དཔལ་གསང་བ་འདུས་པའི་རྣམ་བཤད། ཆ༽

 བརྗོད་དུ་མེད་པ་འོད་གསལ་གྱི་ངོ་བོར་བསྒོམ་མོ། །དེ་ནས་འོད་གསལ་ལས་ལྡང་བའི་རྩ་བ་དང་ཡན་ལག་གི་རླུང་གི་འོད་ཟེར་བཅུ་པོ། གཡས་པ་ལ་སོགས་པ་ནས་རྒྱུ་བའི་དུས་སུ་རླུང་སྔར་དབྱེར་མེད་པར་རྣམ་པར་བསྒོམས་ནས་སེམས་ཅན་གྱི་དོན་བྱའོ། །ཧཾ་ཞེས་པ་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རླུང་གི་རྩ་བ་འོད་གསལ་སྟོན་ནོ། །དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་དེས་ཕན་ཡོན་ཅི་ཐོབ་ཅེ་ན། ཚིག་རྐང་གཉིས་ཀྱིས་ཐོབ་བྱ་ཟུང་འཇུག་གི་མཚན་ཉིད་བསྟན་པ་ནི། འཇམ་དཔལ་དམ་ཚིག་ནི་འོད་གསལ་ཆོས་ཀྱི་སྐུའོ། །རྫོགས་ལོངས་སྤྱོད་ཅེས་པ་ནི། གཟུགས་ཀྱི་སྐུའོ། །དེ་ཐོབ་ནས་སྤྲུལ་པའི་སྐུ་རྣམ་སྣང་དང༌། གསུང་འོད་དཔག་མེད་དང༌། ཐུགས་མི་བསྐྱོད་པ་མངའ་བའི་རྡོ་རྗེ་ཅན་གྱི་སྐུ་ཐོབ་བོ། །དེར་མ་ཟད་བྱང་ཆུབ་ནི་དོན་དམ། སེམས་དཔའ་ནི་ཀུན་རྫོབ་སྟེ། བདེན་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱི་ཟུང་འཇུག་གི་སྐུ་ཐོབ་པ་ལ་གནས་ནས། ས་བཅུ་སྟེ་རྩ་བ་དང་ཡན་ལག་གི་རླུང་དག་ལ་རྡོ་རྗེ་བཟླས་པ་བྱེད་པའི་ཚུལ་གྱིས་གནས་ཏེ་གཞན་དོན་བྱེད་པར་འགྱུར་རོ། །བཞི་པ་ཏིང་ངེ་འཛིན་གྱི་མཚན་ཉེ་བར་བསྡུ་བ་ནི། བདེན་གཉིས་ཀྱི་བདག་ཉིད་ཀྱི་སྐུ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །ཁམས་གསུམ་པ་རྣམས་ཚིམ་པར་བྱེད་པས་ན་བཟླ་བའོ། །འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པས་ན་རྡོ་རྗེ་དེ་བསྐྱེད་པར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་མངོན་ཤེས་སྒྲུབ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པའི་མངོན་ཤེས་སྒྲུབ་པ་དང༌། རྫོགས་པའི་རིམ་པའི་མངོན་ཤེས་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྐྱེ་མཆེད་ལ་བྱང་ཆུབ་སེམས་དཔའ་བཀོད་པའི་སྒོ་ནས་སྒྲུབ་པ་དང༌། དེ་བཞིན་གཤེགས་པ་བཀོད་པའི་སྒོ་ནས་སྒྲུབ་པའོ། །དང་པོ་ལ་ལྔ་ཡོད་པའི་མིག་གི་མངོན་ཤེས་སྒྲུབ་པའི་ཆོ་ག་ལ་སྤྱིའི་དོན་ནི། ཐུན་མོང་གི་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པས། ཁྱད་པར་བརྒྱད་དང་ལྡན་པས་བསྒྲུབ་པར་བྱ་སྟེ། ཡུལ་གྱི་ཁྱད་པར་ནི། བལྟ་བར་འདོད་པའི་ཕྱོགས་སོ། །གནས་ནི་ཡིད་དང་མཐུན་པའོ། །དུས་ནི་ཟླ་བ་ཡར་ངོ་དང༌། ཉིན་ཞག་གི་སྲོད་ལ་བྱའོ། །ཁ་དོག་ནི་བསྙེན་པ་དང་མཐུན་ནོ། །ཕྱོགས་ནི་གང་བལྟ་བར་འདོད་པའི་ཕྱོགས་སུ་ཁ་བལྟ་བའོ། །བསམ་པ་ནི་ཡུལ་དེ་བལྟ་བར་འདོད་པའོ། །ཆོ་གའི་ཁྱད་པར་ནི། བསྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་ནས། ལྷག་མོས་དང་རྣལ་འབྱོར་བཞིས་ལྷག་པའི་ལྷ་བསྐྱེད་པའི་དང་པོའི་སྦྱོར་བ་དང༌། དