས་པ་གང་ཞིག་གོ །ཡིད་ཀྱི་རང་བཞིན་གྱི་སྐུ་གང་ཞིག་སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པའི་མཚན་ཉིད་ཅན། ཀུན་རྫོབ་བདེན་པ་སྒྱུ་ལུས་སུ་གསུངས་པ་ནི། སྒྱུ་ལུས་དེ་ཉིད་རྫོགས་པ་ཟུང་འཇུག་གི་སྦྱོར་བ་ལས། འབྲས་བུ་དབྱེར་མེད་ཟུང་འཇུག་ཐོབ་པར་འགྱུར་བ་ཡིན་ནོ། །དུས་གང་གི་ཚེ་ན། འོད་གསལ་གྱི་རྣམ་པར་དག་པར་བྱས་པ་དེའི་ཚེའོ། །སྒྱུ་ལུས་དག་མ་དག་གི་ཁྱད་པར་ནི། ར། རང་བྱིན་བརླབས་ཆེན་མ་རྟོགས་པ། །ཞེས་སོགས་ཏེ། རཏྣ་ཞེས་པ་རིན་ཆེན་ཏེ། རང་བྱིན་གྱིས་བརླབས་པ་ཆེན་པོ་གཟུགས་སྐུ་རྒྱུ་ལས་ཀྱི་རྣམ་པ་མ་གཏོགས་པ། གཞན་དོན་ཕུན་ཚོགས་འབྱུང་བའི་རིན་ཆེན་ཏེ། ཡེ་ཤེས་ཀྱི་སྐུའི་རྣམ་པ་མ་གཏོགས་པ་གཞན་དག་ཟུང་འཇུག་གི་སྐབས་འདི་ན་མེད་དོ། །འོ་ན་ཁྱད་པར་གཏན་མེད་དམ་ཞེ་ན། སྒྱུ་ལུས་མཐར་ཕྱིན་པ་ས་བཅུ་པ་ན་ཡང་བསམ་གྱིས་མི་ཁྱབ་པའི་འཆི་འཕོའི་རྒྱུ་མ་རིག་པའི་བག་ཆགས་ཡོད་པ་འོད་གསལ་གྱིས་སྦྱངས་ཤིང་དག་ན་ཟུང་འཇུག་གི་སྐུར་འགྱུར་ཏེ། མེ་ཡིས་སྦྱངས་པའི་ནོར་བུ་གཡའ་དག་པ་བཞིན་ནོ། །གཉིས་པ་རྒྱུ་གང་ལས་སྣང་བའི་ཚུལ་ནི། ཝག ཚིག་གི་ལམ་གྱི་ཡུལ་འདི་ཉིད། །ཅེས་སོགས་ཏེ། ཝག་པ་ཐཱ་ཞེས་པ་ཚིག་གི་ལམ་མོ། །ངག་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཚིག་གི་ལམ་ནི་རླུང་ངོ༌། །རླུང་དེའི་ཡུལ་སེམས་གསུམ་པོ་འདི་ཉིད་ལས་སྣང་བ་ཡིན་ཞེས་སྦྲེལ་ལོ། །གང་སྣང་ཞེ་ན། གཙོ་བོ་རྡོ་རྗེ་འཆང་གི་སྐུ་ཡེ་ཤེས་ཀྱི་རང་བཞིན་ཅན་སྒྱུ་མ་ལྟ་བུའོ། །ཚུལ་ནི། འཇའ་ཚོན་བཞིན་དུ་འོད་ཟེར་ལྔས་བརྒྱན་པའི་ཚུལ་དུ་སྣང་ངོ༌། །དགོས་པ་ནི། སེམས་ཅན་ཀུན་ལ་ཕན་པར་བྱ་བའི་ཕྱིར་ཏེ། འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ནས། སེམས་ཅན་གྱི་དོན་མཛད་པའི་ཕྱིར། གསུམ་པ་སྒྱུ་ལུས་དང་འབྲེལ་བའི་སྤྱོད་པ་ལ་གསུམ་སྟེ། སྤྱོད་པ་བྱ་བའི་དུས་དང༌། སྤྱོད་པ་བྱ་བའི་ཚུལ་དང༌། སྤྱོད་པ་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། ཏྱ། རང་བཞིན་སྣང་བའི་དབྱེ་ཤེས་པས། །དེ་ནས་སྤྱོད་ལ་འཇུག་པར་བྱ། །ཞེས་སོགས་ཏེ། ཏྱད་ཏ་ཞེས་པ་དེ་ནས་ཞེས་པའོ། །རང་བཞིན་བརྒྱད་ཅུའི་རྩ་བ་སེམས་སྣང་བ་གསུམ་གྱི་དབྱེ་བ་ལ་བསླབས་ཤིང་ཤེས་པར་བྱས་ནས། རྗེས་ཐོགས་དེ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱའོ། །གཉིས་པ་སྤྱོད་པ་བྱ་བའི་ཚུལ་ནི། ཡེ་ཤེས་ལྔ་པ་སྟོན་ཏེ། ཧྲི། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱིས། །ཞེས་སོགས་ཏེ། ཧྲིད་ཅེས་པ་ནི་ཐུགས་ལ་ཞེས་པའོ། །སྤྱོད་པ་ལ་སློབ་པ་པོའི་ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི་དོན་དངོས་གྲུབ་རྣམ་པ་གཉིས་སམ། ཕྲིན་ལས་བཞི་སྒྲུབ་པའི་སྤྱོད་པ་བྱའོ། །སྙམ་པ་ཐུགས་ལ་བཞག་ནས། དེ་བཞིན་གཤེགས་པ་རྣམ་སྣང་ལ་སོགས་པའི་བཅོས་མ་ཀུན་རྫོབ་པའི་སྐུར་སྤྲུལ་པ་སྟེ་ཆ་ལུགས་སུ་བསྒྱུར་ནས་སྤྱོད་པ་གསུམ་གྱི་སྒོ་ནས་ཇི་ལྟར་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་བྱེད་དོ། །ཡ། རྣལ་འབྱོར་དབང་པོ་གང་གང་འདོད། །ཅེས་སོགས་ཏེ། ཡད་ཡད་ཅེས་པ་གང་གང་ངོ༌། །རྫོགས་རིམ་པའི་རྣལ་འབྱོར་པའི་དབང་པོ་འདོད་ཡོན་གང་དང་གང་ལ་སྤྱོད་པར་འདོད་པ་དེ་དང་དེ་ལ་ངོ་བོ་ཉིད་ཤེས་པའི་སྒོ་ནས། སྒྲིབ་པའམ་ཞེན་པ་མེད་པའི་ཚུལ་དུ་སྤྱད་པར་བྱའོ། །དེ་ལྟར་བྱས་ན་མཉམ་པར་མ་བཞག་པ་འདོད་ཡོན་པའི་རྣལ་འབྱོར་པས་ཀྱང་རྟག་ཏུ་མཉམ་པར་བཞག་པ་དང་འདྲ་བ་ཉིད་དོ། །ཛྲ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས། །ཞེས་སོགས་ཏེ། ཛྲི་བྷ་ཞེས་པ་རྣམ་རོལ་ལོ། །བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་ཉིད་ཀྱི་སྒོ་ནས་འཁོར་འདས་ཀྱི་དངོས་པོ་ཀུན་ལ་སྒྱུ་མས་ཁྱབ་པར་རྣམ་པར་རོལ་ཞིང༌། ཇི་ལྟར་སངས་རྒྱས་དག་པའི་སྒྱུ་ལུས་ལ་གནས་ནས་ཕྲིན་ལས་བཞིས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་སྒྱུ་མར་གཏན་ལ་ཕབ་པའི་གཞི་ལ་གནས་ནས་སེམས་ཅན་གྱི་དོན་བྱེད་དོ། །ཡེ། རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་དང༌། །ཞེས་སོགས་ཏེ། ཡོ་ག་ནི་རྣལ་འབྱོར་རོ། །རྣལ་འབྱོར་དང༌། དང་གི་སྒྲས་བསྡུས་པ་རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་རྣམས་ལ་ཡང་སྒྱུ་མ་ལྟ་བུས་རང་ཉིད་ཁྱབ་པར་གནས་སོ། །རྣལ་འབྱོར་ལ་སྒྱུ་མ་ལྟ་བུས་ཁྱབ་པར་མ་ཟད། ལྷ་རྣམས་ལ་ཡང་ཁྱབ་པར་བསྟན་པ་ནི། རྡོ་རྗེ་ཅན་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང༌། མཁའ་འགྲོ་མ་སྟེ་རེག་བྱ་རྡོ་རྗེ་མ་ལ་སོགས་པ་དང༌། ཡབ་ཡུམ་དེ་དག་སྦྱོར་བ་ལའང་སྒྱུ་མ་རང་ཉིད་ཀྱིས་ཁྱབ་པར་གནས་སོ། །ཧ། །རྒོད་དང་སྒེག་པའི་བྱ་བ་ཉིད། །ཅེས་སོགས་ཏེ། ཧ་ས་ཞེས་པ་ནི་རྒོད་པའོ། །རྒོད་པ་དང་སྒེག་པའི་བྱ་བ་ཉིད་ལ་སོགས་པ་གར་གྱི་རོ་དགུ་དང་ལྡན་པ་དང༌། སྔགས་བཟློ་བ་དང༌། ཕྱག་རྒྱ་བཞིའི་སྦྱོར་བའི་ཐ་མལ་པའི་རྣམ་རྟོག་སྤངས་ནས། ངོ་བོ་ཉིད་ཤེས་པའི་སྒོ་ནས་རྡོ་རྗེ་སེམས་དཔའི་སྤྱོད་པ་བྱེད་དོ། །གསུམ་པ་སྤྱོད་པའི་ཕན་ཡོན་ལ། མདོར་བསྟན་པ་ནི། ལས་ཉོན་གྱི་འབྲས་བུ་ཐ་མལ་པའི་ལུས་སྤངས་ནས། རྡོ་རྗེའི་སྐུ་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་ཕན་ཡོན་རྒྱས་པར་བཤད་པ་ལ། ད། ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །ཞེས་སོགས་ཏེ། ད་ཏི་ན་ཞེས་པ་ནི་སྟེར་བའོ། །མཆོག་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་འདོད་པ་ཐམས་ཅད་སྟེར་བ་བཞིན་དུ། འདོད་པའི་དོན་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་ཞིང༌། དེར་མ་ཟད། མཆོག་གི་དངོས་གྲུབ་སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང་ཚེ་འདི་ཉིད་ལ་སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར་རོ། །ཥིད། བཀག་པ་དག་ཀྱང་བྱས་ནས་ནི། །ཞེས་སོགས་ཏེ། ཥིད་དྷཾ་ཞེས་པ་བཀག་པའོ། །སྔགས་ཀྱི་ཐེག་པ་འདིར་ཕ་རོལ་ཏུ་ཕྱིན་པར་བཀག་པའི་འདོད་ཡོན་དག་ཀྱང་ལོངས་སྤྱོད་པར་བྱས་ནས་ནི། འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་པའོ་ཞེས་བླང་དོར་གྱི་རྣམ་པར་རྟོག་པ་སྤངས་པས། པདྨ་ལ་འདམ་གྱིས་གོས་པར་མི་འགྱུར་བ་བཞིན་དུ། ཡུལ་གྱི་ངོ་བོ་ཉིད་ཤེས་པའི་སྒོ་ནས་འདོད་ཡོན་གྱིས་གོས་པར་མི་འགྱུར་རོ། །སྤྱོད་པ་ཕན་ཡོན་དང་བཅས་པ་བསྟན་ཟིན་ཏོ། །བཞི་པ་སྒྱུ་མར་རྟོགས་པའི་ཕན་ཡོན་ནི། བྷ། ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང༌། །ཞེས་སོགས་ཏེ། བྷ་བ་ཏི་ཞེས་པ་འགྱུར་ཞིང་ཞེས་པའོ། །སྒྱུ་ལུས་ཀྱི་མཐའ་འོད་གསལ་རྟོགས་པར་འགར་ཞེས་སྟོན་ཏེ། སྒྱུ་ལུས་འོད་གསལ་གྱི་མེས་སྦྱངས་པས་མཐར་སྐུའི་དབང་ཕྱུག་དང༌། གསུང་གི་དབང་ཕྱུག་ལ་སོགས་པ་ཡོན་ཏན་བརྒྱད་དང་ཉེ་བར་ལྡན་པས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། བག་ལ་ཉལ་རིག་པར་འགྱུར་ཞིང༌། དེའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པར་རང་གི་ཡེ་ཤེས་ཀྱི་ལུས་ཀྱིས་རྒྱུ་ཞིང་སྤྱོད་དོ། །འོ་ན་ཡེ་ཤེས་ཀྱི་ལུས་ཅན་གྱི་རྣལ་འབྱོར་པ་དེ། གནས་གང་དུ་གནས་ཤིང་ཡུལ་གང་ལ་ལོངས་སྤྱོད་ཅེ་ན། གེ། གཙོ་བོ་གང་དུ་ཡང་དག་སྤྱོད། ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།