དཔལ་གསང་བ་འདུས་པའི་རྣམ་བཤད། ག༽

ཞེས་སོགས་ཏེ། གེ་ཧ་ཞེས་པ་ཁྱིམ་མོ། །གཙོ་བོ་ཟུང་འཇུག་གི་སྐུ་ཅན་གང་དུ་གནས་པ་དེའི་ཁྱིམ་ནི། ནམ་མཁའ་ལྟ་བུའི་འོད་གསལ་ཉིད་ཡིན་ལ། ཡུལ་གང་ལ་ཡང་དག་པར་སྤྱོད་པ་ནི། འོད་གསལ་དེ་ཉིད་དུ་ནི་བདེ་བ་ཆེན་པོའི་ཏིང་འཛིན་གྱིས་རྟག་ཏུ་དགྱེས་ཞིང་ལོངས་སྤྱོད་དོ། །ཞེས་བྱའོ། །ཡི་གེ་བཞི་བཅུའི་དོན་སྦས་བཤད་འབའ་ཞིག་ལ་སྦྱོར་བ་ནི་མི་ཐད་དེ། འདིས་སྦྱང་གཞིའི་སྣོད་ཀྱི་འཇིག་རྟེན་དང༌། སྦྱོང་བྱེད་བསྐྱེད་རིམ་དང༌། རྡོ་རྗེའི་བཟླས་པ་དང༌། འོད་གསལ་དང༌། འབྲས་བུ་ཟུང་འཇུག་གི་སྐུ་ཡང་གསལ་བར་བསྟན་པའི་ཕྱིར་དང༌། འདི་རྒྱུད་དོན་མ་ལུས་པའི་མདོར་བསྟན་དུ་མངོན་པའི་ཕྱིར་རོ། །འདིར་སློབ་དཔོན་ཟླ་གྲགས་ཀྱིས་སྦས་དོན་ལ་བཤད་པ་ཡང་གཙོ་ཆེ་བ་ལ་དགོངས་ཞེས་བཤད་དགོས་སོ། །སྦས་པ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་མཇུག་བསྡུ་བ་ནི། དཔལ་ལྡན་འདུས་པར་ཡོངས་གསལ་བའི། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དཔལ་ལྡན་འདུས་པར་ཡོངས་སུ་གསལ་བའི་འདི་སྐད་ནས། བཞུགས་སོ་ཞེས་པའི་བར་ཚིགས་སུ་བཅད་པ་བཞི་བཅུའི་དོན་འདི་དག་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་རྗེས་འབྲངས་ནས། འཇམ་པའི་དབྱངས་ཀྱི་མཚན་ཅན་རྡོ་རྗེ་འཆང་ཆེན་པོས་བཤད་པ་ཡིན་ནོ། །ཡང་བཞུགས་ཚུལ་གྱི་ཚིག་དེ་ཉིད་དགོངས་པ་ལུང་སྟོན་གྱིས་མཐར་ཐུག་ཏུ་བཤད་པ་ལ་གཉིས་ཏེ། རྩ་རྒྱུད་དང་ལུང་སོ་སོར་སྦྱར་བ་དང༌། ཚིག་དོན་རྣམ་པར་འབྱེད་པའོ། །འདི་སྐད་བདག་གིས་ཐོས་ཞེས་བཤད་པ་ནི། དེ་ཉིད་ཅེས་པའོ། །དུས་གཅིག་ན་ཞེས་པའི་བཤད་པ་ནི་གསལ་བ་ཞེས་པའོ། །བཅོམ་ལྡན་ཞེས་པ་ནི། རྡོ་རྗེ་གསང་དབང་ཞེས་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་ཞེས་པས་བསྟན་ནོ། །རྡོ་རྗེ་ནི་དམ་ཚིག་མཆོག་ཅེས་པས་བསྟན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། ཡེ་ཤེས་ཞེས་པས་བསྟན་ནོ། །དེའི་ཁྱད་པར་ནི། ཡོན་ཏན་ཞེས་སོགས་ཚིག་རྐང་གཅིག་གོ །བཙུན་མོ་ཞེས་པ་ནི་ཡོད་མེད་གཉིས་ཀ་ལས་འདས་པ་ཞེས་སོགས་ཚིག་རྐང་པ་བཞིའོ། །བྷ་གའི་བཤད་པ་ནི། འགྲོ་སྙིང་རྣམ་དག་ཅེས་པའོ། །བཞུགས་ཞེས་པ་ནི། ཐུབ་པ་ཆེན་པོ་བཞུགས་པར་མཛད་ཅེས་པའོ། །གཉིས་པ་ནི། འདི་སྐད་བདག་གིས་ཐོས་པ་ནི། ཟུང་འཇུག་གི་སྐུ་དེ་ཉིད་ལ་བྱེད་དོ། །འདི་དུས་ནམ་གྱི་ཚེ་ཐོབ་ཞེ་ན། གསལ་བ་ནི། འོད་གསལ་ཡིན་ལ། འོད་གསལ་མཐར་ཕྱིན་པའི་དུས་གཅིག་ན་ཐོབ་པ་ཡིན་ནོ། །ཐོབ་བྱ་དེ་ཉིད་བཤད་པ་ནི། བཅོམ་ལྡན་འདས་སོ། །དེ་ཉིད་གང་ལས་འབྱུང་ཞེ་ན། རྡོ་རྗེ་གསང་དབང་ཞེས་པས་རྒྱུ་བསྟན་ཏེ། དབང་ནི་རླུང་ཡིན་ལ། གསང་བ་ནི་སེམས་ཡིན་ཏེ། དེས་དེ་ལ་དབང་བསྒྱུར་བའི་ཕྱིར་རོ། །རྡོ་རྗེ་ནི་རླུང་སེམས་དབྱེར་མི་ཕྱེད་པའོ། །དོན་ནི། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་བྱུང་ཞེས་པའོ། །རྡོ་རྗེ་གསུམ་ནི། བཅོམ་ལྡན་འདས་དེ་ཉིད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པའོ། །དོན་དེ་ལས་མི་འདའ་བས་ན་དམ་ཚིག་མཆོག་གོ །དེ་བཞིན་གཤེགས་པ་ཀུན་ཞེས་པ་ནི། ཟུང་འཇུག་གི་ཡེ་ཤེས་དེ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཡིན་པའི་ཕྱིར། དེའི་ཡོན་ཏན་གྱི་ཁྱད་པར་ནི། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ། །ཞེས་སྦྱར་རོ། །འདིས་ཐོབ་བྱ་མཐར་ཐུག་ཟུང་འཇུག་གི་སྐུ་བསྟན་ནོ། །ཤེས་བྱའི་མཐར་ཐུག་འོད་གསལ་བཤད་པ་ནི། ཡོད་མེད་གཉིས་ཀ་ལས་འདས་པ། །ཞེས་པ་ནས། ཀུན་མཁྱེན་ཡེ་ཤེས་ངོ་བོ་ཉིད། །ཞེས་པའི་བར་གྱིས་བསྟན་ནོ། །འོད་གསལ་དེ་ཉིད་ལ་འགྲོ་སྙིང་རྣམ་དག་ཅེས་བྱ་སྟེ། འགྲོ་སྙིང་ནི་སེམས་སྣང་བ་གསུམ་མོ། །དེ་ཉིད་རྣམ་པར་དག་པ་ནི་འོད་གསལ་ལོ་ཞེས་བྱ་སྟེ། དེ་ལ་ཐུབ་པ་ཆེན་པོ་བཞུགས་པར་མཛད་དོ། །སྦས་དོན་དང་མཐར་ཐུག་གཉིས་ཀའི་དོན་བསྡུ་བ་ནི། དབེན་གསུམ་སྒྱུ་ལུས་དང་བཅས་པ་འོད་གསལ་དུ་བཅུག་ནས། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་བ་རྫོགས་པའི་རིམ་པ་དང་པོའི་སྦྱོར་བ་བསྟན་ནོ། །སྟོན་པ་དང་གནས་ཕུན་སུམ་ཚོགས་པ་བཤད་ཟིན་ཏོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་བཤད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ལ་སྔོན་བྱུང་ནི། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་འཁོར་ཚད་མེད་པ་བསྟན་ནོ། །རྗེས་འཇུག་མངོན་རྟོགས་ལ་སྦྱར་བ་ནི། ཡུམ་གྱི་ཆོས་འབྱུང་དུ་ཆོ་ག་གསུམ་གྱིས་བསྐྱེད་པའི་ལྷ་རྣམས་འབྱིན་སྔགས་ཀྱིས་སྤྲོས་ནས། སྤྱི་དང་ཁྱད་པར་གྱི་མཛད་པ་བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་བསྡུས་ནས་རང་རང་གི་གདན་ལ་བཞུགས་པ་བསྟན་ནོ། །གཉིས་པ་ངེས་དོན་དུ་བཤད་པ་ལ། སྔོན་བྱུང་ནི་རྡོ་རྗེ་འཆང་གི་ངོ་བོ་གཅིག་ཡིན་ཡང༌། གདུལ་བྱའི་ངོར་དཀྱིལ་འཁོར་འཁོར་ལོའི་རྣམ་པར་བཞུགས་པ་དང༌། རྗེས་འཇུག་སྒྱུ་མ་འོད་གསལ་དུ་བཅུག་པ་ལས་བཞེངས་ནས། དཀྱིལ་འཁོར་རྣམ་པར་སྤྲོས་ཏེ། སྤྱི་དང་ཁྱད་པར་གྱི་ཕྲིན་ལས་མཛད་ནས། གཞལ་ཡས་ཁང་གི་ནང་ན་བཞུགས་པ་བསྟན་ནོ། །གཉིས་པ་ཡན་ལག་གི་དོན་བཤད་པ་ལ། དྲང་དོན་དུ་བཤད་པ་ནི། འདི་སྐད་བདག་གིས་ཐོས་ཞེས་བཤད་ན། གྲོགས་གང་དང་ལྷན་ཅིག་ཐོས་ཤེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་རྙེད་ཀྱི་གྲངས་དང་མཉམ་པ་རྣམས་དང་ངོ༌། །དེ་དག་ལས་ཀྱང༌། ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་བའི་འཁོར་གྱི་གཙོ་བོ་བསྟན་པ་ནི། འདི་ལྟ་སྟེ། དམ་ཚིག་རྡོ་རྗེ་ནི་དོན་ཡོད་གྲུབ་པ་སྟེ། དེ་རིགས་ཅན་སྒྲིབ་པ་རྣམ་སེལ་བཟུང་ངོ༌། །སྐུ་རྡོ་རྗེ་ནི་སའི་སྙིང་པོ། གསུང་རྡོ་རྗེ་ནི་འཇིག་རྟེན་དབང་ཕྱུག་གོ །ཐུགས་རྡོ་རྗེ་ནི་ཕྱག་ན་རྡོ་རྗེའོ། །ཏིང་ངེ་འཛིན་རྡོ་རྗེ་ནི་ནམ་མཁའི་སྙིང་པོའོ། །རྒྱལ་བ་རྡོ་རྗེ་ནི་བྱམས་པའོ། །ས་རྡོ་རྗེ་བཞི་སོགས་ནི་ཡུམ་བཞིའོ། །ནམ་མཁའ་རྡོ་རྗེ་ནི་འཇམ་དཔལ་ལོ། །གཟུགས་རྡོ་རྗེ་སོགས་ལྔ་ནི། རྡོ་རྗེ་མ་ལྔའོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ནི་ཀུན་ཏུ་བཟང་པོའོ། །ལྷག་མ་རྣམས་ནི་གོ་སླའོ། །ངེས་པའི་དོན་བཤད་པ་ནི། འཁོར་ཕུན་སུམ་ཚོགས་པ་དེ་དག་གཙོ་བོ་ལས་ཐ་དད་པ་ཡིན་ནམ་སྙམ་ན། རྡོ་རྗེ་འཆང་ཉིད་ཀྱི་ཆ་ཤས་སུ་གྱུར་པ་ཡིན་ཏེ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཞེས་གསུངས་པའི་ཕྱིར་རོ། །རང་གི་སྐུའི་ཆ་ཤས་དཀྱིལ་འཁོར་དུ་སྤྲོས་པའི་དགོས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོས་གདུལ་བའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར་ཡིན་ནོ། །གཞུང་ལྷག་མས་གླེང་གཞིའི་དོན་རྒྱས་པར་བསྟན་པ་ལ་གཉིས་ཏེ། གཟུངས་ཀྱི་དཀྱིལ་འཁོར་བསྟན་པ་དང༌། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་གཉིས་ཏེ། བསྡུས་པའི་དོན་ལ་སྔོན་བྱུང་ནི། ཆགས་བྲལ་གྱི་སྐུ་སྤངས་ནས། རྡོ་རྗེ་འཆང་གི་སྐུར་སྤྲུལ་ཏེ། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཤད་མ་ཐག་པའི་འཁོར་རྣམས་རང་གི་སྐུ་ལ་གཞུག་པར་མཛད་དོ། །དེ་ནས་འཁོར་དེ་དག་གིས་ལྷ་མོའི་གཟུགས་སྤྲུལ་ནས། བཅོམ་ལྡན་འདས་ཀྱི་སྐུ་ལས་ཐོན་ནས་མཉེས་པར་མཛད་དོ། །ཞེས་པའི་དོན་ནོ། །རྗེས་འཇུག་གི་མངོན་རྟོགས་ལ། དྲང་དོན་ནི་ཏིང་ངེ་འཛིན་གསུམ་མཐར་ཕྱིན་པའི་རྣལ་འབྱོར་པས་གཟུངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས། སྤྲོས་མེད་ཀྱི་སྤྱོད་པ་བྱ་བར་སྟོན་ནོ། །ངེས་དོན་གྱི་བཤད་པ་ནི། ཆོས་འབྱུང་དུ་གཞལ་ཡས་ཁང་བསྐྱེད་པའི་ནང་དུ། རླུང་སེམས་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་སྐུ་བསྐྱེད་དེ། འོད་གསལ་དུ་བཅུག་ནས་ལུགས་བཟློག་གི་སྣང་བ་གསུམ་དང་བཅས་པ་ལས་ལོངས་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་བ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་བདེ་བའི་སྣང་བ་ཙམ་ལས། ལྷ་སོ་གཉིས་ཆོས་འབྱུང་དུ་བསྐྱེད་ནས་སྤྲོ་བ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ །ཡབ་ཡུམ་འོད་དུ་ཞུ་ནས་ལྷ་མོའི་གླུས་བསྐུལ་བ་དང༌། དེའི་ངོར་བཞེངས་པ་སོགས་ནི་ལས་རྒྱལ་མཆོག་གོ །གཉིས་པ་ཡན་ལག་གི་དོན་ལ། དྲང་དོན་ནི་ཞུགས་པར་མཛད་དོ། །དུས་ནི། གླེང་གཞིའི་བཀོད་པའི་རྗེས་དེ་ནས་སོ། །གང་ཞུགས་ཤེ་ན། དེ་བཞིན་གཤེགས་པའི་འཁོར་ཐམས་ཅད་ཀྱི་བཀོད་པ་དེ་དག་ཉིད་དོ། །གང་ལ་ཞུགས་ན། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་ལའོ། །ཚུལ་ཇི་ལྟར་ན། རང་གི་ས་བོན་གྱི་འོད་ཟེར་གྱིས་དྲངས་ནས། ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུའོ། །ཅི་ཞིག་མཛད་ནས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་ཆགས་བྲལ་གྱི་སྐུ་སྤངས་ཏེ། རྡོ་རྗེ་འཆང་དུ་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་གི་སྐུ་ལ་ཞུགས་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱུང་བར་གྱུར་ཏོ་ཞེས་སྦྱར་རོ། །གང་ལས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་སོ། །ཚུལ་ཇི་ལྟར་ན། ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་སོ། །དགོས་པ། བཅོམ་ལྡན་འདས་ཞེས་པ་ནས། མཉེས་པར་བྱ་བའི་ཕྱིར་ཞེས་པའི་བར་གྱིས་བསྟན་ནོ། །སུ་ཞིག་གིས་སྤྲུལ་ཞེ་ན། རྡོ་རྗེ་འཆང་གི་སྐུ་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །སྤྲུལ་པ་ཉིད་བསྟན་པ་ནི། དེ་ལ། ལ་ལ་ནི་སངས་རྒྱས་སྤྱན་གྱི་རྣམ་པར་རོ། །ཞེས་པ་ནས། གནས་པར་གྱུར་ཏེ་ཞེས་པའི་བར་རོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་ཚུལ་ལ་བཞུགས་པ་ནི། འདོད་ཆགས་དང༌། ཆགས་བྲལ་དང༌། འདོད་ཆགས་བར་མའི་རིམ་གྱིས་རྣམ་པར་དག་པའི་འོད་གསལ་ལ་རྩེ་གཅིག་ཏུ་མཛད་ནས། དེ་བཞིན་གཤེགས་པའི་འཁོར་དེ་དག་རང་ལས་རྒྱུད་ཐ་དད་དུ་ཞེན་པ་སྤངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་སྒྲུབ་པའི་སྐུའི་བདག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་འཁོར་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །ཞེས་པའི་དོན་ནོ། །གཞུང་ལྷག་མ་ནི་སྔ་མ་བཞིན་ནོ། །གཉིས་པ་མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། རྒྱུད་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བའི་ཕྱིར་ལྷ་བཅུ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྟོན་ནོ། །རྗེས་འཇུག་གི་མངོན་རྟོགས་ལ། དྲང་དོན་དུ་བཤད་པའི་བསྡུས་དོན་ནི། ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་བསྐྱེད་པའི་དབུས་སུ་གཙོ་བོ་རྡོ་རྗེ་འཆང༌། ལྷག་མོས་དང་མངོན་བྱང་ལྔས་བསྐྱེད་པ་དང༌། འཁོར་རྣམས་དང་ཕྲ་མོའི་རྣལ་འབྱོར་གཉིས། བཟླས་པ་གཉིས་དང༌། གཙོ་བོ་དོན་དམ་དུ་གཞུག་པ་དང༌། གླུས་བསྐུལ་བ་དང༌། མཆོད་བསྟོད་བྱས་ནས། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བསྡུས་ཏེ་སྐུའི་དཀྱིལ་འཁོར་ལ་གཞུག་པ་བསྟན་ནོ། །ངེས་དོན་དུ་བསྡུས་པའི་དོན་ནི། སྣང་གསུམ་རླུང་དང་བཅས་པ་ལས་རྡོ་རྗེ་འཆང་གི་སྐུ་སྒྱུ་མ་ལྟ་བུ་བསྐྱེད་ནས། སླར་ཡང་འོད་གསལ་དུ་གཞུག་ཅིང༌། དེ་ནས་འོད་གསལ་ཟུང་འཇུག་གི་སྐུར་བཞེངས་ཏེ། རིགས་ལྔའི་ཚོགས་བཟུང་ནས། སེམས་ཅན་གྱི་དོན་བྱེད་པ་སྟོན་ནོ། །འོ་ན་དེ་བཞིན་གཤེགས་པ་ལྔ་ལས། འདིར་མི་བསྐྱོད་པ་གཙོ་བོར་འཇོག་པ་ཅི་ཞེ་ན། ཕུང་པོ་ལྔའི་ནང་ནས་སེམས་ཉིད་གཙོ་བོ་ལ་དགོངས་ཏེ། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། །ཡིད་གཙོ་ཡིད་ཀྱི་འགྲོས་ཅན་ཡིན། །ཞེས་གསུངས་པར་ལྟར་རོ། །ཡང་བསྡུས་པའི་དཀྱིལ་འཁོར་གྱི་མདོར་བསྟན་གྱིས། སྒྱུ་ལུས་འོད་གསལ་དུ་གཞུག་པ་བྱས་ལ། ཟིལ་གྱི་གནོན་པའི་ཏིང་ངེ་འཛིན་མཐར་ཐུག་ཏུ་བཤད་པས་འོད་གསལ་བསྟན། དམ་ཚིག་འབྱུང་བའི་ཚིག་ངེས་དོན་དུ་བཤད་པས། ཟུང་འཇུག་སྤྲུལ་པའི་སྐུར་བསྒྱུར་བ་དང་བཅས་པ་སྟོན་ཏོ། །ཆེད་དུ་བརྗོད་པ་དགོངས་མིན་དུ་བཤད་པས། རྫོགས་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལྷ་མོ་དགུ་དང་སྤྱོད་པ་བྱེད་པ་སྟོན་ནོ། །མཆོད་པ་དང་ཕྱག་བྱས་ནས། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་སྦས་པ་དང་མཐར་ཐུག་ཏུ་བཤད་པས་རྫོགས་རིམ་དང༌། གསོལ་བ་བཏབ་ནས་བླ་མ་ཞལ་གྱིས་བཞེས་པ་སོགས་ཀྱི་རྫོགས་རིམ་གྱི་དོན་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་དྲང་དོན་དུ་བཤད་པ་ནི་གཟུངས་དཀྱིལ་གྱི་རྗེས་ཐོགས་དེ་ནས་མཐའ་ཡི་བྱིན་གྱིས་བརླབས་པ་ཞེས་པ་དང་སྦྱར་ཏེ། བརླབས་པ་སྟེ། སྤྲུལ་པར་མཛོད་ཞེས་དྲོང་ངོ༌། །གང་གིས་ན། མི་བསྐྱོད་པས་སོ། །གང་ན། དམ་ཚིག་ཆེན་པོ་རྡོ་རྗེ་འཆང་གི་དཀྱིལ་འཁོར་གྲུ་བཞི་པ། རྡུལ་མེད་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་སྤྲུལ་པར་མཛད་དོ། །གང་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ་མཁའི་དབུས་སུའོ། །དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། ཕྱི་ནང་མ་སྒྲིབ་པར་ཡོངས་སུ་གསལ་བ་དེའི་ངོ་བོ་ཉིད་དོ། །ཨིནྡྲ་ནི་ལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁ་དོག་དང་ལྡན་པས་ན། སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་པའོ། །ནམ་མཁའ་ལ་སྤྲིན་གྱིས་ཁྱབ་པ་ལྟར། སངས་རྒྱས་ཀྱི་སྤྲིན་ཏེ་ཕྱུང་བའི་དཀྱིལ་འཁོར་ཀུན་ཏུ་བཀྲམ་པ་སྟེ། གཞལ་ཡས་ཁང་གི་ནང་དུ་གྲལ་བཀོད་པའི་ཚུལ་དུའོ། །ཕྱོགས་བཅུའི་ཁྲོ་བོའི་འོད་ཟེར་གྱི་ཚོགས་འཕྲོ་ཞིང༌། ཁོར་ཡུག་ཏུ་མང་པོ་འཁྲུག་པའོ། །དཀྱིལ་འཁོར་གྱི་ནང་དུ་རབ་ཏུ་གསལ་བའི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གདན་དང་ལྡན་ཞིང༌། དེ་བཞིན་གཤེགས་པ་རིགས་ལྔ་པོ་ཀུན་གྱི་གནས་སུ་གྱུར་པའོ། །འདིས་ནི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་བསྟན་ནོ། །གཞལ་ཡས་ཁང་བསྐྱེད་པའི་རྗེས་ཐོགས་དེ་ནས་གཞལ་ཡས་ཁང་གི་དབུས་སུ་བཅོམ་ལྡན་འདས་བཞུགས་པར་སྟོན་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། བཞག་པར་གྱུར་ཏོ་ཞེས་པའི་བར་རོ། །འདིས་ནི་ལྷག་མོས་བསྒོམ་པ་བསྟན་ནོ། །ལྷག་མོས་བསྒོམ་པའི་རྗེས་ཐོགས་དེ་ནས་ཞུགས་སོ། །གང་ལ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལའོ། །གང་ཞུགས་ན། དེ་བཞིན་གཤེགས་པ་མི་སྐྱོད་པ་ལ་སོགས་པའོ། །འདིས་ནི་ལྷག་མོས་ལུས་ལ་བསྡུ་བ་བསྟན་ནོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། བྱིན་གྱིས་བརླབས་པ་སྟེ། འཇོག་པར་མཛད་དོ། །གང་གིས་ན། དེ་བཞིན་གཤེགས་པ་མི་བསྐྱོད་པས་སོ། །དེ་ནི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་སྐུ་དེ་ཉིད་དོ། །གང་དུ་འཇོག་ན། དམ་ཚིག་གི་ཆེན་པོའི་དཀྱིལ་འཁོར་གྲུ་བཞི་པ། རྡུལ་མེད་པ་དེར་རོ། །དམ་ཚིག་ནི་མཉམ་པ་ཉིད་དོ། །ཆེན་པོ་ནི་མཆོག་གོ །དཀྱིལ་ནི་སྙིང་པོ་སྟེ་ཟུང་འཇུག་གོ །འཛིན་པས་ན་དཀྱིལ་འཁོར་རོ། །རང་བཞིན་གྱི་སེམས་གསུམ་དང་བྲལ་བས་རྡུལ་མེད་པའོ། །ཀུན་ནས་མཉམ་པས་གྲུ་བཞི་པ་སྟེ་འོད་གསལ་ལོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ངོ་བོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་བཙུན་མོའི་བྷ་ག་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ནི། གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ། །དེ་དག་གི་གནས་སུ་མཛད་པའི་བཙུན་མོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ལོ། །དེ་ལ་བྷ་ག་ཞེས་བྱ་སྟེ། སངས་རྒྱས་བསྐྱེད་པའི་རྒྱུར་གྱུར་པས་སོ། །དགོངས་པ་ལུང་སྟོན་ལས། སངས་རྒྱས་ཀུན་གྱིས་གང་བསྟེན་པའི། །ས་གྱུར་དེ་ནི་བཅུ་གསུམ་པ། །དེ་ཡང་བཙུན་མོར་ཡང་དག་བཤད། །ཆོས་ཀྱི་བྷ་ག་ཞེས་བརྗོད་དོ། །ས་བཅུ་གསུམ་ནི་སཾ་བྷུ་ཊི་དང་མཐུན་པར་སྔར་བཤད་ཟིན་ཏོ། །དཀྱིལ་འཁོར་དེའི་ཁྱད་པར་གྱི་ཆོས་ནི། རྣམ་པར་དག་པས་ན་གསལ་བ། སྣང་བའི་ཡེ་ཤེས་གསུམ་གྱི་བདག་ཉིད་ཡིན་པས་ན་དེའི་ངོ་བོ་ཉིད་དོ། །རླུང་འོད་ཟེར་ལྔས་ཁྱབ་པས་ན་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་སངས་རྒྱས་སྤྲིན་ནི་ཀུན་ཏུ་ཁྱབ་པའོ། །ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་ནི། མེ་སྟག་འཕྲོ་བ་མང་པོ་འཁྲུག །ཅེས་པའོ། །སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པས་ན། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་པ་ནི་སྔ་མ་ལྟར་རོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོད་གསལ་དེར་ཞུགས་པར་གྱུར་ཏོ། །ཞེས་པའི་དོན་ནོ། །འདིས་སྒྱུ་ལུས་འོད་གསལ་དུ་འཇུག་པ་བསྟན་ནོ། །འོད་གསལ་ལ་ཞུགས་པའི་རྗེས་ཐོགས་དེ་ནས་བཞག་པར་གྱུར་ཏོ། །གང་བཞག་ན། བཅོམ་ལྡན་འདས་ནས། བདག་པོ་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །ཞེས་པའི་བར་རོ། །གང་དུ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུའོ། །འདིས་ནི་འོད་གསལ་ལས་ལོངས་སྐུར་བཞེངས་པ་བསྟན་ནོ། །ལོངས་སྐུར་བཞེངས་པའི་རྗེས་དེ་ནས་ཞུགས་སོ། །གང་དུ་ན་བྱང་ཆུབ་ཀྱི་སེམས་ཐུགས་རྡོ་རྗེ་ལའོ། །གང་ན་མི་བསྐྱོད་པ་ལ་སོགས་པའོ། །འདིས་ནི་ལོངས་སྐུ་ཕལ་པ་ལ་མི་སྣང་བས་སེམས་ཅན་གྱི་དོན་དུ་སྤྲུལ་སྐུར་བསྒྱུར་བ་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་དང༌། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དང༌། ཞར་ལ་ཆེད་དུ་བརྗོད་པ་བསྟན་པ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་ཚུལ་བསྟན་པའོ། །དང་པོ་ལ་ཡང་གཉིས་ཏེ། བསྡུས་པའི་དོན་ནི་སྤྱི་དོན་དུ་བཤད་པས། ལྷག་མོས་མཛད་པ་དང་བཅས་པ་སྟོན་ཏེ། སྔར་གྱི་ལྷག་མོས་རྒྱས་པར་འཆད་དེ། སྦས་དོན་དུ་བཤད་པས། སྙོམས་འཇུག་ལས་དཀྱིལ་འཁོར་རྒྱལ་པོ་མཆོག་བསྐྱེད་པ་དང༌། གསང་མཆོད་ཀྱིས་སྙོམས་འཇུག་གི་ཆོ་གའི་ཡན་ལག་སྟོན་ནོ། །མཐར་ཐུག་ཏུ་བཤད་པས་སྔར་ངེས་དོན་དུ་བཤད་པའི་འོད་གསལ་དེ་ཉིད་རྒྱས་པར་འཆད་དོ། །ཅིའི་ཕྱིར་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། ལྷ་རྣམས་སྐད་ཅིག་གིས་བསྐྱེད་པས་རིམ་གྱིས་བསྐྱེད་པ་ཟིལ་གྱིས་གནོན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ལ་ཡང་གསུམ་སྟེ། སྤྱི་དོན་དུ་བཤད་པ་ནི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་རྗེས་ཐོགས་དེ་ནས་སྙོམས་པར་ཞུགས་པར་གྱུར་ཏོ་ཞེས་སྦྱར་རོ། །སུ་ཞིག་ན། བཅོམ་ལྡན་འདས་ཞེས་པ་ནས། རྡོ་རྗེས་ཞེས་པའི་བར་ཏེ་རྡོ་རྗེ་འཆང་ངོ༌། །གང་ལ་ཞེ་ན། ལྷ་རྣམས་སྐད་ཅིག་གིས་བསྐྱེད་པས་ཟླ་བ་དང་རྡོ་རྗེ་སོགས་ལས་རིམ་གྱིས་བསྐྱེད་པ་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལའོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་པའི་རྗེས་དེ་མ་ཐག་ཏུ་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་རིགས་ཅན་རྡོ་རྗེའི་ངོ་བོ་ལྷ་རྣམས་ཀྱིས་གང་བར་གནས་པར་གྱུར་ཏོ། །རྡོ་རྗེ་འཆང་དེས་ཅི་མཛད་ཅེ་ན། དེ་ནས་ནམ་མཁའི་དབྱིངས་ཏེ་དབྱིངས་ཀྱིས་ཁྱབ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་སྐལ་བ་དང་ལྡན་པ་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་རླབས་ཀྱིས་ཏེ། འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཏེ། དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་རྣམ་པར་ཞུགས་པ་ལས། རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང༌། ཡིད་བདེ་བ་ཞེས་པ་ནས་ཐོབ་པར་གྱུར་ཏོ། །གཉིས་པ་སྦས་དོན་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་ཅི་ལྟ་བུ་ལ་ཞེ་ན། ཏིང་ངེ་འཛིན་གང་གིས་ཕུང་པོ་ལ་སོགས་པའི་ངོ་བོ་རྣམས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པས་ཟིལ་གྱིས་གནོན་པ། རྡོ་རྗེ་ལྟར་མི་ཕྱེད་པར་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ནམ་མཁའི་དབྱིངས་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོག་སྟོང་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་གནས་པར་གྱུར་ཏོ། །དེ་ནས་སེམས་ཅན་ཇི་སྙེད་པ་སྟེ། ཕུང་པོ་ལ་སོགས་པ་འདི་དག་ཐམས་ཅད་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱི་ཡེ་ཤེས་ཤར་བས། དེ་བཞིན་གཤེགས་པ་ཞེས་སོགས་སོ། །འདིས་ནི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་པ་གཉིས་ཀྱིས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་དང་གསང་མཆོད་ཀྱི་དུས་སུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། འདོད་ཆགས་ཆེན་པོའི་མེས་ཁམས་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་ན། མཆོག་ཏུ་དགའ་བའི་བདེ་བ་ཐོབ་པར་འགྱུར་རོ་ཞེས་བསྟན་ནོ། །གསུམ་པ་མཐར་ཐུག་ནི། སྙོམས་པར་ཞུགས་སོ། །གང་ལ་ན། ཕུང་པོ་ལྔའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་མཛད་པས་ན། ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་བྱ་བ་འོད་གསལ་བའི་ཏིང་ངེ་འཛིན་ལའོ། །འོད་གསལ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ནམ་མཁའི་དབྱིངས་ཏེ་སྟོང་པ་ཉིད་འདི་གསུམ་པོ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོ་འོད་གསལ་ལ་གནས་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཏེ་སྟོང་པ་ཉིད་གསུམ་ལ་གནས་པའི་སེམས་ཅན་ཏེ། ཕུང་པོ་ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་འོད་གསལ་གྱི་བྱིན་གྱིས་བརླབས་ཀྱི་ཞེས་སོགས་སོ། །གཉིས་པ་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་གཉིས་ཏེ། བསྡུས་པའི་དོན་ནི། དྲང་དོན་གྱིས་བསྐྱེད་རིམ་གྱི་རྣལ་འབྱོར་པས། ལྷག་མོས་བསྒོམ་པའི་རྗེས་དེ་ནས། རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་སྟོན་ལ། ངེས་དོན་གྱིས། རྫོགས་རིམ་པས་སྒྱུ་ལུས་འོད་གསལ་དུ་བཅུག་ནས། ལོངས་སྐུར་བཞེངས་ཏེ། དེ་ལས་བྱང་ཞིང་བསྐྱེད་པ་ནི། ལྷའི་སྐུ་སྟེ། དེ་ཉིད་རྡོ་རྗེའོ། །ཚིག་དོན་ནི་སྙོམས་པར་ཞུགས་ཞེས་དྲང་ངོ༌། །གང་ལ་ན། རྣལ་འབྱོར་བཞིས་བསྐྱེད་པའི་གཙོ་བོའི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་ལའོ། །སྙོམས་པར་ཞུགས་ནས་ཅི་ཞིག་མཛད་ཅེ་ན། བྱིན་གྱིས་བརླབས་སོ་ཞེས་དྲང་ངོ༌། །གང་ན་རིག་པ་ཆེན་པོ་ནི་ཨོཾ་ལ་སོགས་པའི་སྔགས་ཀྱི་ཡི་གེ་ཡིན་ལ། སྐྱེས་བུའི་གཟུགས་ནི་དེས་བསྐྱེད་པའི་ལྷའི་སྐུའོ། །གང་གིས་བྱིན་གྱིས་བརླབས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཨོཾ་ལ་སོགས་པས་བྱིན་གྱིས་བརླབས་ཀྱིས་སོ། །འདིས་ནི་མངོན་བྱང་ལྔ་ལས་དང་པོའི་མགོན་པོ་བསྐྱེད་པ་བསྟན་ནོ། །བྱིན་བརླབས་ཀྱི་འབྲས་བུ་བསྟན་པ་ནི། ཞལ་གསུམ་པའི་རྣམ་པར་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །འདིས་སྤྲུལ་སྐུར་བསྒྱུར་བ་བསྟན་ནོ། །ངེས་པའི་དོན་དུ་བཤད་པ་ནི། བྱིན་གྱིས་བརླབས་སོ། །གང་ན། ཆེན་པོ་མཆོག་དང་ཚད་མེད་དང༌། །མཁས་བརྩོན་སྤྲོ་བ་ལས་བདག་ཉིད། །ཤིན་ཏུ་རྨད་བྱུང་བྱེད་པ་པོ། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་ཏེ། ཆེན་པོའི་སྒྲ་ནི་མཆོག་ལའང་འཇུག་པས། རིག་པ་ཆེན་པོ་ནི་མཆོག་དོན་དམ་པའི་བདེན་པའོ། །སྐྱེས་བུ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བདེན་གཉིས་རྫོགས་པ་ལས་སྐྱེས་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ནི། རིག་པ་ཆེན་པོ་སྐྱེས་བུའི་གཟུགས་ཞེས་བྱ་སྟེ་དེའོ། །ཚུལ་ཇི་ལྟར་དུ་བྱིན་གྱིས་བརླབ་ཅེ་ན། དེ་བཞིན་གཤེགས་པ་རྣམ་སྣང་ལ་སོགས་པ་ཐམས་ཅད་ཀྱི་ཆ་ཤས་ལས་ཡོངས་སུ་བསྒྲུབས་པའི་བདག་ཉིད་དུ་བསྐྱེད་པའི་ཚུལ་གྱིས་སོ། །སུ་ཞིག་གིས་ཤེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་སོ། །ཅི་ཞིག་མཛད་ནས་བྱིན་གྱིས་བརླབ་ཅེ་ན། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནི་འོད་གསལ་ཡིན་ལ། འོད་གསལ་ལས་བྱུང་བའི་ཟུང་འཇུག་གི་སྐུ་ནི་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །འདིས་འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པ་བསྟན་ནོ། །དེ་ཉིད་སྤྲུལ་སྐུར་བསྒྱུར་བ་ནི། བྱིན་གྱིས་བརླབས་པ་ཙམ་གྱི་དེ་མ་ཐག་ཏུ་ཞེས་སོགས་སྔ་མ་བཞིན་དུ་བཤད་དོ། །གསུམ་པ་ཞར་བྱུང་ཆེད་དུ་བརྗོད་པ་བསྟན་པ་ནི། དམ་ཚིག་འབྱུང་བའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་དེ་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་སྦྱར་རོ། །སུ་ཞིག་གིས་བརྗོད་ཅེ་ན། དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྔར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་པ་ལས་སླར་ཡང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཁ་ནས་ཕྱིར་ཕྱུང་སྟེའོ། །ཆེད་བརྗོད་ཀྱི་ངོ་བོ་ནི། ཨེ་མ་ཧོ་ཞེས་སོགས་སོ། །ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་བའི་ཚིག་གོ །རབ་ཏུ་འཇུག་པ་ནི། ངོ་མཚར་ཆེ་ཞེས་པའོ། །གང་ཞིག་རབ་ཏུ་འཇུག་ཅེ་ན། བྱང་ཆུབ་ཀྱི་སེམས་བསྐྱེད་རྫོགས་ཀྱི་ལྷའི་སྐུ་རྣམ་པ་གཉིས། གདུལ་བྱའི་རྒྱུད་ལ་རབ་ཏུ་འཇུག་པའོ། །ཧི་ནི་གང་གི་ཕྱིར་གྱི་དོན་ཡིན་པས། ཅིའི་ཕྱིར་ངོ་མཚར་ཆེ་ཞེ་ན། བསྐྱེད་རྫོགས་ཀྱི་ལྷའི་སྐུ་གཉིས་པོ་དེ་ནི། དེ་བཞིན་གཤེགས་པ་ཀུན་གྱིས་ཐུན་མོང་མིན་པའི་མན་ངག་ཡིན་པས། ཀུན་གྱིས་གསང་ཞིང་སྦ་བར་བྱ་བ་ཡིན་ནོ། །རབ་ཏུ་མི་རྟོག་པ་ནི། རྟོག་གེ་ལས་འདས་པས་སོ། །གནས་པ་མེད་པ་ནི། ཁམས་གསུམ་དུ་མི་གནས་པས་སོ། །འདིས་བླ་མའི་མན་ངག་ལ་བརྟེན་ནས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པའོ། །ཞེས་སྟོན་ནོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། བསྡུས་པའི་དོན་ལ། སྔོན་བྱང་གི་དབང་དུ་བྱས་པ་དང༌། རྗེས་འཇུག་མངོན་རྟོགས་ཀྱི་དབང་དུ་བྱས་པའོ། །འཁོར་གྱི་དེ་བཞིན་གཤེགས་པ་འདུས་ནས། རྡོ་རྗེ་འཆང་ལ་མཆོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ནས། གསང་བ་འདུས་པའི་དོན་ལ་གསོལ་བ་བཏབ་པ་དང༌། བཅོམ་ལྡན་འདས་ཀྱིས་རྒྱུད་རྟོགས་པར་དཀའ་བ་བསྟན་པ་དང༌། འཁོར་གྱིས་སླར་ཡང་གསོལ་བ་བཏབ་པ་དང༌། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་པ་བསྟན་ནོ། །གཉིས་པ་ནི། གསང་བ་འདུས་པ་ལ་འཇུག་པའི་སློབ་མས་ཚུལ་འདི་ལྟར་ཉེ་བར་གནས་པ་ལ། སློབ་དཔོན་གྱིས་འདི་ལྟར་བཤད་དོ། །ཞེས་སྟོན་ནོ། །སློབ་མའི་བྱ་བ་ཡང་མདོར་བསྡུ་ན་བཞི་སྟེ། བླ་མ་མཉེས་པར་བྱ་བ་དང༌། མཆོད་པ་དང༌། ཡོན་འབུལ་བ་དང༌། གསོལ་བ་གདབ་པའོ། །དང་པོ་གཉིས་ནི། ཕྱག་འཚལ་ནས་ཞེས་པ་ཡན་ཆད་ཀྱིས་བསྟན་ནོ། །གསུམ་པ་ནི། བཤད་དུ་གསོལ་ཞེས་པ་ཡན་གྱིས་བསྟན་ནོ། །བླ་མའི་བྱ་བ་ཡང་གསུམ་སྟེ། སྤྲོ་བ་བསྐྱེད་དེ་སློབ་མའི་བསམ་པ་བརྟག་པ་དང༌། དཀྱིལ་འཁོར་བཞེངས་ཏེ་དབང་བསྐུར་བ་དང༌། སྐལ་བ་དང་འཚམས་པར་ཆོས་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་གཞན་ལྟ་ཅི་སྨོས། །ཞེས་པ་ཡན་ཆད་དོ། །གཉིས་པ་ནི། གསོལ་བ་བཏབ་པ་དེ་མཁྱེན་ནས། །ཞེས་པ་ཡན་ཆད་དོ། །གསུམ་པ་ནི། དེ་མན་ཆད་ཀྱིས་བསྟན་ནོ། །གཉིས་པ་ཡན་ལག་གི་དོན་ལ་བཞི་སྟེ། མཆོད་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ། སྤྲོ་བ་བསྐྱེད་པ་སྔོན་དུ་འགྲོ་བས་རྒྱུད་དོན་རྟོགས་པར་དཀའ་བ། སླར་ཡང་འདོད་པའི་དོན་ལ་གསོལ་བ་བཏབ་པ། སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་སྤྲུལ་པ་སྟོན་པའོ། །དང་པོ་ལ་ཡང་དྲང་དོན་དུ་བཤད་པ་ནི། ཆེད་དུ་བརྗོད་པའི་རྗེས་དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱང་གཅིག་ཏུ་འདུས་ནས་འདི་སྐད་ཅེས་གསོལ་ཏོ། །ཞེས་སྦྲེལ་ལོ། །གང་ལ་འདི་སྐད་ཅེས་གསོལ་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་ལའོ། །ཅི་ཞིག་བྱས་ནས་གསོལ་བར་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཞེས་སོགས་སོ། །ངེས་དོན་དུ་བཤད་པ་ནི། གཞན་རྣམས་སྔར་དང་འདྲ་ལ། སྤྲོས་པ་ནི་ལན་མང་དུ་བྱེད་པའོ། །རིན་པོ་ཆེ་ནི་བུད་མེད་རིན་པོ་ཆེའོ། །སྤྲིན་ནི་དུ་མ་འདུས་པའོ། །གསོལ་བ་བཏབ་པ་དངོས་ནི། བཅོམ་ལྡན་འདས་ཞེས་བོས་ནས་བཤད་དུ་གསོལ་ཞེས་པའོ། །གང་ན། འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་ནི། གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ནོ། །རྡོ་རྗེ་དང་པདྨ་གཅིག་ཏུ་འདུས་པ་ནི་སྤྱིའི་དོན་ནོ། །ཐབས་དང་ཤེས་རབ་གཅིག་ཏུ་འདུས་པ་ནི་སྦས་པའོ། །འདིའི་སྔ་མ་ལ་ཆོས་སྦས་པ་དང༌། ཕྱི་མ་ལ་སེམས་གསུམ་གྱི་སྦས་པར་བཤད་ན་ལེགས་སོ། །བདེན་གཉིས་གཅིག་ཏུ་འདུས་པ་ནི་གསང་བ་སྟེ་འོད་གསལ་ལོ། །འོད་གསལ་ལས་བྱུང་བ་ནི་ཟུང་འཇུག་སྟེ་མཐར་ཐུག་གོ །དེ་ཉིད་ལ་དེ་བཞིན་གཤེགས་པ་ཀུན་གྱིས་གསང༌། །ཞེས་བརྗོད་དོ། །རིགས་ལྔ་པོ་གཅིག་ཏུ་འདུས་པའི་མཚན་ཉིད་ཅན་ཡིན་པས་ན་རྡོ་རྗེ་སྙིང་པོ་འདུས་པའོ། །འདིས་ནི་འདི་སྐད་བསྟན་ཏེ། བསྐྱེད་རིམ་པས་དྲང་དོན་གྱི་མཆོད་པ་རིན་པོ་ཆེ་ལ་སོགས་པས་མཆོད་དེ། ཡི་གེའི་དོན་དང་སྤྱིའི་དོན་གཉིས་ཀྱི་བསྐྱེད་རིམ་བཤད་པར་ཞུ་བ་དང༌། རྫོགས་རིམ་པས་ངེས་དོན་གྱི་མཆོད་པ་བུད་མེད་རིན་པོ་ཆེ་ལ་སོགས་པས་མཆོད་དེ་སྦས་དོན་དང་མཐར་ཐུག་གཉིས་ཀྱིས་རྫོགས་རིམ་བཤད་པར་ཞུ་བའོ། །གཉིས་པ་སྤྲོ་བ་བསྐྱེད་དེ་རྒྱུད་དོན་རྟོགས་པར་དཀའ་བ་བཤད་པ་ནི། དེ་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཞེས་སྦྱར་རོ། །གང་ལ་བཀའ་བསྩལ་ན། འཁོར་གྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལའོ། །གང་གིས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོས་སོ། །ཚུལ་ཇི་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས། ལེགས་སོ་ལེགས་སོ་ཞེས་ཞལ་གྱིས་བཞེས་པའོ། །འོན་ཀྱང་འདུས་པའི་དོན་འདི་ནི་བྱང་ཆུབ་སེམས་དཔའ་གཞན་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་རྣམས་ཀྱིས་རྟོགས་པ་ལྟ་ཅི་སྨོས་ཏེ། མི་རྟོགས་སོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་ལྟ་བུའི་གང་ཟག་ཐམས་ཅད་ཀྱང་ཐེ་ཚོམ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། བླ་མའི་མན་ངག་དང་བྲལ་བ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གསུམ་པ་སླར་ཡང་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་ཡང་ཡུལ་མིན་ནོ། །ཞེས་པས། ངོ་མཚར་དུ་གྱུར་ལ། པད་དཀར་སོགས་ཀྱི་ཡུལ་མིན་པར་བསྟན་པས་རྨད་དུ་གྱུར་ཏེ། སླར་ཡང་འོག་ནས་འབྱུང་བ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་བོས་ནས། ཡང་དག་པར་བསྟན་དུ་གསོལ་ཞེས་སྦྱར་རོ། །གང་བསྟན་དུ་གསོལ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པར་མི་སྤྲོ་བ་དེ་བསྟན་དུ་གསོལ་ཞེས་པའོ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི། རིགས་གསུམ་གྱི་དམ་ཚིག་དང་སྡོམ་པ་སྟེ་ཡི་གེའི་དོན་ནོ། །ཨོཾ་ལ་སོགས་པའི་ཡི་གེ་གསུམ་ནི་སྤྱིའི་དོན་ནོ། །ཡི་གེ་གསུམ་ནི་སྦས་པའོ། །ཡི་གེ་གསུམ་གྱི་རང་བཞིན་ཅན་གྱི་ཟུང་འཇུག་ནི་མཐར་ཐུག་གོ །སྟོན་པར་མི་སྤྲོ་ཞེས་བཤད་ན། གང་ལ་སྟོན་པར་མི་སྤྲོ་ཞེ་ན། རིན་པོ་ཆེ་ལྟ་བུའི་གང་ཟག་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ལ་ཡང་སྟོན་པར་མི་སྤྲོའོ། །གང་གིས་དབུས་སུ་མི་སྤྲོ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུའོ། །གང་སྟོན་པར་མི་སྤྲོ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའོ། །མི་སྤྲོ་ཡང་བསྟན་དགོས་ཞེས་སླར་ཡང་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་པ་མཛད་ནས་ཡང་དག་པར་བསྟན་དུ་གསོལ་ཞེས་སྦྲེལ་ལོ། །ཅི་ཞིག་མཛད་ནས་སྟོན་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། མཛད་ནས་ཞེས་པའི་བར་ཏེ། ཡི་གེའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཡིན་ལ། བྱུང་བའི་ཚིག་ནི། སྐུ་བསྐྱེད་པར་བྱེད་པའི་ས་བོན་གྱི་ཡི་གེ་ཨོཾ་ལ་སོགས་པ་སྟེ་སྤྱིའི་དོན་ནོ། །རྡོ་རྗེའི་དམ་ཚིག་ནི་དབང་པོ་གཉིས་སྦྱར་བ་ཡིན་ལ། བྱུང་བའི་ཚིག་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །བྱིན་གྱིས་བརླབ་པ་ནི། དེས་དབང་བསྐུར་བ་སྟེ་སྦས་པའོ། །རྡོ་རྗེའི་དམ་ཚིག་ནི་འོད་གསལ་ལོ། །བྱུང་བའི་ཚིག་ནི་སྟོང་པ་གསུམ་མོ། །བྱིན་གྱིས་བརླབས་པ་ནི། སྣང་གསུམ་འོད་གསལ་དུ་ཞུགས་ཏེ། སླར་ཡང་འོད་གསལ་ལས་བཞེངས་ནས། གདུལ་བྱའི་ངོར་སྐུ་རྣམ་པ་གཉིས་གསལ་བར་སྟོན་ཞིག་ཅེས་པ་སྟེ། མཐར་ཐུག་པར་བཤད་པའོ། །དགོས་པ་ཅིའི་དོན་དུ་བསྟན་པར་གསོལ་བར་མཛད་ཅེ་ན། དེ་བཞིན་གཤེགས་པ་ཞེས་པ་ནས། བགྱི་བའི་བར་གྱི་ཕྱིར་ཞེས་པའི་བར་རོ། །འདིས་ནི་འདི་སྐད་སྟོན་ཏེ། ཐེག་པའི་ཚུལ་ནི་ཤིན་ཏུ་ཟབ་པས། བསྐྱེད་རྫོགས་གཉིས་ཀྱི་དོན་ཅིས་ཀྱང་བཤད་དུ་གསོལ། ཞེས་པའོ། །བཞི་པ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་སྤྲུལ་པ་སྟོན་པ་ལ་གཉིས་ཏེ། བསྡུས་པའི་དོན་ནི། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ནི་དྲང་དོན་དུ་བཤད་པས་ལྷག་མོས་མཛད་པ་དང་བཅས་པ་དང༌། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དྲང་དོན་དུ་བཤད་པས། ལྷག་མོས་བསྡུས་ཏེ་རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་དང༌། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ནི་སྦས་དོན་དུ་བཤད་པས་ཆོས་འབྱུང་དུ་ལྷ་སུམ་ཅུ་སོ་གཉིས་བསྐྱེད་པ་སྟོན་ནོ། །ཡེ་ཤེས་སྒྲོན་མེའི་ཏིང་ངེ་འཛིན་སྤྱི་དོན་དུ་བཤད་པས། ཆོས་འབྱུང་གི་གཙོ་བོའི་སྐུ་དེ་ཉིད། དྲང་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་སྟེ། སྤྲོ་བ་དང༌། བསྡུ་བ་དང༌། གཙོ་བོ་ལ་བཅུག་པ་དང༌། ཞེ་སྡང་རྡོ་རྗེར་བསྒྱུར་བ་བསྟན་ཏེ། བསྐྱེད་རིམ་པའི་དང་པོའི་སྦྱོར་བའོ། །ཟིལ་གནོན་རྡོ་རྗེ་མཐར་ཐུག་ཏུ་བཤད་པས་སྒྱུ་ལུས་འོད་གསལ་དུ་བཅུག་པ་དང༌། དམ་ཚིག་འབྱུང་བའི་རྡོ་རྗེ་མཐར་ཐུག་ཏུ་བཤད་པས། འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་ཏེ། སྤྲུལ་པའི་སྐུར་བསྒྱུར་བ་དང༌། ཡང་ཟིལ་གནོན་རྡོ་རྗེའི་སྦས་བཤད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས་སྐད་ཅིག་གིས་ལྷ་སུམ་ཅུ་སོ་གཉིས་བསྐྱེད་པ་དང༌། ཡེ་ཤེས་སྒྲོན་མ་སྦས་དོན་དང༌། མཐར་ཐུག་ཏུ་བཤད་པས། ཆོས་འབྱུང་གི་གཙོ་བོའི་སྐུ་དེ་ཉིད་ངེས་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་སྟེ། གཙོ་བོ་ལ་བཅུག་པས་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་རྫོགས་རིམ་པའི་དང་པོའི་སྦྱོར་བའོ། །འོ་ན་མདོར་བྱས་སུ། མི་བསྐྱོད་པ་དབྱུང་བ་མན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཏུ་བཤད་པ་དང༌། འདིར་མི་བསྐྱོད་པ་དབྱུང་བ་མན་ཆད་དང་པོའི་སྦྱོར་བར་བཤད་པ་གཉིས་འགལ་ལོ་ཞེ་ན། ཀླུ་སྒྲུབ་ཀྱིས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་འཁོར་རྣམས་སྤྲོ་བའི་གཞི་ཡིན་པས་དཀྱིལ་འཁོར་རྒྱལ་མཆོག་ཏུ་བཤད་ལ། སློབ་དཔོན་ཟླ་གྲགས་ཀྱིས་དང་པོར་སྦྱོར་བའི་མཐར་ཐུག་པ་ལ་དགོངས་ནས། དང་པོའི་སྦྱོར་བར་བཤད་ཀྱི། དོན་ལ་འགལ་བ་མེད་དོ། །གཉིས་པ་ཡན་ལག་གི་དོན་ནི། གསོལ་བ་བཏབ་པའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས། འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དེ་མཁྱེན་ནས། དེ་དག་ལ་དབང་བསྐུར་བའི་ཕྱིར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པའི་དོན་དུ་ཡེ་ཤེས་སྒྲོན་མེ་ཞེས་སོགས་ཏེ་ཡི་གེའི་དོན་ནོ། །ཡེ་ཤེས་ཀྱི་སྣང་བ་སྤྲོ་བར་མཛད་པས་ན་མི་བསྐྱོད་པ་ལ་ཡེ་ཤེས་སྒྲོན་མེ་ཞེས་བྱ་སྟེ་སྤྱིའི་དོན་ནོ། །རྣམ་པར་ཤེས་པ་གསུམ་གྱི་ཡེ་ཤེས་སྣང་བས་ཕྱོགས་བཅུར་སྣང་བར་མཛད་པས་ན། སྣང་བ་གསུམ་ནི་ཡེ་ཤེས་སྒྲོན་མེ་སྟེ་སྦས་པའི་དོན་ནོ། །ཡེ་ཤེས་ནི་འོད་གསལ་རྟོགས་པའི་བློ་ཡིན་ལ། དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་བྱེད་པས་ན་སྒྲོན་མེ་དང༌། མི་ཕྱེད་པས་ན་རྡོ་རྗེ་སྟེ། ཚུལ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་མཐར་ཐུག་པའོ། །འོད་གསལ་གྱི་ཏིང་ངེ་འཛིན་ལས་བཞེངས་ནས། སེམས་ཅན་རྣམས་ལ་གཟིགས་ཏེ། ཉོན་མོངས་པའི་རང་བཞིན་ཤེས་པ་ནི་བྱང་ཆུབ་ཡིན་ལ། དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་མཁྱེན་ནས། གདུལ་བྱའི་ཞེ་སྡང་སྦྱང་བའི་ཕྱིར། ཞེ་སྡང་གི་རིགས་ནི་ཞེ་སྡང་རྡོ་རྗེ་ཡིན་ལ། དེའི་མཆོག་གི་སྙིང་པོའི་སྙིང་པོ་ནི་སྔགས་ཏེ། འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །བཛྲ་དྷྲིཀ་ཅེས་པ་སྟེ། མངོན་བྱང་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ན་རྡོ་རྗེ་འཆང་སྟེ་དྲང་བའི་དོན་ནོ། །བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་རྣལ་འབྱོར་བཞིས་བསྐྱེད་པའི་རིག་པའི་སྐྱེས་བུ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་དེ་ཉིད། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་དང་དབྱེར་མེད་པར་སྦྱོར་བའི་ཐབས་ཀྱིས་དབུས་ཞལ་ནག་པོ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་བཞུགས་སོ། །ཞེས་པའོ། །འདིར་ལྷའི་གྲངས་ངེས་ལ་གླེང་གཞིར་ཉི་ཤུ་རྩ་གཉིས། སྐབས་འདི་དང་ལེའུ་བཞི་པར་ལྷ་བཅུ་གསུམ། ལེའུ་བཅུ་དྲུག་པར་ལྷ་བཅུ་དགུ། ལེའུ་བཅུ་བདུན་པར་བཅོ་བརྒྱད་གསུངས་ལ། རྗེས་འཇུག་གི་བཞེད་ཚུལ་ནི། ཨིནྡྲ་བོ་དྷིས་བཅུ་གསུམ། ཡེ་ཤེས་ཞབས་ཀྱིས་བཅུ་དགུ། སློབ་དཔོན་མགྲིན་གསུམ་པས་ཉི་ཤུ་རྩ་ལྔར་གསུངས། ཀླུ་སྒྲུབ་ཀྱིས་སུམ་ཅུ་སོ་གཉིས་སུ་གསུངས་སོ། །འདི་དག་ནི་རྒྱུད་ཀྱིས་ཟིན་པའི་རྒྱས་བསྡུས་ཀྱི་རྗེས་སུ་འབྲང་བས་ཐམས་ཅད་ཀྱང༌། འབྲས་བུ་ཐོབ་བྱེད་དུ་ཁྱད་པར་མེད་དེ། སྡེ་བ་བཅོ་བརྒྱད་བཞིན་ནོ། །དཀྱིལ་འཁོར་རྒྱལ་པོ་མཆོག་ལ་གཉིས་ཏེ། བསྡུས་པའི་དོན་ནི། དྲང་བའི་དོན་དང༌། ངེས་པའི་དོན་དང༌། སྒྲ་ཇི་བཞིན་པ་གསུམ་གྱིས། རིམ་པ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་སྟོན། དེ་ཡང་བསྐྱེད་ཆོག་གི་ཏིང་ངེ་འཛིན་རྣམས་དྲང་དོན་དུ་བཤད་པས། ཡུམ་གྱི་ཆོས་འབྱུང་དུ་ཆོ་ག་གསུམ་གྱིས་བསྐྱེད་པའི་འཁོར་དེ་རྣམས་དྲང་དོན་གྱིས་འབྱིན་སྔགས་ཀྱིས་གཙོ་བོའི་ཐུགས་ཁ་ནས་ཕྱུང་སྟེ། སྤྲོ་བ་དང༌། བསྡུ་བ་དང༌། རང་རང་གི་གནས་སུ་བཀོད་པ་སྒྲ་ཇི་བཞིན་པར་བཤད་པས་བསྐྱེད་རིམ་གྱི་དཀྱིལ་འཁོར་རྒྱལ་མཆོག་སྟོན་ནོ། །ཡང་ཏིང་ངེ་འཛིན་རྣམས་ངེས་དོན་དུ་བཤད་པས་ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས་སྐད་ཅིག་གིས་བསྐྱེད་པ་དང༌། འཁོར་གྱི་ལྷ་དེ་རྣམས་ངེས་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་སྟེ། སྤྲོ་བ་དང༌། བསྡུ་བ་དང༌། རང་རང་གི་གནས་སུ་བཀོད་པ་སྒྲ་ཇི་བཞིན་པར་བཤད་པས་རྫོགས་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ་བཞི་ལས། དང་པོ་དེ་བཞིན་གཤེགས་པ་བཞི་བསྐྱེད་པའི་ཚུལ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་བཤད་པའོ། །དང་པོ་ནི། གཙོ་བོ་ཕྱུང་བའི་རྗེས་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ༌། །ཞེས་སྦྱར་རོ། །དམ་ཚིག་འབྱུང་བའི་རྡོ་རྗེ་དྲང་དོན་དང་ངེས་དོན་དུ་བཤད་པ་ནི་བསྟན་ཟིན་ཏོ། །གང་ཕྱུང་ན། གཏི་མུག་ཅན་གྱི་སེམས་ཅན་སྦྱང་བའི་ཕྱིར། ཞི་བའི་ཚུལ་ཅན་ནི་གཏི་མུག་གི་རིགས་ཏེ། རྣམ་པར་སྣང་མཛད་ཡིན་ལ། དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། ཛཱི་ན་ཛིག་སྟེ། རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་ལས་རྒྱལ་བས་ན་རྒྱལ་བ་སྟེ་དྲང་དོན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་ཟིལ་གྱིས་གནོན་པས་ན་རྒྱལ་བ་སྟེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་སྤྱན་སྔར་ཏེ་མདུན་དུ་བཞུགས་སོ་ཞེས་སྦྱར་རོ། །གང་གི་མདུན་དུ་ཞེ་ན། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོ་ཡིའོ། །ཚུལ་ཇི་ལྟ་བུའི་རྣམ་པས་ཤེ་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོ་ཉིད། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་གཅིག་ཏུ་སྦྱོར་བའི་ཐབས་ཀྱིས། དབུས་ཞལ་དཀར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དམར་བའི་རྣམ་པས་སོ། །ཕྲིན་ལས་ཅི་ཞིག་མཛད་ཅེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཏི་མུག་ཅན་རྣམས་ཀྱི་གཏི་མུག་སྦྱངས་ཏེ། གཏི་མུག་རྣམ་པར་དག་པ་ལ་བཀོད་པའོ། །རྣམ་པར་སྣང་མཛད་ཕྱུང་བའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །ཞེས་སྦྱར་རོ། །ཀུན་རྫོབ་བྱང་ཆུབ་སེམས་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྐུ་ནི། རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཏེ་དྲང་དོན་ནོ། །དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྐུ་ནི་རིན་པོ་ཆེ་འབྱུང་བའི་དཔལ་ཏེ་ངེས་དོན་ནོ། །གང་ཞིག་ཕྱུང་ཞེ་ན། བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ན་ཡིད་བཞིན་གྱི་ནོར་བུའི་རིགས་ནི་རིན་ཆེན་འབྱུང་ལྡན་ཡིན་ལ། དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་དེ་གང་ཞེ་ན། རཏྣ་དྷྲིཀ་སྟེ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པས་ན་རིན་ཆེན་འཆང་སྟེ་དྲང་བའི་དོན་ནོ། །ཡང་དག་པའི་མཐའི་རིན་པོ་ཆེ་འཛིན་པས་ན་རིན་ཆེན་འཆང་སྟེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་ལྷོ་ཕྱོགས་ཏེ་གཡས་ཕྱོགས་སུ་བཞུགས་སོ་ཞེས་སྦྱར་རོ། །གང་གི་གཡས་ཕྱོགས་ཤེ་ན། སྐུ་གསུང་ཐུགས་རྡོ་རྗེ་ཡིའོ། །ཚུལ་ཇི་ལྟ་བུའི་རྣམ་པས་ཤེ་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་དེ་ཉིད་རིན་པོ་ཆེ་ཏོག་གི་ཕྱག་རྒྱ་ཆེན་པོ་དང་གཅིག་ཏུ་སྦྱོར་བའི་ཐབས་ཀྱིས། དབུས་ཞལ་སེར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དཀར་པོའི་རྣམ་པས་སོ། །ཕྲིན་ལས་ཅི་ཞིག་མཛད་ནས་བཞུགས་ཤེ་ན། ནམ་མཁའ་མཆོག་གི་གནས་ཀྱི་སྟེ། ནམ་མཁའ་ལྟར་གོས་པ་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། མཆོག་ནོར་གྱིས་དྲེགས་པའི་སེམས་ཅན་རྣམས་སྦྱིན་པས་འདུལ་བར་མཛད་ཅིང༌། ང་རྒྱལ་རྣམ་པར་དག་པའི་གནས་ལ་བཀོད་དོ། །རིན་ཆེན་འབྱུང་ལྡན་ཕྱུང་བའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །འདོད་ཆགས་ཆེན་པོའི་རྒྱུ་མཐུན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་འོད་དཔག་མེད་ཀྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ནི། འདོད་ཆགས་ཆེན་པོ་འབྱུང་བའི་རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན་ཏེ། དྲང་བའི་དོན་ནོ། །འདོད་ཆགས་ཆེན་པོ་ནི་འོད་གསལ་བ་ཡིན་ལ། དེ་ལས་བྱུང་བའི་འོད་དཔག་མེད་ཀྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ནི། འདོད་ཆགས་ཆེན་པོ་ཞེས་སོགས་ཏེ། ངེས་པའི་དོན་ནོ། །གང་ཞིག་ཕྱུང་ཞེ་ན། སོ་སོར་རྟོག་པའི་ཡེ་ཤེས་ལ་ཆགས་པ་ནི། རྡོ་རྗེ་འདོད་ཆགས་ཀྱི་རིགས་ཏེ། དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་གང་ཞེ་ན། ཨ་རོ་ལིཀ་ཅེས་པ་ནི། འཁོར་བ་མ་ལུས་པ་ལས་འདས་པས་ན་ཨ་རོ་ལིཀ་སྟེ། དྲང་བའི་དོན་ནོ། །རོ་ནི་ཡེ་ཤེས་གསུམ་མོ། །ཨ་ལི་ཀ་ནི་བགྲོད་པ་སྟེ། ཡེ་ཤེས་གསུམ་གྱིས་དོན་དམ་འོད་གསལ་ལ་བགྲོད་པས་ཨ་རོ་ལིཀ་སྟེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་རྒྱབ་ཏུ་བཞུགས་ཅེས་སྦྱར་རོ། །གང་གི་ན། སྐུ་གསུང་ཐུགས་རྡོ་རྗེ་ཡིའོ། །རྣམ་པ་ཇི་ལྟ་བུའི་ཚུལ་གྱིས་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་དེ་ཉིད། འཇིག་རྟེན་དབང་ཕྱུག་གི་རིག་པའི་བདག་པོས་ཏེ་འོད་དཔག་མེད་ཡིན་ལ། དེའི་ཕྱག་རྒྱ་ཆེན་པོ་དང་གཅིག་ཏུ་སྦྱོར་བའི་ཐབས་ཀྱིས། དབུས་ཞལ་དམར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དཀར་པོའི་རྣམ་པས་སོ། །ཕྲིན་ལས་ཅི་ཞིག་མཛད་ནས་བཞུགས་ཤེ་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་ཆགས་བསལ་ཏེ། འདོད་ཆགས་རྣམ་པར་དག་པ་ལ་བཀོད་དོ། །འོད་དཔག་མེད་ཕྱུང་བའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་དོན་ཡོད་མཆོག་གི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །ཞེས་སྦྱར་རོ། །དྲང་དོན་ནི། བྱ་གྲུབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་དོན་ཡོད་གྲུབ་པ་ལ་དམིགས་པ་ཡིན་པས་ན་དོན་ཡོད་མཆོག་གོ །ངེས་དོན་ནི། འོད་གསལ་ལ་དམིགས་པའོ། །དམ་ཚིག་ཅེས་པའི་དྲང་དོན་ནི། དམ་ཚིག་ཉམས་པ་ལ་སོགས་པ་སེལ་བས་ན། དམ་ཚིག་འགུགས་པའི་རིགས་ཏེ། དོན་ཡོད་གྲུབ་པ་སྟེ་དྲང་བའི་དོན་ནོ། །དམ་ཚིག་ནི་ཁམས་ཕྲ་བ་སྟེ། ཐབས་ཀྱི་ཡེ་ཤེས་ཀྱིས་བཀུག་ནས་མཆོག་ཏུ་དགའ་བ་བསྐྱེད་པས། ཡོངས་སུ་སྦྱོང་བའི་རིགས་ནི་དམ་ཚིག་འགུགས་པའི་རིགས་ཏེ། ངེས་པའི་དོན་ནོ། །གང་ཕྱུང་ན། དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ཕྱུང་ན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་གང་ཞེ་ན། པྲཛྙཱ་དྷྲིཀ་སྟེ། ཤེས་རབ་འཛིན་པས་ན་ཤེས་རབ་འཆང་སྟེ་དྲང་དོན་ནོ། །ཁམས་ཕྲ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འཛིན་པས་ན་ཤེས་རབ་འཆང་སྟེ་ངེས་དོན་ནོ། །འདི་ཐབས་ལ་སྦྱོར་བར་བྱ་བ་ཡིན་པས། ཤེས་རབ་ལ་སྦྱོར་བ་མི་ལེགས་སོ། །འདི་ཕྱུང་མ་ཐག་ཏུ་བྱང་ཕྱོགས་ཏེ་གཡོན་ཕྱོགས་སུ་བཞུགས་སོ། །གང་གི་ཞེ་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་ཡིའོ། །རྣམ་པ་ཇི་ལྟ་བུས་ཤེ་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་དེ་ཉིད། རྡོ་རྗེ་དོན་ཡོད་པའི་ཕྱག་རྒྱ་ཆེན་པོ་དང་གཅིག་ཏུ་སྦྱོར་བའི་ཐབས་ཀྱིས། དབུས་ཞལ་ལྗང་ཁུ། གཡས་ཞལ་ནག་པོ། གཡོན་ཞལ་དཀར་པོའི་རྣམ་པས་སོ། །ཕྲིན་ལས་ཅི་ཞིག་མཛད་ནས་བཞུགས་ཤེ་ན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། ཕྲག་དོག་གི་དྲི་མ་སྦྱངས་ནས། ཕྲག་དོག་རྣམ་པར་དག་པ་ལ་བཀོད་ཅེས་པའོ། །གཉིས་པ་ཕན་ཡོན་ནི། བསྐྱེད་རྫོགས་གཉིས་ཀྱི་རིགས་ལྔ་བསྒོམས་པ་ལ་དགོས་པ་ཅི་ཡོད་ཅེ་ན། རིགས་ནི་ལྔ་པོ་འདི་དག་ཉིད། །འདོད་དང་ཐར་པ་རབ་སྒྲུབ་པའོ། །ཞེས་པའོ། །འདིའི་དྲང་བའི་དོན་ནི། རིགས་ལྔ་པོ་ནི་རྣམ་སྣང་ལ་སོགས་པའོ། །བསྐྱེད་རིམ་པས་འདི་བསྒོམས་པས་ཐར་པ་ལ་འདོད་པ་བསྐྱེད་པ་ནི། ཐར་པ་འདོད་པའོ། །ཐར་པ་ནི་ཟག་མེད་ཀྱི་བདེ་བ་ཆེན་པོ་སྟེ། དེ་སྒྲུབ་ཅེས་པའི་དོན་ནོ། །ཡང་ན་ཞེ་སྡང་མི་བསྐྱོད་པ་དང༌། གཏི་མུག་རྣམ་སྣང་དང༌། འདོད་ཆགས་འོད་དཔག་མེད་དང༌། ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་དང༌། དམ་ཚིག་དོན་ཡོད་གྲུབ་པ་སྟེ། རིགས་ལྔ་པོ་འདི་རྣམས་བསྐྱེད་རིམ་པས་བསྒོམས་པས་མངོན་པར་འདོད་པའི་ཐར་པ་ཟག་མེད་ཀྱི་བདེ་བ་སྒྲུབ་པར་བྱེད་ཅེས་པ་དྲང་བའི་དོན་ནོ། །ངེས་དོན་ནི་རྫོགས་རིམ་པས་བདེ་བའི་སྣང་བ་ཙམ་ལས་གྲུབ་པའི་རིགས་ལྔ་པོ་བསྒོམས་པས། འདོད་པའི་ཡོན་ཏན་ལ་སྤྱད་པ་དང༌། མཐར་ཐུག་གི་ཐར་པ་རྡོ་རྗེ་འཆང་ཆེན་པོ་ཐོབ་ཅེས་པའོ། །མངོན་པར་འདོད་པའི་ཐར་པ་ཟག་མེད་ཀྱི་བདེ་བ་ཆེན་པོ་སྒྲུབ་ཅེས་པའོ། །ངེས་དོན་ནི་རྫོགས་རིམ་པས་རིགས་ལྔ་བསྒོམས་པས་འདོད་པ་ལ་ལོངས་སྤྱོད་པས་ཐར་པ་རྡོ་རྗེ་འཆང་ཆེན་པོ་ཐོབ་ཅེས་པའམ། ཡང་ན་བཤད་རྒྱུད་དགོངས་པ་ལུང་སྟོན་ལས། ཕུང་པོ་འདི་དག་སངས་རྒྱས་ཏེ། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དེ་ཡང་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་ཏེ། རིགས་ལྔའི་སྒྲས་བསྟན་པའི་གཟུགས་སོགས་ཕུང་པོ་ལྔ། གཉིས་སུ་མེད་པའི་འོད་གསལ་དང་གཅིག་ཏུ་སྦྱར་བས། བྱང་ཆུབ་ཐོབ་པའི་རྐྱེན་དུ་འགྱུར་ཞེས་བྱའོ། །འདིར་ཕུང་པོ་ལྔ་པོ་དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཐ་སྙད་གདགས་སོ། །ཞེས་པའོ། །དེ་བཞིན་གཤེགས་པ་ལྔ་བསྐྱེད་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་ལྷ་མོ་བཞི་བསྐྱེད་པའི་ཚུལ་ནི། དེ་བཞིན་གཤེགས་པ་བཞི་ཕྱུང་བའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྗེས་སུ་ཆགས་པའི་དམ་ཚིག་ནི། མཱ་མ་ཀི་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ཕྱུང་ན། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག མཱ་མ་ཀིའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སོ། །སྙིང་པོ་ནི། དེ་ཤྭ་ར་ཏི་ཞེས་ཏེ། ཞེ་སྡང་ནི་མི་བསྐྱོད་པ་ཡིན་ལ། དེ་ལ་དགའ་བས་ན། ཞེ་སྡང་དགའ་སྟེ་དྲང་དོན། ཞེ་སྡང་དག་པ་ལ་དགའ་བས་ན་ཞེ་སྡང་དགའ་སྟེ། ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་དཀྱིལ་འཁོར་གྱི་བདེན་བྲལ་གྱི་གྲྭར་བཞུགས་སོ། །ཤར་ཕྱོགས་ཀྱི་གྲྭར་འདོད་པ་ནི་ནོར་བའོ། །ཞེས་སྦྱར་རོ། །རྣམ་པ་ཇི་ལྟ་བུས་ཤེ་ན། རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ། མཱ་མ་ཀིའི་གཟུགས་འཛིན་པར་གྱུར་ཏེ། སྔོ་དཀར་དམར་བའི་རྣམ་པས་སོ། །མཱ་མ་ཀི་ཕྱུང་བའི་རྗེས་ཐོགས་དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པ་སྣང་མཛད་ཡིན་ལ། དེའི་རྗེས་སུ་ཆགས་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །གང་ཕྱུང་ན། བཙུན་མོའི་མཆོག་སངས་རྒྱས་སྤྱན་གྱི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། མོ་ཧ་ར་ཏི་ཞེས་པ་སྟེ། གཏི་མུག་ནི་རྣམ་སྣང་ཡིན་ལ། དེ་ལ་དགའ་བས་ན་གཏི་མུག་དགའ་སྟེ་དྲང་དོན་ནོ། །གཏི་མུག་རྣམ་པར་དག་པ་ལ་དགའ་བས་ནས་གཏི་མུག་དགའ་སྟེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ། མོའི་གྲྭར་བཞུགས་སོ། །ལྷོ་ཕྱོགས་ཀྱི་གྲྭར་བཞུགས་ཞེས་པ་ནི་མ་དག་པའོ། །རྣམ་པ་ཇི་ལྟ་བུས་ཤེ་ན། རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ། སྤྱན་མའི་གཟུགས་འཛིན་པར་གྱུར་ཏེ། དཀར་ནག་དམར་བའི་རྣམ་པས་སོ། །གཞན་དག་མཱ་མ་ཀི་ཤར་དང༌། སྤྱན་མ་ལྷོར་འགོད་པ་ནི། ཆག་ལོཙྪ་བས་བསྒྱུར་བའི་སྒྲོན་གསལ་དང༌། བསྡུས་རིམ་མ་མཐོང་བར་ཟད་དོ། །སྤྱན་མ་ཕྱུང་བའི་རྗེས་ཐོགས་དེ་ནས། འདོད་ཆགས་འཛིན་པ་ནི་འོད་དཔག་མེད་དེ། རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ༌། །འདི་ནི་རྒྱུད་ལ་བཞུགས་ཚུལ་གྱི་གོ་རིམ་གྱི་དབང་དུ་བྱས་སོ། །གང་ཕྱུང་ན། བཙུན་མོའི་མཆོག་གོས་དཀར་མོའི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལ་སོགས་པ་ལས་སོ། །སྙིང་པོ་ནི། ར་ག་ར་ཏི་ཞེས་ཏེ། འདོད་ཆགས་ནི་འོད་དཔག་མེད་ཡིན་ལ། དེ་ལ་དགའ་བས་ན་འདོད་ཆགས་དགའ་བས་ཏེ་དྲང་དོན་དང༌། འདོད་ཆགས་རྣམ་པར་དག་པ་ལ་དགའ་བས་ན་འདོད་ཆགས་དགའ་ཏེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་རླུང་གི་གྲྭར་བཞུགས་སོ། །རྣམ་པ་ཅི་ལྟ་བུས་བཞུགས་ན། རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ། གོས་དཀར་མོའི་གཟུགས་འཛིན་པར་གྱུར་ཏེ། དམར་ནག་དཀར་བའི་རྣམ་པས་སོ། །གོས་དཀར་མོ་ཕྱུང་བའི་རྗེས་ཐོགས་དེ་ནས། སྐུ་གསུང་ཐུགས་བསླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །ཞེས་སྦྱར་རོ། །སྐུ་གསུང་ཐུགས་བསླུ་བ་ཞེས་པ་ལ་བཤད་ཚུལ་བཞི་ཏེ། སླུ་བ་ནི་མི་རྟག་པ་ཞེས་གཞན་ལ་རབ་ཏུ་སྟོན་པ་ནི་ཡི་གེའི་དོན་ནོ། །བསླུ་བ་ནི་སྟོང་པ་ཞེས་པ་སྟེ་སྤྱིའི་དོན་ནོ། །སྐུ་གསུང་ཐུགས་ནི་སྣང་བ་གསུམ་སྟེ་དེ་དང་དེ་ལ་ཁམས་ཕྲ་བ་རླུང་ཞུགས་ནས། སྐད་ཅིག་རེ་རེ་ལ། གཟུགས་སོགས་ཀྱི་ཡུལ་མྱོང་བར་བྱས་ཏེ། སླར་ཡང་འོད་གསལ་དུ་རྟོགས་པ་ནི་སླུ་བ་སྟེ་སྦས་པའོ། །སྐུ་གསུང་ཐུགས་ནི་ཕུང་པོ་ཁམས་སྐྱེ་མཆེད་ཡིན་ལ། དེ་རིལ་འཛིན་ཞེས་རྗེས་ཞིག་གིས་མི་སྣང་བར་བྱས་པ་ནི། སླུ་བ་སྟེ་མཐར་ཐུག་གོ །གཞན་དག་གིས་ནི་ནུས་པ་མ་ཐོན་ནོ། །ཅི་ཞིག་ཕྱུང་ཞེ་ན། ཤེས་རབ་འཆང་ནི་དོན་ཡོད་གྲུབ་པ་ཡིན་ལ། དེ་རྗེས་སུ་ཆགས་པ་རྡོ་རྗེའི་དམ་ཚིག་ནི་སྒྲོལ་མ་སྟེ། དེའི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། བཛྲ་ར་ཏི་ཞེས་ཏེ། རྡོ་རྗེ་ནི་དོན་ཡོད་གྲུབ་པ་ཡིན་ལ། དེ་ལ་དགའ་བས་ན་རྡོ་རྗེ་དགའ་སྟེ་དྲང་དོན་ནོ། །རྡོ་རྗེ་ཡེ་ཤེས་ལ་དགའ་བས་ན་རྡོ་རྗེ་དགའ་སྟེ། ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་དབང་ལྡན་གྱི་གྲྭར་བཞུགས་སོ། །ཞེས་འགྲེལ་པའི་འགྱུར་ལས་འབྱུང་ངོ༌། །རྣམ་པ་ཇི་ལྟ་བུས་ཤེ་ན། རིག་པའི་སྐྱེས་བུ་དེ་ཉིད། བུད་མེད་དེ་སྒྲོལ་མའི་གཟུགས་འཛིན་པར་གྱུར་ཏེ། ལྗང་ནག་དཀར་བའི་རྣམ་པའོ། །ལྷ་མོ་བཞི་པོ་འདི་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷན་ཅིག་སྤྱོད་པའི་བཙུན་མོ་ཡིན་པས། བཙུན་མོ་མཆོག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་མཆོག་བསྐྱེད་པས་ན་བཙུན་མོའི་མཆོག་གོ །འདོད་པའི་དབང་ཕྱུག་དང་ལྡན་པས་ཕུན་སུམ་ཚོགས་པའི་སྒྲས་གསུངས་སོ། །ལྷ་མོ་བཞི་བསྐྱེད་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཁྲོ་བོ་བསྐྱེད་པའི་ཚུལ་ལ། ཐོག་མར་སྒོ་བ་བཞི་བསྐྱེད་པ་ནི། ལྷ་མོ་བཞི་ཕྱུང་བའི་རྗེས་ཐོགས་དེ་ནས། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །རྣམ་པར་སྣང་མཛད་སྤྱི་བོར་རིགས་བདག་གི་ཚུལ་དུ་བཞུགས་པ་ནི་རྣམ་སྣང་རྡོ་རྗེ་སྟེ། ཁྲོ་བོ་གཤིན་རྗེ་གཤེད་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཞེས་བྱའོ། །གང་ཞིག་ཕྱུང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་བྱིན་གྱིས་རློབ་པ་ནི། ཤར་སྒོར་གནས་ནས་བསྲུང་བར་མཛད་པ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་སྙིང་པོ་འདིའོ། །གཞན་དག་གིས་ནི་དོན་ལེགས་པར་མ་བཤད་དོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། ཡ་མཱན་ཏ་ཀྲིད་དེ། ཡ་མ་ནི་གཤིན་རྗེ་སྟེ་དམྱལ་བའོ། །ཨན་ཏ་ནི་མཐའ་ཡིན་ལ། ཀྲིད་ནི་བྱེད་པ་སྟེ། གཤིན་རྗེ་མཐའ་འམ་ཟད་པར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དེ་དྲང་བའི་དོན་ནོ། །འདི་ཡང་གཞན་དག་གིས་དོན་མ་ཤེས་སོ། །གཤིན་རྗེ་ནི་མ་རིག་པའོ། །དེ་འོད་གསལ་གྱིས་མཐའ་འབྱིན་པར་མཛད་པས་ན་མཐར་བྱེད་དེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་དཀྱིལ་འཁོར་གྱི་ཤར་སྒོར་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་དུ་བཞུགས་ནས། གཞན་ཐམས་ཅད་བསྙེངས་པར་བྱེད་པའི་རྣམ་པས་སོ། །འདིར་དེ་བཞིན་གཤེགས་པ་ཐམས་ཅད་བགེགས་ལ་བཟུང་ནས། དེ་སྐྲག་པར་མཛད་པ་ལ་འདོད་པ་ནི་འགྲེལ་བས་སྒྲ་ཇི་བཞིན་པར་བཤད་པ་དང་འགལ་ལོ། །གཤིན་རྗེ་གཤེད་ཕྱུང་བའི་རྗེས་ཐོགས་དེ་ནས་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །མངོན་པར་བྱང་ཆུབ་པ་ནི་རིན་འབྱུང་ཡིན་ལ། དེའི་ཅོད་པན་གྱི་རྡོ་རྗེ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་སྟེ། དེ་ལ་དམིགས་པ་དྲང་དོན་ནོ། །མངོན་པར་བྱང་ཆུབ་པའི་རྡོ་རྗེ་ནི་འོད་གསལ་ཏེ། དེ་ལ་དམིགས་པ་ནི་ངེས་དོན་ནོ། །གང་ཞིག་ཕྱུང་ཞེ་ན། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྙིང་པོ་ནི་འོག་ནས་འབྱུང་བ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། པྲཛྙཱ་ཏ་ཀྲིད་དེ། པྲ་ནི་རབ། ཛྙཱ་ན་ནི་ཤེས་པའོ། །ཨན་ཏ་མཐའ་འོ། །ཀྲིད་ཏ་ནི་བྱེད་པ་སྟེ། ཤེས་རབ་ཀྱིས་ཉོན་མོངས་པ་འཇིགས་པར་བྱེད་པས་ན། ཤེས་རབ་མཐར་བྱེད་དེ། དྲང་བའི་དོན་ནོ། །ཤེས་རབ་ནི་རྟོག་པ་སྟེ། ཡུལ་ལ་དཔྱོད་པས་སོ། །དེ་འོད་གསལ་དུ་འཇུག་པར་བྱེད་པ་ནི། མཐར་བྱེད་དེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ། །རྣམ་པ་ཇི་ལྟ་བུས་བཞུགས་ན། རིག་པའི་སྐྱེས་བུ་དེ་ཉིད། རྡོ་རྗེའི་དམ་ཚིག་ཤེས་རབ་མཐར་བྱེད་ཀྱིས་གདུག་པ་རྣམས་བསྙེངས་པ་སྟེ་སྐྲག་པར་བྱེད་ཅེས་པའོ། །ཡང་ན་སྐྲག་པར་བྱ་བ་ལ་བཟུང་སྟེ། རྡོ་རྗེ་དམ་ཚིག་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཡིན་ལ། དེ་རྣམས་བསྙེངས་པ་སྟེ་སྐྲག་པར་བྱེད་པའི་རྣམ་པས་སོ། །འགྲེལ་པར་རྣམ་གྲངས་གཉིས་བཀོད་པ་ལས། གོང་འོག་ནས་བཤད་པའི་རིགས་པས་སྔ་མ་ཉིད་ལེགས་སོ། །ཤེས་རབ་མཐར་བྱེད་ཕྱུང་བའི་རྗེས་ཐོགས་དེ་ནས། ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །ཆོས་རིན་པོ་ཆེ་ནི་འོད་དཔག་ཏུ་མེད་པའོ། །དེའི་འབྱུང་གནས་རྡོ་རྗེ་ནི། དེའི་རིགས་སུ་གཏོགས་པ་རྟ་མགྲིན་ཏེ། དེ་ལ་དམིགས་པ་ནི་དྲང་དོན་ནོ། །གནས་ནི་འོད་དཔག་མེད་ཡིན་ལ། དེ་ལས་བྱུང་བའི་རྡོ་རྗེ་ནི་རྟ་མགྲིན་ནོ་ཞེས་པའོ། །ཆོས་རིན་པོ་ཆེ་ནི་འོད་གསལ་ལོ། །དེའི་འབྱུང་གནས་རྡོ་རྗེ་རྟ་མགྲིན་ཏེ། དེ་ལ་དམིགས་པ་ནི་ངེས་པའི་དོན་ནོ། །ཞེས་བཤད་དོ། །འདིར་ཡང་གནས་དེ་ལས་བྱུང་བའི་རྡོ་རྗེ་ཞེས་བཤད་ན་ལེགས་པར་མངོན་ནོ། །གང་ཕྱུང་ན། ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། པདྨ་ཏ་ཀྲིད་ཅེས་ཏེ། པདྨ་ཆུས་མ་གོས་པ་བཞིན་དུ་ཉོན་མོངས་པས་མ་གོས་ཏེ། ཉོན་མོངས་པ་འཇིག་པར་མཛད་པས་སོ། །དེས་ན་པདྨ་མཐར་བྱེད་དྲང་དོན་ནོ། །པདྨ་ནི་སྐྱེ་གནས་ཡིན་ལ། མཐའ་ནི་ཕྱི་ནས་བརྩིས་པའི་ནང་སྟེ། དེར་དབང་པོ་གཉིས་སྦྱར་གྱི་ཐབས་ཀྱིས་མཆོག་ཏུ་དགའ་བ་བསྐྱེད་པས་ན། པདྨ་མཐར་བྱེད་ཅེས་གསུང་མོད། འདིར་མཐར་བྱེད་ཀྱི་སྒྲ་མི་འགྲིག་པར་སྣང་བས་བརྟག་གོ །ཡང་ན་མཐར་བྱེད་པ་ནི་རིམ་གྱིས་བྱེད་པ་ལ་ཆག་ལོས་བཤད་དོ། །འདི་ཕྱུང་མ་ཐག་ཏུ་ནུབ་ཀྱི་སྒོར་བཞུགས་སོ། །རྣམ་པ་ཇི་ལྟ་བུས་བཞུགས་ཤེ་ན། རིག་པའི་སྐྱེས་བུ་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཁྲོ་བོས། གཞན་ཐམས་ཅད་བསྙེངས་པར་བྱེད་པའི་རྣམ་པས་སོ། །གཞུང་འདིའི་རིགས་པས་གཞན་རྣམས་ཀྱང་བྱེད་པ་ལ་སྦྱར་ན་ལེགས་སོ། །པདྨ་མཐར་བྱེད་ཕྱུང་བའི་རྗེས་ཐོགས་དེ་ནས། སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །སྐུ་གསུང་ཐུགས་ནི་དོན་ཡོད་གྲུབ་པའོ། །དེའི་རྡོ་རྗེ་ནི་ཁྲོ་བོ་བདུད་རྩི་ཐབས་སྦྱོར་ཏེ། དེ་ལ་དམིགས་པ་ནི་དྲང་དོན་ནོ། །སྐུ་གསུང་ཐུགས་རྡོ་རྗེ་ནི། སྐུ་གསུང་ཐུགས་རྣམ་པར་དག་པའི་འོད་གསལ་བ་སྟེ། དེ་ལ་དམིགས་པ་ནི་ངེས་དོན་ནོ། །གང་ཕྱུང་ཞེ་ན། ཁྲོ་བོ་ཆེན་པོ་བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། བིག་ནཱན་ཏ་ཀྲིཏ་ཏེ་བགེགས་རྣམས་མཐར་མཛད་ཅིང་འཇིགས་པར་མཛད་པས་ན་བགེགས་མཐར་བྱེད་དེ་དྲང་བའི་དོན་ནོ། །ལུས་གཟིར་བར་བྱེད་པའི་ནད་ནི་བགེགས་ཡིན་ལ། ཐབས་ཀྱི་ཡེ་ཤེས་ཤར་བས་དེ་རྣམས་འཇིགས་པར་མཛད་པས་ན་བགེགས་མཐར་བྱེད་དོ། །ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། །རྣམ་པ་ཇི་ལྟ་བུས་བཞུགས་ན། རིག་པའི་སྐྱེས་བུ་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན། གཞན་ཐམས་ཅད་བསྙེངས་པར་བྱེད་པ་ཁྲོ་བོའི་རྣམ་པས་སོ། །འདིས་ཀྱང་སྔ་མ་རྣམས་སྐྲག་བྱེད་ལ་སྦྱར་བ་ཉིད་ལེགས་སོ། །ཁྲོ་བོ་བཞི་པོ་སྒོར་བཞུགས་ནས་ཅི་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པ་རྣམས་མཉེས་པར་བྱེད་པས། དམ་ཚིག་སེམས་དཔའ་རྣམས་ཏེ། གང་གིས་མཉེས་པར་བྱེད་ཅེ་ན། བགེགས་ཐམས་ཅད་འཇིགས་པའི་བྱ་བ་མཛད་པས་སོ། །བཞི་པ་ལྷ་གཞན་རྣམས་བསྐྱེད་པའི་ཚུལ་ལ་དཀྱིལ་འཁོར་ལ་ཇི་ལྟར་བཀོད་པའི་ཚུལ་དང༌། ལྷའི་གྲོང་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྒོ་བཞིར་རྩ་རྒྱུད་ནས་བཤད་པའི་ཁྲོ་བོ་བཞི་དང༌། མཚམས་བཞི་དང་སྟེང་འོག་རྣམས་སུ་མི་གཡོ་བ་ལ་སོགས་པའི་ཁྲོ་བོ་གཞན་རྣམས་འགོད་པའོ། །ཕྱོགས་བཞིའི་སྣམ་བུར་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དོ། །ནང་གི་མཚམས་བཞིར་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་བཞིའོ། །དེ་ལྟར་ལྷ་སུམ་ཅུ་སོ་གཉིས་འགོད་པར་བྱའོ། །གཉིས་པ་ནི་གླེང་གཞིར་ཉི་ཤུ་རྩ་གཉིས་དང༌། ལེའུ་དང་པོ་དང་བཞི་པར་ལྷ་བཅུ་གསུམ་དང༌། ལེའུ་བཅུ་དྲུག་པར་ལྷ་བཅུ་དགུ་དང༌། ལེའུ་བཅུ་བདུན་པར་ལྷ་བཅོ་བརྒྱད་གསུངས་པ་རྣམས་དང་མི་མཐུན་ནོ་ཞེ་ན། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྐུའི་དཀྱིལ་འཁོར་ལ་སུམ་ཅུ་སོ་གཉིས་འགོད་པར་གསུངས་པ་བཞིན། ཕྱུང་བའི་དཀྱིལ་འཁོར་ལའང་སུམ་ཅུ་སོ་གཉིས་སོ། །ཇི་སྐད་དུ། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རི་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཀྱི་ཕུང་པོར་ཡང་དག་བཞུགས། །ཞེས་པ་ནས། འོག་གི་རྐང་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །ཞེས་པས་བསྟན་ནོ། །ཡུམ་གྱི་ལུས་ལའང་ལྷ་སུམ་ཅུ་སོ་གཉིས་འགོད་པར་ཡབ་ཀྱི་རིགས་པས་ཤེས་སོ། །འགའ་ཞིག་ཡུམ་ལ་དེ་བཞིན་གཤེགས་པ་ལྔ་ལས་མི་འགོད་པར་ནི་དོན་མ་རྟོགས་པ་སྟེ། ཏ་ཐཱ་ག་ཏ་རཀྵི་ཏས། བྱང་ཆུབ་སེམས་དཔའ་བཞི་འགོད་པར་བྱའོ། །ཡང་བཞི་འགོད་པར་བྱའོ་ཞེས་གསུངས་པ་དང༌། སློབ་དཔོན་ཟླ་བས་ཀྱང༌། ཡབ་ཀྱི་བཞིན་འགོད་པར་གསུངས་ཀྱི། གཞན་དམིགས་བསལ་མ་གསུངས་པའི་ཕྱིར། འོ་ན་དྲུག་ཅུ་རྩ་གཉིས་སུ་འགྱུར་རོ་ཞེ་ན། ཡབ་ཡུམ་གྱི་རིགས་ལྔ་དང་ཡུམ་བཞི་དང༌། ཁྲོ་བོ་བཅུ་དང༌། བྱང་ཆུབ་སེམས་དཔའ་བརྒྱད་རྣམས་དག་པ་གཅིག་པའི་ཕྱིར། རིགས་མཐུན་པ་གཉིས་གཉིས་གཅིག་ཏུ་བགྲང་བས་སུམ་ཅུ་རྩ་གཉིས་སུ་ངེས་སོ། །ལེའུ་མཚན་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཉིད་ལ་གསང་བ་ཞེས་བཤད་པ་ཡིན་ལ། སངས་རྒྱས་ཐམས་ཅད་ཚོགས་པ་ནི་འདུས་པའོ། །ཞེས་རྒྱུད་ཕྱི་མ་ལས་བཤད་པ་ལྟར་བསྟན་ཏེ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བཤད་པ་ཡིན། །སངས་རྒྱས་ཐམས་ཅད་ཞེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བརྗོད། །ཞེས་གསུངས་སོ། །རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརློབ་པ་སྟེ། བསྐྱེད་པའི་ལེའུ་སྟེ་དང་པོའོ།། ༈ །ལེའུ་དང་པོའི་རྒྱུད་ཀྱི་དོན་མདོར་བསྟན་ནས། ལེའུ་ལྷག་མ་བཅུ་དྲུག་རྒྱས་པར་འཆད་པ་ལ། ལེའུ་གཉིས་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ཡང་ངོ་བོ་དང༌། དབྱེ་བ་དང༌། བརྗོད་བྱ་ངོས་བཟུང་བའོ། །དང་པོ་ནི་སྟོང་པ་ཉིད་རྟོགས་པའི་བློ་ཐབས་ཀྱི་སྙིང་པོ་ཅན་ནོ། །རྡོ་རྗེ་ཕྲེང་བར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རང་བཞིན་ནོ། །ཞེས་སོ། །གཉིས་པ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །གསུམ་པ་བརྗོད་པ་ངོས་བཟུང་བ་ནི། འདིར་རྫོགས་པའི་རིམ་པ་འབའ་ཞིག་སྟོན་ཅིང༌། དེ་དག་ལས་ཀྱང་འོད་གསལ་དང༌། ཟུང་འཇུག་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། རྒྱུད་ཀྱི་བརྗོད་བྱའི་གཙོ་བོར་རྣམ་པར་དབྱེ་བའོ། །དང་པོ་ནི། ལེའུ་དང་པོ་བསྟན་པའི་རྗེས་ཐོགས་དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་པ་ནས། གསོལ་ཏོ་ཞེས་པའི་བར་ནི་སྒྲ་ཇི་བཞིན་པའོ། །གཉིས་པ་ལ་འཁོར་གྱིས་གསོལ་བ་བཏབ་པ་དང༌། སྟོན་པས་ཉན་པ་གདམས་པ་དང༌། འཁོར་གྱིས་དེ་ལ་ཆེད་དུ་བརྗོད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་དང༌། སླར་ཡང་ངོ་མཚར་ཆེ་སྟེ་ཆེད་དུ་བརྗོད་པའོ། །དང་པོ་ནི། ལེའུ་དང་པོ་རྫོགས་པའི་རྗེས་ཐོགས་དེ་ནས་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ། འདི་སྐད་ཅེས་གསོལ་ཏོ་ཞེས་སྦྱར་རོ། །ཅི་ཞིག་བྱས་ནས་ཤེ་ན། ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱས་ཏེ། ལུས་ཀྱི་ཕྱག་འཚལ་ནས་སོ། །སུ་ཞིག་གིས་ཤེ་ན། མི་བསྐྱོད་པ་ལ་སོགས་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །ཚུལ་ཇི་ལྟར་གསོལ་ན། བཅོམ་ལྡན་འདས་ཞེས་བོས་ནས། བཤད་དུ་གསོལ་ཞེས་སྦྱར་རོ། །གང་ཞེ་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཇི་ལྟ་བུ་སྙམ་ན། སྐུ་གསུང་ཐུགས་དབྱེར་མེད་མི་ཕྱེད་པའི་ངོ་བོ་ནི་རྡོ་རྗེ་འཆང་ཡིན་ལ། རྒྱུ་ལ་འབྲས་བུའི་མིང་གིས་ཉེ་བར་བཏགས་པས་འོད་གསལ་ཉིད་སྐུ་གསུང་ཐུགས་ཀྱི་མཆོག་གོ །སྒྲིབ་པ་ཐམས་ཅད་ལས་གྲོལ་བས་ན་སྙིང་པོའོ། །བྱ་རྒྱུད་སོགས་ལ་མི་བསྟན་པས་གསང་བའོ། །དེ་ཉིད་ཀྱིས་ན་བླ་ན་མེད་པའོ། །དོན་ནི་ཟུང་འཇུག་གི་སྐུ་བསྐྱེད་པའི་ཕྱིར་དུ། དེའི་རྒྱུ་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་བཤད་དུ་གསོལ། ཞེས་པའི་དོན་ནོ། །གཉིས་པ་ནི། གསོལ་བ་བཏབ་པའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོས། འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ཅིང༌། སྒྲིབ་པ་རྣམ་སེལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་འོག་ནས་འབྱུང་བ་འདི་སྐད་ཅེས་བཀའ་བསྩལ་ཏོ། །སེམས་ཀྱི་རྟོག་པ་ནི། བྱང་ཆུབ་ཀྱི་སེམས་འོད་གསལ་བསྟན་ན། དོན་ཆེན་པོར་འགྱུར་ཏེ་སྙམ་པའོ། །འདིས་རྗེས་འཇུག་ལྟར་ན། བླ་མས་སློབ་མའི་རྟོག་པ་མཁྱེན་ནས། བྱང་ཆུབ་ཀྱི་སེམས་འཆད་པ་ལ་སྦྱར་རོ། །བཀའ་བསྩལ་བའི་དོན་ལ། དྲང་དོན་གྱི་བཤད་པ་ལ་འགའ་ཞིག ཁྱོད་ཀྱིས་བསྐྱེད་ཅིག་ཅེས་ཏེ། ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པར་བྱ་ཞེས་པའོ། །སུས་བསྒོམ་པར་བྱ་ཞེ་ན། སེམས་ལུས་ཀྱི་རྣམ་པ་ནི་སྐུ་རྡོ་རྗེའི་རྣམ་པས་ཞེས་པའོ། །ལུས་སེམས་ཀྱི་རྣམ་པ་ནི་ཐུགས་རྡོ་རྗེའི་རྣམ་པས་ཞེས་པའོ། །སེམས་ཚིག་ཏུ་བརྗོད་པ་ནི། གསུང་རྡོ་རྗེའི་རྣམ་པས་ཏེ། དེ་ལྟར་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། སྐུ་གསུང་ཐུགས་ནམ་མཁའ་ལྟ་བུར་རོ་གཅིག་པར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་ཞེས་པའོ། །འདིས་ལྷག་མོས་བསྡུས་ནས། དེ་བཞིན་ཉིད་ལ་བྱང་ཆུབ་པ་བསྒོམ་པ་བསྟན་ནོ། །ཞེས་ཟེར་རོ། །འདི་ནི་མི་འཐད་དེ། ལེའུ་འདིས་རྫོགས་རིམ་འབའ་ཞིག་སྟོན་ཅིང༌། བྱེ་བྲག་ཏུ་འོད་གསལ་དང་ཟུང་འཇུག་འབའ་ཞིག་སྟོན་པར་འདོད་པ་དང་འགལ་ལོ། །དེས་ན་ཁྱོད་ཀྱིས་བསྐྱེད་ཅིག་ཅེས་སྦྱར་རོ། །ཇི་ལྟར་ན་སེམས་ལུས་རྡོ་རྗེའི་སྐུའི་རྣམ་པ་དང༌། ལུས་སེམས་ཏེ་ཐུགས་རྡོ་རྗེའི་རྣམ་པ་དང༌། སེམས་ཚིག་ཏུ་བརྗོད་པ་གསུང་རྡོ་རྗེའི་རྣམ་པར་བསྐྱེད་ཅིག་ཅེས་པའོ། །འདིས་སྐུ་གསུང་ཐུགས་ཐ་མི་དད་པའི་ངོ་བོ་ཉིད་ཀྱིས། ཡེ་ཤེས་ཀྱི་སྐུ་བྱང་ཆུབ་ཀྱི་སེམས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་བསྐྱེད་ཅིག་ཅེས་པའོ། །དེ་ནས་ཡང་དག་པར་སྦྱར་ཞེས་སྦྲེལ་ལོ། །སུ་ཞིག་གིས་ཤེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་སོ། །གང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སོ། །ཚུལ་ནི། སྟོང་པ་ཉིད་ནམ་མཁའ་ལྟ་བུར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་སོ། །འདིས་ལྷག་མོས་བསྡུས་ནས། དེ་བཞིན་ཉིད་ལ་བྱང་ཆུབ་བསྒོམ་པ་བསྟན་ཞེས་ཟེར་བ་ནི། འདིར་རྫོགས་རིམ་ཁོ་ན་སྟོན་པའི་སྐབས་ཡིན་པས་མི་འགྲིག་གོ །གཉིས་པ་ངེས་དོན་ནི། ཁྱེད་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་སྒྱུ་མ་ལྟ་བུ་བསྐྱེད་ཅིག་ཅེས་པའོ། །ཚུལ་ཇི་ལྟ་བུར་ཞེ་ན། སེམས་ལུས་ལྟ་བུ་ཞེས་པ་ནི། སེམས་གསུམ་རླུང་ཕྲ་བ་དང་ལྷག་ཅིག་པ་ལས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུ་དང༌། སྐུ་དེ་ནི་ལུས་སེམས་ཀྱི་རྣམ་པ་སྟེ། སེམས་ཀྱི་སྣང་བ་ལས་ལུས་དོན་གཞན་མེད་པ་དང༌། སེམས་ཚིག་ཏུ་བརྗོད་པའི་རྣམ་པ་ནི། སེམས་ཀྱང་ཚིག་གིས་བརྗོད་པ་ལྟར་རེག་པ་དང་བཟུང་བར་མི་ནུས་པ་ལྟ་བུར་བསྐྱེད་ཅིག་ཅེས་པའོ། །འདིའི་དོན་ནི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་ལུས་ཀྱི་སྐུ་འོད་གསལ་དུ་བཅུག་ནས། སྐད་ཅིག་གིས་རྗེས་དྲན་གྱི་ཡན་ལག་ལས། ཟུང་འཇུག་རྡོ་རྗེ་འཆང་དུ་བསྐྱེད་གཅིག་ཅེས་པའོ། །དེ་ལྟར་བསྐྱེད་པའི་སྒྱུ་མའི་རང་བཞིན་ཅན་གྱི་སྐུ་གསུང་ཐུགས་འོད་གསལ་དུ་བཅུག་སྟེ། ནམ་མཁའ་ལྟ་བུའི་འོད་གསལ་དང་སྦྱར་ཞིང་གཅིག་ཏུ་བྱས་ནས། ཟུང་འཇུག་གི་སྐུ་བསྐྱེད་པར་བྱའོ། །རྡོ་རྗེ་ཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། །ཞེས་པ་ནས། དངོས་གྲུབ་གཉིས་པོ་ཐོབ་པར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི། ཁམས་གསུམ་ན་སྙིང་པོར་གྱུར་པ་ཕྱི་ནང་གི་དངོས་པོ་རྣམས། རང་སྲོག་རླུང་ལས་གཞན་ཡན་འགར་དུ་གནས་པ་མེད་དེ། ཁམས་གསུམ་རླུང་གི་སྤྲུལ་པ་ཡིན་པའི་ཕྱིར། དངོས་པོ་དེ་དག་ཀྱང་རྨི་ལམ་རྨི་བའི་ཡུལ་བཞིན་དུ། སྒྱུ་མ་ལྟ་བུའི་ཚུལ་དུ་མཐོང་ནས། ཁམས་གསུམ་པའི་བདག་ཉིད་ཀྱི་དངོས་པོ་དེ་བཞིན་ཉིད་འོད་གསལ་གཅིག་ཏུ་གྱུར་པ་སྟེ་སྐད་ཅིག་གིས་མཐོང་ནས། སླར་ཡང་ཟུང་འཇུག་གི་སྐུར་བྱིན་གྱིས་བརླབས་ནས་ལྡང་བ་ནི། དེ་བཞིན་ཉིད་དེ། འགྱུར་བ་མེད་པའི་མཆོག་གི་དངོས་གྲུབ་ཚེ་འདི་ལ་ཐོབ་པར་འགྱུར་ཞེས་བསྟན་ནོ། །གསུམ་པ་འཁོར་གྱིས་དེ་ལ་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ་སྟེ་ངོ་མཚར་ཆེའོ། །གང་ཞིག་ངོ་མཚར་ཆེ་ཞེ་ན། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོས། །སྐྱེ་བ་མེད་པ་འོད་གསལ་ལ། །སྒྱུ་ལུས་གཅིག་ཏུ་སྦྱར་བ་ཡིས་ཏེ། འོད་གསལ་དུ་བཅུག་ནས་སླར་ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ཟུང་འཇུག་གི་སྐུར་སྐྱེ་བར་རབ་ཏུ་བསྒྲགས་པ་གང་ཡིན་པ་འདི་ནིའོ། །བཞི་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ལ། དང་པོ་རྡོ་རྗེ་འཆང་གིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ནི། ཆེད་དུ་བརྗོད་པ་རྫོགས་པའི་རྗེས་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་གཉིས་སུ་མེད་པའི་ཡེ་ཤེས། དེ་ཐོབ་པའི་ཚུལ་ནི། ཐབས་ཏེ་མི་ཕྱེད་པས་ན་རྡོ་རྗེའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འོག་ནས་འབྱུང་བ་འདི་གསུངས་སོ། །གང་གིས་ན། དེ་བཞིན་གཤེགས་པས་སོ། །གསུངས་པའི་དོན་ལ་འཇུག་ཚུལ་བཞི་ལས། དང་པོ་ཡི་གེའི་དོན་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་ན། དངོས་པོ་མེད་པ་གཅིག་བསྒོམ་མམ་སྙམ། དངོས་པོ་མེད་པ་ལ་བསྒོམ་བྱར་དམིགས་ནས། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱར་མེད་དེ། དེ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་བྱར་མེད་པའི་ཕྱིར། དངོས་པོ་རང་བཞིན་གྱིས་ཡོད་པ་གཅིག་བསྒོམ་མམ་སྙམ་ན། བསྒོམ་པར་བྱ་བ་དངོས་པོ་སྒོམ་པ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ནི་དངོས་པོའི་མཚན་མ་དང་བྲལ་བའི་ཕྱིར་རོ། །གཉིས་ཀ་དང་ལྡན་པའི་དངོས་པོ་གཅིག་སྒོམ་མམ་སྙམ་ན། དེ་སྒོམ་པ་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་པར་མི་ཐད་དེ། བསྒོམ་བྱར་འདོད་པ་གཉིས་ཀའི་དངོས་པོ་དམིགས་སུ་མེད་པའི་ཕྱིར་ཏེ། གོང་དུ་བསྟན་པ་དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་བསྒོམ་བྱར་མེད་པས་སོ། །སྤྱིའི་དོན་ནི། རིགས་པས་དཔྱད་ན། དངོས་པོ་མེད་པས་སྟོང་པ་ཞིག་སྒོམ་མོ་སྙམ་ན། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་ལ། སྟོང་པ་ཉིད་ཀྱི་དངོས་པོ་བསྒོམ་པར་བྱར་མེད་དེ། སྟོང་པ་ཉིད་ལ་ཞེན་པའང་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འོ་ན་ནང་འཛིན་པའི་རྒྱུ་འབྲས་བསྒོམ་པར་བྱ་བ་ཡིན་ནམ་སྙམ་ན། བསྒོམ་པར་བྱ་བ་ནང་འཛིན་པའི་རྒྱུ་འབྲས་ཀྱང༌། བྱང་ཆུབ་ཀྱི་སེམས་སྒོམ་པའི་བསྒོམ་བྱ་མིན་ཏེ། བྱང་ཆུབ་ཀྱི་སེམས་ནི་དོན་དམ་པར་རྒྱུ་འབྲས་སུ་མེད་པའི་ཕྱིར་རོ། །འོ་ན་མངོན་དུ་བྱ་བ་ཕྱི་རོལ་གྱི་རྒྱུ་འབྲས་བསྒོམ་པར་བྱ་བ་ཡིན་ནོ་སྙམ་ན། དེ་ཡང་མི་འཐད་དེ། དེའི་བསྒོམ་བྱར་དམིགས་སུ་མེད་པའི་ཕྱིར་ཏེ། དངོས་པོ་གཟུང་འཛིན་དང༌། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་མེད་པས་སོ། །སྦས་དོན་ནི། སྣང་བའི་སེམས་གསུམ་བསྒོམ་བྱ་ཡིན་ནོ་སྙམ་ན། གཟུགས་ཕུང་པོའི་དངོས་པོ་མེད་པ་ལ། སེམས་གསུམ་གྱི་རང་བཞིན་ཡང་བསྒོམ་བྱར་མེད་དེ། སེམས་ཀྱང་རང་བཞིན་གྱིས་སྟོང་པའི་ཕྱིར། ཀུན་རྫོབ་བདེན་པ་སྒྱུ་ལུས་བསྒོམ་མོ་སྙམ་ན། བསྒོམ་པར་བྱ་བ་སྒྱུ་ལུས་ཀྱི་སྐུ་བསྒོམ་པ་ཡང་འོད་གསལ་སྒོམ་པ་མ་ཡིན་ཏེ། འོད་གསལ་གྱིས་མེས་མ་སྦྱངས་པའི་ཕྱིར། འོད་གསལ་དང༌། སྒྱུ་ལུས་སོ་སོར་སྒོམ་པར་བྱ་བ་ཡིན་ནོ་སྙམ་ན། མི་འཐད་དེ། སྒོམ་པར་བྱ་བ་བདེན་གཉིས་ཐ་དད་དུ་དམིགས་སུ་མེད་པའི་ཕྱིར་ཏེ། དེ་ལྟར་དངོས་པོ་སྒྱུ་ལུས་དང༌། དངོས་པོ་མེད་པ་འོད་གསལ་དབྱེར་མེད་པས་སོ། །བཞི་པ་མཐར་ཐུག་ནི། ཟུང་འཇུག་གི་སྐབས་སུ་འོད་གསལ་འབའ་ཞིག་བསྒོམ་པར་བྱ་བ་ཡིན་ནམ་སྙམ་ན། དངོས་མེད་འོད་གསལ་འབའ་ཞིག་ལ་དམིགས་ན་བསྒོམ་པར་བྱར་མེད་དེ། ཟུང་འཇུག་ནི་སྣང་སྟོང་དབྱེར་མེད་ལ་འདོད་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་བདེན་པ་སྒྱུ་ལུས་འབའ་ཞིག་བསྒོམ་མམ་སྙམ་ན། ཟུང་འཇུག་གི་ཚེ་བསྒོམ་པར་བྱ་བ་སྒྱུ་ལུས་འབའ་ཞིག་བསྒོམ་པ་མ་ཡིན་ཏེ། འོད་གསལ་གྱིས་རྒྱས་མ་བཏབ་པར་ཟུང་འཇུག་གི་དོན་མེད་པའི་ཕྱིར་རོ། །འགྲེལ་པས། མི་བདེན་པ་ཉིད་ཀྱི་ཕྱིར་ཞེས་གསུངས་པ་ལྟར་ན། སྒྱུ་མ་འབའ་ཞིག་ནི་བསླུ་བའི་ཕྱིར་སྙམ་དུ་དགོངས་པ་ཡིན་ལ། འོན་ཀྱང་སྔ་མ་ལྟར་ལེགས་སོ། །འོ་ན་གཉིས་ཀའི་བདག་ཉིད་ཅན་གྱི་དངོས་པོར་བསྒོམ་མོ་ཞེ་ན། མ་ཡིན་ཏེ། བསྒོམ་པར་བྱ་བ་གཉིས་ཀའི་བདག་ཉིད་ཅན་གྱི་དངོས་པོར་དམིགས་སུ་མེད་པའི་ཕྱིར་ཏེ། དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་བདག་ཉིད་ཅན་གྱི་དངོས་པོ་མེད་པས་སོ། །འོ་ན་གང་བསྒོམ་སྙམ་ན། བདེན་གཉིས་དབྱེར་མེད་དུ་བསྒོམ་བྱ་ཡིན་ཏེ། གཉིས་པོ་དབྱེར་མེད་དུ་མཐོང་བ་ཙམ་གྱིས་གྲོལ་བའི་ཕྱིར། གཞན་དག་གིས་ནི་ཇི་བཞིན་མ་རྟོགས་སོ། །རྡོ་རྗེ་འཆང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་བསྟན་ཟིན་ཏོ། །གཉིས་པ་རྣམ་སྣང་གི་གསུངས་པའི་བྱང་ཆུབ་སེམས་ནི། རྡོ་རྗེ་འཆང་གིས་བསྟན་པའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དེ་བཞིན་གཤེགས་པས། མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འོག་ནས་འབྱུང་བ་འདི་གསུངས་སོ། །མངོན་པར་རྟོགས་པ་རྡོ་རྗེ་ནི། འོད་གསལ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སྦྱར་རོ། །གདོད་མ་ནས་མ་སྐྱེས་པ་རང་གི་སེམས་རྡོ་རྗེ་མི་ཕྱེད་པའི་རང་བཞིན་ནི། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །ཅིའི་ཕྱིར་གདོད་མ་ནས་མ་སྐྱེས་ཤེ་ན། ཆོས་བདག་མེད་པ་དོན་དམ་དང༌། གཉིས་སུ་མེད་ཅིང་མཉམ་པ་ཉིད་ཡིན་པས་སོ། །བདག་མེད་པའི་དོན་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་དང་བྲལ་ཞིང༌། ཕུང་ཁམས་སྐྱེ་མཆེད་དང༌། གཟུང་འཛིན་རྣམ་པར་སྤངས་པ་ནམ་མཁའ་ལྟ་བུའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་སྦྱར་རོ། །གསུམ་པ་མི་བསྐྱོད་པའི་གསུངས་པའི་བྱང་ཆུབ་ཀྱི་སེམས་ནི། རྣམ་སྣང་གི་གསུངས་པའི་རྗེས་ཐོགས་དེ་ནས། མི་ཟད་པའི་རྡོ་རྗེ་ནི་ཡང་དག་པའི་མཐའ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འོག་ནས་འབྱུང་བ་འདི་གསུངས་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་མཐའ་བཞི་ལས་མ་སྐྱེས་པས། དོན་དམ་པར་ཆོས་མེད་ལ། དེ་མེད་པས་དེ་ལ་བརྟེན་པའི་ཆོས་ཉིད་ཀྱང་མེད་པ་སྟེ། དེ་ལྟར་ན་ནམ་མཁའ་ལྟར་བདག་མེད་པའི་རང་བཞིན་འོད་གསལ་འདི་ནི། འོད་གསལ་རྟོགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་ཐོབ་པའི་ཚུལ་འདི་ནི་སྟེ། ཐབས་སྙིང་པོའི་ཚུལ་དུ་ཡོད་པས་བརྟན་པའོ། །དགོངས་པ་མིན་པས་བཤད་པའོ། །བཞི་པ་རིན་ཆེན་འབྱུང་ལྡན་གྱིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ནི། མི་བསྐྱོད་པས་བསྟན་པའི་རྗེས་ཐོགས་དེ་ནས། བདག་མེད་པའི་རྡོ་རྗེ་ནི་དོན་དམ་པའི་བདེན་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འོག་ནས་འབྱུང་བ་འདི་གསུངས་སོ། །ཆོས་ཐམས་ཅད་མཚན་གཞིའི་དངོས་པོ་མེད་དེ། མཚན་མ་མེད་པའི་ཕྱིར། མཚན་གཞི་མ་གྲུབ་པས། ཆོས་རྣམས་ཀྱི་མཚན་ཉིད་ཀྱང་རྣམ་པར་སྤངས་ཏེ་རྟེན་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ལྷའི་སྐུ་བསྐྱེད་ཅེ་ན། བདག་མེད་པའི་ཆོས་འོད་གསལ་ལས་སྒྱུ་ལུས་ཀྱི་སྐུ་ལྡང་བའི་རིམ་པས་ཟུང་འཇུག་གི་སྐུ་ཀུན་ཏུ་འབྱུང་བའི་ཕྱིར། འོད་གསལ་འདི་ནི་བྱང་ཆུབ་ཐོབ་པའི་ཐབས་ཀྱི་ཚུལ་བསྟན་པ་ཡིན་ནོ། །ལྔ་པ་འོད་གསལ་དཔག་མེད་ཀྱིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ནི། རིན་འབྱུང་གི་གསུངས་པའི་རྗེས་ཐོགས་དེ་ནས། ཡེ་ཤེས་འོད་ཟེར་སྒྲོན་མ་རྡོ་རྗེ་ནི། འོད་གསལ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འོག་ནས་འབྱུང་བ་འདི་གསུངས་སོ། །རང་བཞིན་གྱིས་མ་སྐྱེས་པའི་ཆོས་རྣམས་ལ། བསྒོམ་པའང་མེད་དེ། བསྒོམ་པར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འོ་ན་ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན། ནམ་མཁའ་ནི་དོན་དམ་པའི་བདེན་པ་ཡིན་ལ། གནས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བདེན་གཉིས་གཅིག་ཏུ་སྦྱོར་བ་ཡིས་རྣལ་འབྱོར་དུ་འགྱུར་རོ། །འདིས་ནི་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་རབ་ཏུ་སྒྲགས་ཤིང་བཤད་དོ། །དྲུག་པ་དོན་ཡོད་གྲུབ་པས་བྱང་ཆུབ་ཀྱི་སེམས་གསུངས་པ་ནི། འོད་དཔག་མེད་ཀྱིས་བསྟན་པའི་རྗེས་ཐོགས་དེ་ནས། ཟིལ་གནོན་རྡོ་རྗེ་ནི་འོད་གསལ་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འོག་ནས་འབྱུང་བ་འདི་གསུངས་སོ། །ཕྱི་ནང་གི་ཆོས་རྣམས་ལ། རང་བཞིན་ཀུན་རྫོབ་དང༌། འོད་གསལ་དོན་དམ་སྟེ། དེས་ན་གདོད་ནས་རྣམ་པར་དག་པ་ནམ་མཁའ་བཞིན་ནོ། །ནམ་མཁའ་ལྟ་བུར་གནས་པ་དེ་ལ། འབྲས་བུ་བྱང་ཆུབ་མེད་ཅིང༌། རྒྱུ་མངོན་པར་རྟོགས་པ་ཡང་མེད་དོ། །རྒྱུ་འབྲས་རྣམ་པར་དག་པའི་འོད་གསལ་འདི་ནི། བྱང་ཆུབ་ཐོབ་པའི་ཐམས་ཚུལ་བསྟན་པའོ། །ལྔ་པ་སླར་ཡང་ངོ་མཚར་ཏེ་ཆེད་དུ་བརྗོད་པ་ནི། བྱང་ཆུབ་ཀྱི་སེམས་བསྟན་ཟིན་པའི་རྗེས་ཐོགས་དེ་ནས། བྱམས་པ་ལ་སོགས་པ་ཞེས་སོགས་ཏེ། སྐུ་གསུང་ཐུགས་ཀྱི་གསང་བ་ནི་སྒྱུ་ལུས་ཡིན་ལ། ཆོས་ཉིད་ནི་འོད་གསལ་ཏེ། དེས་ཀུན་རྫོབ་རྣམ་པར་དག་པར་བྱས་པ་སྟོན་པར་བྱེད་པའི་ཡི་གེ་ཐོས་ནས། ཀུན་རྫོབ་ཀྱི་བདེན་པ་བཤད་པས་ངོ་མཚར་དུ་གྱུར། དོན་དམ་བཤད་པས་རྨད་དུ་བྱུང་བར་གྱུར་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ། །སངས་རྒྱས་ཞེས་སོགས་ཀུན་རྫོབ་ཀྱི་སྒོ་ནས་བསྟོད་པའོ། །ཨོ་མ་ཧོ། །ཆོས་ཞེས་པ་ནི། དོན་དམ་གྱི་སྒོ་ནས་བསྟོད་པའོ། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཞེས་པ་ནི། བདེན་གཉིས་དབྱེར་མེད་ཀྱི་སྒོ་ནས་སོ། །ཡང་དག་པའི་དོན་ནི་འོད་གསལ་ལོ། །དག་པའི་དོན་ནི་སྒྱུ་ལུས་ཏེ། འོད་གསལ་གྱིས་རྣམ་པར་དག་པའི་སྒྱུ་ལུས་ཞེས་པའོ། །ཡོན་ཏན་དེ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཁྱོད་ལ་ཕྱག་འཚལ་ལོ། །བདག་མེད་པའི་ཆོས་དོན་དམ་རྟོགས་པ་ལས་ཡང་དག་པར་བྱུང་ཞིང་ཐོབ་པའི་རྡོ་རྗེ་འཆང་གི་སྐུ་ནི། སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པའི་རིམ་པ། གདུལ་བྱ་ལ་བསྐྱེད་ཅིང་རྫོགས་པར་མཛད་པ་དང༌། མི་རྟོག་པ་དང༌། དེ་ཉིད་ཀྱིས་ན་དམིགས་སུ་མེད་པ་སྟེ། བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཀུན་ཏུ་བཟང་པོ་ལྷའི་དཀྱིལ་འཁོར་སྤྲོ་བར་མཛད་པས་ན། བྱང་ཆུབ་ཀྱི་སེམས་རབ་ཏུ་བསྐོར་བའོ། །བྱང་ཆུབ་ནི་དོན་དམ་དང༌། སྤྱོད་པ་ནི་ཀུན་རྫོབ་བོ། །གཉིས་པོ་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་ཆེ་སྟེ། དེ་ལྟ་བུའི་བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་གི་ཡུལ་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་རྟོགས་པའི་ཐུགས་ཏེ། དེས་དྲི་མ་དག་པའི་སྒྱུ་ལུས་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །དེ་ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་གྱི་མྱང་འདས་ཐོབ་པར་མཛད་པས་ན། སངས་རྒྱས་བྱང་ཆུབ་རབ་སྟོན་པའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་སྟོན་པའི་ལེའུ་སྟེ་གཉིས་པའི་རྣམ་བཤད་དོ།། ༈ །ལེའུ་གསུམ་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །ལེའུ་འདིས་བསྐྱེད་རིམ་པའི་མཚན་མ་ཕྲ་མོ་དང༌། ཐིག་ལེ་ཕྲ་མོ་སྒོམ་པ་དང༌། རྫོགས་རིམ་པས་ཁམས་ཕྲ་མོ་སྒོམ་པ་དང༌། སྔོན་འགྲོ་ལྷའི་རྣལ་འབྱོར་དང་བཅས་པ་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། སྔོན་འགྲོ་ལྷའི་རྣལ་འབྱོར་བསྟན་པ་དང༌། དངོས་གཞི་ཕྲ་མོའི་རྣལ་འབྱོར་དང༌། ལྷའི་རྣལ་འབྱོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཡང་གཉིས་ཏེ། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ལ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར། རྟེན་དང་བརྟེན་པའི་དཀྱིལ་འཁོར་མདོར་བསྟན། བརྟེན་པ་ལྷའི་དཀྱིལ་འཁོར་རྒྱས་པར་བཤད་པའོ། །དང་པོ་ལེའུ་གཉིས་པ་གསུངས་པའི་རྗེས་ཐོགས་དེ་ནས་གསུངས་སོ། །གང་གིས་ན། བཅོམ་ལྡན་འདས་ཞེས་པ་ནས། དེ་བཞིན་གཤེགས་པས་ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་འཆང་ཆེན་པོས་སོ། །གང་གསུངས་ན། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་འདིའོ། །ཅི་ཞིག་བྱས་པས་ཤེ་ན། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེའོ། །ཏིང་ངེ་འཛིན་གང་ཞེ་ན། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་གྱི་དོན་གྱི་ཕྱིར་ཕྱོགས་བཅུར་སྤྲུལ་པ་འཕྲོ་བའི་ཚུལ་གྱིས་ཁྱབ་པ་ཉིད་ལ་སྤྲིན་ཞེས་བྱ་སྟེ། ཆོས་ཀྱི་ཆར་འབེབས་པས་ནའོ། །བཀོད་པ་ནི་སྐུ་ལུས་དུ་མར་སྟོན་པའོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། དེ་ལ་གཞལ་ཡས་ཁང་དང་སྦྱར་བ་ནི། ཨོཾ་ལ་སོགས་པའི་སྔགས་ཀྱིས་ཆོས་འབྱུང་གྲུ་གསུམ་ལ་གནས་པའི་གཞལ་ཡས་ཁང་གདན་དང་བཅས་པ་བསྟན་ནོ། །བརྟེན་པ་ལ་སྦྱར་ན་ལྷག་མོས་བསྡུས་ནས་དེ་བཞིན་ཉིད་ལ་བྱང་ཆུབ་པ་བསྟན་ཞེས་རྗེ་བཙུན་རེ་དབེན་ཏྲའི་ཞལ་སྔ་ནས་གསུངས་སོ། །ཡང་ན་ཨོཾ་ལ་སོགས་པའི་སྔགས་ཀྱིས་བསྲུང་བའི་འཁོར་ལོ་འོད་གསལ་དུ་བཅུག་ནས། ཡེ་ཤེས་ཀྱི་ས་བསྒོམ་པ་ཉིད་སྟོན། ནམ་མཁའི་ཁམས་ཀྱི་དབུས་སུ་གནས་པ་ནི་ཆོས་འབྱུང་ལ་གནས་པའོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ། གཞལ་ཡས་ཁང་གི་འཁོར་ལོ་བསྒོམ་པར་བྱ། གཞལ་ཡས་ཁང་ནི་འོད་ཟེར་སྤྲིན་གྱི་བཀོད་པ་སྟེ་ཞེས་པ་སྟེ། ལྷ་རྣམས་ཀྱི་འོད་ཟེར་གྱི་སྤྲིན་གྱིས་ཁྱབ་པའོ། །སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་པ་ནི་གཞལ་ཡས་ཁང་གི་ཕྱོགས་བཞི་དབུས་དང་བཅས་པའི་མདོག་བསྟན་ནོ། །འོད་ཟེར་ལྔ་ནི་ཀུན་ཏུ་ཁྱབ་ཅེས་པ་ནི། རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་བསྟན་ནོ། །ཀུན་ནས་ཡོངས་སུ་ཟླུམ་པ་སྟེ། །ཞེས་པ་ནི། ཕྱོགས་ཐམས་ཅད་ནས་ཡོངས་སུ་བཟང་བར་བསྟན་ནོ། །འདོད་པའི་ཡོན་ཏན་ལྔ་ཡིས་སྤྲས། །ཞེས་པ་ནི། སྣམ་བུ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་གནས་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ་ནི། ལྷ་ལ་བསྟབ་པའི་མེ་ཏོག་ལ་སོགས་པའོ། །བསྒོམས་པར་བྱས་ནས་བསྡུས་པ་ཡིས། །ཞེས་པ་ནི། མདོར་བསྡུས་པའི་སྒོ་ནས་རྟེན་གྱི་དཀྱིལ་འཁོར་བསྒོམས་པར་བྱས་ནས་ཞེས་པའོ། །ཡང་བརྟེན་པ་ལྷ་བསྐྱེད་པ་ལ་སྦྱར་ན། ཨོཾ་ཞེས་སོགས་ཀྱི་སྔགས་ཀྱི་ནི། ལྷག་མོས་འོད་གསལ་དུ་བཅུག་ནས་བརྟན་པར་བྱེད་པ་སྟོན་ལ། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །ཞེས་པ་སྟེ། རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་སྟོན་ནོ། །ལྷ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །ཞེས་པའོ། །སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་པས་ནི། ལྷའི་ཁ་དོག་བསྟན་ནོ། །འདོད་པའི་ཡོན་ཏན་ལྔ་ཡི་སྤྲས། །ཞེས་པ་ནི། གཟུགས་རྡོ་རྗེ་མ་ལ་སོགས་ལྔ་བསྟན་ནོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །ཞེས་པ་ནི། ཐམས་ཅད་དུ་ཡོན་ཏན་བཟང་བའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །ཞེས་པ་ནི། མེ་ཏོག་ལ་སོགས་པའི་མཆོད་པ་དང་ལྡན་པའོ། །སྒོམ་པར་བྱས་ནས་བསྡུས་པ་ཡིས། །ཞེས་པ་ནི། མདོར་བསྡུས་པའི་ལྷའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་སྦྱར་རོ། །གསུམ་པ་བརྟེན་པ་ལྷ་བསྐྱེད་པའི་དཀྱིལ་འཁོར་རྒྱས་པར་བཤད་པ་ལ་གསུམ་སྟེ། རིགས་སོ་སོའི་ཟློ་བ་པོ་སྒོམ་ཚུལ་དང༌། གཙོ་བོའི་སྐུ་མདོག་ཕྱག་མཚན་བཤད་པ་དང༌། གཙོ་བོའི་ལྷ་དེ་རྣམས་བསྐྱེད་པའི་ཡན་ལག་གོ །དང་པོ་ལ། རྡོ་རྗེ་འཆང་གི་ཟློས་པ་པོ་ནི། གཟུགས་ཏེ་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་འཆང་གི་རྣམ་པར་བསྒོམ་པར་བྱའོ། །རྣམ་སྣང་གི་ཟློས་པ་པོས་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དབུས་སུ་བསྒོམ་པར་བྱ། དེའི་ཁྱད་པར་ནི་སྐུ་གསུང་ཐུགས་ཀྱིས་མཚན་པ་སྟེ། སྐུ་རྡོ་རྗེ་ཡང་ཡིན་ལ། གསུང་དང་ཐུགས་ཀྱི་ཡོན་ཏན་མངའ་བས་སོ། །མི་བསྐྱོད་པའི་ཟློས་པ་པོས་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱེར་མི་ཕྱེད་པའི་སྒོ་ནས། མི་བསྐྱོད་པའི་ཕྱག་རྒྱ་ཡང་ནི་བསྒོམ་པར་བྱ། ཚུལ་ཇི་ལྟར་ན། ལྷ་རྣམས་ཀྱི་དཀྱིལ་འཁོར་བསྡུས་པ་མི་བསྐྱོད་པ་དང་གཉིས་སུ་མེད་པར་གཅིག་ཏུ་སྦྱོར་བ་ཡིས། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གྱུར་པ་རབ་ཏུ་བསྒོམ་པར་བྱའོ། །རིན་འབྱུང་གི་ཟློས་པ་པོས་ནི། རིན་ཆེན་ཏོག་གི་ཕྱག་རྒྱ་དབུས་སུ་སྒོམ་པ་དང༌། འོད་དཔག་མེད་ཀྱི་ཟློས་པ་པོས། འོད་མཐའ་ཡས་པར་བྱེད་པ་ཚེ་དཔག་མེད་དབུས་སུ་བསྒོམ་པར་བྱའོ། །དོན་གྲུབ་ཀྱི་ཟློས་པ་པོས། དོན་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་དག་ཏུ་བསྒོམ་པར་བྱའོ། །འདི་གོང་མ་ཐམས་ཅད་ཀྱི་གཤམ་དུ་སྦྱར་བར་བྱའོ། །ཇི་སྐད་དུ། རྡོ་རྗེ་འཆང་སོགས་གང་ཡིན་པའི། །དབུས་སུ་སྐུ་ནི་ལེགས་བྲིས་པ། །དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང༌། །ཞེས་སོ། །གཙོ་བོ་གོ་འཕོ་བའི་ཚུལ་ལ། དེ་བཞིན་གཤེགས་པ་ལ་སྦྱར་ན། རྣམ་སྣང་དབུས་སུ་འགྲོ་བའི་ཚེ། དབུས་སུ་ཡབ་ཡུམ་ཟུང་གཅིག་དགོས་པས། གཟུགས་རྡོ་རྗེ་མ་ཡང་དབུས་སུ་འགྲོའི་རྣམ་སྣང་དང་གཟུགས་རྡོ་རྗེ་མའི་ཡུལ་དུ། མི་བསྐྱོད་པ་དང་རེག་བྱ་རྡོ་རྗེ་མ་སོ་སོར་འཕོའོ། །ཡུམ་བཞི་ལ་སྦྱར་ན། མཱ་མ་ཀི་དབུས་སུ་འགྲོ་བའི་ཚེ། མི་བསྐྱོད་པ་དང་ལྷན་ཅིག་ཏུ་བཞག་ལ། དེའི་ཤུལ་དུ་རེག་བྱ་རྡོ་རྗེ་མ་འགྲོའོ། །སྤྱན་མ་དབུས་སུ་བཞག་པའི་ཚེ། དབུས་སུ་ཡབ་ཡུམ་ཟུང་གཅིག་དགོས་པས་རྣམ་སྣང་ཡང་དབུས་སུ་འགྲོའོ། །དེ་གཉིས་ཀྱི་སར་དབུས་ཀྱི་གཙོ་བོ་ཡབ་ཡུམ་གཉིས་དེ་གཉིས་ཀྱི་ཤུལ་དུ་སོ་སོར་འཕོའོ། །བྱང་ཆུབ་སེམས་དཔའ་ལ་སྦྱར་ན། བྱམས་པ་དབུས་སུ་འགྲོ་བའི་ཚེ། རྣམ་སྣང་གི་རིགས་ཡིན་པས་གཟུགས་རྡོ་རྗེ་མ་ཡང་དབུས་སུ་འགྲོ་ལ། དེ་གཉིས་ཀྱི་སར་གཙོ་བོར་ཡབ་ཡུམ་སོ་སོར་འཕོའོ། །ཁྲོ་བོ་ལ་སྦྱར་ན། གཤིན་རྗེ་གཤེད་དབུས་སུ་འགྲོ་བའི་ཚེ། དབུས་སུ་ཡབ་ཡུམ་ཟུང་གཅིག་དགོས་པ་དང༌། རྣམ་སྣང་གི་རིགས་ཡིན་པས་གཟུགས་རྡོ་རྗེ་མ་ཡང་གཙོ་བོ་དང་དབུས་སུ་གཞུག་གོ །དེ་ནས་གཟུགས་རྡོ་རྗེ་རོ་ལངས་མར་བསྒྱུར་བ་ནི་མན་ངག་གོ །གཞན་དག་གི་བཤད་པ་ནི་ནོར་བ་འབའ་ཞིག་ཏུ་སྣང་ངོ༌། །གཉིས་པ་གཙོ་བོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་བཤད་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་ཏེ། དེ་ལ་མི་བསྐྱོད་པ་ཞུགས་ནས་ཞེ་སྡང་རྡོ་རྗེར་གྱུར་ཏོ། །སྐུ་མདོག་ནི་ཨིནྡྲ་ནཱི་ལའི་ཁ་དོག་འདྲ་ཞེས་པའོ། །ཕྱག་མཚན་ནི། རབ་འབར་ཕྱག་ན་རྡོ་རྗེ་བསྣམས། །ཞེས་པ་སྟེ། ཕྱག་གཡས་ཀྱི་དང་པོ་ན་འོད་ཟེར་འབར་བའི་རྡོ་རྗེ་བསྣམས་པའོ། །མཆེ་བ་རྣམ་པར་གཙིགས་ལ་འཇིགས་པ་བསྐྱེད་པས་འཇིགས་སུ་རུང་བའོ། །རྣམ་སྣང་གི་སྐུ་མདོག་ནི། ཤེལ་དང་ཟླ་བའི་འོད་དང་འདྲ། །ཞེས་པ་དང༌། རལ་པའི་ཐོར་ཚུགས་དང༌། རིགས་བདག་གི་ཅོད་པན་གྱིས་བརྒྱན་པ་དང༌། ཕྱག་མཚན་ནི། རབ་འབར་ཕྱག་ན་འཁོར་ལོ་བསྣམས། །ཞེས་པའོ། །རྒྱན་ནི་མཚན་བཟང་པོ་སྣ་ཚོགས་པའི་རྒྱན་གྱིས་མཛེས་པར་བརྒྱན་ཞེས་འགྲེལ་བས་གསུངས་ཀྱང༌། རབ་ཏུ་གྲགས་པའི་རྒྱན་ལ་བཟུང་ན་ལེགས་སོ། །རིན་ཆེན་འབྱུང་ལྡན་ལ་སྐུ་མདོག་ནི། ཛམྦུའི་ཆུ་བོའི་གསེར་འོད་འདྲ། །ཞེས་པ་དང༌། ཕྱག་མཚན་ནི། འོག་ཏུ་ཕྱག་ན་རིན་ཆེན་བསྣམས་པ་བསྒོམ། །ཞེས་པ་འདིར་དྲང་ངོ༌། །སངས་རྒྱས་ཀྱི་འཁོར་དང་འོད་ཟེར་གྱི་སྤྲིན་གྱིས་ཀུན་ཏུ་འཁྲིགས་ཞེས་བྱའོ། །ཞེ་སྡང་རྡོ་རྗེའི་ཕྱག་མཚན་ནི། རྩེ་མོ་དགུ་པའི་རྡོ་རྗེ་ཆེ། །དེའི་ཕྱག་ན་བསྣམས་པར་བསྒོམ། །ཞེས་པའོ། །འོད་དཔག་མེད་ལ་ངོ་བོ་ནི། གཙོ་བོ་འདོད་ཆགས་འོད་འབར་འཆང༌། །འདོད་ཆགས་རྡོ་རྗེ་ཅན་བསྒོམ་བྱ། །ཞེས་པས་བསྟན་ནོ། སྐུ་མདོག་ནི། པདྨ་རཱ་གའི་མདོག་འདྲ་བ། །ཞེས་པ་དང༌། ཕྱག་མཚན་ནི། རབ་འབར་ཕྱག་ན་པདྨ་བསྣམས། །ཞེས་པའོ། །དོན་ཡོད་གྲུབ་པ་ལ་ངོ་བོ་ནི། འོད་ཟེར་ལྔ་ཡི་འོད་འདྲ་བའི། །སྣ་ཚོགས་དོན་ཡོད་རྡོ་རྗེ་ཅན། །ཞི་བ་ཞེས་པ་དང༌། སྐུ་མདོག་ནི། མ་ར་ཀ་ཏའི་འོད་འཕྲོ་བ། །ཞེས་པ་དང༌། རྒྱན་ནི། འོད་ཟེར་འབར་བས་རྣམ་པར་བརྒྱན། །ཀུན་ཏུ་འབར་བའི་སྤྲིན་གྱིས་ཁྱབ། །ཞེས་པ་སྟེ། འོད་ཟེར་འབར་བ་ལ་སྤྲིན་གྱི་གཟུགས་ཅན་དུ་བཀོད་དོ། །ཕྱག་མཚན་ནི། ཕྱག་ན་རལ་གྲི་འབར་བ་བསྣམས། །ཞེས་པའོ། །ཐམས་ཅད་ཀྱི་དོན་བསྡུ་བ་ནི། དེ་ལྟར་སངས་རྒྱས་ལྔའི་དཀྱིལ་འཁོར་བསྒོམ་པར་བྱའོ། །གསུམ་པ་གཙོ་བོ་དེ་རྣམས་བསྐྱེད་པའི་ཡན་ལག་ལ། ཟླ་བ་ལས་བྱང་ཆུབ་པ་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བའི་སྔགས་འདི་གསུངས་སོ། །ཆོས་ཀྱི་དབྱིངས་ཉིད་ཟླ་བའི་རྣམ་པར་བསྐྱེད་པའི་ཏིང་ངེ་འཛིན་ལ་ཞེས་པའོ། །སྔགས་ནི་ཟླ་བའི་དཀྱིལ་འཁོར་བསྐྱེད་པའི་སྔགས་སོ། །སྔགས་ནི་ཨོཾ་ལ་སོགས་པ་སྟེ། འདིས་ནི་ཡི་གེ་འབྲུ་གསུམ་པདྨ་དང་བཅས་པ་ཡས་ཐིམ། ཉི་མའི་དཀྱིལ་འཁོར་མས་ཐིམ་པས། བདག་ཉིད་ཟླ་བའི་དཀྱིལ་འཁོར་ལྟ་བུར་བྱིན་གྱིས་བརླབས་ཏེ། དེའི་སྟེང་དུ་ཡི་གེ་འབྲུ་གསུམ་ལ་སོགས་པས་ལྷའི་སྐུ་བསྐྱེད་པ་དང༌། ཕྲ་མོ་བཞིའི་རྣལ་འབྱོར་བསྒོམ་པ་སྟོན་ནོ། །འདི་དག་གིས་ལྷའི་རྣལ་འབྱོར་དྲང་དོན་དུ་བཤད་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་ངེས་པའི་དོན་དུ་བཤད་པ་ལ་གསུམ་སྟེ། རྡོ་རྗེ་བཟླས་པའི་རླུང་སྔགས་ཀྱི་དོན་སྟོན་པ་དང༌། བཟླས་པའི་སྔོན་འགྲོ་ལྷའི་རྣལ་འབྱོར་བསྟན་པ་དང༌། ཕྲ་མོའི་རྣལ་འབྱོར་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྔགས་ཀྱི་དོན་རྒྱས་པར་བཤད་པའོ། །དེ་ནས་སྙོམས་པར་ཞུགས་ཏེ་འདི་གསུངས་སོ་ཞེས་སྦྱར་རོ། །ཞེས་སྦྱར་རོ། །གང་ལ་སྙོམས་པར་ཞུགས་ན། དེ་བཞིན་གཤེགས་པ་ཐམས་ཅད་རླུང་འོད་ཟེར་ལྔ་ལྡན་ཏེ་སྒོ་ནས་འཕྲོ་བའི་སྤྲིན་གྱི་ཚོགས་བཀོད་པ། དཀྱིལ་འཁོར་བཞི་བཞི་དང་ལྡན་པའི་རླུང་གི་དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པའོ། །གང་གསུང་ན། རྡོ་རྗེ་བཀོད་པ་ཞེས་ཏེ། རྡོ་རྗེ་ནི་ཡི་གེ་གསུམ་མོ། །བཀོད་པ་ནི། དབྱངས་ཡིག་ཨཱ་ལི་ཀཱ་ལི་དང༌། གསལ་བྱེད་མ་ནིང་ལ་སོགས་པའི་ཡི་གེའི་ཚོགས་སོ། །དེ་རྣམས་འབྲུ་གསུམ་དུ་འདུས་ལ། འབྲུ་གསུམ་རླུང་འཇུག་གནས་ལྡང་གསུམ་དང་དབྱེར་མེད་དུ་ཟློ་བ་ནི་ཏིང་ངེ་འཛིན་ཏེ། དེ་སྟོན་པའི་ལེའུ་འདིའོ། །གཉིས་པ་ལ། དང་པོ་སྔགས་ཀྱི་དོན་ལ་གསུམ་སྟེ། ཚིག་དྲུག་སོ་སོར་སྟོན་པའི་དོན་དང༌། ཟུང་དུ་བསྡེབ་པའི་དོན་ནོ། །དང་པོས་ནི་རླུང་ལྔ་དང༌། དེ་དག་གི་འབྱུང་གནས་འོད་གསལ་སྟོང་པ་ཉིད་དང་དྲུག་སྟོན་ལ། གཉིས་པས་ནི་འོད་གསལ་ལས་བྱུང་བའི་རླུང་འཇུག་གནས་ལྡང་གསུམ་མཐར་འོད་གསལ་ལ་ཐིམ་པར་སྟོན་ནོ། །འདི་ལ་གཉིས་ཏེ། ཤུ་ནྱ་ཏའི་སྔགས་ཀྱི་དོན་རླུང་ལྔའི་གྲངས་ལ་སྦྱར་བ་དང༌། རླུང་འཇུག་གནས་ལྡང་གསུམ་ལ་སྦྱར་བའོ། །དང་པོ་ནི། བཤད་རྒྱུད་ལས། ཨོཾ་ནི་དང་པོ་གཅིག་དང་ལྡན། །ཤུ་ནྱ་ཏ་ནི་གཉིས་པ་སྟེ། །ཛྙཱ་ན་ཞེས་པ་གསུམ་པའོ། །བཛྲ་ཞེས་པ་བཞི་པ་སྟེ། །སྭ་བྷཱ་ཨཏ་མ་ཀོ་ལྔ་པ། །ཨ་ཧཾ་ཞེས་པ་དྲུག་པར་བརྗོད། །དེ་ལྟར་བདེ་གཤེགས་དྲུག་པོ་ནི། །སྐྱེ་བོ་མཆོག་ལ་བརྟན་པ་ཡིན། །ཞེས་སོ། །དེའི་དོན་ནི། ཨོཾ་ནི་རླུང་དང་པོ་གཡས་མེའི་དཀྱིལ་འཁོར་གྱེན་དུ་རྒྱུ་བའི་རླུང་ངོ༌། ཤུ་ནྱ་ཡ་ཏ་ནི་རླུང་གཉིས་པ་གཡོན་པ་རླུང་གི་དཀྱིལ་འཁོར་མཉམ་གནས་ཀྱི་རླུང་ངོ༌། །ཛྙཱ་ན་ཞེས་པ་རླུང་གསུམ་པ་གཉིས་ཀ་ནས་རྩུབ་པར་རྒྱུ་བའི་དཀྱིལ་འཁོར་ཐུར་སེལ་གྱི་རླུང་ངོ༌། བཛྲ་ཞེས་པ་རླུང་བཞི་པ་གཉིས་ཀ་ནས་དལ་བར་རྒྱུ་བ་ཆུའི་དཀྱིལ་འཁོར་སྲོག་འཛིན་གྱི་རླུང་ངོ༌། །སྭ་བྷཱ་ཝ་ཨཏྨ་ཀོ་ནི་རླུང་ལྔ་པ་ནམ་མཁའི་བདག་ཉིད་ཁྱབ་བྱེད་ཀྱི་རླུང་ངོ༌། །ཨ་ཧཾ་ནི་དྲུག་པ་རླུང་གི་འབྱུང་གནས་འོད་གསལ་ལོ། །འདིས་ནི་རླུང་ལྔ་འབྱུང་གནས་འོད་གསལ་དང་བཅས་པ་སྟོན་པའི་ཚུལ་ལོ། །སྐུ་ལ་སྦྱར་ན། རླུང་ལྔ་ནི་དེ་བཞིན་གཤེགས་པ་ལྔ་དང༌། འོད་གསལ་ནི་དྲུག་པ་རྡོ་རྗེ་འཆང་སྟེ། དེ་ལྟར་དེ་བཞིན་གཤེགས་པ་དྲུག་པོ་ནི། །རླུང་ལྔ་འོད་གསལ་དང་བཅས་པའོ། །དེ་ནི་སྐྱེ་བོ་མཆོག་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བསྟན་པ་ཡིན་ནོ། །གཉིས་པ་ནི། དགོངས་པ་ལུང་སྟོན་ལས། ཤུ་ནྱ་ཡ་ཏ་ཟུང་དང་པོ། །ཛྙཱ་ན་བཛྲ་གཉིས་པ་ཡིན། །སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ་གྱུར། །དེ་ཉིད་གསུམ་ནི་འདིར་བརྟག་པའོ། །དེ་ཉིད་གསུམ་བདག་ཡང་དག་གྱུར། །མི་གསལ་གསལ་བའི་མིང་ཅན་ནོ། །ཞེས་པ་སྟེ། ཨོཾ་དང་ཤུནྱ་ཏ་གཉིས་གཅིག་ཏུ་སྦྱར་བས་རླུང་དང་པོ་ནང་དུ་འཇུག་པ་བསྟན་ནོ། །ཛྙཱ་ན་བཛྲ་གཉིས་གཅིག་ཏུ་སྦྱར་བས་རླུང་ནང་དུ་གནས་པ་བསྟན་ནོ། །སྭབྷཱ་ཨཱཏྨ་ཀོ་དང༌། ཨ་ཧཾ་གཉིས་གཅིག་ཏུ་སྦྱར་བས་གསུམ་པ་རླུང་ཕྱིར་ལྡང་བ་བསྟན་ནོ། །འདིར་ཚིག་མཐའ་ཨེ་ཨོ་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ་ཞེས་པ་ཨ་ཕྱིས་པའོ། །དེ་ལྟ་བུའི་རླུང་གི་དེ་ཁོ་ན་ཉིད་འཇུག་གནས་ལྡང་གསུམ་ནི། འདིར་རླུང་ལྔ་པོ་རེ་རེ་ཞིང་རྣམ་པར་བརྟག་པའོ། །རླུང་གི་དེ་ཁོ་ན་ཉིད་རྣམ་པ་གསུམ་གྱི་བདག་ཉིད་སྔགས་ཨའི་བདག་ཉིད་ལ་ཡང་དག་པར་ཐིམ་པར་གྱུར་ནས། མཐར་འོད་གསལ་ལ་ཐིམ་མོ། །འདིས་མཐའ་རླུང་སྔགས་འོད་གསལ་ལ་ཐིམ་པས། སྒྲ་མཐའ་སྐྱེ་མེད་ནམ་མཁའ་དང་མཉམ་པ་བསྟན་ནོ། །གང་ལ་ཐིམ་པའི་སྔགས་ཨ་ནི་ངོ་བོ་མི་གསལ་ཞིང་བརྗོད་པ་ཀུན་གྱི་རྒྱུ་ཡིན་པས་གསལ་བའི་མིང་ཅན་ནོ། །ཆག་ལོ་ཙཱ་བས། བཤད་རྒྱུད་ཀྱི་ཚིག་རྐང་པ་དང་པོ་ལྔས་རླུང་ལྔ་དང༌། དྲུག་པས་ཡེ་ཤེས་གསུམ་དང༌། ཐ་མ་གཉིས་ཀྱི་ཡེ་ཤེས་ཀྱི་སྐུ་སྒོམ་པ་ལ་འཆད་དོ། །གང་དག་ཡི་གེ་འབྲུ་གསུམ་གྲུབ་པའི་རྒྱུ་ཡིག་འབྲུ་དྲུག་ལ་འཆད་པ་སོགས་ནི་ནོར་བ་སྟེ། འགྲེལ་པས་ཀྱང་མ་བཤད་ཅིང༌། དེ་ལས་འབྲུ་གསུམ་འགྲུབ་ཚུལ་ཡང་ནོར་བའི་ཕྱིར་རོ། །གཉིས་པ་སྔོན་འགྲོ་ལྷའི་རྣལ་འབྱོར་སྟོན་པ་ནི། རྡོ་རྗེ་བཟླས་པ་སྒོམ་པའི་རྟེན་ལྷའི་རྣལ་འབྱོར་བསྒོམ་པའི་ཚུལ་ནི། ནམ་མཁའི་དབྱིངས་ཀྱི་དབུས་འོད་གསལ་ལ་གནས་པར་བྱས་ནས། ཕྱིས་དབེན་གསུམ་ལ་འཇུག་ཅིང༌། དེ་ནས་སངས་རྒྱས་ཀྱི་དཀྱིལ་འཁོར་སྒྱུ་མ་ལྟ་བུའི་སྐུ་བསྒོམ་པར་བྱའོ། །སྐུ་ཇི་ལྟ་བུ་ཞེ་ན། སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་འོད་ཟེར་འཁྲིགས་པས་ན། འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །ཞེས་འཇའ་ཚོན་ལྟར་འོད་ཟེར་ལྔ་ཡིས་བརྒྱན་པས་ན། སངས་རྒྱས་འབར་བའི་འོད་དང་མཉམ་པའོ། །རླུང་འོད་ཟེར་ལྔ་ལྡན་ལས་བྱུང་བས་ན་འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་པའོ། །འགྲེལ་པ་ལས། ཕྱི་ནང་གི་དངོས་པོ་ཀུན་གྱི་ངོ་བོ་ཡིན་པས་ཀུན་ནས་ཡོངས་སུ་ཟླུམ་པོ་ཞེས་འཆད་མོད། སྒྱུ་ལུས་ཀྱི་ཁྱད་པར་ཡིན་པས་ལེགས་པར་མི་བསམ་མོ། །ཡོན་ཏན་གྱི་ཚོགས་ཐམས་ཅད་ལྡན་པས་ཀུན་ནས་ཟླུམ་པའོ། །རྒྱུ་བ་དང་རྣམ་པར་རྒྱུ་བ་ལ་སོགས་པའི་ཡན་ལག་ལྔ་དང་ལྡན་པས་ན་འདོད་པའི་ཡོན་ཏན་ལྔས་བརྒྱན་པའོ། །ཡུལ་ལ་ལོངས་སྤྱོད་པས་ན་མཆོད་པ་སྟེ། དབང་པོ་རྣམ་པ་ལྔའོ། །བརྒྱན་པ་ནི་དབང་པོས་ཡུལ་མཐོང་བ་ལ་བཤད་དོ། །ཚུལ་དེ་ལྟ་བུའི་སངས་རྒྱས་ཀྱི་དཀྱིལ་འཁོར་དེ་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། འོད་གསལ་དུ་གཞུག་པར་བྱའོ། །དེ་ལྟར་འོད་གསལ་བསྒོམས་ནས། བསྡུས་པ་ཡིས་ཏེ་སྐད་ཅིག་གིས་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམ་པར་བྱའོ། །འཁོར་འདས་གཉིས་སམ། ཡོད་མེད་ཀྱི་ཕྱོགས་དང་བྲལ་བར་སྒོམ་པར་བྱ་བ་ཡིན་པས་ན་དབུས་སུ་ཞེས་གསུངས་སོ། །ཡང་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་བསྡུས་པ་ཡིས་འོད་གསལ་བསྒོམ་པར་བྱས་ནས། དབུས་སུ་སྟེ་ཡོད་མེད་ཀྱི་མཐའ་ལས་འདས་པའི་གཟུགས་ཀྱི་སྐུ་བསྒོམ་པར་བྱའོ་ཞེས་བཤད་ན་ལེགས་སམ་སྙམ་མོ། །འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ནས། གདུང་བྱའི་བྱེ་བྲག་གིས་རིགས་ལྔའི་སྤྲུལ་སྐུར་བསྒྱུར་བ་ནི། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་སོགས་ཏེ། དེ་དག་གི་བཤད་པ་ནི་དྲང་དོན་གྱི་སྐབས་སུ་བསྟན་ཟིན་ཏོ། །ཉེ་བར་བསྡུ་བ་ནི། ཟུང་འཇུག་གི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ཏེ། འོག་ནས་བཤད་པའི་ཕྲ་མོའི་རྣལ་འབྱོར་གསུམ་དང༌། རྡོ་རྗེ་བཟླས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་སྟོན་ནོ། །འོ་ན་སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཟུང་འཇུག་ཏུ་བཞེངས་པའི་རྒྱུ་གང་ཡིན་ཞེ་ན། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ཡིན་ཞེས་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ཨད་མ་ཀོ་ཧཾ་ཞེས་པའི་བར་རོ། །འདིའི་དོན་བཤད་རྒྱུད་ཀྱིས་འཆད་པ་ནི། ཨོཾ་ནི་དང་པོར་ཤེས་པར་བྱ། །དྷརྨ་ཞེས་བྱ་གཉིས་པའོ། །དྷ་ཏུ་ཞེས་པ་གསུམ་པར་བཤད། །སྭ་བྷ་ཝ་ཞེས་གྲགས་བཞི་པའོ། །ཨཱཏྨ་ཀོ་ནི་ལྔ་པ་ཡིན། །ཨ་ཧཾ་དུ་གྱུར་དྲུག་པར་བཞེད། །སྔགས་འདི་བརྗོད་ནས་དེ་ལས་ནི། སྒོམ་པའི་བདག་ཉིད་ཅན་བསྒོམ་བྱ། །ཞེས་གསུངས་ཏེ། འདི་ལ་གཉིས་ཏེ། སོ་སོར་བཤད་པ་དང༌། ཟུང་དུ་སྦྱར་བའོ། །དང་པོ་ནི། ཨོཾ་ནི་སྲོག་འཛིན་ནོ། །དྷརྨ་ནི་ཐུར་སེལ་ལོ། །དྷ་ཏུ་ནི་གྱེན་རྒྱུའོ། །སྭ་བྷ་ཝ་ནི་མཉམ་གནས་སོ། །ཨཱཏྨ་ཀོ་ནི་ཁྱབ་བྱེད་དོ། །ཨ་ཧཾ་ནི་རླུང་གི་འབྱུང་གནས་འོད་གསལ་ལོ། །གཉིས་པ་ནི། ལུགས་བཟློག་གི་སྣང་བ་གསུམ་སྟོན་ཏེ། དང་པོ་གཉིས་ཀྱིས་ཉེར་ཐོབ་ཀྱི་ཡེ་ཤེས། བར་པ་གཉིས་ཀྱིས་སྣང་མཆེད་ཀྱི་ཡེ་ཤེས། ཐ་མ་གཉིས་ཀྱིས་སྣང་བའི་ཡེ་ཤེས་བསྟན་ནོ། །སྔགས་འདི་བརྗོད་ནས་ཞེས་པ་ནི། སྔགས་ཀྱི་དོན་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་མངོན་དུ་བྱས་ནས། བསྒོམ་པར་བྱ་བའི་བདག་ཉིད་ཅན་ཟུང་འཇུག་བསྒོམ་པར་བྱ་ཞེས་པའོ། །བཤད་རྒྱུད་ཀྱི་ཚིག་རྐང་པ་ལྔས་རླུང་དང༌། དྲུག་པས་སེམས་གསུམ་དང༌། ཐ་མ་གཉིས་ཀྱིས་ཡེ་ཤེས་ཀྱི་སྐུ་བསྒོམ་པ་བསྟན་ཞེས་ཆག་ལོ་གསུངས་སོ། །གསུམ་པ་ཕྲ་མོའི་རྣལ་འབྱོར་གཏན་ལ་དབབ་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་ལྔ་སྟེ། ངོ་བོ་ངེས་ཚིག་དང་བཅས་པ། དབྱེ་བ་བསྟན་པ། བསླབ་པའི་ཚུལ་དང༌། བསླབ་པ་མཐར་ཕྱིན་པའི་ཚད། ཕན་ཡོན་དང་བཅས་པའོ། །དང་པོ་ནི། རང་གི་སེམས་བརྟན་པའི་དོན་དུ། དམིགས་པ་ཕྲ་མོ་ལ་དམིགས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་དེ་སྐད་ཅེས་བརྗོད་དོ། །གཉིས་པ་ནི། སྟེང་སྒོ་ལ་བརྟེན་པ་དང༌། འོག་སྒོ་ལ་བརྟེན་པའོ། །འོག་སྒོ་ལ་ཡང་གཉིས་ཏེ། ལྷའི་ཕྱག་མཚན་བསྒོམ་པ་དང༌། ཐིག་གེ་བསྒོམ་པའོ། །དང་པོ་ནི། ལེའུ་དྲུག་པ་ལས། ཨུཏྤལ་མཐིང་ཀའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་ཏུ། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཙམ་ལ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤེས་དེས། །བསྒོམས་ནས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོ། །བསླབ་པའི་ཚུལ་ནི། དང་པོར་སེམས་བརྟན་པོར་བྱ་བའི་ཕྱིར་དང་པོར་བསྒོམ་པ་དང༌། བརྟན་པ་ཐོབ་ནས་སྤྲོ་བ་དང༌། དེ་ནས་བསྡུ་བ་ལ་བསླབ་པའོ། །དེ་ལ་དང་པོ་མཚན་མའི་སྤྲོ་བསྡུ་ལ་བསླབ་པ་དང༌། ཕྱིས་ལྷའི་སྤྲོ་བསྡུ་ལ་བསླབ་པར་བྱའོ། །མཐར་ཕྱིན་པའི་ཚད་ནི། རེག་པའི་མཚན་མ་དང༌། མཐོང་བའི་མཚན་མའོ། །ཕན་ཡོན་ནི། སེམས་ལ་དབང་ཐོབ་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པའོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། སྤྱི་དོན་དུ་བཤད་པ་དང༌། སྦས་དོན་དུ་བཤད་པ་དང༌། མཐར་ཐུག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་མའི་སྤྲོ་བསྡུ་དང༌། ལྷའི་སྤྲོ་བསྡུ་ལ་བསླབ་པའོ། །དང་པོ་ནི། རྟག་ཏུ་སྒོམ་ཞེས་དྲང་ངོ༌། །གང་གི་སྒོ་ནས་བསྒོམ་ན། མཚན་མ་ཕྲ་མོ་ལ་དམིགས་པའི་རྣལ་འབྱོར་གྱི་སྒོ་ནས། གང་ན། རིན་ཆེན་ཆེན་པོ་ནི་ལྷ་རང་རང་གི་ཕྱག་མཚན་ནོ། །ཁ་དོག་གིས་ནི་རིགས་ལྔའི་བྱེ་བྲག་གི་ཁ་དོག་ལྔའོ། །ཆེ་ཆུང་ནི་ཉུངས་དཀར་གྱི་འབྲུ་ཚད་ཙམ་མོ། །གནས་ནི་སྣའི་རྩེ་མོར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སེན་མོའི་རྒྱ་ཁྱོན་ཙམ་གྱི་སྟེང་དུའོ། །དུས་ནི་རྟག་ཏུའོ། །ཚུལ་ནི་ནན་ཏན་དུའོ། །སྤྲོ་བ་ནི། ཕྱག་མཚན་རིན་པོ་ཆེའི་སྒྲས་བཟུང་བ། ཕྱག་མཚན་གྱི་ཕྲ་མོའི་རྣལ་འབྱོར་བརྟན་པར་གྱུར་ནས་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་པ་ཡོངས་སུ་མི་སྤྲོའོ། །གཉིས་པ་ལྷའི་སྤྲོ་བསྡུ་ལ་བསླབ་པ་ནི། སྤྲོ་བར་བྱའོ། །གང་ན། རབ་མཆོག་སྤྲིན་རྣམས་ཏེ། མཚན་མ་ལས་བྱུང་བའི་ལྷག་པའི་ལྷའི་ཚོགས་སོ། །ལྷ་ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་བ་མཉམ་པའི་འོད། །ཅེས་ཏེ། རིགས་དང་མཐུན་པའི་ལྷའི་ཁ་དོག་དང་ལྡན་པའོ། །ཕྱག་མཚན་ནི། འཁོར་ལོ་ཞེས་པ་ནས་འཛིན་ཞེས་པའི་བར་གྱིས་བསྟན་ནོ། །དེ་བཞིན་གཤེགས་པ་ཁོ་ནར་མ་ཟད། བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས་ཏེ། བྱང་ཆུབ་སེམས་དཔའ་དང༌། ལྷ་མོ་དང་ཁྲོ་བོ་ལ་སོགས་པ་རྣམས་ཀྱང་སྤྲོའོ། །སུ་ཞིག་གིས་ན། བདག་ཉིད་ཅན་ཏེ། རྣལ་འབྱོར་པ་རྣམས་ཀྱིས་སོ། །གཉིས་པ་སྦས་དོན་དུ་བཤད་པ་ནི། འོག་སྒོ་ལ་བརྟེན་པའི་ཕྲ་མོའི་རྣལ་འབྱོར་ཏེ། གཞན་རྣམས་སྔར་དང་འདྲ་ལ། གང་ཞིག་སྒོམ་ཞེ་ན། རིན་ཆེན་ཆེན་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་དའོ། །ཆེ་ཆུང་ཉུངས་དཀར་གྱི་འབྲུ་ཚད་ཙམ་མོ། །ཁ་དོག་ལྔ་པ་ནི། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱ་ཞེས་པའོ། །སྣའི་རྩེ་མོ་ནི། རང་གི་རྡོ་རྗེའི་ཁར་རོ། །ཚུལ་ནི། རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས། ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཉུངས་དཀར་གྱི་འབྲུ་ཚོད་ཙམ་སྤྲོ་བས་སོ། །བྱང་ཆུབ་སེམས་ཀྱི་རིན་པོ་ཆེ་བརྟན་པར་མ་གྱུར་པར་ཡོངས་སུ་མི་སྤྲོའོ། །དེ་ལྟར་ཐིག་ལེའི་སྤྲོ་བསྡུ་ལ་བསླབས་ནས། ལྷའི་སྤྲོ་བསྡུ་ལ་བསླབ་པ་ནི། ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་བུ་དང་ཚ་བོའི་ཚུལ་དུ་སྤྲོས་ཏེ་བསྒོམ་པར་བྱའོ་ཞེས་སྟོན་པ་ནི། སངས་རྒྱས་འབར་བ་མཉམ་པའི་འོད། །ཅེས་སོགས་ཏེ། བཤད་པ་སྔ་མ་བཞིན་ནོ། །གསུམ་པ་མཐར་ཐུག་ཏུ་བཤད་པ་ནི། རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་སྟོན་ཏེ། སྒོམ་པར་བྱའོ། །དུས་ནི་རྟག་པར་ཏེ། ཉིན་མཚན་དུའོ། །གང་གི་སྒོ་ནས་ན། ཟུང་འཇུག་ལ་སློབ་པའི་རྣལ་འབྱོར་གྱིས་སོ། །གང་ཞིག་སྒོམ་ཞེ་ན། ཁ་དོག་རྣམ་པ་ལྔ་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་རིན་པོ་ཆེ་མི་ཤིགས་པའི་ཐིག་ལེ་གྲགས་པ་དེའོ། །ཚད་ནི། ཉུངས་དཀར་གྱི་འབྲུ་ཚོད་ཙམ་མོ། །གནས་ནི་སྣའི་རྩེ་མོ་སྟེ། སྙིང་ཁའི་པདྨའི་ལྟེ་བ་ལའོ། །ཚུལ་ནི། ནན་ཏན་ཏེ། འཇུག་གནས་ལྡང་གསུམ་གྱི་རྒྱུ་བ་བགྲང་བའི་ཚུལ་གྱིས་སོ། །རྣལ་འབྱོར་ཇི་ལྟ་བུ་ཞིག་གིས་བཟླ་བར་བྱ་ཞེ་ན་མི་ཤིགས་པའི་དེ་ཁོ་ན་ཉིད་རྟོགས་པས་བཟླ་བར་བྱ་ཡི། བརྟན་པར་མ་འགྱུར་པ་སྟེ། དེ་མ་རྟོགས་པས་ནི་ཡོངས་མི་སྤྲོ་ཞེས་བྱའོ། །སྤྲོ་བའི་ཐབས་བསྟན་པ་ནི། སངས་རྒྱས་འབར་བའི་ཞེས་སོགས་ཏེ། འོད་ཟེར་རྣམ་པ་ལྔའོ། །དེ་དང་མཉམ་པའི་འོད་ནི་རླུང་གི་དཀྱིལ་འཁོར་བཞི་སྟེ། མགོན་པོ་བཞིའི་བདག་ཉིད་ཀྱི་རླུང་ཡིན་པས། མཆོག་རབ་སྤྲིན་རྣམས་ཏེ། རྣམ་མཁའི་ཁོངས་སུ་གཏོགས་པ་སྤྲོ་བར་བྱའོ། །གཞུང་ལྷག་མ་མཐར་ཐུག་ཏུ་བཤད་པ་མེད་དོ། །གསུམ་པ་ལྷའི་རྣལ་འབྱོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དྲང་དོན་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ལྷ་རྣམས་བསྐྱེད་པའི་རིམ་པ་བསྟན་པ་དང༌། ལེའུའི་མཚན་དྲང་དོན་དུ་བཤད་པའོ། །དང་པོ་ནི་ལྷ་རྣམས་བསྐྱེད་པའི་རིམ་པ་སྟོན་པ་ནི། རྣམ་པར་སྣང་མཛད་ཀྱི་ཟློས་པ་པོས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ། དེ་བཞིན་ཉིད་ལ་བྱང་ཆུབ་པ་སྔོན་དུ་འགྲོ་བས། ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་སྟེ། ཟླ་བ་ལས་བྱང་ཆུབ་པ་བསྒོམས་ནས། ཁ་དོག་རབ་ཏུ་གསལ་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ས་བོན་ཨོཾ་ལས་ཕྱག་མཚན་འཁོར་ལོ་དཀར་པོ་བསྒོམ་པར་བྱ། རིན་ཆེན་བརྩོན་པས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་ལྷའི་དཀྱིལ་འཁོར་བསྒོམ་པར་བྱའོ། །འོད་དཔག་མེད་ཀྱི་ཟློས་པ་པོས་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། པདྨའི་དཀྱིལ་འཁོར་ཏེ་པདྨ་རཱ་གའི་མདོག་ཅན་གྱི་འོད་དཔག་མེད་གསལ་བར་བསྒོམ་པར་བྱའོ། །སུ་ཞིག་གིས་ན། པདྨ་སྒོམ་པ་སྟེ། དེའི་རིགས་ཅན་གྱི་རྣལ་འབྱོར་པས་བསྒོམ་པར་བྱ། རིན་ཆེན་བརྩོན་པས་ཏེ། རིན་ཆེན་འབྱུང་ལྡན་གྱི་རིགས་ཅན་གྱིས་སྭ་ལས་བྱུང་བའི་རིན་པོ་ཆེ་དང༌། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་དཀྱིལ་འཁོར་ཏེ། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གསལ་བར་བསྒོམ་པར་བྱའོ། །དོན་གྲུབ་ཀྱི་ཟློས་པ་པོས། ཧ་ལས་སྦྱོར་བའི་དཀྱིལ་འཁོར་ཏེ་སྣ་ཚོགས་རྡོ་རྗེ། དེ་ལས་བྱུང་བའི་དོན་ཡོད་གྲུབ་པ་ནམ་མཁའི་ཁ་དོག་དང་འདྲ་བར་བྲི་བར་བྱ་བ་སྟེ། ཡིད་ལ་བསྒོམ་མོ། །འདིར་དོན་ཡོད་གྲུབ་པ་སྔོ་སངས་སུ་བཤད་ལ། བསྡུས་རིམ་དུ་ལྗང་ཁུར་བཤད་པས་འགྱུར་ལ་སྐྱོན་ཡོད་པ་མངོན་ནོ། །མི་བསྐྱོད་པའི་རྣམ་འབྱོར་པས་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་རྡོ་རྗེ།          རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*