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོ་ག་གསུམ་གྱིས་ལྷ་བསྐྱེད་དེ་རང་རང་གི་གནས་སུ་བཀོད་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །ལས་རྒྱལ་མཆོག་ནི། མིག་གཉིས་ཀྱི་སྦུགས་སྟོང་པར་བསྒོམས་ལ། དེར་ཉི་ཟླའི་འོད་ཟེར་འབར་བའི་ཐིཾལཱ་བཀོད་དེ་སའི་སྙིང་པོ་བསྒོམ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་ཚོགས་ཀྱིས་བལྟ་བར་འདོད་པའི་དངོས་པོ་གསལ་བར་ཡིད་ལ་བྱས་ནས་ཞག་བདུན་ལ་སོགས་པར་ཐུན་བཞིར་བསྒོམས་ན། བལྟ་བར་འདོད་པའི་དངོས་པོ་དེ་ལ་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ། །ཚིག་གི་དོན་ནི། ཉི་ཟླ་འོད་ཟེར་རབ་ཏུ་འབར་བའི་ཡི་གེ་ཐིཾལཱ་བསྒོམ་མོ། །གང་དུ་ན། ནམ་མཁའི་དབྱིངས་ཀྱི་དབུས་ཏེ། མིག་གཉིས་ཀྱི་སྦུགས་སྟོང་པར་བྱས་པའི་ཁོག་སྟོང་དུ་གནས་པར་རོ། །ཇི་ལྟར་ན་རྡོ་རྗེའི་ལུས་ཏེ་སའི་སྙིང་པོའི་རང་བཞིན་དུ་བསྒོམ་མོ། །ཐིཾལཱ་དེ་ནི་མཚོན་ཆའི་མཆོག་ཅེས་བྱ་སྟེ། དེ་ལས་བྱུང་བའི་མིག་གི་སྒྲིབ་བྱེད་ཀྱི་བགེགས་ཀྱི་ཚོགས་རྣམས་འཇོམས་པའི་ཕྱིར་རོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། རྡོ་རྗེའི་ལུས་ཏེ་སའི་སྙིང་པོའི་ངོ་བོ་ཉིད་དུ་བསྒོམས་ན། རྡོ་རྗེ་འཆང་གི་སྐུ་དང་མཉམ་པར་ཐམས་ཅད་མཐོང་བར་འགྱུར་རོ། །ཐིཾལཱ་ཞེས་པ་ནི་ཇི་སྐད་པའི་དོན་མཚོན་པའི་ས་བོན་ནོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ངོ༌། །དེའི་བཀོད་པ་ནི་སྔགས་ཀྱི་སྐུའོ། །སྔགས་ཀྱི་སྐུ་དེ་ཉིད་གནས་ཏེ། དེའི་སྤྱན་སའི་སྙིང་པོའི་གནས་ཡིན་པས་སོ། །དེ་ནམ་མཁའ་རྡོ་རྗེའི་དམ་ཚིག་བཀོད་པའི་གནས་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་སྟོན་པ་ལ་དེ་སྐད་ཅེས་བྱའོ། །བཀོད་པ་དེ་ཉིད་གནས་ཡིན་པས་ན་བཀོད་པའི་གནས་ཞེས་བརྗོད་དོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འདིས་ཕན་ཡོན་ཅི་ཐོབ་ཅེ་ན། མངོན་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་དང་མཉམ་པར་འགྱུར་རོ། །གང་གི་སྒོ་ནས་ཤེ་ན། སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པའི་དམ་ཚིག་མཆོག་ཏུ་གྱུར་པ་མིག་གི་མངོན་ཤེས་ལ་སོགས་པའི་སྒོ་ནས་སོ། །བཤད་མ་ཐག་པའི་མངོན་ཤེས་འདི་ནི། སངས་རྒྱས་ཏེ་རང་གི་སེམས་ཀྱི་དོན་ཇི་ལྟར་བཞིན་དུ་ཤེས་པའི་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་ཀྱི་ཚོགས་ཐམས་ཅད་ཀྱི་སྒྲུབ་བྱེད་ཀྱང་ཡིན་ལ། མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའང་ཡིན་ནོ། །རྣ་བའི་མངོན་ཤེས་སྒྲུབ་པའི་ཆོ་ག་ནི། ཐུན་མོང་གི་བསྙེན་པ་མཐར་ཕྱིན་པས། བསྲུང་འཁོར་ནས་ལྷག་མོས་ཀྱི་བར་བསྐྱེད་ནས། རྣལ་འབྱོར་བཞིས་སངས་རྒྱས་དཀྱིལ་འཁོར་རྣམ་པར་བསམ་པ་སྟེ་བསྒོམ་མོ། །སངས་རྒྱས་གང་ཞེ་ན། རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ། །ཞེས་སྦྱར་རོ། །དོན་གཉིས་སུ་འཆད་པ་ནི་ནོར་བའོ། །འདི་ནི་དཀྱིལ་འཁོར-རྒྱལ་མཆོག་བསྐྱེད་པའོ། །ལས་རྒྱལ་མཆོག་ནི། ནམ་མཁའི་དབྱིངས་རྣ་བའི་གནས་སྟོང་པར་སྒོམ་པའི་དབུས་སུ་ཡེ་ཤེས་ཏེ་ཕྱག་ན་རྡོ་རྗེའོ། །དེའི་ས་བོན་ཡི་གེ་ཨོཾ་བསྒོམ་པར་བྱ་ཞིང༌། དེ་ནི་རྡོ་རྗེ་དམ་ཚིག་གསུམ་སྟེ་ཕྱག་ན་རྡོ་རྗེའོ། །དེར་བསྒོམས་པས་རྣ་བའི་མངོན་ཤེས་སྒྲུབ་པ་ལ་སློབ་བོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། མི་བསྐྱོད་རྡོ་རྗེ་གསུམ་སྟེ། རྡོ་རྗེ་འཆང་དང་འདྲ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་ཐོས་པར་འགྱུར་རོ། །རྡོ་རྗེ་མི་བསྐྱོད་པ་ནི་རྡོ་རྗེ་འཆང་ངོ༌། །ཕན་ཡོན་གཞན་ཡང་མི་བསྐྱོད་པ་སྟེ། རྡོ་རྗེ་འཆང་གི་སྐུ་དང་འདྲ་བ་དང༌། མཆོག་ཏུ་གྱུར་པའི་གསུང་དང༌། ཐུགས་ཀྱང་རྟག་ཏུ་འཛིན་ནོ། །མི་བསྐྱོད་རྡོ་རྗེ་སྟེ། རྣ་བ་ལ་གནས་པའི་ཕྱག་ན་རྡོ་རྗེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྙེན་ཅིང་མཆོད་པར་འགྱུར་རོ། །མི་བསྐྱོད་པའི་དམ་ཚིག་ནི་མི་བསྐྱོད་པའོ། །དེ་ལས་འབྱུང་བ་ནི་ཕྱག་ན་རྡོ་རྗེ་སྟེ། མི་བསྐྱོད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྣའི་མངོན་ཤེས་སྒྲུབ་པའི་ཆོ་ག་ནི། གཞན་སྔར་དང་འདྲ་ལ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལ་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཞེས་པའོ། །རྣལ་འབྱོར་བཞིས་རྡོ་རྗེ་འཆང་བསྐྱེད་པ་ནི། སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །ཞེས་པའོ། །དཀྱིལ་འཁོར་རྒྱལ་པོ་མཆོག་ནི། ནམ་མཁའ་རྡོ་རྗེ་རབ་བསྒོམ་པ། །ཞེས་པ་ནི་ཕྱག་ན་རྡོ་རྗེ་བསྒོམ་པའོ། །ཡང་ན། སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམས་ཏེ་བསྒོམ་པར་བྱའོ། །གང་ན། ནམ་མཁའ་རྡོ་རྗེ་རབ་བསྒོམ་པ་སྟེ། ནམ་མཁའི་སྙིང་པོ་བསྒོམ་པར་བྱའོ། །གང་དུ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། སྣའི་སྦུགས་སྟོང་པར་གནས་པ་ལའོ། །ལས་རྒྱལ་པོ་མཆོག་ནི། སྣའི་སྦུགས་དེར་རིན་པོ་ཆེ་སྟེ་ནམ་མཁའི་སྙིང་པོའི་ས་བོན་ཨོཾ་ཡིག་བསྒོམས་པར་བྱའོ། །ཡང་ཨོཾ་ཡིག་དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ། ནམ་མཁའི་སྙིང་པོའི་རང་བཞིན་དུ་བསྒོམས་པས། སྣའི་མངོན་ཤེས་ལ་བསླབ་པར་བྱའོ། །དེ་ལྟར་བསླབས་པའི་ཕན་ཡོན་ནི། རྡོ་རྗེ་དཔལ་ཏེ། རྡོ་རྗེ་གསུམ་གྱི་ཏོག་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་དྲི་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་རོ། །རིན་ཆེན་ཏོག་ནི་རྡོ་རྗེ་འཆང་ངོ༌། །གཞན་ཡང་དེ་ལྟར་སྒོམ་པའི་རྣལ་འབྱོར་པས་ནི། སྐུ་གསུང་ཐུགས་རྡོ་རྗེ་སྟེ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་སྒོམ་པའི་བྱེད་པ་ཡིས། རིན་ཆེན་ཏོག་གི་འོད་དེ་རྫུ་འཕྲུལ་དང་འདྲ་བར་འགྱུར་རོ། །བདག་མེད་བྱང་ཆུབ་ནི་འོད་གསལ་ལོ། །ཡེ་ཤེས་ནི་སྟོང་པ་བཞིའི་བདག་ཉིད་རྡོ་རྗེ་འཆང་ངོ༌། །ཉན་ཐོས་སོགས་དང་ཐུན་མོང་མིན་པས་གསང་བའོ། །སྒྲུབ་པ་པོ་དེ་ནི་དེ་ལྟ་བུའི་རྡོ་རྗེ་འཆང་དང་མཉམ་པར་གནས་པར་འགྱུར་རོ། །དྲི་རྣམ་པ་གསུམ་ལོངས་སྤྱོད་པ་ནི། རིན་པོ་ཆེའི་དམ་ཚིག་ལོངས་སྤྱོད་པའི་རྡོ་རྗེ་སྟེ། ནམ་མཁའི་སྙིང་པོའམ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བཤད་དོ། །ལྕེའི་མངོན་ཤེས་སྒྲུབ་པའི་ཆོ་ག་ནི། ལྷག་མོས་ཡན་ཆད་སྔར་བཞིན་ཡིན་ལ། རྡོ་རྗེ་འཆང་ཆེན་པོའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་ནི། ནམ་མཁའི་དབྱིངས་ཞེས་སོགས་རྐང་པ་གཉིས་སོ། །ལས་རྒྱལ་པོ་མཆོག་ནི། ལྕེའི་དབང་པོའི་གནས་སུ་འཇིག་རྟེན་དབང་ཕྱུག་སྟེ་འོད་གསལ་རབ་ཏུ་བསྒོམས་ཏེ། དེ་ནས་དེར་ཆོས་ཏེ་འཇིག་རྟེན་དབང་ཕྱུག་གི་ས་བོན་ཨོཾ་བསྒོམ་པར་བྱ། དེ་ནས་དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ། རོ་རྣམ་པ་གསུམ་ལ་ལོངས་སྤྱོད་པར་བྱེད། འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒོམས་པས། ལྕེའི་མངོན་ཤེས་ལ་སློབ་བོ། །འགྲེལ་པས། རྣམ་གསུམ་ཞེས་པ་རོ་རྣམ་པ་གསུམ་ལ་བཤད་པའི་དོན་དེ་ཡིན་ནོ། །ཡང་ན་རོ་རྣམ་པ་གསུམ་དང་དབྱེར་མེད་དུ་གྱུར་པ་ལ་བཤད་དོ། །དེ་ལྟར་བསྒོམས་པས་རོ་རྣམ་པ་གསུམ་མྱོང་བར་གྱུར་པས། རྡོ་རྗེ་གསུམ་འོད་དཔག་ཏུ་མེད་པ་དང་འདྲ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རོ་རྗེས་སུ་མྱོང་བར་འགྱུར་རོ། །གཞན་ཡང་དེ་ལྟར་བསྒོམས་པ་དེ་ཉིད་ལུས་ལ་སོགས་པའི་གཟི་བརྗིད་འོད་དཔག་མེད་དང་འདྲ་བར་འགྱུར་ཞིང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་སྟོན་པས་ན། ཐེག་ཆེན་གྱི་ལམ་འབྱུང་བར་འགྱུར་བའོ། །རྡོ་རྗེ་འོད་དཔག་མེད་ནི་སྐབས་འདིར་རྡོ་རྗེ་འཆང་ངོ༌། །ཡོན་ཏན་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ངོ༌། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རོ་ཐམས་ཅད་ལྕེའི་དྲུང་དུ་གནས་པ་དང་ཁྱད་པར་མེད་པར་སྤྱོད་པ་ནི་འོད་དོ། །དེས་མཛེས་པ་གང་ཡིན་པ་དེ་ནི་འོད་ཀྱི་དཔལ་ཏེ། འཇིག་རྟེན་དབང་ཕྱུག་གོ །དེ་བསྐྱེད་པའི་ཏིང་ངེ་འཛིན་ནི་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །ལུས་ཀྱི་མངོན་ཤེས་སྒྲུབ་པའི་ཆོ་ག་ལ། གཞན་སྔར་དང་འདྲ་ལ། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་ནི། ནམ་མཁའི་ཞེས་སོགས་ཚིག་རྐང་པ་གཉིས་ཀྱིས་བསྟན་ནོ། །ལས་རྒྱལ་མཆོག་ནི་རྡོ་རྗེ་ཉིད་ཁ་ཟུམ་པའི་རྣམ་པས། ཨུཏྤལ་དང་འདྲ་བས་རྡོ་རྗེ་ཨུཏྤལ་ལོ། །དེ་འོད་གསལ་དུ་བསྒོམས་ལ་དེར་དམ་ཚིག་སྟེ། སྒྲིབ་པ་རྣམ་སེལ་བསྐྱེད་པའི་ས་བོན་ཨོཾ་ཡིག་རབ་ཏུ་བསྒོམ། དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ། སྒྲིབ་པ་རྣམ་སེལ་གྱི་ངོ་བོར་བསྒོམས་པས་ལུས་ཀྱི་མངོན་ཤེས་ལ་སློབ་བོ། །རྣམ་གསུམ་ཞེས་པ་ནི། རེག་བྱ་རྣམ་པ་གསུམ་སྟེ། དེར་འཇུག་པའོ། །དེ་ལས་ཅི་འཐོབ་ཅེ་ན། རྡོ་རྗེ་གདོན་མི་ཟ་བ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་དོན་ཀུན་འབྱུང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རེག་བྱ་རྗེས་སུ་མྱོང་བར་འགྱུར་རོ། །གཞན་ཡང་དེ་ལྟར་བསྒོམས་པ་དེ་ནི། ལུས་དང་ངག་དང་སེམས་རྡོ་རྗེ་ལྟར་ཐོགས་མེད་དུ་འཇུག་པ་ཡིས། རྡོ་རྗེ་དོན་ཡོད་གྲུབ་པ་དང་འདྲ་བའི་འོད་གཟི་བརྗིད་དང་ལྡན་ནོ། །ཡིད་ལ་མཆོག་ཏུ་དགའ་བའི་བདེ་བ་ཡོད་པས་དཔལ་ལྡན། སྒྲིབ་པ་རྣམ་སེལ་གྱི་འབྱུང་གནས་ཡིན་པས་ན་ཡེ་ཤེས་རྒྱ་མཚོ་སྟེ། དོན་ཡོད་གྲུབ་པའོ། །དེ་དང་འདྲ་བར་སེམས་ཅན་གྱི་དོན་ཀུན་འབྱུང་བའི་མཚན་ཉིད་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་དོན་ཡོད་ནི་རྡོ་རྗེ་འཆང་ཆེན་པོའོ། །དོན་ཡོད་པའི་དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མཆོག་ནི་སྒྲིབ་པ་རྣམ་སེལ་ལོ། །དེའི་འོད་ཟེར་ནི་དེ་དང་འདྲ་བར་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སྣ་ལྕེ་ལུས་གསུམ་ཡུལ་ཕྲད་ནས་འཛིན་པས། དེ་དག་མངོན་ཤེས་ཀྱི་རྟེན་དུ་མི་རུང་བར་བཤད་པ་དང༌། འདིར་དེ་དག་ཡོད་པར་བཤད་པ་འགལ་ལོ་ཞེ་ན། འདི་ནི་རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་ཁྱད་པར་ཡིན་པས་ཉེས་པ་མེད་དོ། །གཉིས་པ་སྐྱེ་མཆེད་ལ་དེ་བཞིན་གཤེགས་པ་བཀོད་པའི་སྒོ་ནས་མངོན་ཤེས་སྒྲུབ་པའི་ཆོ་ག་ལ་གསུམ་ལས། རྣམ་པར་སྣང་མཛད་བཀོད་པས་མངོན་ཤེས་སྒྲུབ་པའི་ཆོ་ག་ལ་བཞི་སྟེ། ཏིང་ངེ་འཛིན་དངོས་དང༌། ཕན་ཡོན་བསྟན་པ་དང༌། ཏིང་ངེ་འཛིན་གྱི་མཚན་དོན་དང༌། ཞར་ལ་གནས་ཕུན་ཚོགས་བསྟན་པའོ། །དང་པོ་ནི། རྣམ་སྣང་གི་སྒོ་ནས་མིག་གི་མངོན་ཤེས་སྒྲུབ་པའི་ཏིང་ངེ་འཛིན་ཏེ། གཞན་སྔར་དང་འདྲ་ལ། རྡོ་རྗེ་འཆང་བསྐྱེད་པའི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ནི་ནམ་མཁའི་དབྱིངས་ཞེས་སོགས་ཚིག་རྐང་གཉིས་སོ། །ལས་རྒྱལ་མཆོག་ནི། མིག་གི་དབང་པོའི་གནས་སུ་རྡོ་རྗེ་རྣམ་པར་སྣང་མཛད་བསྒོམ་མོ། །ཇི་ལྟར་ན། མིག་གི་སྦུགས་སྟོང་པར་སྐུ་གསུམ་སྟེ་རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་ཡིག་རབ་ཏུ་