དེ་ལས་བྱང་བའི་སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་ཡིས། ཉེ་བར་མཚོན་པའི་དཀྱིལ་འཁོར་མི་བསྐྱོད་པ་སྟེ་དེ་བསྒོམ་པར་བྱའོ། །རིགས་ལྔ་པོའི་སངས་རྒྱས་རབ་ཏུ་མཆོག་ཏུ་གྱུར་པ་བསྒོམ་པ་འདི་ནི། ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པར་བྱེད་པའོ། །དེ་བཞིན་ཉིད་ལ་དམིགས་ཏེ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་དེ་བཞིན་གཤེགས་པ་གཞན་བཞི་ལ་སྦྱར་ཏེ། ཐམས་ཅད་ལ་དང་པོའི་མགོན་པོ་སྒོམ་ཚུལ་རེ་རེ་ཡོད་པའི་ཕྱིར་ཞེས་ཆག་ལོས་གསུང་ངོ༌། རྟོག་ལ་སོགས་པ་སངས་རྒྱས་རབ་མཆོག་འདི་རྣམས་ཉིད། །ཅེས་པ་རིགས་ལྔའི་རྗེས་སུ་རྣལ་འབྱོར་དང༌། ཐམས་ཅད་མཁྱེན་པའི་ཚུལ་སྦྱོར་བ། །ཞེས་པ་རྗེས་སུ་རྣལ་འབྱོར་གྱི་སྔོན་འགྲོ། དེ་བཞིན་ཉིད་ཟླ་བ་ལས་བྱང་ཆུབ་པ་བསྟན་གསུང་ཡང༌། འགྲེལ་པར་མི་གསལ་ལོ། །གཉིས་པ་ལེའུའི་མཚན་དྲང་དོན་དུ་བཤད་པ་ནི། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རིགས་ལྔའོ། །བཀོད་པ་ནི། དེ་དག་འདུས་པའི་བཀོད་པ་སྟེ་འདི་སྟོན་པ་ལ་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱའོ། །གཉིས་པ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། རྡོ་རྗེ་བཟླས་པ་རྒྱས་པར་བཤད་པ་དང༌། ལེའུ་མཚན་ངེས་དོན་དུ་བཤད་པ་དང༌། དེ་ཉིད་ལུང་གི་བསྒྲུབ་པའོ། །དང་པོ་ནི། སྔར་ཕྲ་མོའི་རྣལ་འབྱོར་མཐར་ཐུག་ཏུ་བཤད་པའི་རླུང་གི་དེ་ཉིད། འདིར་དཀྱིལ་འཁོར་བཞིར་ཕྱེ་ནས་འཆད་པ་སྟེ། བྲི་བར་བྱ་ཞེས་པ་དེ་བཤད་པར་བྱའོ། །གང་ཞེ་ན། ནམ་མཁའི་དབྱིངས་དེ་འོད་གསལ་བའི་དབྱིངས་སུ་གནས་པའི་ཟླ་བ་དཀྱིལ་འཁོར་ཏེ། རླུང་གི་འབྱུང་གནས་མི་ཤིགས་པའི་ཐིག་ལེ་སྟེ། ཨ་དུམ་གྱི་རྣམ་པའོ། །འདི་ནི་ཨ་ཤད་ཀྱི་རྣམ་པར་ཡོད་པས་ཨ་ཐུང་ཞེས་བཤད་པ་ནོར་རོ། །གསལ་བའི་དཀྱིལ་འཁོར་ནི་འོད་གསལ་གྱི་དབུས་ན་གནས་པ་མི་ཤིགས་པ་ལས་བྱང་བའི་དཀྱིལ་འཁོར་ནི་ཆུ་རླུང་མི་བསྐྱོད་པའི་ངོ་བོ། རྒྱུ་བ་དེ་བསྒོམ་པ་སྟེ་ཤེས་པར་བྱའོ། །པདྨའི་དཀྱིལ་འཁོར་འདྲ་བ་ནི་མེའི་དཀྱིལ་འཁོར་ཁ་དོག་དམར་པོའོ། །པདྨ་བསྒོམ་པ་ནི་འོད་དཔག་ཏུ་མེད་པའི་ངོ་བོ་གཡས་ནས་འབྱུང་བ་ཤེས་པར་བྱེད་པའི་དོན་ནོ། །རིན་ཆེན་དཀྱིལ་འཁོར་གསལ་བ་ནི་ས་རླུང་ཁ་དོག་སེར་པོ་རིན་ཆེན་བརྩོན་པ་སྟེ། རིན་འབྱུང་གི་བདག་ཉིད་སྣ་བུག་གཡས་གཡོན་ནས་རྩུབ་པའི་ཚུལ་དུ་འབྱུང་བར་ཤེས་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་ནམ་མཁའ་དང་འདྲ་བ་སྟེ། དོན་ཡོད་གྲུབ་པའི་རླུང་གཡོན་ནས་འབྱུང་བ་ཤེས་པར་བྱའོ། །རླུང་དེ་རྣམས་ལ་རྡོ་རྗེའི་བཟླས་པ་བྱས་པས། སངས་རྒྱས་རབ་མཆོག་སྐུ་གསུང་ཐུགས་དབྱེར་མེད་པ་ཅན་གྱི་ཟུང་འཇུག་གི་སྐུ་སྒྲུབ་པར་བྱེད་དོ། །ཟུང་འཇུག་གི་སྐུ་ནི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་ལྷའི་དཀྱིལ་འཁོར་རྡོ་རྗེའི་སྒྲས་བསྟན་པའི་འོད་གསལ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་བཟླས་པའི་རྣལ་འབྱོར་དེ་གང་གིས་བསྒོམ་པར་བྱ་བ་ཡིན་ཞེ་ན། ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པར་འདོད་པའི་གང་ཟག་རྣམས་ཀྱིས་སོ། །གཉིས་པ་ནི། རྡོ་རྗེ་ནི་ཟུང་འཇུག་གི་སྐུའོ། །བཀོད་པ་ནི་དེ་དག་གི་ཚོགས་སོ། །གསུམ་པ་ནི། དགོངས་པ་ལུང་སྟོན་ལས། ཐོག་མཐའ་མེད་པའི་རྣལ་འབྱོར་པ། །ཕྲ་མོ་ཞེས་བྱ་རབ་ཏུ་བརྟག །མི་གསལ་གསལ་བར་ཡང་དག་སྦྱོར། །དངོས་མེད་ངོ་བོ་ཉིད་དུ་བྱུང༌། རང་བཞིན་གྱིས་གྲུབ་དང་པོ་གཅིག །གཅིག་དང་དུ་མར་རྣམ་སྤངས་པ། །རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས། །དངོས་པོ་ཀུན་གྱི་འབྱུང་གནས་གཅིག །བདག་ཉིད་འདི་ལྟར་བྱས་ནས་ནི། །ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པ། །གཅིག་གིས་སྦྱོར་བ་བཞི་བཞི་ཡིས། །གོས་དཀར་ལ་སོགས་ལེགས་པར་བྲི། །དེ་རྣམས་དབུས་སུ་རང་གི་ལྷ། །སྦྱོར་བ་བཞི་ཡི་གོ་འཕང་མཆོག །ཅེས་པ་དང༌། གོས་དཀར་ལ་སོགས་ཇི་བཞིན་དུ། །སྟེང་དང་ལོགས་དང་མཉམ་འོག་ནས། །མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་སོ། །དེ་ལ་ཚིག་རྐང་དང་པོ་གཉིས་ཀྱིས་ནི་ཟུང་འཇུག་ལ་གནས་ནས་རྡོ་རྗེའི་བཟླས་པ་བྱེད་པ་མདོར་བསྟན། ལྷག་མ་རྣམས་ཀྱིས་རྒྱས་པར་བཤད་དོ། །མི་གསལ་གསལ་བར་ཡང་དག་སྦྱོར། །ཞེས་པ་ནས། བདག་ཉིད་འདི་ལྟར་བྱས་ནས་ནི། །ཞེས་པའི་བར་གྱིས་ནི་ཚིག་རྐང་དང་པོ་འཆད་དོ། །ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་མན་ཆད་ཀྱིས་ནི་ཚིག་ཕྱི་མ་འཆད་དོ། །གང་ལ་གནས་ནས་བཟླས་པ་བྱེད་པའི་ཟུང་འཇུག་ཇི་ལྟ་བུ་ཞེ་ན། མི་གསལ་བ་ཀུན་རྫོབ་དང༌། གསལ་བ་དོན་དམ་ཡང་དག་པར་སྦྱར་བའི་ཡེ་ཤེས་སོ། །རྒྱུ་གང་ལས་བྱུང་ཞེ་ན། དངོས་པོ་མེད་པའི་ངོ་བོ་འོད་གསལ་ལས་བྱུང་ཞེས་པའོ། །འོད་གསལ་ཇི་ལྟ་བུ་ཞེ་ན། དང་པོ་ནས་མ་བཅོས་པ་རང་བཞིན་གྱིས་གྲུབ་པའོ། །དབྱེ་བ་མེད་པས་གཅིག་པུ། བདེན་པར་མ་གྲུབ་པས་ན། གཅིག་དང་དུ་མར་རྣམས་སྤངས་པ། །དངོས་པོ་ཀུན་གྱི་འབྱུང་གནས་གཅིག་པུ་སྟེ། དང་པོ་ཡང་དེ་ལས་བྱུང་ཞིང་མཐར་ཡང་དེ་ལ་ཐིམ་པའོ། །འོད་གསལ་ལས་ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི། རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས། །ཞེས་བྱའོ། །ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཟུང་འཇུག་ཏུ་ལྡང་བ་ནི། བདག་ཉིད་དེ་ལྟར་བྱས་ནས་ནི། །ཞེས་སོ། །ཟུང་འཇུག་ལ་གནས་ནས་རྡོ་རྗེའི་བཟླས་པ་བྱེད་པས་ན། བཟླས་པ་བྱ་བའི་ཡུལ་བསྟན་པ་ནི། རླུང་གི་དཀྱིལ་འཁོར་བཞི་སྟེ། དམར་དང་གནག་དང་དེ་བཞིན་སེར། །ཞེས་པ་ནས། གོས་དཀར་ལ་སོགས་ལེགས་པར་བྲི། །ཞེས་པའི་བར་རོ། །རེ་རེ་ལའང་ལྷ་མོ་བཞི་བཞི་ཚང་བར་རྒྱུ་བས་ན། མགོན་པོ་གཅིག་ལ་བཞི་བཞིར་ཕྱེའོ། །རྒྱས་པར་ངག་དབེན་གྱི་སྐབས་སུ་བསྟན་ཟིན་ཏོ། །ལེའུ་གསུམ་པའི་རྣམ་བཤད་དོ།། ༈ །ལེའུ་བཞི་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། བུམ་པའི་དབང་བསྐུར་བའི་ཕྱིར་བྲི་བྱའི་དཀྱིལ་འཁོར་དང༌། དབང་གོང་མ་བསྐུར་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོན་ནོ། །དང་པོ་ནི། གསོལ་གདབ་སྔོན་དུ་འགྲོ་བ་ཅན་གྱི་དཀྱིལ་འཁོར་ཆོ་ག་སྟོན་པ་སྟེ། དེ་དྲང་དོན་དུ་བཤད་པ་ནི། དཀྱིལ་འཁོར་གྱི་མཚན་མ་དང༌། ཐིག་གདབ་པ་དང༌། ཕྱག་རྒྱ་འགོད་པ་དང༌། མཆོད་པ་སོགས་ཡིན་ལ། ངེས་དོན་དུ་བཤད་པས་ནི་ཕྱི་མ་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། བསྟོད་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྟོན་པའི་གསུང་གིས་དཀྱིལ་འཁོར་གྱི་ཆོ་ག་བསྟན་པའོ། །དང་པོ་ནི། ལེའུ་གསུམ་པ་གསུངས་པའི་རྗེས་ཐོགས་དེ་ནས་གསོལ་བ་གདབ་བོ། །གང་ལ་ན། སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ལའོ། །གང་གིས་ན། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །ཚུལ་ནི། ཡང་འདུས་ནས་འོག་ནས་འབྱུང་བའི་བསྟོད་པའི་རྒྱལ་པོ་འདིས་སོ། །དེ་ལ་ཐོག་མར་རིགས་ལྔའི་སྒོ་ནས་བསྟོད་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། བཤད་དུ་གསོལ་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་ཀུན་ནི་མི་བསྐྱོད་པའོ། །ཞི་བ་ནི་རྣམ་སྣང་ངོ༌། ཀུན་གྱི་གནས་ནི་རིན་ཆེན་འབྱུང་ལྡན་ནོ། །ཆོས་ཀུན་ནི་འོད་དཔག་མེད་དོ། །བདག་མེད་པའི་མཆོག་ནི་དོན་ཡོད་གྲུབ་པ་སྟེ། རྡོ་རྗེ་འཆང་ལ་རིགས་ལྔའི་ངོ་བོའི་སྒོ་ནས་བསྟོད་པའོ། །ཡང་རིགས་གསུམ་གྱི་སྒོ་ནས་བསྟོད་པ་ནི། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །ཞེས་བོས་ནས། དཀྱིལ་འཁོར་དམ་པ་བཤད་དུ། །གསོལ་ཞེས་པའི་བར་རོ། །དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། འཆད་པ་དཀྱིལ་འཁོར་གྱི་མཚན་ཉིད་དང་ལྡན་པས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས་ཅིང༌། ལྷག་ཆད་ཀྱི་ཉེས་པ་དང་བྲལ་བས། མཚན་ཉིད་མིན་པ་ཐམས་ཅད་སྤངས་པའོ། །ཡང་ཀུན་ཏུ་བཟང་པོ་གསུང་གི་མཆོག །ཞེས་བོས་ནས། བཤད་དུ་གསོལ། ཞེས་པའོ། །ཀུན་ཏུ་བཟང་པོ་ཇི་ལྟ་བུ་ཞེ་ན། དོན་དམ་རྟོགས་པ་ལས་བྱུང་བས། ཞི་བའི་ཆོས་མཆོག་ལས་བྱུང་བའོ། །འོད་གསལ་བསྒོམ་པས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་སྦྱོང་བས་ན། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བའོ། །ངག་གི་དབང་ཕྱུག་མཉེས་པས་ན། གསུང་གི་མཆོག་གོ །འདི་ནི་གསུང་གི་སྒོ་ནས་བསྟོད་པའོ། །ཡང་ཀུན་ཏུ་བཟང་པོ་ཞེས་བོས་ནས། དཀྱིལ་འཁོར་ཞེས་སོགས་སྦྱོར་རོ། །དེའི་ཁྱད་པར་ནི། སེམས་ཅན་ཀུན་གྱི་སེམས་གཉིས་སུ་མེད་པའི་རང་བཞིན་རྡོ་རྗེ་ཡིན་པས་སེམས་ཆེན་པོའོ། །འདོད་ཆགས་ལ་སོགས་པ་དཔྱད་ན་དམིགས་སུ་མེད་པས་རང་བཞིན་གྱིས་དག་པའོ། །དྲི་མ་དང་བྲལ་བས་དྲི་མ་མེད་པའོ། །དེ་ཉིད་ཀྱིས་ན་ཀུན་ཏུ་བཟང་པོའོ། །སེམས་ཅན་གྱི་སེམས་གཉིས་སུ་མེད་པའི་དོན་ཐུགས་སུ་ཆུད་པས་ན་ཐུགས་ཀྱི་མཆོག་གོ །མྱང་འདས་ཐོབ་པར་མཛད་པས་ན་ཁ་ལོ་བསྒྱུར་བའོ། །གཉིས་པ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། གསོལ་བ་བཏབ་པའི་རྗེས་དེ་ནས་བཤད་ཅེས་དྲང་ངོ༌། །གང་གིས་ན། རྡོ་རྗེ་སྟོན་པ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་གིས་སོ། །རྡོ་རྗེ་འཆང་ཇི་ལྟར་བུ་ཞེ་ན། ས་འོག ས་སྟེང༌། མཐོ་རིས་ཏེ་འཇིག་རྟེན་གསུམ་པ་དང༌། འདོད་ཁམས་ལ་སོགས་པ་ཁམས་གསུམ་པ་དང༌། འཇིག་རྟེན་གསུམ་མཆོག་རྡོ་རྗེ་ནི་ཉན་རང་དང༌། ཡང་འཇིག་རྟེན་གསུམ་མཆོག་ནི། ཚངས་པ་ལ་སོགས་པ་ཡིན་ཏེ། དེ་རྣམས་ནི་གདམ་ངག་གི་རྗེས་སུ་བཟུང་བའི་ཡུལ་ཡིན་ལ། དེ་དག་ལ་གདམ་ངག་རྗེས་སུ་སྟོན་པའོ། །གང་ཞིག་བཤད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཀུན་གྱི་གནས་སོ། །སྙིང་པོ་ལེན་པས་ན་དཀྱིལ་འཁོར་རོ། །དེ་དང་འདྲ་བས་ན་དཀྱིལ་འཁོར་གྱི་ཚུལ་དུའོ། །ཡིད་དུ་འོང་བས་ན་ཉམས་དགའ་བའོ། །གསུམ་པ་སྟོན་པའི་ཚིག་གིས་དཀྱིལ་འཁོར་གྱི་ཆོ་ག་བཤད་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ལ་བཞི་ཏེ། དཀྱིལ་འཁོར་གང་བཤད་པ་དང༌། བཤད་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་དང༌། དེ་ལ་ཕྱག་རྒྱ་འགོད་པ་དང༌། མཆོད་པའི་ཆོ་ག་བསྟན་པའོ། །དང་པོ་ནི། སློབ་མས་གསོལ་བ་བཏབ་པ་ཁས་བླངས་པའི་རྗེས་དེ་ནས། སློབ་མ་དད་པ་དང་ལྡན་པ་དེའི་ཕྱིར། དཀྱིལ་འཁོར་རབ་དུ་བཤད་པར་བྱའོ། །གང་ཞེ་ན། སེམས་གཙོ་བོར་བྱས་པའི་ཐུགས་ཀྱི་དཀྱིལ་འཁོར་རོ། །འདི་ནི་རྡོ་རྗེའི་རིགས་གཙོ་བོ་ཡིན་པས་མཆོག་གོ །མི་བསྐྱོད་པ་དང་འདྲ་བར་བདུད་ཀྱིས་བསྐྱོད་པར་མི་ནུས་པས། ཐུགས་ཀྱི་རྡོ་རྗེ་དང་རབ་ཏུ་འདྲ་བའི་སྐུ་གསུང་ཐུགས་རྣམས་ཀྱི་དཀྱིལ་འཁོར་དེའོ། །གཉིས་པ་ནི། ཐིག་གདབ་བོ་ཞེས་དྲང་ངོ༌། །གང་གིས་ན། ལུས་དང་ངག་དང་སེམས་སྒོམ་པས་སྟེ་མཉམ་པར་བཞག་པའི་ལས་ཀྱི་ཆོ་ག་མཐོང་བའི་ཤེས་རབ་ཅན་གྱིས་སོ། །གང་གི་སྒོ་ནས་གདབ་ཅེ་ན། ཐིག་སྐུད་གཞན་དུ་མ་སྤྱད་པའི་གསར་བ་ལེགས་པར་བཀལ་བ། དཀྱིལ་འཁོར་གྱི་ཉིས་ལྡབ་ཏུ་བྱས་པས་ཚད་མ། ཚོན་སྣ་ལྔ་ཡིས་རབ་ཏུ་མཛེས་པ་ཡིས་སོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་ནི། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི་ངོས་རེ་ལ་ཁྲུ་གསུམ་གསུམ་སྟེ། ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། དབྱིབས་ནི་ངོས་བཞི་དང་ནི་གྲྭ་བཞིར་ལྡན། །སྒོ་བཞི་པར་ནི་རབ་ཏུ་བརྟག །ཅེས་པ་དང༌། རྩ་ཐིག་དེའི་དབུས་སུ་འཁོར་ལོ་སྟེ། ཟླུམ་པོ་ལྟ་བུར་རབ་ཏུ་བྲི་བར་བྱའོ། །དཀྱིལ་འཁོར་བྲི་བར་རྫོགས་པའི་རྗེས་དེ་ནས། ལས་ཀྱི་ཆོ་ག་ཉི་ཤུ་མཐོང་བའི་སློབ་དཔོན་གྱིས་ཕྱག་རྒྱ་འགོད་པ་བྱའོ། །ཕྱག་རྒྱ་ནི་གསུམ་སྟེ། ཡི་གེ་འགོད་པ་ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་མཚན་འཁོད་པ་མཚན་མའི་ཕྱག་རྒྱ་དང༌། སྐུ་འགོད་པ་ཕྱག་རྒྱ་ཆེན་པོའོ། དེ་ལ་དབང་པོ་རྣོན་པོ་ལ་ཆོས་ཀྱི་ཕྱག་རྒྱ་དང༌། འབྲིང་པོ་ལ་མཚན་མ་དང༌། རྟུལ་པོ་ཕྱག་རྒྱ་ཆེན་པོའོ། །འདིར་མཚན་མའི་ཕྱག་རྒྱ་བསྟན་པ་ནི། དཀྱིལ་འཁོར་དེའི་དབུས་སུ་རྡོ་རྗེ་འཆང་ཆེན་པོའི་མཚན་མ་རྡོ་རྗེ་བྲི་བར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། ཨིནྡྲ་ནཱི་ལའི་ཁ་དོག་དང་འདྲ་བ། འོད་ཟེར་འབར་བ། རྩིབས་རྩེ་ལྔ་པ། འཇིགས་པའི་བགེགས་དག་ཀྱང་རབ་ཏུ་འཇིགས་པར་བྱེད་པ་བྲིའོ། །ཤར་དུ་རྣམ་སྣང་གི་མཚན་མ། འཁོར་ལོ་ཆེན་པོ་རྡོ་རྗེ་འབར་བ་སྟེ། འོད་ཟེར་ལྔས་རྣམ་པར་བརྒྱན་པ་བྲི་བར་བྱའོ། །ལྷོ་རུ་རིན་ཆེན་འབྱུང་ལྡན་གྱི་མཚན་མ། རིན་པོ་ཆེ། འོད་ཟེར་མང་པོས་རབ་ཏུ་འཁྲིགས་པའོ། །ནུབ་ཏུ་འོད་དཔག་མེད་ཀྱི་མཚན་མ་པདྨ་ཆེན་པོ། འདབ་མ་བརྒྱད་པ། པདྨ་རཱ་གའི་མདོག་འདྲ་བ། བྱང་དུ་དོན་གྲུབ་ཀྱི་མཚན་མ། རལ་གྲི་ཆེན་པོ་ཁ་དོག་སྣ་ལྔའི་འོད་ཟེར་མང་པོས་རབ་ཏུ་འཁྲིགས་པ་བྲིའོ། །ཤར་གྱི་གྲྭ་རུ་སྤྱན་མའི་མཚན་མ། དབུས་ན་སྤྲིན་ཏེ་སྔོ་ནག་དང༌། ཞི་བའི་འོད་ནི་དཀར་པོ་སྟེ། དབུས་ནག་ལ་མཐའ་དཀར་བའི་སྤྱན་བྲིའོ། །ལྷོའི་གྲྭ་རུ་མཱ་མ་ཀིའི་མཚན་མ་རྡོ་རྗེའོ། །ནུབ་ཀྱི་གྲྭ་རུ་གོས་དཀར་མོའི་མཚན་མ་པདྨ་དམར་པོ་ཁ་བྱེ་བ་སྡོང་བུ་དང་བཅས་པ་བྲི་བར་བྱའོ། །བྱང་གི་གྲྭར་སྒྲོལ་མའི་མཚན་མ་ཨུཏྤལ་མཛེས། སྤྲིན་སྔོན་པོ་དང་འདྲ་བའི་མཐིང་ཀ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་ཀྱི་མཚན་མ། ཐོ་བ་འོད་འབར་ཞིང་རབ་ཏུ་མཛེས་པ་གསལ་བ་བྲི་བར་བྱའོ། །ལྷོ་སྒོར་ཤེས་རབ་མཐར་བྱེད་ཀྱི་མཚན་མ་རྡོ་རྗེ་འབར་བ་ལ་སོགས་པ་འོད་བཟང་པོ་དང་ལྡན་པའི་བེ་ཅོན་བྲི་བར་བྱའོ། །ནུབ་སྒོར་པདྨ་མཐར་བྱེད་ཀྱི་མཚན་མ་པདྨ་རལ་གྲི་ལྟར་རྣོ་བའི་འོད་འབར་བ་བྱེད་པ་བྲི་བར་བྱའོ། །བྱང་སྒོར་རྡོ་རྗེ་འཁྱིལ་པའི་མཚན་མ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །བཞི་པ་མཆོད་པའི་ཆོ་ག་བསྟན་པ་ལ་གཉིས་ཏེ། མཚམས་སྦྱར་དང༌། མཆོད་པ་དངོས་བསྟན་པའོ། །དང་པོ་ནི། ཐུགས་ཀྱི་ཞེས་སོགས་ཚིག་རྐང་པ་གཉིས་སོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལུས་དང་ཞེས་པ་ནས། མཆོད་པར་བྱ་ཞེས་པའི་ཚིག་རྐང་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མཆོད་པ་དངོས་དང༌། ཕན་ཡོན་ནོ། །གཉིས་པ་ལ་གཉིས་ཏེ། ལུས་ཀྱི་མཆོད་པ་དང༌། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའོ། །དང་པོ་ནི། སྒྲུབ་པ་པོས་འདོད་པ་བྱ་སྟེ། རོལ་བར་བྱའོ། །གང་ལ་ན། བཙུན་མོ་སྟེ་སྨེ་ཤ་ཅན་ལ་སོགས་པའི་རིགས་ཀྱི་བུ་མོའོ། །དེ་ཇི་ལྟ་བུ་ཞེ་ན། མཛེས་ཤིང་མདངས་བཟང་བ། ལོ་གྲངས་བཅུ་དྲུག་ལོན་པ། དྲི་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའོ། །གང་དུ་ན། དཀྱིལ་འཁོར་དེའི་དབུས་སུའོ། །དུས་ནི་རྙེད་ནས་ཞེས་པའོ། །ཚུལ་ཇི་ལྟར་ན། ཡོན་ཏན་གྱི་སྐེ་རགས་ཏེ་བརྒྱན་པར་བྱས་པའི་བུ་མོ་དེ་མཱ་མ་ཀིར་བྱིན་གྱིས་བརླབས་ནའོ། །གང་གིས་ན། ཤེས་རབ་ཅན་གྱིས་ཏེ་སྒྲུབ་པ་པོས་སོ། །དེ་ནས་སངས་རྒྱས་ཞི་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གནས་ནི་རྡོ་རྗེའི་ལམ་སྟེ། དེ་ལས་ཕྱི་རོལ་ཏུ་སྤྲོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར་བརྒྱན་པར་བྱས་ཏེ། སྤྲོའོ། །ཞེས་པའོ། །དོན་ནི། དེ་བཞིན་གཤེགས་པ་སྤྲོས་ནས་དེ་ལ་བྱང་སེམས་ཀྱིས་མཆོད་པར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་ནི། བཤང་གཅི་ཁུ་བ་ཁྲག་ལ་སོགས་པ་བདུད་རྩི་ལྔ་ཡང་ལྷ་རྣམས་ལ་འབུལ་བར་བྱའོ། །བདུད་རྩི་ལྔ་ནི། དགོངས་པ་ལུང་སྟོན་དུ། བི། མུ། ར། ཤུ། བ་ས། འདི། ཞེས་པས། བི་ནི་བིཥྛ་ཞེས་པ་བཤང་བའོ། །མུ་ནི་མུ་དྲ་ཞེས་པ་གཅི་བའོ། །ར་ནི་རཀྟ་ཞེས་པ་ཁྲག་གོ །ཤུ་ནི་ཤུ་ཏྲ་ཞེས་པ་ཁུ་བའོ། །བ་ས་ནི་ཞག་སྟེ། རུས་པའི་བཅུད་ཡིན་ཞེས་ཆག་ལོ་གསུང་ངོ༌། །གཞན་དག་གི་བཤད་པ་ལ་སྙིང་པོ་མི་སྣང་ངོ༌། །གཉིས་པ་ཕན་ཡོན་ནི། དེ་ལྟར་བྱས་ན་ཞེས་སོགས་ཚིག་རྐང་གཉིས་ཏེ། སངས་རྒྱས་ནི་ཕུང་པོ་ལྔ། བྱང་ཆུབ་སེམས་དཔའ་ནི་མིག་སོགས་སྐྱེ་མཆེད་དེ་དེ་རྣམས་མཉེས་པར་བྱས་པ་སྟེ། ཚིམ་པར་བྱེད་པའི་དོན་ནོ། །བཤད་པ་འདི་ལྟར་ན་རྒྱུ་མཐུན་གྱི་མཆོད་པའི་ཕན་ཡོན་དུ་གསལ་ལོ། །སྒྲ་ཇི་བཞིན་དུ་བཤད་ན། མཆོད་པ་སྤྱིའི་ཕན་ཡོན་ནོ། །ཡང་ན་ལུས་ལ་བཀོད་པའི་ལྷ་མཆོད་པའི་ཕན་ཡོན་ལ་སྦྱར་རོ། །གཉིས་པ་ངེས་དོན་དུ་བཤད་པ་ལ་གཉིས་ཏེ། བསྡུད་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི་ཟུང་འཇུག་གི་དཀྱིལ་འཁོར་ཐབས་དང་བཅས་པ་བསྟན་ཏེ། དེ་ལ་དཀྱིལ་འཁོར་གྱི་མིང་གི་ཐ་སྙད་དང༌། ཐིག་གདབ་པ་དང༌། ཕྱག་རྒྱ་འགོད་པ་རྣམས་ཀྱིས་ཟུང་འཇུག་གི་མཚན་ཉིད་བཤད། ལུས་ལ་སོགས་པའི་མཆོད་པས་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་བསྟན། བྱང་ཆུབ་ཀྱི་སེམས་དང༌། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པས། འོད་གསལ་བསྒོམས་པས་ཟུང་འཇུག་ཐོབ་པ་བསྟན་ནོ། །ཡན་ལག་གི་དོན་ལ་བཞི་སྟེ། དཀྱིལ་འཁོར་གྱི་མིང་དང༌། ཐིག་གདབ་པ་དང༌། ཕྱག་རྒྱ་འགོད་པ་དང༌། དཀྱིལ་འཁོར་གྱི་མཆོད་པ་ངེས་དོན་དུ་བཤད་པའོ། །དང་པོ་ལ། དགོངས་པ་ལུང་སྟོན་གྱི་ལུང་ཁུངས་སུ་མཛད་པ་ནི། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །རྡོ་རྗེ་ཡེ་ཤེས་རབ་གསལ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །ཞེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཟུང་འཇུག་གི་སྐུ་དེ་ཉིད་ལ་ཐུགས་ཀྱི་དཀྱིལ་འཁོར་མཆོག་ཅེས་བྱ་ལ། ཡེ་ཤེས་དེ་ཉིད་བདེན་གཉིས་དབྱེར་མི་ཕྱེད་པས་ན་རྡོ་རྗེའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་བདེན་པ་དབྱེར་མེད་ཀྱི་མཚན་ཉིད་ཅན་གྱི་ཟུང་འཇུག་གི་དཀྱིལ་འཁོར་རབ་ཏུ་བཤད་པར་བྱའོ། །གཉིས་པ་ཐིག་གདབ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། ཐིག་སྐུད་ཀྱི་ངེས་དོན་དང༌། དེས་བཏབ་པའི་ཐིག་གི་ངེས་དོན་དང༌། ཐིག་གདབ་པའི་དཀྱིལ་འཁོར་གྱི་ངེས་དོན་ནོ། །དང་པོ་ནི། དགོངས་པ་ལུང་སྟོན་ལས། དགུའི་བདག་ཉིད་འདི་ནི་མཆོག །ལེགས་བཀལ་དེ་བཞིན་བསྟན་པའོ། །རྣམ་པ་སྣ་ཚོགས་ལུང་གི་བརྡ། །ཚད་མ་བཟང་པོ་དེ་ལ་བཤད། ཀུན་རྫོབ་དང་ནི་དོན་དམ་གང༌། །གཉིས་སུ་མེད་པ་མཛེས་པར་བཞེད། །ཅེས་ཏེ། འདིས་གསར་པ་དང༌། ལེགས་པར་བཀལ་བ་དང༌། ཚད་མ་བཟང་པོ་དང༌། མཛེས་པ་ཞེས་པའི་ཚིག་བཞིའི་དོན་བཤད་དེ། ན་བ་ཞེས་པ་གསར་པ་དང་དགུ་གཉིས་ལ་འཇུག་པ་ལས། འདིར་དགུ་སྟེ། གསུང་རབ་ཡན་ལག་དགུའི་བདག་ཉིད་ལ་གསར་པ་ཞེས་བྱའོ། །བདེན་གཉིས་སྟོན་པས་ན་མཆོག་གོ །རྩ་རྒྱུད་ཀྱི་ལེགས་བཀལ་ནི། གསུང་རབ་དེས་བདེན་གཉིས་དབྱེར་མི་ཕྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཟུང་འཇུག་བསྟན་ནོ། །ཚད་མ་ཞེས་པ་ནི། གསུང་རབ་ཡན་ལག་དགུའི་ལུང་བརྗོད་བྱ་རྣམ་པ་སྣ་ཚོགས་པ་ཀུན་རྫོབ་སྟོན་པའི་བརྡར་གྱུར་པས་ན་ཚད་མ་ཞེས་བཤད་དོ། །མཛེས་པ་ནི་དེ་དག་གིས་ཀུན་རྫོབ་སྒྱུ་ལུས་དང༌། དོན་དམ་འོད་གསལ་གཉིས་སུ་མེད་པ་ཟུང་འཇུག་ཏུ་སྟོན་པས་ན་མཛེས་པར་བཞེད་ཅེས་སོ། །གཉིས་པ་དེས་བཏབ་པའི་ཐིག་གི་ངེས་དོན་ནི། གསུང་རབ་ཡན་ལག་དགུའི་བདག་ཉིད་ལ་ཐིག་སྐུད་དུ་བསྟན་པ་དེས་བཏབ་པའི་ཐིག་དེ་གང་ཡིན་ཞེ་ན། ཤེས་རབ་འདི་ནི་ཐིག་ཡིན་ཏེ། །ཐབས་ནི་དེའི་རྗེས་འཇུག་པ། །ཞེས་ཏེ། ཤེས་རབ་ནི་དོན་དམ་འོད་གསལ་དང༌། དེའི་རྗེས་སུ་འཇུག་པའི་ཐབས་ནི་ཀུན་རྫོབ་སྒྱུ་ལུས་ཏེ། གཉིས་པོ་དབྱེར་མེད་པ་འདི་ནི། གསུང་རབ་ཀྱིས་བཏབ་པའི་ཐིག་ཡིན་ནོ། །གསུམ་པ་གདབ་བྱའི་དཀྱིལ་འཁོར་གྱི་ངེས་དོན་ནི། ཐིག་དེས་དཀྱིལ་འཁོར་གང་བཏབ་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །ཆོས་དང་ལོངས་སྤྱོད་རྫོགས་པ་མཆོག །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་ཏེ། ཤེས་རབ་འོད་གསལ་དང༌། ཐབས་སྒྱུ་ལུས་དབྱེར་མི་ཕྱེད་པའི་ཐིག་གཅིག་གིས། ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །ཐུགས་ཀྱི་དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། མཆོག་གི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་ངོ༌། །དཀྱིལ་འཁོར་གྱི་ངེས་དོན་བཤད་པ་ནི། ཁྲུ་ནི་བཅུ་གཉིས་དག་ཏུ་བྱ། །ཞེས་སོགས་ཀྱི་དོན་སྟོན་པ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །འཕགས་པའི་བདེན་བཞི་ངོས་བཞི་ཡིན། །ཚངས་པའི་གནས་ནི་གྲྭ་ཡིན་ཞིང༌། །བསྡུ་བའི་དངོས་པོར་གྲགས་པ་སྒོ། །རེ་རེ་བཞི་བཞིའི་མིང་ཅན་ནོ། །ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོ་དབུས་ཀྱི་དཀྱིལ་འཁོར་རོ། །ཞེས་ཏེ། འདིས་རྒྱུ་གང་ལས་ཟུང་འཇུག་གི་སྐུ་བསྐྱེད་པ་སྟོན་ཏེ། དང་པོར་སྤང་བྱ་གང་སྤངས་པས་ཐོབ་པར་བསྟན་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམ་པར་དག་པས་ན་ཁྲུ་བཅུ་གཉིས་པའོ། །ཐོབ་བྱེད་ཀྱི་རྒྱུ་ནི། འཕགས་པའི་བདེན་པ་བཞི་ཐུགས་སུ་ཆུད་པས་ན་ངོས་བཞིའོ། །བྱམས་པ་སོགས་ཚངས་པའི་གནས་བཞི་ནི་གྲྭ་བཞིའོ། །བསྡུ་བའི་དངོས་པོ་བཞི་ནི་སྒོ་བཞིའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གཉིས་སུ་མེད་པའི་ཟུང་འཇུག་ངོ་བོ་ལ་ཕྱོགས་རིས་མེད་པའི་བརྡར། ནང་གི་དཀྱིལ་འཁོར་ཟླུམ་པའོ། །དོན་ནི། གསུང་རབ་ཡན་ལག་དགུས་བསྟན་པའི་ཐབས་དང་ཤེས་རབ་གཉིས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ཐོབ་བོ། །ཞེས་པའི་དོན་ནོ། །ཕྱག་རྒྱའི་ངེས་དོན་བཤད་པ་ལ་གསུམ་སྟེ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱའི་ངེས་དོན་དང༌། ཡུམ་བཞིའི་ཕྱག་རྒྱའི་ངེས་དོན་དང༌། སྒོ་བ་བཞིའི་ཕྱག་རྒྱའི་ངེས་དོན་ནོ། །དང་པོ་ནི། དེ་དབུས་རྡོ་རྗེ་དྲི་བ་ནི། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་པའི་དོན་ནི། མི་ཕྱེད་ཡེ་ཤེས་མཚན་མ་སྟེ། །རྡོ་རྗེ་ཨིནྡྲ་ནཱི་ལ་རྒྱ། །རྣམ་ལྔའི་དབྱེ་བར་གྲགས་པ་ཡི། །རྩེ་མོ་འཁོར་བ་འཇིག་བྱེད་པའོ། །ཞེས་སོ། །བདེན་གཉིས་དབྱེར་མི་ཕྱེད་པའི་ཡེ་ཤེས་མཚོན་པ་ནི་དབུས་ཀྱི་རྡོ་རྗེའོ། །ལྡོག་པས་ཡེ་ཤེས་ལྔར་ཕྱེ་བས་མཚོན་པ་ནི་རྭ་ལྔ་པའོ། །ཡེ་ཤེས་དེས་འཁོར་བ་འཇིག་པར་བྱེད་པ་མཚོན་པ་ནི་རྩེ་མོའོ། །ཆོས་དབྱིངས་ཡེ་ཤེས་མཚོན་པའི་རྡོ་རྗེ་དེ་ཉིད་དྲི་མས་མ་གོས་པ་མཚོན་པ་ནི། ཨིནྡྲ་ནཱི་ལའི་ཁ་དོག་དང་འདྲ་བའོ། །མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་དངོས་པོ་མ་ལུས་པ་མཁྱེན་པ་ནི་མེ་ལོང་ཡིན་ལ། དེ་མཚོན་པ་ནི་ཤར་གྱི་འཁོར་ལོ་ཡིན་པས། མེ་ལོང་རང་བཞིན་ཤར་གནས་པའི། །འཁོར་ལོ་འབར་བ་འོད་ཀྱི་བརྒྱན། །ཞེས་སོ། །ཆོས་ཐམས་ཅད་རོ་གཅིག་ཏུ་རྟོགས་པའི་ཆ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་ལྷོ་ཕྱོགས་ཀྱི་རིན་པོ་ཆེའོ། །ཀུན་ཏུ་མཉམ་ཉིད་ལྷོ་ཕྱོགས་སུ། །རིན་ཆེན་འབར་བའི་མིང་ཅན་གཅིག །ཅེས་སོ། །ཆོས་རྣམས་མ་འདྲེས་པ་སོ་སོར་རྟོག་པའི་ཆ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་ནུབ་ཀྱི་པདྨའོ། །སོ་སོར་རྟོག་པ་ནུབ་པདྨ། །པདྨ་རཱ་གའི་མདོག་འདྲ་བ། །ཞེས་སོ། །གདུལ་བྱའི་རྣམ་རྟོག་འཇོམས་པར་བྱེད་ཅིང་སྒོ་གསུམ་གྱི་ལས་ཡོངས་སུ་རྫོགས་པར་བྱེད་པའི་ཆ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་བྱང་ཕྱོགས་ཀྱི་རལ་གྲི་ཡིན་ནོ། །གཉིས་པ་ནི། དབུས་ན་སྤྲིན་དང་ཞི་བའི་འོད། །ཅེས་པའི་དོན་སྟོན་པ་ནི། བྱམས་པ་ཚད་མེད་མཚོན་པ་ནི་ཤར་ལྷོའི་སྤྱན་ནོ། །མེ་རུ་ཕྱག་སྤྲིན་སྔོན་པོ་དང༌། །ཞི་བའི་འོད་ནི་བྱམས་པ་ཡིན། །ཞེས་སོ། །སྙིང་རྗེ་མཚོན་པ་ནི་ལྷོ་ནུབ་ཀྱི་རྡོ་རྗེའོ། །མཱ་མ་ཀ་ཡི་རིགས་རྡོ་རྗེ། །བདེན་བྲལ་སྙིང་རྗེ་ཞེས་བྱའོ། །ཞེས་སོ། །དགའ་བ་ཚད་མེད་མཚོན་པ་ནི་ནུབ་བྱང་གི་པདྨ་ཡིན་ཏེ། རླུང་དུ་སྡོང་བུ་དང་བཅས་པའི། །པདྨ་ཁ་བྱེ་དགའ་བར་གནས། །ཞེས་སོ། །བཏང་སྙོམས་ཚད་མེད་མཚོན་པ་ནི། བྱང་ཤར་གྱི་ཨུཏྤལ་ཏེ། དབང་ལྡན་ཨུཏྤལ་འོད་ཟེར་ནི། སྔོ་དང་བཅས་པ་བཏང་སྙོམས་ཡིན། །ཞེས་སོ། །གསུམ་པ་ནི་བསྡུ་བ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས་བསྟན་ཏེ། ཐོ་བ་འབར་བ་འོད་གསལ་བ། །ཞེས་སོགས་ཀྱི་དོན་སྟོན་པ་ནི། ཟང་ཟིང་གི་སྦྱིན་པ་མཚོན་པ་ནི་ཤར་སྒོའི་ཐོ་བ་ཡིན་ནོ། །དེ་བཞིན་ཤར་སྒོར་ཐོ་བ་ནི། །མདངས་ལྡན་འོད་བཟང་སྦྱིན་པ་སྟེ། །སྙན་པར་སྨྲ་བ་མཚོན་པ་ནི་ལྷོ་སྒོའི་དབྱུག་པ་ཡིན་ནོ། །དབྱུག་པ་འོད་བཟང་རྡོ་རྗེ་འབར། །དེ་བཞིན་སྙན་གྲགས་ཞེས་གྲགས་པ། །དོན་སྤྱོད་པ་མཚོན་པ་ནི་ནུབ་སྒོའི་པདྨ་ཡིན་ནོ། །ནུབ་ཏུ་དོན་སྤྱོད་ཞེས་བྱ་བ། །རྟ་མགྲིན་གྱི་ནི་པདྨའོ། །ཞེས་སོ། །དོན་མཐུན་པ་མཚོན་པ་ནི་བྱང་སྒོའི་སྣ་ཚོགས་རྡོ་རྗེ་ཡིན་ཏེ། དོན་མཐུན་པ་ནི་རྡོ་རྗེ་སྟེ། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཅན། །ཞེས་སོ། །དོན་བསྡུ་བ་ནི། ཕྱག་རྒྱ་འགོད་པའི་མཚན་ཉིད་དེ། །ལེགས་པར་གནས་པ་འདི་ཡིན་ནོ། །ཞེས་སོ། །མཆོད་པ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། ལུས་སོགས་ཀྱི་མཆོད་པའི་ངེས་དོན། བྱང་ཆུབ་སེམས་ཀྱི་མཆོད་པའི་ངེས་དོན། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའི་ངེས་དོན་ནོ། །རྩ་རྒྱུད་དུ། ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་སོགས་ཡིན་ལ། དེ་ངེས་དོན་དུ་བཤད་པ་ནི། ཇི་ལྟར་ལེགས་གནས་ལ་མཆོད་པ། །རྣམ་གསུམ་བསྒོམས་པས་འགྱུར་བ་ཡིན། །དང་པོར་ཕྱག་རྒྱ་ཡོད་པ་ཡི། །ཆེན་པོ་ཉིད་ནི་དཀྱིལ་འཁོར་བཤད། །ཅེས་ཏེ། ཟུང་འཇུག་གི་སྐུ་ཐོབ་པའི་རྒྱུ་གང་ཞེ་ན། ཇི་ལྟར་ལེགས་གནས་ནི་ཟུང་འཇུག་ཡིན་ལ། དེ་ལ་མཆོད་པ་ནི་དབེན་པ་རྣམ་པ་གསུམ་མོ། །འདི་བསྒོམས་པས་ཐོབ་པར་འགྱུར་བ་ཡིན་ཞེས་བསྟན་ནོ། །ཆེན་པོ་ཡོད་པའི་ཕྱག་རྒྱ་ནི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྒྱུ་ལུས་ཡིན་ལ། དེ་ཉིད་དཀྱིལ་འཁོར་ཏེ་འོད་གསལ་གྱི་དང་པོར་བསྒོམ་པར་བཤད་དོ། །གཉིས་པ་ནི། རྩ་རྒྱུད་ལས། བཙུན་མོ་མཛེས་ཤིང་མདངས་བཟང་བ། །ཞེས་སོགས་ཏེ། དེ་ངེས་དོན་དུ་འཆད་པ་ནི། སྐད་ཅིག་ལ་སོགས་དུས་དབྱེ་བས། །ལོ་གྲངས་བཅུ་དྲུག་མིང་ཡིན་ཏེ། །མ་སྐྱེས་ཞི་བ་གང་ཡིན་པ། །དེ་ནི་བཙུན་མོ་ཞེས་བྱར་བཤད། །ཞི་བའི་ཆོས་སུ་དེ་གྲགས་པ། །མཛེས་ཤིང་མདངས་བཟང་ཡིན་པར་བཤད། །རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། །ཡེ་ཤེས་ཁ་ཕྱེ་མེ་ཏོག་གོ །དངོས་མེད་རྒྱན་ནི་ཁ་ཕྱེ་སྟེ། །ཀུན་མཁྱེན་ཡེ་ཤེས་དབུས་གནས་པ། །ཆོས་ཀྱི་དབྱིངས་ཀྱི་བུ་མོ་ནི། །ཤེས་རབ་འདི་འདྲ་འདོད་པར་བྱ། །ཞེས་སོ། །མ་སྐྱེས་ཤིང་སྤྲོས་པ་ཞི་བའི་འོད་གསལ་དེ་ནི། བཙན་མོར་བཤད་ལ། དེ་ཉིད་ཆོས་ཅན་གྱི་དབྱེ་བས་སྟོང་ཉིད་བཅུ་དྲུག་ལ་ལོ་གྲངས་བཅུ་དྲུག་གི་མིང་གིས་བསྟན་ནོ། །ཞི་བའི་ཆོས་དེ་ཉིད་ཡོན་ཏན་དང་ལྡན་པས་ན་མདངས་བཟང་བའོ། །འོད་གསལ་ལས་ཡེ་ཤེས་ཀྱི་སྐུ་སྐྱེ་བའི་རྟེན་འབྲེལ་གྱི་བག་ཆགས་ནི་དྲི་ཡིན་ལ། གནས་ལུགས་རྟོགས་པའི་ཡེ་ཤེས་ཁ་བྱེ་བའི་རང་བཞིན་ཡིན་པས་ན་མེ་ཏོག་གོ །དངོས་པོ་མེད་པ་ནི་རང་བཞིན་མེད་པ་སྟེ། དེ་ཉིད་རྒྱན་དུ་ཤེས་པར་བྱ་སྟེ། ཡེ་ཤེས་ཀྱི་ཤེས་བྱ་ཡིན་པས་སོ། །ཀུན་མཁྱེན་ཡེ་ཤེས་ཀྱི་རྟོགས་བྱ་འོད་གསལ་དེ་ཉིད་ཆོས་རྣམས་ཀྱི་སྙིང་པོ་ཡིན་པས་དབུས་སུ་གནས་པ་ཡིན་ལ། དེ་ལྟ་བུའི་ཆོས་ཀྱི་དབྱིངས་ཉིད་ལ་བཙུན་མོ་ཞེས་བསྟན་ལ། དེ་དག་ཀྱང་ཤེས་རབ་ཞེས་ཀྱང་བསྟན་པ་འདི་འདྲ་འདོད་པར་བྱ་སྟེ་བསྒོམ་པར་བྱའོ། །འདོད་པར་བྱ་བའི་ཤེས་རབ་དེ་ཉིད་བཤད་པ་ནི། ནང་ན་མ་ཡིན་ཕྱི་ན་མ་ཡིན། །གཉིས་ཀར་མ་ཡིན་གཞན་ན་མིན། །གནས་མེད་གནས་པའི་རྣལ་འབྱོར་གྱུར། །དེ་བས་མཱ་མ་ཀིར་བཤད་དོ། །ཞེས་ཏེ། ཤེས་རབ་དེ་ཉིད་ནང་དབང་པོ་ལ་གནས་པ་མ་ཡིན། ཕྱི་རོལ་གྱི་ཡུལ་ལ་གནས་པ་ལ་ཡིན། གཉིས་ཀ་རྣམ་ཤེས་ལ་གནས་པ་མ་ཡིན། གཞན་ཕུང་ཁམས་སྐྱེ་མཆེད་སོགས་ལ་གནས་པ་མ་ཡིན། དེའི་ཕྱིར་གནས་པ་མེད་པའི་ཚུལ་གྱིས་ཆོས་རྣམས་ཀྱི་ཆོས་ཉིད་དུ་གནས་པ་དེ་ནི་ཤེས་རབ་ཡིན་ལ། དེ་ཉིད་ལ་རྣལ་འབྱོར་པས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོལ་བར་བྱ་བ་དེ་ཉིད་མཱ་མ་ཀིར་ཡང་བཤད་དོ། །མདོར་ན་འོད་གསལ་དེ་ཉིད་ལ་མཱ་མ་ཀིར་བཤད་དེ། རྣལ་འབྱོར་པས་རོལ་བར་བྱ་བ་ཡིན་པའི་ཕྱིར། སྣང་སྟོང་དེའི་ངོ་བོ་གཅིག་ཏུ་གྱུར་པ་དེ་ལ་བྱིན་གྱིས་བརླབས་པ་ཞེས་བཤད་དོ། །ཞི་བ་སྤྲོ་བྱ་སངས་རྒྱས་གནས། །ཞེས་སོགས་ངེས་དོན་དུ་འཆད་པ་ནི། ནམ་མཁའ་དང་ནི་གཅིག་ཉིད་གནས། །ཞི་བ་སངས་རྒྱས་གནས་སུ་འགྱུར། །ཞེས་པ་སྟེ། ནམ་མཁའ་དང་གཅིག་ཏུ་གནས་པ་ནི་འོད་གསལ་ཡིན་ལ། དེ་ཉིད་སྤྲོས་པ་ཞི་བའི་སངས་རྒྱས་ཟུང་འཇུག་ཐོབ་པའི་གནས་སུ་གྱུར་ཞེས་པའོ། །ལུས་ཀྱི་རྒྱུ་མཐུན་ངེས་དོན་དུ་བཤད་པ་ནི། རྩ་རྒྱུད་ལས། བཤང་གཅི་ཁུ་བ་ཁྲག་ཞེས་སོགས་ཀྱི་དོན་ངེས་དོན་དུ་བཤད་པ་སྟེ། དེ་བས་ཡུལ་དུ་རྣམ་བརྟགས་པ། །སྡུད་པ་དང་ནི་བཤང་བ་ཡི། །གཅི་བ་ཡེ་ཤེས་དབང་པོར་རྟགས། །རྣམ་དག་ཆོས་ཉིད་ཁུ་བ་ཡིན། །ཐམས་ཅད་མཁྱེན་ཉིད་ཡེ་ཤེས་ཁྲག །གང་ཞིག་ཆོས་རྣམས་ཡོངས་བརྟགས་པ། །དེ་ཉིད་ལྷ་རྣམས་ཞེས་བྱ་སྟེ། །རང་དངོས་མེད་པ་འབུལ་བའོ། །དེ་བྱས་སངས་རྒྱས་རྒྱལ་སྲས་རྣམས། །ཁྱད་པར་དུ་ནི་མཉེས་པར་འགྱུར། །ཞེས་པ་སྟེ། བཤང་བ་ནི་ཡུལ་དང༌། གཅི་བ་ནི་དབང་པོ་ཡིན་པས་གཟུགས་སོགས་ཡུལ་དང༌། མིག་སོགས་དབང་པོར་བཏགས་པ་དག་འོད་གསལ་དུ་སྡུད་པ་ནི་བཤང་གཅི་འབུལ་བའོ། །ཆག་ལོས། སྒྲ་ལས་དྲངས་པའི་བཤད་པ་ནི་དོན་མ་ཡིན་ཏེ། ཡི་གེའི་དོན་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། །ཁུ་བ་ནི་རྣམ་པར་དག་པའི་ཆོས་ཉིད་ཡིན་ལ། ཁྲག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། རྣམ་པར་དག་པའི་ཆོས་ཉིད་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་པ་ནི་ཁུ་བ་དང་ཁྲག་འབུལ་བའོ། །ལྷ་ནི་ཕུང་ཁམས་སྐྱེ་མཆེད་སོགས་ཆོས་སུ་ཡོངས་སུ་བཏགས་པ་རྣམས་ཡིན་ལ། དེ་རྣམས་བསམ་གཏན་གཉིས་ཀྱིས་དངོས་པོ་མེད་པར་བྱས་ནས་འོད་གསལ་དུ་བཅུག་པ་ནི་འབུལ་བའོ། །མཆོད་པའི་ཕན་ཡོན་ནི། ཚིག་རྐང་པ་ཐ་མ་གཉིས་ཀྱིས་བསྟན་ནོ། །ལེའུའི་མཚན་ལ་ཡང་གཉིས་ཏེ། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ནི། བསྒོམ་བྱའི་དཀྱིལ་འཁོར་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ཡིན་ལ། གཉིས་པ་ནི། བདེན་གཉིས་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་བསྟན་པ་ཡིན་ནོ། །ལེའུ་བཞི་པའི་རྣམ་བཤད་དོ།། ༈ །ལེའུ་ལྔ་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། རིམ་པ་གཉིས་རྟོགས་ཤིང་དབང་བསྐུར་བ་ཐོབ་ཀྱང༌། སྤྱོད་པ་དང་བྲལ་ན་དངོས་གྲུབ་ཐོབ་པར་མི་འགྱུར་ཞེས་བསྟན་པའི་དོན་དུ། བརྗོད་བྱའི་གཙོ་བོ་སྤྱོད་པ་གསུམ་སྟོན་ཅིང༌། ཞར་ལ་ཐེག་པའི་ཆེ་བ་དང༌། ཀླན་ཀའི་རྩོད་སྤོང་དང༌། རྨད་དུ་བྱུང་བའི་བསྟོད་པ་དང་བཅས་པ་སྟོན་ནོ། །གཉིས་པ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར། སྟོན་པའི་གསུང་གིས་ལེའུ་དོན་བཤད་དོ། །དང་པོ་ནི། ལེའུ་བཞི་པ་རྫོགས་པའི་རྗེས་དེ་ནས། བཀའ་བསྩལ་ཏོ། །སུ་ཞིག་གིས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་འཆང་བའི་རྒྱལ་པོས་སོ། །དེ་ཇི་ལྟ་བུ་ཞེ་ན། ཁམས་གསུམ་གྱི་བདག་པོ་ཡིན་པས་རྒྱལ་པོའོ། །གདམ་ངག་རྗེས་སུ་སྟོན་པར་མཛད་པས་གནས་ཀྱི་དབང་ཕྱུག འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཞན་ཐམས་ཅད་ཟིལ་གྱིས་གནོན་པས་ན་ཀུན་གྱི་མཆོག་གོ །འདིས་གང་བཀའ་བསྩལ་ཞེ་ན། སྤྱོད་པ་གསུམ་གྱི་མཚན་ཉིད་དོ། །དེའི་ཁྱད་པར་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་དོན་དུ་གཉེར་བྱ་ཡིན་པས་ན་མཆོག་གི་ཆོས་ཀྱི་དོན་ནོ། །གཉིས་པ་ལ་བཞི་སྟེ། ཐེག་པའི་ཆེ་བ་བསྟན་པ། སྤྱོད་པ་དངོས་བསྟན་པ། །ཀླན་ཀ་ངན་པའི་རྩོད་པ་བསལ་བ། ངོ་མཚར་ཆེ་བའི་བསྟོད་པ་བསྟན་པའོ། །དང་པོ་ནི། སྒྲུབ་པར་བྱེད་ཅེས་དྲང་ངོ༌། །གང་ན། དངོས་གྲུབ་རབ་ཀྱི་མཆོག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོའོ། །གང་གིས་ན། རྣམ་པར་མི་རྟོག་པ་སྟེ། དོན་དམ་ཟབ་མོའི་མཚན་ཉིད་ཅན་དང༌། རྒྱ་ཆེ་བའི་དོན་ཀུན་རྫོབ་ཀྱི་བདེན་པ། ཟུང་འཇུག་པའི་རྣམ་པས་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གིས་སེམས་འཁྲུགས་ཀྱང༌། ཐེག་པའི་མཆོག་རྡོ་རྗེ་ཐེག་པ་འོག་མ་ལས་བླ་ན་མེད་པར་གྱུར་པ་ལ་བརྟེན་ནས་སྒྲུབ་པར་ནུས་སོ། །རིགས་ངན་ལ་སོགས་པས་ཀྱང་འདིར་ཞུགས་ན་དངོས་གྲུབ་ཐོབ་པར་བསྟན་པ་ནི། རིགས་ཀྱིས་དམན་པ་གདོལ་བ་དང༌། ལས་ཀྱིས་དམན་པ་སྨྱིག་མ་མཁན་དང༌། ལྷྭམ་མཁན་ལ་སོགས་པ་དང༌། གསོད་པ་དོན་དུ་གཉེར་བ་སེམས་པའི་སྡིག་ཅན་རྣམས་ཀྱང༌། ཐེག་ཆེན་བླ་ན་མེད་པའི་ཐེག་མཆོག་རྡོ་རྗེའི་ཐེག་པ་འདི་ལ་ཞུགས་ན་དངོས་གྲུབ་འགྲུབ་པར་འགྱུར་རོ། །རྡོ་རྗེའི་ཐེག་པ་དེ་ཉིད་ཐེག་པ་བླ་ན་མེད་པ་སྟེ། གང་ཟག་མཆོག་འདིས་བླ་མེད་བྱང་ཆུབ་ཏུ་འགྲོ་བའི་ཕྱིར་རོ། །སེམས་ཅན་གང་དག་མཚམས་མེད་ཀྱི་ལས་བྱེད་པ་དང༌། སོགས་པ་ཉེ་བའི་མཚམས་མེད་བྱེད་པ་དང༌། སྡིག་པ་ཆེན་པོ་རྩ་བའི་ལྟུང་བ་བཞི་ལ་སྤྱོད་པར་བྱེད་པ་དེ་རྣམས་ཀྱང༌། ཐེག་པ་ཆེན་པོ་རྡོ་རྗེའི་ཐེག་པ་འདི་ལ་ཞུགས་ན། ཚེ་འདིར་ཡང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་སྡིག་ཅན་གྱིས་ཀྱང་འགྲུབ་ན། སློབ་དཔོན་ལ་སྨད་པ་སོགས་ཀྱིས་ཀྱང་འགྲུབ་བམ་སྙམ་ན། སྙིང་ནས་སློབ་དཔོན་ལ་སྨོད་པར་བྱེད་པ་པོ་གཞན་དག་གིས་ནི། འདི་ལ་ཞུགས་ཏེ་བསྒྲུབས་ཀྱང༌། དངོས་གྲུབ་འགྲུབ་པར་ཡོངས་མི་འགྱུར། །ཞེས་སོ། །གཉིས་པ་སྤྱོད་པ་དངོས་བསྟན་པ་ལ་གཉིས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་དགོངས་པས་བསྟན་པ་དང༌། སྤྱོད་པའི་ཁྱད་པར་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་ལ་རང་དགར་འཇུག་པ་སྤང་བའི་ཕྱིར། འཇིག་རྟེན་དང་འགལ་བའི་ཚིག་གིས་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པ་ལ། སྲོག་གཅོད་པའི་སེམས་ཅན་གང༌། །ཞེས་སོགས་གསུངས་སོ། །འདིའི་དོན་དགོངས་པ་ལུང་སྟོན་ལས། གང་གིས་ཕུང་སོགས་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱེད་པ་སྟེ། །ཐེག་པ་མཆོག་ལ་གནས་པ་ཡིན། །ཞེས་ཏེ། རྣལ་འབྱོར་པ་གང་གིས། རང་གི་ཕུང་པོ་ལ་སོགས་པ་དངོས་པོ་མེད་པ་འོད་གསལ་དུ་བསམ་གཏན་གཉིས་གང་རུང་གིས་ཞི་གནས་ལས་བྱུང་བའི་སེམས་ཀྱིས་བྱས་པ་དེ་ནི། སྲོག་གཅོད་བྱེད་པའི་སྒྲས་བསྟན་ཏེ། འདི་ནི་ཐེག་པ་མཆོག་འོད་གསལ་ལ་གནས་པ་ཡིན་ཞེས་བྱའོ། །རྫུན་དུ་སྨྲ་བ་ནི། ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་སྟོན་པ་ནི། དེ་ནི་རྫུན་སྨྲ་དགའ་བ་སྟེ། །རྣལ་འབྱོར་ལ་གནས་རྣལ་འབྱོར་པ། །ཞེས་ཏེ། ཕྱི་ནང་གི་རྟེན་འབྲེལ་གཉིས་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར། སྒྱུ་མ་བཞིན་དུ་རྫུན་པའོ། །ཞེས་སྟོན་པ་དེ་ནི། རྫུན་དུ་སྨྲ་བ་དགའ་བས་ཏེ། དེ་ལྟར་ཆོས་ཐམས་ཅད་རྫུན་པ་སླུ་བའི་ཆོས་ཅན་དུ་རྟོགས་པ་ནི། གནས་པ་མེད་པའི་ཚུལ་གྱིས་གནས་པའི་རྣལ་འབྱོར་པ་ཞེས་བྱའོ། །གཞན་གྱི་ནོར་ལ་ཆགས་པ་གང་ཞེ་ན། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང༌། །དེ་ནི་རྫས་སུ་ཤེས་བྱ་སྟེ། །དེ་འཕྲོག་ངང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །ཅེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལ་རྫས་ཞེས་བྱ་ལ། འཕྲོག་པའི་ངང་ཚུལ་ནི་ཐོབ་པ་སྟེ། གཞན་གྱི་ནོར་ལ་ཆགས་ཞེས་བྱ། འདོད་པ་སྤྱོད་པ་ལ་དགའ་བ་གང་ཞེ་ན། གང་ཞིག་དེ་ཉིད་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་དེ་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་དམ་པར་འགྱུར། །ཞེས་ཏེ། རྣལ་འབྱོར་པ་གང་ཞིག དངོས་པོ་ཐམས་ཅད་རོ་གཅིག་པ་འོད་གསལ་ལ་རྟག་ཏུ་བློ་སྦྱོར་བ་དེ་ནི་འདོད་པ་ལ་དགའ་བ་ཞེས་བྱའོ། །བཤང་གཅི་ཟ་བ་གང་ཞེ་ན། སྟོང་ཉིད་ལ་སྐྲག་གཏི་མུག་གིས། །ཡུལ་ནི་གཤང་བ་ཞེས་གྲགས་ཏེ། །དབང་པོ་གཅི་བ་ཞེས་བྱ་ལ། །དེ་དག་ཞི་བ་ཟ་བ་ཡིན། །ཞེས་ཏེ། སྟོང་པ་ཉིད་ལ་སྐྲག་པའི་གཏི་མུག་ཅན་གྱིས། གཟུགས་སོགས་ཡུལ་དུ་བཏགས་པ་ནི་གཤང་བ་ཡིན་ལ། མིག་སོགས་དབང་པོར་བཏགས་པ་ནི་གཅི་བ་ཡིན་ནོ། །ཡུལ་དང་དབང་པོ་དེ་དག་སྟོང་པ་ཉིད་དུ་ཞི་བ་ནི་བཤང་གཅི་ཟ་བས་བསྟན་ནོ། །ཐེག་པ་ཆེན་པོས་ཆོས་མཆོག་འདིར། །དེ་དག་སྒྲུབ་པའི་སྐལ་ལྡན་འགྱུར། །གོང་དུ་བཤད་པ་དེ་དག་དང་ལྡན་ན། །འོད་གསལ་རྟོགས་པར་འགྱུར། །ཞེས་པའོ། །སྤྱོད་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་དྲུག་སྟེ། ངོ་བོ་དང༌། དབྱེ་བ་དང༌། དུས་དང༌། རྩོད་པ་སྤང་བ་དང༌། ཕན་ཡོན་དང༌། བསླབ་ཚུལ་ལོ། །དང་པོ་ནི། རང་བཞིན་ཡོངས་སུ་ཤེས་པའི་ཚུལ་གྱིས་འདོད་ཡོན་ལྔ་ལ་ཅི་བདེར་སྤྱོད་པའོ། །གཉིས་པ་དབྱེ་བ་ལ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཟུང་འཇུག་ལ་སློབ་པའི་སྤྱོད་པའོ། །དང་པོ་ལ་ཡང་གསུམ་སྟེ། སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །འདིར་ཆགས་བྲལ་གྱི་སྤྱོད་པ་བཤད་པ་དང༌། ཐ་མལ་པའི་སྤྱོད་པ་བཤད་པ་ནི་སྐབས་ཀྱི་དོན་མིན་ནོ། །སྤྱོད་པའི་དུས་ནི་གཉིས་ཏེ། བསྐྱེད་རིམ་པ་དང༌། རྫོགས་རིམ་པའི་སྤྱོད་པའི་དུས་སོ། །དང་པོ་ནི། རྟོག་པའི་རྣལ་འབྱོར་མཐར་ཕྱིན་ནས་སོ། །གཉིས་པ་ནི། རང་བཞིན་སྣང་བའི་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ཞེས་སོ། །རྩོད་པ་སྤང་བ་ནི། གལ་ཏེ་འདོད་ཡོན་ལ་སྤྱོད་པས་གྲོལ་ན། ཐེག་པ་གཞན་ལས། འདོད་པ་ནི་དུག་གི་ལོ་མ་ལྟ་བུའོ། །འདོད་པ་ནི་རལ་གྲིའི་སོ་ལྟ་བུའོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། གང་ཟག་དབང་པོ་དམན་པ། འདོད་ཡོན་ལྔའི་རང་བཞིན་མི་ཤེས་པ་ལ་བཀག་པ་ཡིན་ལ། དབང་པོ་རྣོན་པོ་རང་བཞིན་ཤེས་པ་རྣམས་ལ་ནི། ཐེག་པ་གཞན་ལས་ཀྱང་གནང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཁྱིམ་ན་གནས་ཀྱང་ཐབས་ལ་མཁས་པས་འདོད་པའི་ཡོན་ཏན་ལྔ་ལེན་ཞེས་སོགས་གསུངས་སོ། །རྡོ་རྗེ་ཕྲེང་བ་ལས། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ཞེས་སོ། །ཕན་ཡོན་ནི། ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེ་སྐུ་ཉིད་ཐོབ་པར་འགྱུར། །ཞེས་སོ། །བསླབ་ཚུལ་ལ། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བསླབ་ཚུལ་དང༌། ཟུང་འཇུག་གི་སྤྱོད་པ་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྤྲོས་བཅས་ལ་སློབ་པ་དང༌། སྤྲོས་མེད་ལ་སློབ་པ་དང༌། ཤིན་ཏུ་སྤྲོས་མེད་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་པའི་སློབ་ཚུལ་དང༌། རྫོགས་རིམ་པའི་སློབ་ཚུལ་ལོ། །དང་པོ་ལ་བཞི་ཏེ། ཚོགས་ཀྱི་དཀྱིལ་འཁོར་དུ་འདུ་བ་དང༌། རྣལ་འབྱོར་གྱི་རིམ་པ་དང༌། མཆོད་པའི་རིམ་པ་དང༌། བསམ་པའི་ཁྱད་པར་དང༌། ངེས་ཚིག་གོ །དང་པོ་ལ་གསུམ་སྟེ། གནས་ཀྱི་མཚན་ཉིད་དང༌། ཁང་པ་འདུ་བྱ་བ། ཆ་ལུགས་བསྒྱུར་བའོ། །དང་པོ་ནི། བསྐྱེད་མོས་ཚལ་ལ་སོགས་པ་སྒྲུབ། །ཅེས་སོ། །གཉིས་པ་ནི། འབྱོར་ན་སོ་ཕག་ལས་བྱས་པའི་ཁང་པ་སུམ་རིམ་དང༌། མ་འབྱོར་ན་སའི་ཁང་པ་བརྟན་པོ་དང༌། ཡང་ན་ས་ཕུག་གསུམ་རིམ་མོ། །དང་པོ་ལ་གཡོས་མལ་དང༌། གཉིས་པ་ལ་རོལ་མོ་དང༌། ནང་གི་གསུམ་པ་ལ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པ་ཉི་ཤུ་རྩ་གཅིག་འགོད་དོ། །ཆ་ལུགས་བསྒྱུར་བ་ནི། རྣལ་འབྱོར་མ་ཉི་ཤུའི་འདྲ་བག་སྟན་ལ་འགོད་དོ། །གཉིས་པ་རྣལ་འབྱོར་གྱི་རིམ་པ་ནི། བསྲུང་བའི་འཁོར་ལོ་དང༌། རྡོ་རྗེའི་ས་དང༌། དེའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་ལ། དེར་ལྷག་མོས་སྔོན་དུ་འགྲོ་བས་རྣལ་འབྱོར་བཞིས་བདུད་རྩི་གཙོ་བོའི་སྐུར་བསྐྱེད་དེ། ལྷན་ཅིག་སྤྱོད་པའི་རྣལ་འབྱོར་མ་བཞི་གང་རུང་བྱིན་གྱིས་བརླབས་ཏེ་སྙོམས་པར་འཇུག་པ་ཡན་ཆད་དང་པོའི་སྦྱོར་བའོ། །དེ་ནས་ཐིག་ལེ་ལས་ལྷ་ཉི་ཤུ་རྩ་གཅིག་བསྐྱེད་དེ། སྤྲོ་བསྡུས་གནས་སུ་འགོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་གཙོ་བོ་དོན་དམ་དུ་ཐིམ་པ་དང་གླུས་བསྐུལ་བ་དང༌། བཞེངས་པ་དང༌། ལྷ་མོ་བཞིས་བསྟོད་པ་དང་ནི་ལས་རྒྱལ་མཆོག་གོ །གསུམ་པ་མཆོད་པའི་རིམ་པ་ལ་བཞི་སྟེ། ཕྱིའི་མཆོད་པ་དང༌། ནང་དང༌། གསང་བ་དང༌། རོལ་མོའི་མཆོད་པའོ། །དང་པོ་ནི། མཆོད་ཡོན་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པས་མཆོད་པའོ། །གཉིས་པ་ནི། འཇུག་བསམ་དང༌། སྒོམ་བསམ་གཉིས་དང་ལྡན་པས། འདོད་ཡོན་ལྔ་ལ་སྤྱོད་པ་སྟེ། འདོད་ཡོན་ལྔ་དབང་པོ་ཚིམ་ཚིམ་དུ་འདོད་ཡོན་ལྔ་ལ་སྤྱད་པ་ནི་འཇུག་བསམ་མོ། །འདོན་ཡོན་ལྔ་པོ་གཟུགས་རྡོ་རྗེ་མ་ལ་སོགས་པར་སྒོམ་པ་ནི་བསྒོམ་བསམ་མོ། །གསུམ་པ་ནི། ཕྱག་རྒྱ་དང་སྙོམས་པར་འཇུག་པའོ། །བཞི་པ་རོལ་མོའི་མཆོད་པ་ནི། དུང་དང་པི་ཝང་ལ་སོགས་པས་མཆོད་ནས། ཕྱག་དང་ཕྱག་གི་ལན་མཆོད་པ་དང༌། གླུ་དང་གར་དང་གར་གྱི་ལན་བྱེད་པའོ། །ངེས་ཚིག་ནི། བྱ་བ་དང༌། དུས་དང༌། བསམ་པ་སྤྲོས་བཅས་ཡིན་པའི་ཕྱིར། སྤྲོས་བཅས་ཀྱི་སྤྱོད་པ་ཞེས་བྱའོ། །བྱ་བ་ནི། ལྷ་མོ་ཉི་ཤུ་དང་ཕྱག་དང་ཕྱག་གི་ལན་ལ་སོགས་པ་བྱ་བ་མང་བའི་ཕྱིར་དང༌། དུས་ནི་ཟླ་བ་དྲུག་ལ་སོགས་པའོ། །འཇུག་བསམ་དང་བསྒོམ་བསམ་ཡང་རགས་པའི་ཕྱིར། སྤྲོས་པ་ཞེས་བསྟན་ནོ། །གཉིས་པ་རྫོགས་རིམ་པའི་སྤྲོས་བཅས་ཀྱི་སྤྱོད་པ་ལ་བཞི་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་འདུ་བའི་བྱ་བ་དང༌། རྣལ་འབྱོར་གྱི་རིམ་པ་དང༌། མཆོད་པའི་རིམ་པ་དང༌། ངེས་ཚིག་བསྟན་པའོ། །དང་པོ་ནི། སྔར་བསྐྱེད་རིམ་གྱི་སྐབས་སུ་བསྟན་པ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་ནི། ཚོགས་ཀྱི་ཁང་པ་དེ་ཉིད་སྐད་ཅིག་གིས་རྡོ་རྗེའི་ས་ལ་གཞས་ཡས་ཁང་བསྐྱེད། དེར་བདག་ཉིད་སྒྱུ་མ་ལྟ་བུའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་དེ། །བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་སྟེ། སླར་ཡང་འོད་གསལ་ལས་རླུང་སེམས་ཙམ་ལས་གྲུབ་པའི་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་བ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བདེ་བའི་སྣང་བ་ཙམ་ལས་ལྷ་མོ་ཉི་ཤུར་བསྐྱེད་དེ། ཚོགས་པ་ལ་བསྟིམ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་གཙོ་བོ་དོན་དམ་དུ་ཐིམ་པ་སོགས་ཀྱི་ལས་མཆོག་ནི་སྔ་མ་ལྟར་རོ། །ཚོགས་ཀྱི་མཆོད་པའི་རིམ་པ་ལ་འཇུག་བསམ་ནི་འདོད་ཡོན་ལྔ་ལ་སྤྱོད་དོ་སྙམ་པའོ། །བསྒོམ་བསམ་ནི། འདོད་ཡོན་ལྔ་རྣམ་པ་ལྷ་དང༌། ངོ་བོ་སེམས་སྣང་བ་གསུམ་ཙམ་ཤེས་པར་བྱེད་དོ། །ངེས་ཚིག་ནི་བསམ་པས་སྤྲོས་མེད་ཡིན་ཡང༌། བྱ་བ་དང་དུས་སྤྲོས་བཅས་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །སྤྲོས་མེད་ཀྱི་སྤྱོད་པ་ལ་གཉིས་ཏེ། བསྐྱེད་རིམ་པའི་སྤྱོད་པ་དང༌། རྫོགས་རིམ་པའི་སྤྱོད་པའོ། །དང་པོ་ལ་ཡང་བཞི་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་འདུ་བའི་བྱ་བ་དང༌། རྣལ་འབྱོར་གྱི་རིམ་པ་དང༌། མཆོད་པའི་རིམ་པ་དང༌། ངེས་ཚིག་གོ །དང་པོ་ལ་ཡང་བཞི་སྟེ། གནས་ཀྱི་མཚན་ཉིད། ཁང་པ་བྱ་བའི་རིམ་པ། མཆོད་པ་འགོད་པའི་རིམ་པ། རྣལ་འབྱོར་ཕོ་མོ་འདུ་བའི་བྱ་བའོ། །དང་པོ་གསུམ་ནི་སྤྲོས་བཅས་བཞིན་ནོ། །བཞི་པ་ནི། དབང་པོ་རབ་ཀྱིས་ཁང་པ་རིམ་པ་གསུམ་པར། ལྷ་སུམ་ཅུ་རྩ་གཉིས་སུ་ཆ་ལུགས་བསྒྱུར། འབྲིང་གིས་ཕྱག་རྒྱ་ལྔ་པ། ཐ་མས་ཕྱག་རྒྱ་གཅིག་པར་བསྒྱུར་རོ། །རྣལ་འབྱོར་གྱི་རིམ་པ་ནི། སྔ་མ་བསྐྱེད་རིམ་པའི་སྤྲོས་བཅས་ཀྱི་སྐབས་སུ་བསྟན་པ་བཞིན་ནོ། །མཆོད་པའི་རིམ་པ་ལ་གསུམ་སྟེ། ཕྱིའི་མཆོད་པ་ནི། མཆོད་ཡོན་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པའོ། །ནང་གི་མཆོད་པ་ལ་འཇུག་བསམ་དང༌། བསྒོམ་བསམ་གཉིས་ལས། དང་པོ་ནི། དབང་པོ་ཚིམ་པ་དང༌། བསྒོམ་བསམ་ནི་ལྷར་ཤེས་པར་བྱ་བའོ། །གསང་བའི་མཆོད་པ་ནི་ཡུམ་དང་ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ་པར་བྱ་བའོ། །ངེས་ཚིག་ནི། བསམ་པ་སྤྲོས་པ་དང་བཅས་ཀྱང༌། དུས་དང་བྱ་བ་སྤྲོས་པ་མེད་པའི་ཕྱིར། སྤྲོས་མེད་དེ། རྫོགས་རིམ་པའི་སྤྲོས་མེད་ལ་ཡང་བཞི་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་འདུ་བྱ་བ་དང༌། རྣལ་འབྱོར་གྱི་རིམ་པ་དང༌། མཆོད་པའི་རིམ་པ་དང༌། ངེས་ཚིག་གོ །གཞན་གསུམ་ལྔ་མ་བཞིན་ནོ། །ངེས་ཚིག་ནི་དུས་དང་བྱ་བ་དང་བསམ་པ་གསུམ་ཀ་སྤྲོས་མེད་ཡིན་པས། དེ་སྐད་དོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་གཉིས་ཏེ། བསྐྱེད་རིམ་པ་དང་རྫོགས་རིམ་པའི་བསླབ་ཚུལ་ལོ། །དང་པོ་ལ་ཡང་བཞི་སྟེ། གནས་ཀྱི་མཚན་ཉིད་དང༌། ཁ་ཟས་སྒྲུབ་པའི་ཚུལ་དང༌། བསླབ་ཚུལ་དང༌། ངེས་ཚིག་གོ །གནས་ནི་རི་བོ་དབེན་པ་དང༌། དུར་ཁྲོད་ལ་སོགས་པའོ། །གཉིས་པ་ལ་གསུམ་སྟེ། ཚོགས་ཆེན་པོས་སྦྱོར་དུ་བཅུག་པ་དང༌། གནོད་སྦྱིན་ཕོ་མོའི་མན་ངག་གཞུག་པ་སྒྲུབ་པ་དང༌། རྩ་བ་དང་ལོ་མ་ལ་སོགས་པས་འཚོ་བར་བྱ་བའོ། །གསུམ་པ་བསླབ་ཚུལ་ལ་ལྔ་སྟེ། བསམ་པའི་ཁྱད་པར། ཕྱག་རྒྱའི་ཁྱད་པར། རྣལ་འབྱོར་གྱི་ཁྱད་པར། བྱ་བའི་ཁྱད་པར། ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་རོ། །དང་པོ་ནི། ངེས་པར་འབྱུང་བའི་བསམ་པ་དང༌། ཡོངས་སུ་འཛིན་པ་སྤང་བ་དང༌། མཆོག་གི་དངོས་གྲུབ་ཀྱི་དོན་དུ་ལུས་སྲོག་ལ་ལྟོས་པ་མེད་པའོ། །ཕྱག་རྒྱའི་ཁྱད་པར་ནི། སྙིང་ཁ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རང་རིགས་ཀྱི་ལྷ་མོའི་དབྱིབས་སུ་བཀོད་པའོ། །རྣལ་འབྱོར་གྱི་ཁྱད་པར་ནི། བསྐྱེད་རིམ་སྔོན་དུ་བྱས་ལ། རང་འོད་ཀྱི་རིག་མ་ཙམ་ལ་གནས་པའོ། །བྱ་བའི་ཁྱད་པར་ནི། བྷུ་སུ་ཀུ་ཙམ་གྱི་སྤྱོད་པའོ། །ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་ནི། འཇུག་བསམ་དང་བསྒོམ་བསམ་དང་ལྡན་པས་ཡུལ་ལ་ལོངས་སྤྱོད་པའོ། །བཞི་པ་ངེས་ཚིག་ནི། བྱ་བ་དང་དུས་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིར། ཤིན་ཏུ་སྤྲོས་མེད་དོ། །གཉིས་པ་རྫོགས་རིམ་པའི་བསླབ་ཚུལ་ལ་བཞི་ལས། གནས་ཀྱི་མཚན་ཉིད་དང༌། ཁ་ཟས་སྒྲུབ་པའི་ཚུལ་སྔར་ལྟར་རོ། །བསླབ་ཚུལ་ལ་ཡང་ལྔ་སྟེ། བསམ་པའི་ཁྱད་པར་སྔ་མ་བཞིན་ནོ། །ཕྱག་རྒྱའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་དང་སྙོམས་པར་འཇུག་པར་བྱའོ། །རྣལ་འབྱོར་གྱི་ཁྱད་པར་ནི། འོད་གསལ་མངོན་དུ་བྱས་ནས། གཉིད་འོད་གསལ་དུ་འཇུག་པ་བསྒོམ་པར་བྱའོ། །བྱ་བའི་ཁྱད་པར་སྔ་མ་བཞིན་ནོ། །ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་ནི། སྒྱུ་ལུས་དང་ཟུང་འཇུག་གི་བསྒོམ་བསམ་དུ་ཤེས་པར་བྱའོ། །ངེས་ཚིག་ནི། བྱ་བ་དང་དུས་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་མེད་དོ། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་ཟིན་ཏོ། །གཉིས་པ་ཟུང་འཇུག་ལ་སློབ་པའི་སྤྱོད་པ་ནི། རིམ་ལྔ་ལས། ཇི་ལྟར་བདག་ཉིད་ཇི་བཞིན་དགྲ། །ཇི་ལྟར་ཆུང་མ་ཇི་བཞིན་མནའ། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཞེས་པ་ལྟར། བླང་བྱ་དང་དོར་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་བསྒོམ་མོ། །སྤྱོད་པའི་ཚུལ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། དྲང་བའི་དོན་དང༌། ངེས་པའི་དོན་ནོ། །དང་པོ་ལ་གསུམ་སྟེ། སྤྲོས་མེད་ཀྱི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང༌། དེ་དག་གི་ཕན་ཡོན་བསྟན་པའོ། །དང་པོ་ནི། བསྡུས་པའི་དཀྱིལ་འཁོར་རམ། ཕྱག་རྒྱ་ལྔ་པ་དང༌། གཅིག་པ་གང་ཡང་རུང་བ་དང་ལྷན་ཅིག་སྤྱོད་པ་བྱེད་པའི་ཕྱག་རྒྱ་ནི། མ་དང༌། སྲིང་མོ་དང༌། བུ་མོ་ལྟར་རང་དང་རྗེས་སུ་མཐུན་པ་བླང་ལ་བྱིན་གྱིས་བརླབས་ཏེ། སྒྲུབ་པ་པོ་གང་གིས། མཆོག་ཏུ་དགའ་བའི་འདོད་པ་སྙོམས་འཇུག་བྱས་ན། ཐེག་ཆེན་མཆོག་གི་ཆོས་རྡོ་རྗེ་ཐེག་པ་ལ་བརྟེན་ནས། དངོས་གྲུབ་རྒྱ་ཆེན་པོ་སྒྲུབ་པ་པོ་དེས་འཐོབ་བོ། །གཉིས་པ་ནི། སྒྲུབ་པ་པོ་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། བསྐྱེད་རིམ་པས་ནི། རང་གི་སྙིང་ཁ་ནས་སངས་རྒྱས་ཀྱི་གཙོ་བོ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ཕྱུང་ནས། རང་རིགས་ཀྱི་ལྷ་མོའི་དབྱིབས་སུ་བཀོད་ནས་སྙོམས་པར་འཇུག་ལ། རྫོགས་རིམ་པས་ནི། སངས་རྒྱས་ཀྱི་གཙོ་བོའི་ཡུམ་ཤེར་ཕྱིན་འོད་གསལ་བ་དག་ལ་སྙོམས་པར་འཇུག་གོ །ཇི་སྐད་དུ་སྙིང་ན་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་པ་ཡིས་རྣལ་འབྱོར་བསྐྱེད། །སངས་རྒྱས་ཀུན་གྱི་ཡུམ་གྱུར་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་སོ། །གསུམ་པ་ཕན་ཡོན་ནི། ཇི་སྐད་བསྟན་པའི་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་འཇུག་གིས་མཉེས་པར་བྱས་ཀྱང༌། ཉེས་པས་མི་གོས་སོ། །སུ་ཞིག་ལ་མི་གོས་ཤེ་ན། འདོད་ཡོན་གྱི་ངོ་བོ་ཤེས་ཤིང་མི་རྟོག་པའི་རྣལ་འབྱོར་པ་བདེ་སྟོང་གི་ཏིང་ངེ་འཛིན་དང་ལྡན་པའི་བློ་ཅན་དག་ལའོ། །ཉེས་པས་མི་གོས་པར་མ་ཟད་རྣལ་འབྱོར་པ་དེས་ནི་རྡོ་རྗེ་འཆང་གི་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །ངེས་དོན་དུ་བཤད་པ་ནི། དགོངས་པ་ལུང་སྟོན་ལས། ཆོས་སྐུར་མཚན་ཉིད་གཅིག་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་ཡུམ་ལ། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དངོས་མེད་ཅེས་བྱ་འདོད་སྦྱོར་བ། །ལོངས་སྤྱོད་རྫོགས་དང་མཉམ་གང་ཡིན། །དེ་ནི་སྲིང་མོ་ཡིན་པར་འདོད། །རང་ལྷའི་རྣལ་འབྱོར་ལྡན་པ་ཡི། །གསང་སྔགས་ལུས་ཀྱིས་མཉེས་པར་བྱ། །སྤྲུལ་སྐུའི་གཟུགས་ཅན་བུ་མོ་དེ། །སྒྲུབ་པ་པོས་ནི་བསྒོམ་པར་བྱ། །མ་དང་སྲིང་མོ་བུ་མོ་རྣམས། །འདི་འདྲ་རྣལ་འབྱོར་པས་མཉེས་བྱ། །ཐེག་ཆེན་མཆོག་གི་ཆོས་ཉིད་ལས། །དངོས་གྲུབ་རྒྱ་ཆེན་དེས་འཐོབ་བོ། །ཞེས་པས། འདིས་ནི་ཟུང་འཇུག་གི་རྣལ་འབྱོར་པས། ལམ་གྱིས་སྐུ་གསུམ་ཉམས་སུ་ལེན་པ་ལ་མ་དང་སྲིང་མོ་བུ་མོ་ལ་འདོད་པ་སྤྱོད་པར་བསྟན་ནོ། །ཆོས་སྐུ་སྟོང་པ་ཉིད་དུ་མཚན་ཉིད་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ལ་མ་ཞེས་པའི་སྒྲས་བསྟན་ཏེ། ཟུང་འཇུག་གི་སྐུ་བསྐྱེད་པས་སོ། །སྒྱུ་ལུས་བསམ་གཏན་གཉིས་ཀྱིས་དངོས་པོ་མེད་པར་བཤིག་སྟེ། གཉིས་མེད་དེ་བཞིན་ཉིད་འོད་གསལ་ལ་སྦྱོར་བ་ནི། མ་ལ་འདོད་པ་སྤྱོད་པ་ཞེས་བྱའོ། །འོད་གསལ་ལས་ལུགས་བཟློག་གི་སྣང་བ་རླུང་དང་བཅས་པ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད། རྣལ་འབྱོར་པ་རང་དང་ཆོས་སྐུ་གཅིག་ལས་མཉམ་དུ་བྱུང་བས་ན་སྲིང་མོ་ཞེས་བྱའོ། །ལོངས་སྐུ་མངོན་དུ་བྱས་ནས། དེ་དང་གཉིས་སྦྱོར་བ་ནི། རང་ལྷའི་རྣལ་འབྱོར་པ་ཡིས་སྔགས་ལུས་ཀྱིས་མཉེས་པ་ཞེས་བྱ་ལ། དེ་ནི་སྲིང་མོར་འདོད་པ་སྤྱོད་པ་ཞེས་བྱའོ། །ལོངས་སྐུ་དེ་ཉིད་རྣམ་པ་གང་དུ་བསྒྱུར་བའི་སྤྲུལ་སྐུ་ནི་བུ་མོ་སྟེ། བདག་ཉིད་ལོངས་སྐུའི་ངོ་བོར་གནས་པས་བསྐྱེད་པའི་ཕྱིར། སྒྲུབ་པ་པོས་དེ་ལྟ་བུའི་སྤྲུལ་སྐུ་དང༌། དབྱེར་མེད་པའི་ཚུལ་དུ་བསྒོམ་པ་ནི། བུ་མོ་ལ་འདོད་པ་སྤྱོད་པ་ཞེས་བྱའོ། །དེ་ལས་ཕན་ཡོན་ཅི་ཐོབ་ཅེ་ན། མ་དང་སྲིང་མོ་བུ་མོ་ནི་ཞེས་པའི་སྒྲས་བསྟན་པའི་ལམ་གྱི་སྐུ་གསུམ་འདི་འདྲ་རྣལ་འབྱོར་པས་ཉམས་སུ་བླང་བའི་ཚུལ་གྱིས་མཉེས་པར་བྱས་ན། ཐེག་ཆེན་མཆོག་གི་ཆོས་ཉིད་ལས། །དངོས་གྲུབ་རྒྱ་ཆེན་དེས་འཐོབ་བོ། །ཞེས་གསུངས་སོ། །གསུམ་པ་ཀླན་ཀ་ངན་པའི་རྩོད་པ་བསལ་བ་ལ་གསུམ་སྟེ། འཁོར་གྱིས་ཐེ་ཚོམ་སྐྱེས་ནས་ཞུས་པ་དང༌། ཞུས་པའི་ལན་བཏབ་པ་དང༌། འབྲས་བུའི་གནས་སྐབས་བསྟན་པའོ། །དང་པོ་ནི། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་ནི། པད་དཀར་ལྟ་བུའི་གང་ཟག་དབང་པོ་བརྟུལ་པོ་རྣམས་རྡོ་རྗེའི་ཚིག་ལ་སྒྲ་ཇི་བཞིན་པར་བཟུང་ནས། སངས་རྒྱས་འགྲུབ་པར་ཐོས་པས་ངོ་མཚར་དུ་གྱུར་ནས། མཚམས་མེད་བྱེད་པ་སོགས་ཀྱིས་ཀྱང་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར། ཐོས་པས་རྨད་དུ་གྱུར་ཏེ། བཅོམ་ལྡན་འདས་འཕགས་པར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ་སློབ་པ་དང༌། མི་སློབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་སྲོག་གཅོད་པ་སོགས་ཀྱིས་མཆོག་གི་དངོས་གྲུབ་ཐོབ་པ་སོགས་འདི་ལྟ་བུའི་ཚིག་ངན་པ་སོགས་གསུང་ཞེས་གསོལ་ཏེ། འདི་ནི་མ་འོངས་པའི་དྭོགས་པ་བསལ་བའི་དོན་དུ། ཐེ་ཚོམ་སྐྱེས་པ་ལྟར་བཅོས་ནས་ཞུས་པའོ། །གཉིས་པ་ནི། མི་བསྐྱོད་པ་ལ་སོགས་པའི་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས། སྒྲིབ་པ་རྣམ་སེལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་པད་དཀར་ལྟ་བུ་ལ་སོགས་པའི་ཀླན་ཀའི་ཚིག་གསན་ནས། དེ་དག་ལ་འདི་སྐད་ཞེས་བཀའ་བསྩལ་ཏོ། །རིགས་ཀྱི་བུ་རྣམས། ཁྱོད་ཀྱི་བསམ་པ་དེ་ཤེས་ཀྱི་བསམ་པ་དེ་ཐོང༌། དགོངས་པས་གསུངས་པའི་དེའི་ཚིག་ལ། སྒྲ་ཇི་བཞིན་དུ་བཟུང་ནས་རྒོལ་བའི་ཚིག་དེ་སྐད་མ་ཟེར་ཅིག་སངས་རྒྱས་རྣམས་ཀྱིས་སྲོག་གཅོད་པ་དང༌། ཞེས་སོགས་རྡོ་རྗེའི་ཚིག་གསུངས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་སྟོན་པའི་ཚིག་འདི་ནི་སྒྲ་ཇི་བཞིན་པར་གསུངས་པ་མ་ཡིན་གྱི། ཆོས་རྣམས་ཀྱི་སྙིང་པོའི་དོན་ཁོང་དུ་ཆུད་པའི་ཡེ་ཤེས་ཅན་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལ་དགོངས་པའི་ཚིག་གིས་གསུངས་པ་ཡིན་ནོ། །དགོངས་པའི་དོན་གང་ཞེ་ན། སྙིང་པོའི་ཆོས་དོན་དམ་པའི་བདེན་པ་དང༌། དོན་ཀུན་རྫོབ་ཀྱི་བདེན་པ་དབྱེར་མི་ཕྱེད་པའི་རྣམ་པའི་རྒྱུ་ལས་འབྱུང་བ་ནི་ཟུང་འཇུག་གི་སྐུའོ། །སྲོག་གཅོད་སོགས་ཀྱི་དགོངས་དོན་ཆོས་ཉིད་དག་པ་འོད་གསལ་འདི་ནི་རྡོ་རྗེ་འཆང་ཐོབ་བྱེད་ཀྱི་བྱང་ཆུབ་ཀྱི་སྤྱོད་པའི་གནས་ཡིན་ཏེ། འདི་བསྒོམས་པ་ལས་བྱང་ཆུབ་ཀྱི་སྤྱོད་པ་འབྱུང་དགོས་པའི་ཕྱིར་རོ། །གསུམ་པ་འབྲས་བུའི་གནས་སྐབས་ལ་གཉིས་ཏེ། བརྒྱལ་བའི་གནས་སྐབས་དང༌། བསླང་བའི་གནས་སྐབས་སོ། །དང་པོ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་ནི། རྡོ་རྗེའི་ཚིག་གི་དགོངས་པ་བཤད་པའི་རྗེས་དེ་ནས། ཡང་བརྗོད་ཀྱིས་མི་ལང་བའི་བྱང་ཆུབ་སེམས་དཔའ་རྣམས། སྲོག་གཅོད་པར་ཞེས་སོགས་ཀྱི་ཚིག་ཐོས་པས། ལས་དེ་ལ་ཞུགས་ན་རྣམ་སྨིན་ལས་འཇིགས་ཤིང༌། མ་ཞུགས་ན་བཀའ་ལས་འདས་པས་སྐྲག་ནས་བྱ་བ་ལ་རྨོངས་པས་ན། ཕྱིས་རྡོ་རྗེའི་ཚིག་གི་དགོངས་པ་ཐོས་པས། རྟོགས་པ་ཁྱད་པར་ཅན་སྐྱེས་ཏེ། ཡིད་རྩེ་གཅིག་ཏུ་གྱུར་པས་དབང་པོ་ཡུལ་ལ་འཇུག་པ་ལྡོག་པ་ནི་བརྒྱལ་བར་གྱུར་པའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། དགོངས་པ་ལུང་སྟོན་གྱིས་བསྟན་ཏེ། མི་གཡོ་བ་འདི་གསང་བ་སྟེ། །ཞི་བ་གཅིག་པུ་བདེ་བའི་མཆོག །རྫོགས་པའི་བྱང་ཆུབ་ཐོབ་བྱེད་པ། །འདི་ནི་དགོངས་པས་གསུངས་པའོ། །ཞེས་སོ། །བརྒྱལ་བ་ནི་མི་གཡོ་བ་སྟེ། འོད་གསལ་ལ་ཞུགས་པས་འདུ་ཤེས་ཀྱི་རྒྱུ་བ་འགགས་པའོ། །འོད་གསལ་རྟོགས་པ་འདི་ནི་རྟོགས་པར་དཀའ་བས་གསང་བ་སྟེ། སྤྲོས་པ་ཞི་བ་དང༌། དབྱེ་བ་མེད་པས་གཅིག་པུ་དང༌། བདེ་བ་ཕུལ་དུ་བྱུང་བས་བདེ་བའི་མཆོག་གོ །འོད་གསལ་རྟོགས་པ་འདི་ནི་རྫོགས་པའི་བྱང་ཆུབ་ཟུང་འཇུག་ཐོབ་བྱེད་དོ། །ཞེས་པའོ། །དེ་ལྟར་ན་འོད་གསལ་རྟོགས་པ་ལ་དགོངས་ནས་བརྒྱལ་བ་ཞེས་གསུངས་སོ། །བརྗོད་ཀྱིས་མི་ལང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསུངས་པའི་དོན་གང་ཞེ་ན། ནམ་མཁའ་མཐའ་ཡས་སྦྱོར་བ་ཡིས། །གཟུགས་ལ་སོགས་པ་མཐའ་ཡས་པ། །དེ་ཉིད་དེ་བཞིན་གཤེགས་པ་དང༌། །དེ་བཞིན་བྱང་ཆུབ་སེམས་དཔར་བཤད། །ཅེས་པ་སྟེ། ནམ་མཁའ་མཐའ་ཡས་པ་ནི་འོད་གསལ་ཡིན་ལ། འོད་གསལ་དུ་བསམ་གཏན་གཉིས་ཀྱི་སྦྱོར་བ་ཡིས་བཅུག་པའི་གཟུགས་ལ་སོགས་པའི་ཕུང་པོ་མཐའ་ཡས་པ་ནི་དེ་བཞིན་གཤེགས་པ་ཡིན་ལ། དེར་བཅུག་པར་བྱ་བའི་མིག་ལ་སོགས་པའི་སྐྱེ་མཆེད་མཐའ་ཡས་པ་ནི་བྱང་ཆུབ་སེམས་དཔར་བཤད་དོ། །བརྒྱལ་བ་འདི་དག་བསླང་དུ་གསོལ། །ཞེས་བསྐུལ་བའི་དགོངས་དོན་ནི། དེ་ཉིད་བསྡུས་པ་འདི་ཉིད་ནི། །དཀྱིལ་འཁོར་འདིར་ནི་རང་གི་ལུས། །གང་ཞིག་བདེན་པའི་ལུས་གཏོགས་པའི། །བྱང་ཆུབ་སེམས་དཔའ་བརྒྱལ་བར་འགྱུར། །དེ་ལྟར་དེའི་མ་ཤེས་ཤིང༌། །བདེ་བས་མྱོས་པ་བསྐུལ་བར་མཛད། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བརྒྱལ་བ་ཞེས་ནི་བཤད་པའོ། །ངེས་དོན་གྱི་སྐབས་འདིར་རང་ལུས་སུ་རྟོགས་ཤིང་དཀྱིལ་འཁོར་དུ་གཏོགས་པའི་ཕུང་ཁམས་སྐྱེ་མཆེད་དེ་ཉིད་འོད་གསལ་དུ་བསྡུས་ཤིང་བཅུག་པའི་འོད་གསལ་དེ་ཉིད་པདྨ་དཀར་པོ་ལྟ་བུའི་གང་ཟག་དེ་ཡིས་མ་ཤེས་ཤིང་མ་རྟོགས་པས། ལུས་ལ་བདེན་པར་འཛིན་པའི་ཚུལ་གྱིས་རྟོག་པའི་བྱང་ཆུབ་སེམས་དཔའ་པདྨ་དཀར་པོ་ལྟ་བུས། འོད་གསལ་ལ་ཞུགས་པས་བརྒྱལ་བ་དང༌། སྟོང་ཉིད་རྟོགས་པའི་བདེ་བས་མྱོས་པ་ལས་བསྐུལ་བར་མཛད། ཅེས་གསུངས་སོ། །དོན་འདི་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་ཞེས་སོགས་ཚིག་རྐང་གཉིས་བཤད་དོ། །གཉིས་པ་བསླང་བའི་གནས་སྐབས་ལ་གཉིས་ལས། དང་པོ་དྲང་དོན་དུ་བཤད་པ་ནི། དེ་ནས་ཞེས་པ་ནས། བསླང་དུ་གསོལ་ཞེས་པའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་བཅོམ་ལྡན་འདས། ནམ་མཁའ་དང་མཉམ་པ་ཉིད་གཉིས་སུ་མེད་པའི་རྡོ་རྗེ་ནི་འོད་གསལ་ཏེ། དེ་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་རང་འོད་ཀྱིས་རེག་པ་ཙམ་གྱིས། དྲན་པ་རྙེད་དེ་རང་གི་སྟན་ལ་གནས་པར་གྱུར་ཏོ། །ངེས་དོན་དུ་བཤད་པ་ནི། ནམ་མཁའ་ནི་སྟོང་པ་ཉིད་གསུམ་མོ། །མཉམ་པ་ཉིད་ནི་འོད་གསལ་ལོ། །གཉིས་སུ་མེད་པའི་རྡོ་རྗེ་ནི་ཟུང་འཇུག་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པའོ། །དོན་ནི་རྟོག་པའི་རྒྱུ་བ་འགགས་པའི་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་ནས་འོད་གསལ་དུ་ཞུགས་ཤིང༌། དེ་ནས་ཟུང་འཇུག་ཏུ་ལྡང་བར་ཞེས་པའོ། །འོད་གསལ་ལ་སྙོམས་པར་ཞུགས་མ་ཐག་ཏུ། རྡོ་རྗེ་འཆང་ཆེན་པོའི་འོད་ཀྱིས་རེག་པ་ཙམ་གྱིས། བྱང་ཆུབ་སེམས་དཔའ་དེ་དག་འོད་གསལ་ལས་ལངས་ནས། རང་རང་གི་སྟན་ལ་ཏེ། རང་རང་གི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་བྱེད་པར་གྱུར་ཏོ། །ཞེས་པའོ། །བཞི་པ་ངོ་མཚར་བའི་བསྟོད་པ་བསྟན་པ་ལ་གསུམ་སྟེ། བརྗོད་བྱ་ཆོས་སྟོན་པའི་སྒོ་ནས་བསྟོད་པ་དང༌། དབང་ཕྱུག་བརྒྱད་ཀྱི་སྒོ་ནས་བསྟོད་པ་དང༌། རིགས་ལྔའི་སྒོ་ནས་བསྟོད་པའོ། །དང་པོ་ནི། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཟབ་པའི་ཆོས་སྟོན་པ་ལ་མཁས་པ་ངོ་མཚར་དུ་གྱུར། སྔོན་མ་བྱུང་བས་རྨད་དུ་གྱུར། རྡོ་རྗེའི་ཚིག་གི་དགོངས་པའི་དོན་རྟོགས་ཤིང༌། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་བརྒྱལ་བ་བསླང་བའི་སེམས་ཅན་གྱི་ཚོགས་ལ་གཟིགས་ནས། ཤིན་ཏུ་དགྱེས་པས་ཁྱབ་པར་གྱུར་ནས། ཆོས་ཀྱི་དབྱངས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ནི་ངོ་མཚར་བའོ། །ཆོས་ནི་ལུང་གི་ཆོས་སོ། །ཆོས་ཀྱི་སྒྲ་གཉིས་པ་ནི། དེས་བསྟན་པའི་དོན་ནོ། །བརྗོད་བྱེད་ཀྱི་ཆོས་དང༌། བརྗོད་བྱའི་དོན་གཉིས་ལས་བྱུང་བ་ནི། ཆོས་དོན་དག་པ་བདག་མེད་པ། །ཞེས་ཏེ། ཆོས་ནི་ཐོས་པའི་རང་བཞིན་ནོ། །དོན་དག་པ་ནི་བསམ་པའི་རང་བཞིན་ནོ། །བདག་མེད་པ་ནི་མངོན་སུམ་དུ་གྱུར་པ་སྒོམ་པའི་རང་བཞིན་ནོ། །རྡོ་རྗེ་རྒྱལ་ནི་རྡོ་རྗེ་འཆང་སྟེ། དེ་ལ་ཕྱག་འཚལ་ཞེས་པའོ། །བཅོམ་ལྡན་འདས་ནི་བདེན་གཉིས་ཟུང་འཇུག་གི་བདག་ཉིད་ཅན་ཡིན་པས། འདུད་ཅེས་པ་སྟེ། ཕྱག་འཚལ་དང་འདུད་པ་གཉིས་སྨོས་སོ། །གཞན་དག་ཕྱག་འཚལ་དང་འདུད་པ་གཉིས་དོན་སོ་སོར་སྦྱོར་བ་ནི་ནོར་པའོ། །གཉིས་པ་དབང་ཕྱུག་བརྒྱད་ཀྱི་སྒོ་ནས་བསྟོད་པ་ནི། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པས་ན། སྐུ་གསུང་ཐུགས་རབ་ཏུ་དག་པ་དང༌། འོད་གསལ་དང་དབྱེར་མེད་པས་ན་ནམ་མཁའ་དང་མཉམ་པ་ཉིད་དུ་གནས་པའོ། །སྐྱེ་འགག་དང་བྲལ་བས་ན་རྣམ་པར་མི་འགྱུར་བའོ། །སྣང་གསུམ་རྣམ་པར་དག་པས་སྣང་བ་མེད་པའོ། །འོད་ཟེར་ལྔ་དང་ལྡན་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུ་མངའ་བས་ན་རྡོ་རྗེའི་སྐུ་སྟེ། སྔ་མ་ལྟར་ཕྱག་འཚལ་དང་འདུད་པ་གཉིས་སྨོས་སོ། །ཐུགས་ཀྱི་ཡོན་ཏན་མངའ་བས་ན་ཐུགས་སོ། །དེ་བཞིན་གཤེགས་པ་གཞན་རྣམས་ཀྱི་རྩ་བ་ཡིན་པས་ན། དེ་བཞིན་གཤེགས་པའི་གཙོ་བོའོ། །དུས་གསུམ་དུ་འབྱུང་བའི་དངོས་པོ་ཐམས་ཅད་བདེན་གཉིས་དབྱེར་མེད་ཀྱི་ངང་ཚུལ་དུ་འབྱུང་བ་ལྟར། བདེན་གཉིས་དབྱེར་མེད་ཀྱི་ཚུལ་ཅན་ཡིན་པས། དུས་གསུམ་དག་གི་ལམ་དུ་འབྱུང་ཞེས་པའོ། །འདིར་ཆག་ལོ་མ་གཏོགས་པ་གཞན་རྣམས་ཀྱིས་དོན་མ་རྟོགས་སོ། །ནམ་མཁའ་ཆེན་པོ་འོད་གསལ་ཁྱོད་ཉིད་དོ། །ཁམས་གསུམ་པའི་ཁམས་སུ་གྱུར་པ་སྟེ་དབྱིངས་ཀྱང་ཁྱོད་ཉིད་དོ། །རྫུ་འཁྲུལ་ལ་མངའ་བརྙེས་པས། ནམ་མཁའི་ལམ་ལ་གནས་པའང་ཁྱོད་ཉིད་དོ། །ཕྱག་འཚལ་དང་འདུད་པ་སྔ་མ་ལྟར་རོ། །གསུམ་པ་རིགས་ལྔའི་སྒོ་ནས་བསྟོད་པ་ནི། ནམ་མཁའི་སྐུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་ཡང་དག་པར་བྱུང་བ་ནི་རྣམ་པར་སྣང་མཛད་དོ། །ནམ་མཁའི་ལམ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་གནས་པ་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །ནམ་མཁའི་ཐུགས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་རང་བཞིན་ནི་མི་བསྐྱོད་པའོ། །ཆོས་ཀྱི་མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་བདག་ཉིད་ནི་འོད་དཔག་མེད་དོ། །སྤྱོད་པའི་གནས་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལ་གནས་པ་ནི་དོན་ཡོད་གྲུབ་པའོ། །དེ་ལྟར་རིགས་ལྔའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཁྱོད་ལ་ཕྱག་འཚལ་འདུད་ཅེས་པའོ། །ལེའུའི་མཚན་དོན་ནི། རང་གཞན་གྱི་དོན་སྒྲུབ་པའི་སྤྱོད་པ་ནི། སྤྱོད་པ་ཀུན་ཏེ། དེ་ཉིད་གཞན་ལས་ཕུལ་དུ་བྱུང་བ་ནི་མཆོག་གོ །དེ་སྟོན་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །ལེའུ་ལྔ་པའི་རྣམ་བཤད་དོ།། ༈ །ལེའུ་དྲུག་པ་ལ་གཉིས་ཏེ་བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། ལེའུ་འདིའི་སྟོད་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟོན་ལ། བར་ནས་མཆོད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་སྟོན་ནོ། །སྨད་ནས་ཕྲ་མོའི་རྣལ་འབྱོར་དང༌། རྣལ་འབྱོར་གྱི་སྤྱོད་པ་སྟོན་ནོ། །ཡན་ལག་གི་དོན་ལ་ལྔ་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། མཆོད་པའི་ཆོ་ག་དང༌། རྫོགས་པའི་རིམ་པ་དང་ཕྲ་མོའི་རྣལ་འབྱོར་དང༌། རྣལ་འབྱོར་གྱི་སྤྱོད་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་གྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། རྫོགས་རིམ་གྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རང་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་སྤྱོད་པ་བྱ་བ་ཡིན་པས། ལེའུ་ལྔ་པའི་རྗེས་དེ་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བའི་ཐུགས་བྱིན་གྱིས་བརླབ་པའི་སྔགས་འདི་གསུངས་སོ། །སྙོམས་པར་ཞུགས་ཞེས་དྲང་ངོ༌། །གང་ལ་ན། སྐུ་གསུང་ཐུགས་ནི་མི་བསྐྱོད་པ་ཡིན་ལ། གསང་བའི་རྡོ་རྗེ་ནི་དེར་བྱིན་གྱིས་རློབ་པའི་སྔགས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལའོ། །སྔགས་ནི་ཨོཾ་ཞེས་སོགས་ཡིན་ནོ། །རྡུལ་དང་བྲལ་བའི་རྡོ་རྗེའི་གནས་ནི། རྡུལ་དང་བྲལ་བའི་རྡོ་རྗེ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཡིན་ལ། གནས་ནི་དེ་བྱིན་གྱིས་རློབ་པའི་སྔགས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་བྱིན་གྱིས་རློབ་པའི་སྔགས་འོག་ནས་འབྱུང་བ་འདི་གསུངས་སོ། །སྔགས་ནི་ཨོཾ་ཞེས་སོགས་སོ། །སྐུ་བྱིན་གྱིས་བརླབས་པའི་རྗེས་དེ་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འོག་ནས་འབྱུང་བའི་གསུང་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །མཉམ་པ་ཉིད་མི་གཉིས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་འོད་དཔག་མེད་ཡིན་ལ། དེའི་རྡོ་རྗེ་ནི་དེ་བྱིན་གྱིས་རློབ་པའི་སྔགས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །སྔགས་ནི་ཨོཾ་ཞེས་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། སྔགས་དེ་དག་གིས་སྐུ་གསུང་ཐུགས་ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། སྒྲུབ་པ་ཉིད་དུ་བྱ་བ་སྟེ། བྱིན་གྱིས་རློབ་བོ། །གང་ན། གནས་སྔ་མ་ནི་སྒྲུབ་པ་པོའི་ལུས་ཏེ། ལྷའི་འཁོར་ལོའི་གཞིར་གྱུར་པའི་ཕྱིར། དེ་བྱིན་གྱིས་བརླབ་བོ། །གང་དུ་བྱིན་གྱིས་བརླབ་ན། རྡོ་རྗེ་གསུམ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་བོ། །གསང་བ་ནི། ཉན་ཐོས་ལ་སོགས་པ་ལའོ། །གང་གིས་བྱིན་གྱིས་བརླབ་ན། མི་བསྐྱོད་པ་ལ་སོགས་པ་མཚོན་པ་སྔགས་ཀྱི་མཚན་ཉིད་ཡི་གེ་གསུམ་གྱིས་སོ། །མཚན་པ་ནི་ཡི་གེ་གསུམ། མགོ་དང༌། མགྲིན་པ་དང༌། སྙིང་ཁའི་ཕྱོགས་སུ་བཀོད་པའོ། །གནས་ཕྱི་མ་ནི། སྤྱན་ལ་སོགས་པའི་བཀོད་པ་གསུམ་སྟེ། དོན་ཕུན་སུམ་ཚོགས་པའི་གཞི་ཡིན་པའི་ཕྱིར་རོ། །དེ་རྣམ་པར་བསྒོམ་པ་ནི། སྐུ་རྡོ་རྗེ་ལ་སོགས་པར་བྱིན་གྱིས་རློབ་པའི་ཕྱིར། སྤྱན་འདྲེན་པ་ལ་ཕྱོགས་པ་བསྒོམ་པའོ། །གཉིས་པ་རྫོགས་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དགོངས་པ་ལུང་སྟོན་ལས། དེ་ནི་དཔའ་ཆེན་མི་བསྐྱོད་པ། །སྐུ་གསུང་ཐུགས་ཀྱི་གསང་བའོ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཐུགས་བྱིན་རློབ་ཅེས་བྱ་བ་ཡིན། །གསང་སྔགས་དེ་ནི་བཀའ་བསྩལ་པ། །ཨོཾ་ཞེས་བྱ་བ་དང་པོ་ཡིན། །སརྦ་ཏ་ཐཱ་ག་ཏ་གཉིས། །ཙིཏྟ་གསུམ་དུ་ཡོངས་སུ་བརྟག །བཛྲ་གཉིས་གཉིས་དང་ལྡན་པ། །སྭ་བྷཱ་ཨཱཏྨ་ཀོ་ལྔ་པ། །ཨ་ཧཾ་ཞེས་བྱ་དྲུག་པ་སྟེ། །སྐུ་དྲུག་གསུམ་པའི་མིང་ཅན་ནོ། །དེ་ནས་དཔལ་ལྡན་རྣམ་སྣང་མཛད། །རྡུལ་བྲལ་རྡོ་རྗེ་ཞེས་བྱ་བའོ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་ནི་བྱིན་གྱིས་རློབ་པ་གསུངས། །ཨོཾ་ཞེས་བྱ་བ་ཚངས་པར་བཤད། །སརྦ་ཏ་ཐཱ་ག་ཏ་གཉིས། །ཀ་ཡ་ཆགས་གཏོགས་དབང་ཕྱུག་སྟེ། །བཛྲ་རིག་བྱེད་ཡིན་པར་བསྒྲགས། །སྭ་བྷཱ་ཨཱཏྨ་ཀོ་འདོད་ལྷ། །ཨ་ཧཾ་སྨིན་དྲུག་བུ་ཞེས་བརྗོད་དོ། །དགོངས་པ་ཡིས་ནི་གང་དག་བརྟགས། །ཤེས་རབ་དབྱེ་བས་དབྱེ་བར་བྱ། །དེ་ནས་ཚེ་དཔག་མེད་ཅེས་པ། །ཀུན་ཏུ་མི་གཉིས་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙ?མས་ཞུགས་ནས། །གསུང་གི་བྱིན་གྱིས་བརླབ་པ་གསུངས། །ཨོཾ་ནི་དང་པོར་བསྒྲགས་པ་ཡིན། །སརྦ་ཏ་ཐཱ་ག་ཏ་ཟུང༌། །ཝག་ནི་ཡོན་ཏན་གསུམ་ཤེས་བྱ། །བཛྲ་དུས་ཀྱི་མིང་ཅན་ཡིན། །སྭ་བྷཱ་ཨཱཏྨ་ཀོ་འདོད་ལྷ། །ཨ་ཧཾ་ཞེས་པ་དུས་སུ་བཤད། །དེ་ལྟར་ཡང་དག་བཤད་གསུམ་ཅར། །རེ་རེ་ཞིང་དྲུག་གསུམ་དུ་བཤད། །ཐུགས་དང་སྐུ་དང་དེ་བཞིན་གསུང༌། །རིམ་དང་རིམ་པ་མིན་པས་གསུངས། །རྡོ་རྗེ་གསུམ་ཞེས་བྱ་བ་ནི། །བདག་པོའི་ཆོས་ཅན་གསུམ་དུ་འབྱུང༌། །ཞེས་པའོ། །འདི་དག་གིས་ནི་ཟུང་འཇུག་ལ་གནས་པའི་རིགས་གསུམ་ཟློས་པ་པོས། སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཟུང་འཇུག་ཏུ་ལྡང་བའི་རྒྱུ། ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་སྟོན་ནོ། །དེ་ལ་དཔའ་ཆེན་མི་བསྐྱོད་པས་ནི་སྒྱུ་ལུས་བསྟན་ནོ། །དེ་ནས་སྐུ་གསུང་ཞེས་སོགས་ཚིག་རྐང་གཉིས་ཀྱིས་ནི་སྒྱུ་ལུས་འོད་གསལ་དུ་བཅུག་པ་བསྟན་ནོ། །དེ་ནས་ཐུགས་བྱིན་གྱིས་རློབས་ཞེས་པས་ནི། འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བ་བསྟན་ནོ། །དེ་ནས་གསང་སྔགས་ཞེས་སོགས་ཀྱིས་བསྟན་ཚུལ་ལ་གཉིས་ཏེ། སྔགས་དུམ་བུ་དྲུག་ཏུ་བཤད་པ་དང༌། ཟུང་དུ་བསྡེབ་པའོ། །དང་པོ་ལ་གཉིས་ཏེ། ཟུང་འཇུག་གི་རླུང་འོད་གསལ་དང་བཅས་པ་ལ་སྦྱར་བ་དང༌། འབྲས་བུ་ཟུང་འཇུག་གི་སྐུ་བདེ་གཤེགས་དྲུག་ལ་བཤད་པའོ། །དང་པོ་ནི། ཨོཾ་ནི་དང་པོ་སྲོག་འཛིན་གྱི་རླུང་ངོ༌། །སརྦ་ཏ་ཐཱ་ག་ཏ་ནི་གཉིས་པ་ཐུར་སེལ་དང༌། ཙིཏྟ་ནི་གསུམ་པ་གྱེན་རྒྱུ་དང༌། བཛྲ་ནི་གཉིས་གཉིས་དང་ལྡན་པ་བཞི་པ་མཉམ་གནས་དང༌། སྭ་བྷཱ་ཨཱཏྨ་ཀོ་ནི་ལྔ་པ་ཁྱབ་བྱེད་ཀྱི་རླུང་ངོ༌། །ཨ་ཧཾ་ནི་དྲུག་པ་རླུང་གི་འབྱུང་གནས་འོད་གསལ་ལོ། །ཚངས་པ་ནི་འཇིག་རྟེན་མེས་པོ་དང་པོར་བྱུང་བས་ན། རླུང་དང་པོ་མཚོན་བྱེད་དུ་བསྟན་ནོ། །དབང་ཕྱུག་ནི་མིག་གསུམ་དང་ལྡན་པས་རླུང་གསུམ་པ་དང༌། རིག་བྱེད་ལ་བཞི་ཡོད་པས་རླུང་བཞི་པ་དང༌། འདོད་ལྷ་ལ་མདའ་ལྔ་ཡོད་པས་རླུང་ལྔ་པ་དང༌། སྨིན་དྲུག་གི་བུ་ནི་སྐྱེ་མཆེད་དྲུག་དང་ལྡན་པས་དྲུག་པ་འོད་གསལ་བསྟན་ནོ། །ཞེས་ཆག་ལོ་གསུངས་སོ། །གཉིས་པ་ནི། རིགས་ལྔ་དང༌། དེའི་རྩ་བ་རྡོ་རྗེ་སེམས་དཔའོ། །ཞེས་ཆག་ལོཙྪ་བས་པཎྜི་ཏ་འགའ་ཞིག་བཞེད་གསུང༌། གཉིས་པ་སྔགས་ཟུང་དུ་བསྡེབ་པ་ལ་ཡང༌། ལུགས་བཟློག་གི་སྣང་བ་གསུམ་ལ་སྦྱར་བ་དང༌། ཟུང་འཇུག་རིགས་གསུམ་དུ་སྡུད་པ་ལ་སྦྱར་བའོ། །ཟུང་དང་པོ་ནི་ཉེར་ཐོབ། ཟུང་གཉིས་པས་ནི་སྣང་བ་མཆེད་པ། ཐ་མས་ནི་སེམས་སྣང་བ་སྟོན་ནོ། །གཉིས་པ་ལྟར་ན་ཟུང་འཇུག་གི་རིགས་གསུམ་གྱི་ལྷ་གསུམ་མོ། །དེ་ལ་རྡུལ་བྲལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་བྱིན་གྱིས་རློབ་པའི་སྔགས་དང༌། ཀུན་ཏུ་མི་གཉིས་པའི་རྡོ་རྗེ་ཅན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་བྱིན་གྱིས་རློབ་པའི་སྔགས་གསུངས་ཞེས་སྦྱར་རོ། །ཨོཾ་ནི་དང་པོར་བསྒྲགས་པ་ཡིན། །ཞེས་པའི་ཚིག་རྐང་གཉིས་ནི་རྟོགས་པར་སླའོ། །ཡོན་ཏན་གསུམ་ནི། རྡུལ་མུན་པ་སྙིང་སྟོབས་སོ། །བཛྲ་ནི། དགུན་དང་དཔྱིད་ལ་སོགས་པ་དུས་བཞིར་ཤེས་པར་བྱའོ། །དུས་ནི་དྲུག་སྟེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། ཁ་བ་ཅན་དང་སོ་ཁ་དང༌། །དབྱར་དང་ཐུང་ངུ་དེ་བཞིན་དུ། །རིང་པོ་མིང་ཅན་དུ་ཡང་ཤེས། །དེ་དག་དུས་ནི་རྣམ་པ་ལྔ། །ཞེས་ཏེ། བསྣན་པས་ལོ་གཅིག་ལ་དུས་དྲུག་གོ །རིམ་དང་རིམ་པ་མིན་པས་གསུངས། །ཞེས་པས་ནི། རྩ་རྒྱུད་དུ་ཐུགས་དང་པོར་བསྟན་ལ། གཞན་དུ་སྐུ་དང་པོར་བསྟན་པའོ། །རྡོ་རྗེ་གསུམ་ནི་སྔགས་གསུམ་ཡིན་ལ། བདག་པོ་ཆོས་གཅིག་ཅན་ནི་ཟུང་འཇུག་གི་སྐུ་སྟེ། ཟླ་མེད་པས་གཅིག་པུའོ། །ཡང་ཚིག་རྐང་ཕྱི་མ་བཞི་ངེས་དོན་དུ་བཤད་པ་ནི། སྒྲུབ་པ་ཉིད་དུ་བྱ་ཞེས་པ་ནི་བསྐྱེད་པ་ཉིད་དུ་བྱ། །ཞེས་དྲང་ངོ༌། །གང་ན། འོད་ཟེར་ལྔའི་མཚན་ཉིད་ཅན་གྱིས་མཚན་པའི་སྔགས་དེ་བཞིན་གཤེགས་པ་རྡོ་རྗེའི་སྐུའོ། །ཐབས་གང་གིས་བསྐྱེད་ཅེ་ན། རྡོ་རྗེ་གསུམ་ནི་ཕུང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལས་བྱུང་བའི་ཡེ་ཤེས་གསུམ་མོ། །བསྐྱེད་རིམ་པའི་ཡུལ་མིན་པས་གསང་བའོ། །གནས་དང་པོ་དོན་དམ་འོད་གསལ་ཡིན་ལ། གནས་ཕྱི་མ་ནི་ཀུན་རྫོབ་བདེན་པ་སྒྱུ་ལུས་ཏེ། ཀུན་རྫོབ་འོད་གསལ་དུ་བཅུག་ནས་རྣམ་པར་བསྒོམ་པར་བྱ་ཞེས་པའི་དོན་ནོ། །སྟོང་པ་དང་ཤིན་ཏུ་སྟོང་པ་ལ་སོགས་པ་བཞིས་རྒྱས་གདབ་པའི་སྒྱུ་ལུས་འདིས། མཆོག་དང་རབ་ཏུ་གྱུར་པའི་ཟུང་འཇུག་གི་སྐུ་སྒྲུབ་ཅེས་པའོ། །གཉིས་པ་མཆོད་པའི་ཆོ་ག་ལ་གསུམ་སྟེ། བསྐྱེད་རིམ་པའི་མཆོད་པའི་ཆོ་ག་དང༌། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་མཆོད་པ་དང༌། རྫོགས་རིམ་པའི་མཆོད་པའི་ཆོ་གའོ། །དང་པོ་ལ་གཉིས་ལས། རྗེས་སུ་ཆགས་པའི་སྦྱོར་བ་བསྟན་པ་ནི། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་དེ་ནས། བཅོམ་ལྡན་འདས་ཞེས་སོགས་ཏེ། སྔོན་བྱུང་ལྟར་ན། ཡེ་ཤེས་སྒྲོན་མེ་རྡོ་རྗེ་ཞེས་བྱ་བ་སེར་སྣ་དག་པའི་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་རིན་ཆེན་འབྱུང་ལྡན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ། །རྗེས་འཇུག་ལྟར་ན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱས་ནས། རང་རིགས་ཀྱི་ཡུམ་ལ་སྐུའི་དཀྱིལ་འཁོར་བཀོད་ནས་རྡོ་རྗེ་པདྨ་འདུ་བྱས་ཏེ། རིན་འབྱུང་གི་ང་རྒྱལ་གྱིས་སྔགས་འདི་བརྗོད་ནས་རྗེས་སུ་ཆགས་པའི་བྱ་བ་བསྟན་ནོ། །སྔགས་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེ་ང་ཡིན་ཞེས་པ་སྟེ། ང་ནི་ཨ་ཧཾ་གིས་བསྟན་ནོ། །ཚིག་མཐར་ཨེ་ཨོ་ལས་ཨ་ཡིག་དབྱིའོ། །ཞེས་པ་ཨ་ཕྱིས་པའོ། །གཉིས་པ་དེ་བཞིན་གཤེགས་པ་ལ་མཆོད་པའི་སྔགས་བསྟན་པ་ནི། དེ་ནས་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ་ཞེས་སྦྱར་རོ། །འདིའི་དོན། སྔོན་བྱུང་ལྟར་ན། རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་དོན་ཡོད་གྲུབ་པ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་པའོ། །རྗེས་འཇུག་ལྟར་ན། རྗེས་ཆགས་ཀྱི་སྦྱོར་བའི་རྗེས་སུ། རྡོ་རྗེ་འཆང་གི་ང་རྒྱལ་གྱིས་སྙོམས་པར་ཞུགས་ཏེ། ཡུམ་གྱི་མཁར་བྱང་སེམས་སྤྲོས་ནས། ཐིག་ལེས་མཆོད་པའི་དུས་སུ་དོན་གྲུབ་ཀྱི་ང་རྒྱལ་གྱིས་སྔགས་འདི་གསུངས་ཏེ། དེའི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྡོ་རྗེ་ང་ཡིན་ཞེས་པའོ། །གཉིས་པ་བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་མཆོད་པ་ནི། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་མཆོད་པ་དང༌། མཆོད་པའི་ཆོ་ག་དེ་ཉིད་ཀྱིས་རྟག་ཏུ་གནས་པར་བྱ་བ་ལ་བརྟན་པ་བསྐྱེད་པ་ནི། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །ཞེས་སོ། ཕན་ཡོན་ནི། མཆོད་པ་ཞེས་སོགས་ཚིགས་རྐང་པ་གཉིས་སོ། །གསུམ་པ་རྫོགས་རིམ་པའི་མཆོད་པའི་ཆོ་ག་བསྟན་པ་ནི། མཆོད་པ་རྣམ་པ་ལྔ་ནི། འདོད་པའི་ཡོན་ཏན་ལྔ་འོད་གསལ་དུ་བཅུག་པ་སྟེ། མྱུར་དུ་སྟེ་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་སོ། །ཅིའི་ཕྱིར་མཆོད་པ་ཞེས་བྱ་ཞེ་ན། ཡུལ་ལྔ་འོད་གསལ་དུ་ཞུ་བས་ན་མཆོད་པ་ཞེས་བྱའོ། །ཕྱི་ནང་གི་མཆོད་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དགོངས་པ་ལུང་སྟོན་ལས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་ཁམས། །དེ་དག་དངོས་པོ་མེད་བྱས་པས། །སངས་རྒྱས་མཆོད་པ་བླ་མེད་དེ། །མིག་སོགས་ཤེས་པ་ལས་བྱུང་བ། །མངོན་ཤེས་ལྔས་ནི་མཛེས་བྱས་པའི། །མཆོད་པ་བཟང་པོར་བཤད་པ་འདིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །ཞེས་སོ། །གསུམ་པ་རྫོགས་རིམ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བཟླས་པའི་འབྲས་བུ་གསང་ཆེན་རྣམ་པར་དག་པ་འོག་ནས་འབྱུང་བ་འདི་གསུངས་སོ། །སྒྲུབ་པ་བྱ་ཞེས་དྲང་ངོ༌། །གང་གིས་ན། རྡོ་རྗེའི་བཟླས་པའི་རྒྱུར་གྱུར་པའི་ལུས་དབེན་དང༌། ངོ་བོ་ངག་དབེན་དང༌། ཡིད་ཀྱིས་བསྐུལ་ནས་སུ། ཞེས་པ་སེམས་དབེན་ཏེ། གསུམ་པོས་སྒྲུབ་པར་བྱའོ། །རབ་མཆོག་ནི་སེམས་རྣམ་པར་དབེན་པ་སྟེ། རྡོ་རྗེ་བཟླས་པ་ལས་ལྷག་པས་སོ། །ཡིད་ལ་བསྐུལ་བ་ནི། རྡོ་རྗེ་བཟླས་པ་སྒྲུབ་པའི་ཡིད་ལ་གནས་པའི་བདེན་གཉིས་དབྱེར་མེད་རྡོ་རྗེ་སེམས་དཔའ་བསྐུལ་བ་སྟེ། ཡུལ་དུ་བྱས་ནས་སྒྲུབ་པར་བྱའོ། །གང་ན། རབ་མཆོག་རྡོ་རྗེ་སྟེ། སེམས་རྣམ་པར་དབེན་པ་ལས་ཐོབ་པའི་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་སྐུའོ། །དེ་ཉིད་ལ་ཡིད་ནི་རབ་མཆོག་སེམས་དབེན་དང༌། དངོས་གྲུབ་སྒྱུ་ལུས་དང༌། ཡིད་ཡང་དག་པ་འོད་གསལ། མཛེས་པ་ཟུང་འཇུག་སྒྲུབ་པར་བྱའོ། །གང་གིས་ན། ལུས་ནི་བསྐྱེད་པའི་རིམ་པ་དང༌། ངག་སྔགས་ལ་དམིགས་པའི་རྡོ་རྗེ་བཟླས་པས་སོ། །ཞེས་ཆག་ལོ་གསུང་བ་ལེགས་ཏེ། རྡོ་རྗེ་བཟླས་པ་ལ་ནི་སློབ། །རྡོ་རྗེ་བཟླས་ནས་རྣལ་འབྱོར་པས། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གནས། །ཡང་དག་མཐས་ནི་རྣམ་སྦྱང་བྱ། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་སོ། །གཞན་གྱིས་ནི་དོན་མ་རྟོགས་སོ། །འགྲེལ་པའི་དོན་ནི། ལུས་དབེན་བསྒོམས་པས་རྡོ་རྗེ་བཟླས་པ་བྱས་ཏེ། དེས་ཉེ་བར་བཏགས་པའི་ཡིད་ནི། སྙིང་ལ་གནས་པའི་རྡོ་རྗེ་སེམས་དཔའི་རང་བཞིན་ཡོངས་སུ་ཤེས་ཏེ། རྡོ་རྗེ་བཟླས་པ་ཡུན་དུ་བྱས་པས། རྣལ་འབྱོར་ལུས་ལ་གནས་སྐབས་བཞི་སྒྲུབ་བོ། །བཞི་གང་ཞེ་ན། རབ་མཆོག་སེམས་དབེན། དངོས་གྲུབ་རང་བྱིན་གྱིས་བརླབ་པ་དང༌། ཡིད་ཀྱི་དགའ་བ་འོད་གསལ་དང༌། མཛེས་པ་ཟུང་འཇུག་གོ །འདི་ནི་རྡོར་བཟླས་ཀྱི་ཕན་ཡོན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། མདོར་བསྟན་གྱི་ཚིག་བཞི་སོ་སོར་སྟོན་པ་སྟེ། སེམས་ལ་དམིགས་པ་ནི། རིམ་པ་གཉིས་པས་ཡོངས་སུ་ཤེས་པ་སེམས་གཟུང་འཛིན་གྱིས་དབེན་པའི་བདག་མེད་དང༌། ལུས་དང་ངག་ཀྱང་བདག་མེད་པ་རྣམ་པར་བསྒོམས་པས་སེམས་ཀྱི་རང་བཞིན་རྟོགས་པ་སེམས་དམིགས་ཏེ་བསྒྲུབ་བྱའོ། །དེ་ལ་ལུས་བདག་མེད་པ་དང༌། ངག་དང༌། སེམས་བདག་མེད་པ་གསུམ་གྱིས་ནི་སྣང་བ་དང༌། སྣང་བ་མཆེད་པ་དང༌། ཉེར་ཐོབ་གསུམ་བསྟན་པས། བསྒྲུབ་བྱ་སེམས་དབེན་བསྟན་ནོ། །སྒྲུབ་བྱེད་ནི་རིམ་པ་གཉིས་པ་རྡོར་བཟླས་སོ། །སེམས་དབེན་མཐར་ཕྱིན་ནས་ཅི་ཞིག་སྒྲུབ་ཅེ་ན། རྣམ་གསུམ་སྦྱོར་བ་ཞེས་སོགས་ཏེ། ཡེ་ཤེས་རྣམ་པ་གསུམ་གཅིག་ཏུ་སྦྱོར་བ་ནི་སྒྱུ་ལུས་སོ། །འགྱུར་སྔ་མ་ལ་སྦྱོར་བ་རྣམ་གསུམ་ཞེས་པ་མ་དག་སྟེ། རྒྱ་དཔེ་ལ། ཏྲི་པན་ཡོ་ག་ཞེས་པ། དོན་གསུམ་ཞེས་པ་ཡེ་ཤེས་གསུམ་ཡིན་ལ། དེ་སྦྱོར་བ་ནི། ཡིད་ཀྱི་རང་བཞིན་སྐུ་ལ་བཤད་དགོས་པས་སོ། །ཞེས་ཆག་ལོ་གསུང་ངོ༌། །དེ་ནས་ཅི་སྒྲུབ་ཅེ་ན། ནམ་མཁའ་དང་མཉམ་པ་ཉིད་ཅེས་པ་འོད་གསལ་ལོ། །གནས་ནི་ཟུང་འཇུག་གི་གནས་སོ། །དེ་སྒྲུབ་པར་བྱ་ཞེས་སོ། །འདིར་ཆག་ལོ་མ་གཏོགས་གཞན་ཐམས་ཅད་ནོར་བར་སྣང་ངོ༌། །འདིར་ལུས་དང་ངག་དང་སེམས་ལ་དམིགས་པ་ནི། དབེན་གསུམ་མོ། །དབེན་གསུམ་གྱིས་ཐོབ་པའི་ངོ་བོ་ཉིད་ནི་སྒྱུ་ལུས་ཏེ། ཐམས་ཅད་དམིགས་སུ་མེད་ཅེས་པ་ནི་འོད་གསལ་དུ་འགྲོའོ་ཞེས་པའི་དོན་ནོ། །འདིས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ནོ། །གལ་ཏེ་ཡེ་ཤེས་ཀྱི་སྐུ་ལ་རང་བཞིན་མི་དམིགས་ཀྱང་སྔགས་ཀྱི་སྐུ་ལ་རང་བཞིན་དམིགས་སོ་ཞེ་ན། སྔགས་ཀྱི་སྐུ་ནི་ཡི་གེ་གསུམ་གྱིས་བསྐྱེད་པ་ཡིན་ལ། སྦྱོར་བ་ནི་རྡོ་རྗེ་བཞི་སྟེ་དེས་བསྐྱེད་པའི་འབྲས་བུ་བྱང་ཆུབ་ཡང་དག་པར་མེད་ཅིང༌། སྒོམ་བཞིན་པའི་ལྷའི་སྐུ་དང༌། དེ་སྒོམ་པའང་ཡང་དག་པར་མེད་དོ། །འདིས་སྔགས་ཀྱི་སྐུ་དང༌། སྔ་མས་ཡེ་ཤེས་ཀྱི་རང་བཞིན་ཤེས་པར་བསྟན་ནོ། །སྐུ་གསུམ་ཐ་དད་དུ་འཛིན་པའང་སྤང་བྱ་ཡིན་ཕྱིར་ཟུང་འཇུག་གི་སྐུ་ལ་བསླབ་པར་བྱའོ། །ཞེས་སྟོན་པ་ནི། བསྒོམ་པར་བྱ་སྟེ་བསླབ་པར་བྱའོ། །གང་ལ་ན། སྔགས་ནི་འོད་ཟེར་ལྔ་ལྡན་གྱི་རླུང་དང་བཅས་པའི་ཡེ་ཤེས་སོ། །དེས་བརྟག་པ་སྟེ་བསྐྱེད་པའི་ཟུང་འཇུག་གི་སྐུ་ལའོ། །ཐབས་གང་གིས་ཤེ་ན། རྡོ་རྗེ་བཟླས་པའི་རིམ་པས་སྐུ་གསུང་ཐུགས་ཀྱི་སྒྲས་མཚོན་ནས་གསུངས་པའི་སྟོང་པ་གསུམ་གྱི་མཚན་ཉིད་ཅན་གྱི་སེམས་དམིགས་འདི་རྣམ་པར་དཔྱད་དེ་ཤེས་པར་བྱས་ནས། སྒྱུ་ལུས་འོད་གསལ་དུ་བསྡུ་བ་ཡིས། འབྲས་བུ་བྱང་ཆུབ་ཟུང་འཇུག་ལ་སྦྱོར་བའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སོ། །དོན་ནི་རྡོ་རྗེ་བཟླས་པའི་རིམ་པས་སེམས་ཀྱི་རང་བཞིན་ཤེས་པར་བྱས་ན། ཡིད་ཀྱི་རང་བཞིན་གྱི་སྐུ་འོད་གསལ་དུ་བཅུག་སྟེ། ཡེ་ཤེས་ཀྱི་རླུང་སེམས་ལས་གཟུགས་སྐུ་དང༌། ཆོས་སྐུ་དབྱེར་མེད་དུ་བསྒོམ་མོ། །ཞེས་ཆག་ལོས་གསུང་ངོ༌། །བཞི་པ་ཕྲ་མོའི་རྣལ་འབྱོར་བསྟན་པ་ནི། ལེའུ་གསུམ་པ་ནས་གསུངས་པའི་ཕྲ་མོའི་རྣལ་འབྱོར་དེ་ཉིད་རྒྱས་པར་སྟོན་པ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར། སྟོན་པའི་གསུང་གིས་ཕྲ་མོའི་བསྟན་པའོ། །དང་པོ་ནི། རྫོགས་རིམ་བསྟན་པའི་རྗེས་ཐོགས་དེ་ནས་བཀའ་བསྩལ་ཏོ། །གང་ན། བསྒོམ་པའི་མཆོག་འོག་ནས་འབྱུང་བ་འདིའོ། །གང་གིས་ན། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཐུགས་རྡོ་རྗེ་ཀུན་མཁྱེན་གྱིས་སོ། །དེ་ཇི་ལྟ་བུ་ཞེ་ན། ཚོགས་གཉིས་ཀྱི་དཔལ་དང་ལྡན་པས་དཔལ་ལྡན་ནོ། །རྩེ་ལྔ་པའི་རྡོ་རྗེ་འཆང་བས་ན་རྡོ་རྗེ་འཛིན་ཏེ་ཡི་གེའི་དོན་ནོ། །ཡེ་ཤེས་ལྔའི་རྡོ་རྗེ་འཆང་བས་ན་རྡོ་རྗེ་འཛིན་པ་ནི་སྤྱིའི་དོན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་འཛིན་པས་ན་རྡོ་རྗེ་འཛིན་ཏེ་སྦས་པའི་དོན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཛིན་མཐར་ཐུག་གི་དོན་ནོ། །སྤྱན་མ་ལ་སོགས་པའི་ལྷ་མོ་ཀུན་གྱིས་མཆོད་པས་ན་ཀུན་གྱིས་མཆོད་པའོ། །གཉིས་པ་སྟོན་པའི་གསུང་གིས་ཕྲ་མོའི་རྣལ་འབྱོར་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་བསྒོམ་རིམ་དང༌། དངོས་གཞིའི་བསྒོམ་རིམ་མོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་ཏེ་འོད་གསལ་ལ་གནས་པར་བྱས་ནས། སླར་ཡང་ཟླ་བའི་དཀྱིལ་འཁོར་ཏེ་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཟླ་བའི་དཀྱིལ་འཁོར་ལྟར་འོད་ཟེར་དང་ལྡན་པ་བསྒོམ་པར་བྱའོ། །དེའི་རྗེས་སུ་སངས་རྒྱས་ཀྱི་གཟུགས་ནི། དེ་ཉིད་སྤྲུལ་སྐུར་བསྒྱུར་བ་རབ་ཏུ་བསྒོམས་ནས་ཞེས་པ་བསྐྱེད་པའོ། །གཉིས་པ་ནི། འོག་ནས་འབྱུང་བའི་ཕྲ་མོའི་རྣལ་འབྱོར་བརྩམ་པར་བྱ། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་དང༌། བསྐྱེད་རིམ་པའི་ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། རྩ་བའི་རྡོ་རྗེ་བཟླས་པ་རྒྱུ་དང་བཅས་པ་དང༌། ཡན་ལག་གི་རྡོ་རྗེ་བཟླས་པ་བསྟན་པའོ། །དང་པོ་ནི། སྣ་ཡི་རྩེ་མོར་ཉུངས་ཀར་བསམ། །རྒྱུ་དང་མི་རྒྱུ་ཉུངས་ཀར་ལ། ཡེ་ཤེས་གནས་ནི་ཉམས་དགའ་བར། །གསང་བ་ཡེ་ཤེས་བརྟགས་པ་བསྒོམ། །ཞེས་ཏེ། འདི་དྲང་དོན་དུ་བཤད་པའི་ཚུལ་དང༌། ངེས་དོན་དུ་བཤད་པའི་ཚུལ་ལོ། །དྲང་དོན་དུ་བཤད་པས་ནི། སྦྱང་བྱ་སེམས་ཅན་གྱི་འཇིག་རྟེན་དང༌། སྦྱོང་བྱེད་བསྐྱེད་པའི་རིམ་པ་གཉིས་སྟོན་ནོ། །ངེས་དོན་དུ་བཤད་པས་ནི་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང༌། ཡོངས་སུ་དག་པ་ལྷའི་དེ་ཁོ་ན་ཉིད་སྟོན་ནོ། །འདིའི་དོན་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔའི་རང་བཞིན་སྦུགས། །འབྱུང་བ་ལྔའི་ངོ་བོ་ཉིད། །ཕྱུང་ནས་པདྨའི་སྣ་རྩེར་ནི། །ཐིག་ལེའི་གཟུགས་སུ་བརྟག་པར་བྱ། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་གི་རྩོལ་བ་ཞེས་བྱར་བཤད། །ཅེས་སོ། །དེ་ལ་རྩ་རྒྱུད་ལ། རྒྱུ་དང་མི་རྒྱུ་ཉུངས་ཀར་ལ། །ཞེས་པའི་དོན། དེ་ཉིད་ཀྱིས་བཤད་དེ། ཉུངས་ཀར་ནི་པདྨའི་དབུས་ཀྱི་ཐིག་ལེའོ། །རྒྱུ་བ་འགྲོ་བ་དང༌། མི་རྒྱུ་བ་སྡོད་པའི་སེམས་ཅན་རབ་འབྲིང་ཐ་མ་གསུམ་དེ་ལས་སྐྱེ། ཞེས་པ་སྟེ། རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས། བདུད་རྩི་ས་བོན་ཞེས་བཤད་པ། །དེ་ལས་འགྲོ་བ་གསུམ་པོ་སྐྱེས། །ཞེས་སོ། །འདིས་སྦྱང་གཞི་བསྟན་ནོ། །ཡང་ཉུངས་ཀར་ཞེས་པའི་དོན། རྒྱུད་ཕྱི་མ་ལས། ཐིག་ལེའི་གཟུགས་སུ་བརྟགས་པར་བྱ། །ཞེས་པ་སྟེ་འདིས་བཏགས་པའི་རྣལ་འབྱོར་སྟོན་ནོ། །རྒྱུ་བ་འདོད་གཟུགས་དང༌། མི་རྒྱུ་བ་གཟུགས་མེད་ཀྱི་སེམས་ཅན་ཐམས་ཅད་ཐིག་ལེའི་དབུས་སུ་རྡོ་རྗེའི་སེམས་དཔར་བསམ་མོ། །ཇི་སྐད་དུ། ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བ་ཡེ་ཤེས་བཏགས་པ་བསྒོམ། །ཞེས་སོ། །དབང་པོ་གཉིས་སྙོམས་པར་འཇུག་པའི་གསང་བ་ལ་བརྟེན་ནས་བྱུང་བའི་ཡེ་ཤེས་ཀྱི་གནས་ཐིག་ལེ་ནི་ཉམས་དགའ་བ་ཞེས་བརྗོད་ལ། དེའི་དབུས་སུ་ཡེ་ཤེས་རྡོ་རྗེ་བརྟགས་པའི་རྣལ་འབྱོར་གྱིས་བསྒོམ་མོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། རྡོ་རྗེ་བཟླས་པའི་བསྒོམ་པ་འབྲས་བུ་དང་བཅས་པ་སྟོན་ཏེ། རྩ་རྒྱུད་ལས། སྣ་ཡི་རྩེ་མོར་ཉུངས་ཀར་བསམ། །ཞེས་པའི་དོན། རྡོ་རྗེ་ཕྲེང་བ་ལས། སྣ་རྩེར་ཉུངས་ཀར་ཞེས་བྱ་བ། །སྲོག་གི་རྩོལ་བའི་བརྟག་པའོ། །སྲོག་གི་རྩོལ་བ་ལ་གནས་པའི། །འོད་ཟེར་ལྔ་པོ་སངས་རྒྱས་དངོས། །སྟེང་གི་སྣ་ལས་ངེས་འབྱུང་བ། །གཡོན་དང་གཡས་དང་གཉིས་ཀ་དང༌། །དལ་བ་ཞེས་བྱ་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །རང་སྔགས་གནས་ཀྱི་སྦྱོར་བ་ཡིས། །ཞེས་སོགས་གསུངས་སོ། །འདིའི་དོན་ནི་སྟེང་གི་སྣའི་རྩེ་མོ་ལས་འབྱུང་བའི་རླུང་གི་དཀྱིལ་འཁོར་བཞིའི་འཇུག་གནས་ལྡང་གསུམ་སྔགས་ཡི་གེ་གསུམ་དང་དབྱེར་མེད་དུ་བསྒོམ་ཞེས་པའོ། །རྒྱུ་དང་མི་རྒྱུ་ཉུངས་ཀར་ལ། །ཞེས་པའི་དོན། ཉུངས་ཀར་ནི་རྒྱུ་བ་རླུང་ཕྲ་བ་དང༌། མི་རྒྱུ་བ་དེ་ལ་བརྟེན་པའི་ལུགས་བཟློག་གི་སྣང་བ་གསུམ་གྱི་ཡེ་ཤེས་སོ། །གང་དག་རླུང་སེམས་རྫས་གཅིག་ཞེས་སྨྲ་བ་ནི། མུ་སྟེགས་རྒྱང་འཕེན་པས་ལུས་སེམས་རྫས་གཅིག་ཞེས་སྨྲ་བ་དང་མཚུངས་ཤིང༌། འདིའི་འགྲེལ་པས་རྟེན་དང་བརྟེན་པར་བཤད་པ་དང་འགལ་ལོ། །ཡང་ཡེ་ཤེས་ནི་ཞེས་ཚིག་རྐང་སྔ་མའི་དོན་བཤད་པ་ནི། ཡེ་ཤེས་ནི་ཡེ་ཤེས་ཀྱི་སྐུ་ཡིན་ལ། གནས་ནི་རླུང་དང་ལྡན་པའི་རྣམ་པར་ཤེས་པའོ། །སྐུ་དེ་ཉིད་འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་པ་དང་ལྡན་པས་ན་ཉམས་དགའ་བའོ། །བསྐྱེད་རིམ་པའི་ཡུལ་མིན་པའི་ཕྱིར་གསང་བའོ། །ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཡེ་ཤེས་རྟགས་པའོ། །སྐུ་འདི་ཉིད་མདོ་སྡེ་ལས་ཀྱང་དགོངས་པའི་ཚིགས་ཀྱི་གསུངས་ཏེ། ཕལ་པོ་ཆེར། སྐྲ་ཙམ་ཁྱོན་གཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་གི་བྱེ་སྙེད་བཞུགས། །ཞེས་པ་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་སོ། །འདིར་མདོ་སྡེ་ཁུངས་སུ་མཛད་པ་དང༌། གསང་བ་ཞེས་པའི་དོན། བསྐྱེད་རིམ་པ་མན་ཆོད་ཀྱི་སྤྱོད་ཡུལ་མིན་པར་བཤད་པ་གཉིས་འགལ་ལོ་སྙམ་མོ། །འདི་དག་གི་དོན། ཆག་ལོ་མ་གཏོགས་པ་གཞན་གྱིས་ནི་ལེགས་པར་མ་བཤད་དོ། །རྩ་བའི་རྡོ་རྗེ་བཟླས་པ་རྒྱུ་འབྲས་དང་བཅས་པ་བསྟན་ཟིན་ཏོ། །གཉིས་པ་ཡན་ལག་གི་རྡོ་རྗེ་བཟླས་པ་ནི། བསྒོམ་པ་སྟེ་ཤེས་པར་བྱའོ། །གང་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། མི་ཤིགས་པའི་ཐིག་ལེ་ཨ་ཤད་ལྟ་བུའི་རྣམ་པ་ལས་བྱུང་བའི་རླུང་ངོ༌། །རླུང་དེ་ནི་ཉི་མའི་དཀྱིལ་འཁོར་ཏེ། སྣ་བུག་གཡས་ནས་འབྱུང་བ་མེའི་རླུང་ངོ༌། །ཚུལ་ཇི་ལྟར་བསྒོམ་ཞེ་ན། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་གནས་ཡི་གེ་ཨོཾ་རླུང་ནང་དུ་འཇུག་པ་དང་དབྱེར་མེད་པ་དང༌། སྐུ་ནི་འོད་དཔག་ཏུ་མེད་པ་ཡིན་ལ། གནས་དེའི་ཡི་གེ་ཨ་དང༌། རླུང་གནས་པ་དབྱེར་མེད་པ་དང༌། ཨོཾ་དང་ཨའི་སྟེང་དུ་གནས་ཡི་གེ་ཧཱུྃ་རླུང་ལྡང་བ་དང་དབྱེར་མེད་པར་བཞག་ཅིང་བསྒོམ་པ་འདི་ནི་འོད་དཔག་ཏུ་མེད་པའི་བཟླས་པའོ། །ཡང་ནམ་མཁའི་དབྱིངས་ཀྱི་དབུས་ནི་མི་ཤིགས་པའི་ཐིག་ལེའོ། །གནས་པ་ནི་དེ་ལས་བྱུང་བའི་རླུང་ངོ༌། །རླུང་དེ་གང་ཞེ་ན། གསལ་བའི་དཀྱིལ་འཁོར་ཏེ་ཆུ་རླུང་ངོ༌། །སྤྱན་གྱི་ཚུལ་ནི་ཨོཾ་དང་སྦྱོར་ཞིང༌། ཁ་དོག་དཀར་བར་བསྒོམ་པར་བྱའོ། །སྤྱན་གྱི་ཁ་དོག་དཀར་བ་ལ་སྦྱོར་བ་ནི་འགྲེལ་པ་དང་འགལ་ལོ། །ཚུལ་ཇི་ལྟར་བསྒོམ་ན། རྡོ་རྗེ་པདྨ་རྣམ་པར་བསྒོམ། །ཞེས་པ་སྟེ། ཨོཾ་ནང་དུ་འཇུག་པའི་བདག་ཉིད་འདས་པའི་རྗེས་ལ། པདྨོ་ཏེ་ཨ་རླུང་གནས་པའི་བདག་ཉིད་ཅན་དང༌། རྡོ་རྗེ་སྟེ་ཧཱུྃ་ལྡང་བའི་བདག་ཉིད་ཅན་རྣམ་པར་བསྒོམ་མོ། །གཞུང་འདིས་ཨོཾ་ནས་འགོ་འཛིན་པར་བཤད་དོ། །རླུང་བཞི་ལ་ཡང་མེ་རླུང་ནས་འགོ་འཛིན་པར་བཤད། འདི་ནི་རྡོ་རྗེ་མགོན་པོའི་རྡོར་བཟླས་སོ། །ཡང་ནམ་མཁའི་དབྱིངས་ཀྱི་དབུས་ནི་མི་ཤིགས་པའི་ཐིག་ལེ་ཡིན་ལ། གནས་པ་ནི་དེ་ལས་བྱུང་བའི་རླུང་ངོ༌། །དེ་གང་ཞེ་ན། རིན་ཆེན་དཀྱིལ་འཁོར་ཏེ་ས་རླུང་སེར་པོ་གཉིས་ཀ་ནས་རྒྱུ་བ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ན། དཀྱིལ་འཁོར་དེའི་སྟེང་དུ་དང་པོའི་སྦྱོར་བ་སྟེ། ཡི་གེ་གསུམ་སྤྲོ་བ་དང༌། བསྡུ་བ་དང༌། གནས་པའི་བདག་ཉིད་ཅན་ནན་ཏན་གྱིས་བསྒོམ་པར་བྱའོ། །འདི་ནི་རིན་པོ་ཆེའི་བཟླས་པའོ། །ཡང་ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྔ་མ་ལྟར་ཡིན་ལ། འོད་ཀྱི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་གཡོན་པ་ནས་འབྱུང་བ་བསྒོམ་པར་བྱའོ། །ཚུལ་ནི། དཀྱིལ་འཁོར་དེའི་སྟེང་དུ་སངས་རྒྱས་ཚུལ་ཏེ་ལྡང་བ་ཧཱུྃ་དང༌། ཞི་བ་སྟེ་ཨ་གནས་པ་དང༌། སྤྲོ་བ་སྟེ་ཨོཾ་འཇུག་པའི་ཚུལ་དུ་བསྒོམ་པར་བྱའོ། །མགོན་པོ་བཞིའི་རླུང་ནི། འཁོར་ལྷ་མོ་བཞིའི་རླུང་གཙོ་བོའི་ཁྱད་པར་གྱི་ཚུལ་དུ་དེའི་ནང་དུ་ཆུད་པར་སྤྲོའོ། །ཞེས་པའོ། །ཉིན་མཚན་དུ་བཟླ་བའི་གྲངས་ནི། བཤད་པའི་རྒྱུད་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྲེས་པ་ནི། །སྦྱར་བཞི་བརྒྱ་ཕྲག་དགུ་ཉིད་དོ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཤུ་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་སོ། །རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་བསྟན་ཟིན་ཏོ། །གཉིས་པ་བསྐྱེད་རིམ་པའི་ཕྲ་མོའི་རྣལ་འབྱོར་ལ་གཉིས་ཏེ། སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་དང༌། འོག་སྒོ་ལ་བརྟེན་པའི་ཐིག་ལེ་ཕྲ་མོའོ། །དང་པོ་ནི། ལེའུ་གསུམ་པར་བཤད་ཟིན་ཏོ། །གཉིས་པ་ལ་ཡང་གཉིས་ཏེ། ཐིག་ལེ་དངོས་བསྒོམ་པ་དང༌། ཐིག་ལེ་ལས་ཕྱག་མཚན་བསྒོམ་པའོ། །དང་པོ་ལེའུ་གསུམ་པར་བཤད་ཟིན་ཏོ། །གཉིས་པ་ནི་འདིར་བསྟན་ཏེ། རྣམ་པར་བསམ་པར་བྱའོ། །གང་ན། ཐིག་ལེ་ལས་བྱུང་བའི་རང་གི་ལྷའི་ཕྱག་མཚན་རྡོ་རྗེའོ། །དེ་ཇི་ལྟ་བུ་ཞེ་ན། ཁ་དོག་གི་ཁྱད་པར་ཨུཏྤལ་མཐིང་ཁའི་མདོག་འདྲ་བ་སྔོན་པོའོ། །དབྱིབས་ཀྱི་ཁྱད་པར་རྩེ་ལྔ་པ། ཚད་ཀྱི་ཁྱད་པར་ནས་ཀྱི་འབྲུ་ཙམ་མོ། །གང་དུ་ན། རྡོ་རྗེའི་སྣའི་རྩེ་མོར་རོ། །ཚུལ་ནི། ནན་ཏན་གྱིས་སོགས་གང་གིས་ན། མི་བསྐྱོད་པའི་རྣལ་འབྱོར་པས་སོ། །གཞན་ལའང་མཚོན་པའི་ཚུལ་སྟོན་པ་ནི། བསྒོམས་པས་བྱང་ཆུབ་ལ་གཞོལ་ཞིང་ཐོབ་པར་འགྱུར་རོ། །གང་ན་ཐིག་ལེ་ལས་བྱུང་བའི་རང་གི་ལྷའི་མཚན་མ་པདྨའོ། །དབྱིབས་ཀྱི་ཁྱད་པར། པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ། ཚད་ནི་ཙ་ན་ཀའི་འབྲུ་ཙམ་མོ། །ཁ་དོག་ནི་དམར་པོའོ། །གང་དུ་ན། སྣའི་རྩེ་མོ་སྟེ། ཆོས་འབྱུང་གི་ནང་དུ་ཆུད་པར་རོ། །སུ་ཞིག་གིས་ན། འོད་དཔག་མེད་ཀྱི་རྣལ་འབྱོར་མས་སོ། །སྔ་མ་རྣལ་འབྱོར་པ་དང༌། འདི་རྣལ་འབྱོར་མ་ལ་སྦྱར་རོ། །དེས་ཕྱག་མཚན་གཞན་བསྒོམ་ཚུལ་ཡང་མཚོན་པ་ནི། རྡོ་རྗེ་དང་པདྨའི་རྩེ་མོ་དེར། རང་རང་གི་རིགས་ཀྱི་དབྱེ་བས། འཁོར་ལོ་དང༌། རིན་པོ་ཆེ་དང༌། རལ་གྲི་ལ་སོགས་པའི་རང་གི་ལྷའི་ཕྱག་མཚན་རྣམས་ཙ་ན་ཀའི་འབྲུ་ཚོད་ཙམ་མོ། །བསྒོམ་པ་ཡང་བརྟག་ཅིང་ཤེས་པར་བྱའོ། །ཕྲ་མོའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན་བསྟན་པ་ནི། ཞི་བ་ལ་སོགས་པའི་དངོས་གྲུབ་དང༌། སྐུའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་དང༌། ཡོན་ཏན་གྱི་གནས་བྱང་ཆུབ་ཀྱི་གནས་སུ་གྱུར་པའི་འོད་གསལ་རྟོགས་པ་ཡང་འགྲུབ་པར་འགྱུར་རོ། །འོད་གསལ་ནི་ཉོན་མོངས་པས་རྣམ་པར་དག་པས་ན་ཉམས་དགའ་བའོ། །ཕྲ་མོའི་རྣལ་འབྱོར་ལས་འོད་གསལ་ཇི་ལྟར་འགྲུབ་ཅེ་ན། ཕྲ་མོའི་རྣལ་འབྱོར་དང༌། དབེན་གསུམ་ལས་སྒྱུ་ལུས་འགྲུབ་ཅིང༌། དེ་ལས་འོད་གསལ་འགྲུབ་བོ་ཞེས་སྟོན་པ་ནི། སངས་རྒྱས་ནི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་ཀྱི་གནས་ནི་སྒྱུ་ལུས་སོ། །བསྡུ་བ་ནི། སེམས་དབེན་གྱི་སྦྱོར་བས་གནས་ནས། སྒྱུ་ལུས་འོད་གསལ་དེར་ནི་སྤྲོ་ཞིང་གཞུག་པར་བྱའོ། །དེ་ནས་འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བ་ནི། སྐུ་གསུང་ཐུགས་ཀྱི་མཚན་མ་སྟེ་རྡོ་རྗེ་འཆང་ངོ༌། །དེ་ནི་ཆོས་ཀྱི་གནས་འོད་གསལ་ལས་རབ་ཏུ་བྱུང་ཞེས་བྱའོ། །ཕྲ་མོའི་རྣལ་འབྱོར་བསྟན་ཟིན་ཏོ། །ལྔ་པ་རྣལ་འབྱོར་གྱི་སྤྱོད་པ་བསྟན་པ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྟོན་པའི་གསུང་གིས་སྤྱོད་པའི་ངོ་བོ་བསྟན་པའོ། །དང་པོ་ནི། ཕྲ་མོའི་རྣལ་འབྱོར་བཤད་པའི་རྗེས་དེ་ནས། བཀའ་བསྩལ་ཏོ། །གང་གིས་ན། དཔལ་ལྡན་རྡོ་རྗེ་འཛིན་པ་དེ་ཉིད་རང་གཞན་གྱི་དོན་ཀུན་ཡོངས་སུ་རྫོགས་པའི་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པ་པོས་སོ། །ཅི་ཞིག་བཀའ་བསྩལ་ན། སྤྲོས་བཅས་སོགས་ཀྱིས་སྤྱོད་པ་ཀུན་ནོ། །སྤྱོད་པ་གསུམ་པོའི་མཆོག་ནི། བྷུ་སུ་ཀུའི་སྤྱོད་པའོ། །སྒྲ་ཐད་ཀར་བསྒྱུར་ན། བྷུ་སུ་ཀུ་ཙརྻ་ཞེས་པ། ཟ་བ་དང༌། ཉལ་བ་དང༌། འཆག་པའི་སྤྱོད་པ་ཞེས་པའོ། །སྐད་སོར་བཞག་ན། བྷུ་སུ་ཀུ་ཞེས་པ་སྟེ། མདོ་རྒྱུད་རྟོག་པ་བསྡུས་པར། བྷུ་ཞེས་པ་ནི་ཟས་ལ་སྤྱད་པར་སྟེ། དེ་ཙམ་ཞིག་རྗེས་སུ་དྲན་པ་དང༌། སུ་ནི་གཉིད་ལོག་པ་སྟེ། དེས་མ་རིག་པ་མཚོན་ནོ། །མ་རིག་པའི་ལྕགས་ཀྱུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་གང་ཅུང་ཟད་ཀྱང་འཇུག་པར་མི་བྱེད་དེ། འོད་གསལ་མངོན་དུ་བྱེད་ཅིང་དྲི་མ་མེད་པའོ། །ཀུ་ནི་འཆག་པར་འགྲོ་བ་སྟེ། བཤང་བ་དང་གཅི་བ་འདོར་བའི་ཕྱིར། དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་དོ་ཞེས་སོ། །འདིར་རྩ་མཆོག་གི་འགྲེལ་པར། མཆོག་ནི་ལོངས་སྤྱོད་པ་དང༌། གྲོལ་བའི་སྤྱོད་པ་ཞེས་བསྒྱུར་བ་ནི་མ་དག་ཞེས་ཆག་ལོ་གསུང་ངོ༌། །སྤྱོད་པ་དེ་ཡིས་ལེགས་པར་དག་པ་རྡོ་རྗེ་འཆང་ཆེན་པོ་ཐོབ་པའོ། །གསང་བ་དམ་པ་ནི། ཉན་ཐོས་ལ་སོགས་པའི་ཡུལ་མིན་པའོ། །གཉིས་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་དང༌། ངེས་དོན་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱོད་པའི་ངོ་བོ་སྤྱིར་བསྟན་པ་དང༌། ཁྱད་པར་གྱི་སྤྱོད་པའི་ཆོ་གའོ། །དང་པོ་ནི། འདོད་པའི་ཡོན་ཏན་གྱི་རང་བཞིན་ཤེས་པའི་ཚུལ་གྱིས་འདོད་པའི་ཡོན་ཏན་ལ་སྤྱོད་ཅིང༌། དེ་ཡང་བྱ་བ་དང་བསམ་པ་སྤྲོས་པ་མང་བའི་སྒོ་ནས་སྤྱོད་པ་དང༌། བྱ་བ་ལ་སོགས་པ་གསུམ་ཉུང་བའི་སྒོ་ནས་སྤྱོད་པ་དང༌། དུས་ལ་ལྟོས་པ་མེད་པ། བྷུ་སུ་ཀུའི་སྤྱོད་པ་སྟེ་གསུམ་མོ། །དང་པོ་ནི། སྒོམ་པར་བྱ་བ་སྟེ། ལོངས་སྤྱོད་པར་བྱའོ། །གང་ལ་ན། གཟུགས་དང་སྒྲ་དང་རོར་ལྡན་པ་སྟེ་འདོད་པའི་ཡོན་ཏན་ལྔའོ། །སུ་ཞིག་གིས་ན། འདོད་ཡོན་གྱི་རང་བཞིན་ཡོངས་སུ་ཤེས་པའི་ཤེས་རབ་ཅན་གྱིས་སོ། །ཚུལ་ཇི་ལྟར་ན། གསང་བའི་དེ་ཉིད་མཆོད་ཆེན་གྱིས་ལེགས་པར་མཆོད་ནས་ཞེས་པ་འཇུག་བསམ་དང༌། སྒོམ་བསམ་དང་ལྡན་པའི་སྒོ་ནས་སམ། སྤྱོད་པ་གསུམ་གྱི་སྒོ་ནས་སོ། །དུས་ནི། ཟླ་བ་དྲུག་ཏུ་བསྒོམ་མོ། །ཟླ་བ་དྲུག་གི་བར་དུ་རྟག་ཏུ་བྱེད་ན་སྤྲོས་བཅས། རེས་འགའ་བྱེད་ན་སྤྲོས་མེད། དུས་ཀྱི་ངེས་པ་མེད་ན་ཤིན་ཏུ་སྤྲོས་མེད་དོ། །གཉིས་པ་ལ་དངོས་གྲུབ་དང༌། མངོན་སྤྱོད་སྒྲུབ་པའི་དུས་ཀྱི་ཆོ་གའི་ཁྱད་པར་དང༌། མངོན་སྤྱོད་ཀྱི་དུས་སུ་ཟས་ལ་སྤྱོད་པའི་ཁྱད་པར་རོ། །དང་པོ་ནི། བསྙེན་པ་མཐར་ཕྱིན་ནས། གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འདོད་པས་སྒྲུབ་པ་བྱེད་པའི་དུས་སུ་བཤང་གཅི་ཟ་བར་བྱ་ཞིང༌། ལྷ་ལ་ཡང་འབུལ་བར་བྱའོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། མངོན་པར་འདོད་པའི་དངོས་གྲུབ་བླ་ན་མེད་པ་སངས་རྒྱས་ཀྱི་བྱང་ཆུབ་སྐྱོན་མེད་པ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། མངོན་སྤྱོད་ཀྱི་ལས་སྒྲུབ་པའི་དུས་སུ། རིགས་གང་གི་བཟློ་བ་པོ་ཡིན་ཡང་ལྷ་རྣམས་ཁྲོ་བོར་བསྐྱེད་ནས། ཟས་སུ་ཤ་བཟའ་བར་བྱ་ཞིང༌། ལྷ་ལ་ཡང་འབུལ་བར་བྱའོ། །འོ་ན་རིགས་གང་གི་རིགས་ཅན་གྱིས་ཤ་གང་ལ་ལོངས་སྤྱོད་ཅེ་ན། རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་ཤ་ཆེན་ལ་ལོངས་སྤྱོད་ཅིང་རབ་ཏུ་བརྟག་པར་བྱའོ། །དེའི་ཕན་ཡོན་ནི། སྐུ་གསུང་ཐུགས་དང་རྗེས་སུ་མཐུན་པའི་སྒོ་གསུམ་གྱི་ལས་གསོད་པ་ལ་སོགས་པ་འགྲུབ་པར་འགྱུར་ཞིང༌། རི་ལུ་ལ་སོགས་པའི་དངོས་གྲུབ་གཞན་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །རྣམ་སྣང་གི་རིགས་ཀྱིས་གླང་པོ་ཆེའི་ཤ། རིན་འབྱུང་གི་རིགས་ཀྱིས་རྟའི་ཤ། འོད་དཔག་མེད་ཀྱི་རིགས་ཀྱིས་དམ་པ་བ་ལང་གི་ཤ་དང༌། དོན་གྲུབ་ཀྱི་རིགས་ཀྱིས་ཁྱིའི་ཤ་བཟའ་བར་བྱ་ཞིང་ལྷ་ལ་ཡང་འབུལ་ལོ། །རིགས་དང་མཐུན་པའི་ཤ་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། ཟས་གཞན་འབྲས་ཆན་དང་འབྲུ་ལ་སོགས་པ་རྣམས་ཀྱང་ཤ་དེ་དང་དེར་མོས་པ་མ་བྱས་པར་མི་བཟའ་ཞིང༌། མོས་ནས་བཟའ་བར་བྱ་བའི་དོན་ནོ། །ཁྲོ་བོ་རྣམས་ཀྱི་དྲག་པོའི་ལས་ལ་ནི། ཟས་གཞན་མི་འབུལ་བས་བཟའ་བར་མི་བྱའོ། །དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་བློ་ཅན་ཏེ། རང་གི་ཕྱག་རྒྱ་དང་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྣམས་ལ་རང་གི་རིགས་ཀྱིས་མཆོད་པ་བྱས་པས་མཉེས་པར་འགྱུར་རོ། །དེ་ཉིད་མཐར་ཐུག་གི་ཕན་ཡོན་བསྟན་པ་ནི། བཤད་མ་ཐག་པ་འདི་ལྟ་བུའི་གཏོར་མའི་སྦྱོར་བ་ཡིས་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་རོ། །དེར་མ་ཟད་འདོད་ཁམས་ཏེ་བུད་མེད་ཐམས་ཅད་ཀྱི་ཡུལ་ལ་སྤྱོད་པའི་དགའ་བའི་དབང་ཕྱུག་ཏུ་འགྱུར་རོ། །ཇི་སྐད་དུ། རི་རབ་སུམ་ཅུ་རྩ་དྲུག་གི །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །དེ་ཉིད་ཀྱི་ནི་བུད་མེད་རྣམས། །ཡོན་ཏན་ཅན་ནི་བདག་གིས་འགྲུབ། །ཅེས་སོ། །གཞན་ཡང་འཛམ་བུའི་གླིང་དུ་ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་པའི་ལས་བྱེད་པར་འགྱུར་རོ། །གཞན་ཡང༌། རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་གཙོ་བོ། སྡུག་བསྔལ་ལ་སོགས་ཟིལ་གྱིས་གནོན་པས་ན་གཟི་བརྗིད་ཅན་ནོ། །ཆོས་བརྒྱད་ཀྱིས་མི་རྫི་བས་ན་སྟོབས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ཐོབ་པས་ན་མདངས་བཟང་བའོ། །རྟག་ཏུ་དགའ་བར་འགྱུར་བས་ན། མཐོང་ན་ཡིད་དུ་འོང་བའོ། །མཚན་མ་མེད་པའི་རྣལ་འབྱོར་དང་ལྡན་པ་དག ཕྱིའི་སྔགས་དང་ཕྱག་རྒྱ་ལ་སོགས་པས་བསྐུལ་བ་མེད་པར། མཐོང་བ་ཙམ་གྱིས་འཇིག་རྟེན་གྱི་འགྲོ་བ་སྣ་ཚོགས་པ་འདི་དག་དབང་དུ་བྱེད་པར་འགྱུར་རོ། །བཤད་མ་ཐག་པའི་ཡོན་ཏན་དང་ལྡན་པ་འདི་དག་ནི་སངས་རྒྱས་ཏེ། རྟོག་པའི་རྣལ་འབྱོར་པ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་གསང་བའི་བྱང་ཆུབ་དམ་པ་ཟུང་འཇུག་ཐོབ་པར་འགྱུར་རོ། །ཡང་དག་སྔགས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་བཤད་མ་ཐག་པ་འདི་ནི། ཐ་མལ་པའི་ལུས་ངག་སེམས་ལས་འདའ་བ་སྟེ་སྤངས་ནས་རྡོ་རྗེའི་ལུས་ཐོབ་པའོ། །དགོངས་པ་ལུང་སྟོན་ལས། རྣམ་རྟོག་མེད་པའི་སྔགས་པ་ནི། །འདི་ལྟའི་ཏིང་འཛིན་ལྡན་པ་ཡིས། །ངེས་པའི་དུས་ནི་ཡོངས་སྤངས་ནས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་སོ། །འདིས་ནི་རྣམ་པར་རྟོག་པའི་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པ་ཡིས། ཟླ་བ་དྲུག་ལ་སོགས་པའི་ངེས་པའི་དུས་སྤངས་ནས། ཟུང་འཇུག་གི་གོ་འཕང་ཐོབ་ཅེས་བསྟན་ནོ། །གཉིས་པ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། སྤྱོད་པ་ངེས་དོན་དུ་བཤད་པ་དང༌། མཆོད་པའི་ཆོ་ག་ངེས་དོན་དུ་བཤད་པ་དང༌། བཟའ་བའི་ཆོ་ག་ངེས་དོན་དུ་བཤད་པའོ། །དང་པོ་ནི། སྐད་ཅིག་ཡུད་ཙམ་ཐང་གཅིག་དང༌། །ཟླ་ཕྱེད་ཟླ་བ་ལོ་དུས་བཅས། །གྲངས་གསུམ་རྟོག་པ་གཅིག་ཏུ་གྲགས། །སྐད་ཅིག་གཅིག་ཏུ་རྣམ་པར་བརྗོད། །ཟླ་བ་དྲུག་ཆ་དེ་ཉིད་ཡིན། །ཞེས་སོ། །བླ་ན་མེད་པའི་དགོངས་པར། སྐད་ཅིག་སེ་གོལ་ཏོག་པར་བཤད། །ཐང་གཅིག་ཡུངས་ཀར་བསྐོར་བའོ། །ཡུད་ཙམ་དབུགས་འབྱུང་བ་ཡང་ཡིན། །ཞེས་པ་དང༌། ཡང་དབུགས་དྲུག་ལ་ཆ་ཤས་གཅིག་གོ །ཆ་ཤས་དྲུག་ཅུ་ལ་དབྱུག་གུ་གཅིག་གོ །དབྱུག་གུ་དྲུག་ཅུ་ནི་ཉིན་ཞག་གཅིག་སྟེ། རྡོ་རྗེ་ཕྲེང་བ་ལས། ཉིན་ཞག་དབྱུག་གུ་དྲུག་ཅུ་སྟེ། །ཞེས་སོ། །ཟླ་བ་དྲུག་ལ། ཥ་ཊ་མཱ་ས་ཞེས་པ། ཥ་ཊ་ནི་དྲུག་གོ །སྐད་ཅིག་ལ་སོགས་པའི་དུས་དྲུག་གིས་འགྲུབ་པ་ནི་དྲུག་ཅན་ཏེ་ལོའོ། །མཱ་ས་ནི་ཟླ་བའོ། །དེ་དག་གིས་བརྩིས་པའི་འདས་མ་འོངས་ད་ལྟར་བྱུང་བ་གསུམ་ནི་གྲངས་གསུམ་མོ། །འདིར་རྡོག་པ་ནི་སྒྱུ་ལུས་སུ་གྲགས་ལ། དེ་འོད་གསལ་དུ་བཅུག་པ་ནི། སྐད་ཅིག་ཏུ་བཤད་དོ། །སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི་སྐད་ཅིག་གཅིག་པའི་དོན་ནོ། །དེ་ལ་སྐད་ཅིག་དང༌། ཐང་གཅིག་དང༌། ཡུད་ཙམ་དང༌། ཟླ་བ་ཕྱེད་དང༌། ཟླ་བ་གཅིག་དང་ལོ་གཅིག་སྟེ་དྲུག་གོ །ལོ་དཔག་མེད་བསགས་པ་ལས་བསྐལ་ཆེན་འགྲུབ་སྟེ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་འོད་གསལ་རྟོགས་པའི་སྐད་ཅིག་མ་གཅིག སངས་རྒྱས་ཐོབ་པའི་དུས་མཉམ་པར་བཤད་དོ། །ལོངས་སྤྱོད་རྫོགས་པ་དངོས་མེད་པས། །སྐད་ཅིག་གཅིག་ནི་དེ་འགྱུར་བསྔགས། །དུས་གསུམ་ལས་འདས་ངོ་བོ་ཡིས། །ཞེས་པ་སྟེ། ལོངས་སྤྱོད་རྫོགས་པ་སྒྱུ་ལུས་ཀྱི་སྐུ་དངོས་པོ་མེད་པ་འོད་གསལ་དུ་བཅུག་པས། དུས་གསུམ་སྟེ་སྟོང་པ་གསུམ་ལས་འདས་པའི་ཐམས་ཅད་སྟོང་པ་འོད་གསལ་གྱི་ངོ་བོ་བསྒོམས་པ་ཡིས། །སྐད་ཅིག་མ་གཅིག་ལ་ཟུང་འཇུག་ཐོབ་པར་འགྱུར་ཞེས་བསྔགས་སོ། །འོད་གསལ་ཇི་ལྟར་བསྒོམ་ཞེ་ན། གཟུགས་དང་སྒྲ་དང་རོར་ལྡན་པའི། །དྲུག་གི་ཟླ་བ་མཁས་པས་བསྒོམ། །མཆོད་ཆེན་དེ་ནི་ངེས་བྱས་ནས། །གསང་བའི་དེ་ཉིད་རྣམ་པར་བསྒོམ། །ཞེས་ཏེ། གཟུགས་ནི་ལུས་དབེན་ནོ། །སྒྲ་ནི་ངག་དབེན་ནོ། །རོར་ལྡན་ནི་སེམས་དབེན་ནོ། །དྲུག་གི་ཟླ་བ་ནི་སྒྱུ་ལུས་སོ། །དེ་འོད་གསལ་དུ་བཅུག་པ་ནི་བསྒོམ་ཞེས་པའོ། །སྒྱུ་ལུས་འོད་གསལ་དུ་བཅུག་པ་དེ་ནི་ངེས་པར་བྱས་ནས། གསང་བའི་དེ་ཁོ་ན་ཉིད་འོད་གསལ་སྒོམ་ཞེས་པའོ། །གཉིས་པ་མཆོད་པའི་ཆོ་ག་ངེས་དོན་དུ་བཤད་པ་ནི། ཡུལ་དང་དབང་པོ་སེམས་པའང་མེད། །ཕྱོགས་ཀྱི་ཟས་སུ་བྱེད་པ་པོ། །དེའི་རང་བཞིན་དངོས་གྲུབ་བྱེད། །བཟའ་བར་རྣམ་རྟོག་མེད་པ་ནི། །དེ་ཉིད་བླ་མེད་འདི་ཁོ་ན། །བྱང་ཆུབ་སེམས་གཅིག་ལས་བྱུང་བ། །རྙོག་མེད་འདུས་ནི་མ་བྱས་ཤིང༌། །མི་རྟོག་དོན་ནི་འགྱུར་བར་འགྱུར། །ཞེས་ཏེ། གཟུགས་སོགས་ཡུལ་དང༌། དབང་པོ་ཡུལ་ཅན་གྱི་ཚུལ་དུ་སེམས་པའམ་རྟོག་པའང་མེད་ཅིང༌། དེ་ལ་བཤང་བ་དང་གཅི་བ་ནི་ཡུལ་དང་དབང་པོ་ཡིན་ལ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།