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཉིད་མིག་གི་དབང་པོའི་རང་བཞིན་དུ་བསྒོམ་མོ། །སྔར་བྱང་ཆུབ་སེམས་དཔའི་བཀོད་པའི་སྐབས་སུ། ཡི་གེ་ཉིད་ལྷའི་རྣམ་པར་བསྒོམས་ལ། འདིར་ནི་ཡི་གེ་ཡོངས་སུ་གྱུར་པ་ལས་ལྷར་བསྒོམ་པར་བཤད་པའི་དོན་ནི། ཕན་ཚུན་མཚོན་ནས་གཉིས་ཀར་གཉིས་ཀ་རུང་བར་བལྟའོ། །རྡོ་རྗེ་གསུམ་ནི་གཟུགས་རབ་འབྲིང་ཐ་མ་གསུམ་སྟེ། ཡུལ་གསུམ་པོ་དེ་ལ་མིག་གི་དབང་པོའི་རང་བཞིན་དུ་བསྒོམ་པའི་རྣམ་པར་སྣང་མཛད་ཉིད་ཡུལ་གསུམ་ལ་འཇུག་པའི་དབྱེ་བས་གསུམ་ཞེས་སྨོས་སོ། །དེ་བསྒོམས་པས་ཅི་འཐོབ་ཅེ་ན། རྣམ་པར་སྣང་མཛད་རྡོ་རྗེ་འཆང་དང་མཉམ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་གཟུགས་ཐམས་ཅད་མཐོང་བར་འགྱུར་རོ། །གཉིས་པ་ཕན་ཡོན་བསྟན་པ་ནི། དེ་ལྟར་བསྒོམས་པའི་སྒྲུབ་པ་པོ་དེ་ནི་ལུས་ངག་ཡིད་གསུམ་མི་ཕྱེད་པའི་རྣམ་པར་སྣང་མཛད་བསྒོམས་པ་ཡིས། དེ་དང་འདྲ་བའི་འོད་དེ་གཟི་བརྗིད་དང་ལྡན་ཞིང༌། ཡེ་ཤེས་ཀྱི་ངོ་བོ་དང༌། ཡེ་ཤེས་ཀྱི་ལུས་ཀྱིས་མངོན་པར་རྫོགས་པ་བྱང་ཆུབ་པར་འགྱུར་ཞིང༌། སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་པར་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་སོགས་སྒྲ་ཇི་བཞིན་ནོ། །གསུམ་པ་ནི། ལུས་དང་ངག་དང་ཡིད་ཀྱིས་གཟུང་བྱ་ཡིན་པས་ན། ལུས་དང་ངག་དང་ཡིད་དམིགས་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་མི་ཤིགས་པས་ན་རྡོ་རྗེ། དེ་བསྐྱེད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །བཞི་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་ནི། ཇི་སྐད་བཤད་པའི་བསམ་གཏན་དེ་དག་གནས་གང་དུ་བསྒོམ་ཞེ་ན། རྣམ་པར་དབེན་པའི་རི་བོ་མེ་ཏོག་དང་འབྲས་བུ་སོགས་དང་ལྡན་པ་དང༌། ཆུ་ཀླུང་འབབ་པའི་སྐྱེས་མོས་ཚལ་རྣམས་དང༌། དུར་ཁྲོད་དང་ལྷ་ཁང་སོགས་རྣམས་སུ་ཡང༌། སའི་སྙིང་པོ་ལ་སོགས་པའི་ཏིང་ངེ་འཛིན་གོང་དུ་བཤད་པའི་བསམ་གཏན་བསྡུས་པ་འདི་དག་བྱའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། ནུ་མ་སོགས་རྒྱས་པའི་བུད་མེད་ཀྱི་རི་བོ་དང༌། སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་གི་སྤྱད་བྱར་གྱུར་པའི་བུད་མེད་ཀྱི་ཆུ་ཀླུང་འབབ་པར་གྱུར་པ་དང༌། དུར་ཁྲོད་དང་འདྲ་བ་འཇིག་རྟེན་ན་སྨད་པའི་གདོལ་པ་སོགས་ཀྱི་བུ་མོ་རྣམས་དང་ལྷན་ཅིག་ཏུ་བསམ་གཏན་བསྡུས་པ་འདི་དག་བྱའོ། །མི་བསྐྱོད་པའི་སྒོ་ནས་མངོན་ཤེས་སྒྲུབ་པ་ནི། རྣ་བའི་སྦུགས་སུ་ཨོཾ་བཀོད་དེ་མི་བསྐྱོད་པ་བསྒོམ་པར་བྱའོ། །སྣའི་མངོན་ཤེས་སྒྲུབ་ན། སྣའི་སྦུགས་སུ་ཨོཾ་བཀོད་དེ་རིན་ཆེན་འབྱུང་ལྡན་བསྒོམ་མོ། །ལྕེའི་མངོན་ཤེས་སྒྲུབ་ན། ལྕེའི་སྦུབས་སུ་ཨོཾ་བཀོད་དེ་འོད་དཔག་མེད་བསྒོམ། ལུས་ཀྱི་མངོན་ཤེས་སྒྲུབ་ན། རྡོ་རྗེའི་སྦུབས་སྟོང་པར་ཨོཾ་བཀོད་དེ། དོན་ཡོད་གྲུབ་པར་བསྒོམ་མོ། །ཚིག་གི་དོན་ནི། བསམ་པར་བྱའོ། །གང་ཞེ་ན། མི་བསྐྱོད་པ་དང༌། སོགས་པའི་སྒྲས་རིན་འབྱུང་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པའི་ས་བོན་ཨོཾ་རྣམས་སོ། །གང་དུ་ན། རྡོ་རྗེ་ནམ་མཁའི་དཀྱིལ་ཏེ། རྣ་བ་དང༌། སྣ་དང༌། ལྕེ་དང༌། རྡོ་རྗེའི་སྦུགས་རྣམས་འོད་གསལ་གྱིས་སྦྱངས་པའི་ཁོག་སྟོང་དེ་རུའོ། །རྣལ་འབྱོར་གང་གི་སྒོ་ནས་བསྒོམ་ཞེ་ན། མངོན་པར་ཤེས་པ་ལྔ་ནི་མངོན་བྱང་ལྔ་སྟེ། དེས་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བ་སྟེ། རྣལ་འབྱོར་སྔོན་དུ་བཏང་ནས་དེའི་མིག རྣ་བ། སྣ་ལྕེ་ལུས་ཀྱི་གནས་རྣམས་སུ་ཨོཾ་བཀོད་ནས་དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་མཆོག་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་མོ། །གཞན་དག་གིས་ནི་མངོན་ཤེས་ལྔའི་དོན་ངོས་མ་ཟིན་ཏོ། །རྡོ་རྗེ་ཆེན་པོ་དམ་ཚིག་རྡོ་རྗེ་མངོན་པར་མཁྱེན་པ་ནི་རྡོ་རྗེ་འཆང་ངོ༌། །དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །རྫོགས་རིམ་པའི་མངོན་ཤེས་བསྒྲུབ་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པས་སྒྱུ་ལུས་འོད་གསལ་དུ་བཅུག་སྟེ། ཟུང་འཇུག་ཏུ་བཞེངས་ནས་སྤྲུལ་སྐུར་བསྒྱུར་ཏེ། དཀྱིལ་འཁོར་རྒྱལ་མཆོག་དང་ལྡན་པས། ལས་རྒྱལ་མཆོག་གི་དུས་སུ་འདི་ལྟར་བྱ་སྟེ། མིག་ལ་སོགས་པའི་དབང་པོ་ལ་བརྟེན་པའི་ཡན་ལག་གི་རླུང་ལྔ་རྣམ་པར་ཤེས་པ་དང་འདྲེས་པ་ལས། རླུང་ལྔའི་ཤེས་པར་འགྱུར་བ་ཙམ་ཤེས་པར་བྱས་ཏེ། རླུང་འཇུག་གནས་ལྡང་གསུམ་དང་ཡི་གེ་གསུམ་དབྱེར་མེད་དུ་སྦྱར་ནས་རྡོ་རྗེ་བཟླས་པར་བྱའོ། །དེ་ཡང་ཧཱུྃ་གི་ཚུལ་གྱིས་རླུང་ཕྱི་རོལ་ཏུ་སྤྲོས་ཏེ། དཔེར་ན་གློ་སྐར་ནས་མར་མེའི་འོད་ཕྱི་རོལ་ཏུ་འཕྲོས་པ་ལྟ་བུའོ། །ཨོཾ་གྱི་ཚུལ་གྱིས་ནང་དུ་བསྡུས་པ་ན། བལྟ་བྱའི་གཟུགས་ཕྱི་རོལ་ན་མེད་པར་ནང་དུ་བསྡུས་པར་བསམས་ཏེ། མར་མེ་ནང་དུ་བསྡུས་པས་འོད་ཕྱི་རོལ་ཏུ་མི་འབྱུང་བར་ནང་དུ་འདུས་པ་བཞིན་ནོ། །དེ་ལྟར་ཉིན་མཚན་རྩེ་གཅིག་ཏུ་བྱས་པས། ཡུལ་གཞན་ལ་གནས་པའི་གཟུགས་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མཐོང་ངོ༌། །དེ་ཡང་མིག་གི་མངོན་ཤེས་སྒྲུབ་པར་འདོད་ན། མིག་གི་ལམ་ནས་རྒྱུ་བའི་རླུང་ལ་སྔར་ལྟར་རྡོ་རྗེ་བཟླས་པ་བྱས་པས་མིག་གི་མངོན་ཤེས་ཐོབ་བོ། །རྣ་བའི་མངོན་ཤེས་སྒྲུབ་ན། རྣ་བར་རྒྱུ་བའི་རླུང་ལ་རྡོ་རྗེ་བཟླས་པ་བྱས་པས་རྣ་བའི་མངོན་ཤེས་འཐོབ་བོ། །དེ་བཞིན་དུ་སྣ་དང་ལྕེ་དང་ལུས་ལ་གནས་པའི་ཡན་ལག་གི་རླུང་རྣམས་ལ་རྡོ་རྗེ་བཟླས་པ་བྱས་པས་མངོན་ཤེས་ཐོབ་ཚུལ་ཡང་སྔར་བཞིན་དུ་ཤེས་པར་བྱའོ། །རྩ་བའི་རླུང་གི་སྒོ་ནས་མངོན་ཤེས་སྒྲུབ་པ་ནི། ལས་རྒྱལ་མཆོག་གི་བར་སྔར་བཞིན་བྱས་ནས། གཡས་མེའི་དཀྱིལ་འཁོར་ལ་སོགས་པ་མགོན་པོ་བཞིའི་རླུང་སྤྲོས་ཏེ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་བཟླས་པ་བྱས་པས་མིག་གི་མངོན་ཤེས་ལ་སོགས་འཐོབ་པར་འགྱུར་རོ། །ཞེས། རྔོག་གསུང་ངོ༌། །འགའ་ཞིག་ནི་ཡན་ལག་གི་རླུང་གི་རྡོ་རྗེ་བཟླས་པ་བྱས་པས། རྩ་བའི་རྡོ་རྗེ་བཟླས་པའི་བྱེད་པ་འགྲུབ་པས་ཐ་དད་དུ་བྱ་བ་མ་ཡིན་ནོ། །ཞེས་ཟེར་རོ། །ཚིག་གི་དོན་ལ་གཉིས་ཏེ། ཡན་ལག་གི་རླུང་གི་རྡོ་རྗེ་བཟླས་པ་དང༌། རྩ་བའི་རླུང་གི་རྡོ་རྗེ་བཟླས་པའོ། །དང་པོ་ནི་རང་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་དུ་བསྒོམས་ནས་རྡོ་རྗེའི་བཟླས་པ་བྱས་པས་རྡོ་རྗེ་མངོན་ཤེས་ཏེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །ཚུལ་ཇི་ལྟར་བཟླས་པ་བྱེད་ཅེ་ན། རྩེ་ལྔ་པ་ནི་མིག་ལ་སོགས་པའི་དབང་པོ་ལྔ་ཡིན་ལ། དེ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ། ཐོགས་པ་མེད་པར་འཇུག་པའི་ཕྱིར། འབར་བ་ལྔ་ནི་ཡན་ལག་གི་རླུང་ལྔ་ཡིན་ལ། ལྔ་པོ་དབང་པོའི་ལམ་ནས་རྒྱུ་བས། དེའི་རྣམ་པར་བརྒྱན་ཅེས་བྱའོ། །རླུང་ལྔ་པོ་གཟུགས་སོགས་ཡུལ་གྱི་གནས་ལྔར་རབ་ཏུ་སྦྱོར་བ་སྟེ་སྤྲོ་བའི་སྒོ་ནས་རྡོ་རྗེ་བཟླས་པ་བྱེད་དོ། །དེ་ལྟར་བྱས་པས་རྡོ་རྗེ་མངོན་ཤེས་ཏེ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །ཚུལ་ཇི་ལྟར་རབ་ཏུ་སྦྱོར་བར་འགྱུར་ཞེ་ན། མེ་སྟག་མང་པོ་འཁྲུག་པ་ནི། དབང་པོའི་སྒོ་ནས་རྒྱུ་བའི་རླུང་འོད་ཟེར་ལྔའོ། །དེ་ཉིད་ཀྱི་རླུང་གི་འཇུག་གནས་ལྡང་གསུམ་དང༌། རང་སྔགས་ཡི་གེ་གསུམ་སྦྱར་ནས་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་ཉིན་དང་མཚན་དུ་བསྐོར་ཞིང་བསྒོམ་པར་བྱས་པས་སོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། རྡོ་རྗེ་ལྔ་ནི་རླུང་འོད་ཟེར་ལྔ་སྟེ། དེ་དང་ཡི་གེ་གསུམ་སྦྱོར་བ་ཡིས་རྡོ་རྗེ་མངོན་ཤེས་ཏེ་རྡོ་རྗེ་འཆང་དང་འདྲ་བར་མངོན་ཤེས་ལྔ་འཐོབ་པར་འགྱུར་རོ། །གཉིས་པ་རྩ་བའི་རླུང་གི་རྡོ་རྗེ་བཟླས་པ་ནི། ནམ་མཁའི་རྡོ་རྗེ་ནི་ཡེ་ཤེས་ཀྱི་སྐུའོ། །དེའི་དཀྱིལ་ན་གནས་པའི་འཁོར་ལོ་ནི་མིག་ལ་སོགས་པའི་དབང་པོའི་ཚོགས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །འབར་འོད་འདྲ་ཞེས་པའི་དོན་ནི། ཡེ་ཤེས་ཀྱི་སྐུའི་དབང་པོ་ལ་གནས་པའི་རླུང་རྣམ་པར་སྣང་མཛད་ཀྱི་ཁ་དོག་དང་འདྲ་བའི་དཀར་པོར་རྒྱུ་བའི་དོན་ནོ། །རླུང་ཁ་དོག་དཀར་པོར་རྒྱུ་བ་སྟེ་ཤེས་པར་བྱས་ནས། སངས་རྒྱས་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་ཅིང་རབ་ཏུ་སྦྱོར་བ་ཡིས་བསྒོམ་མོ། །ཚུལ་ཇི་ལྟར་ན། རླུང་འཇུག་གནས་ལྡང་གསུམ་དང་ཡི་གེ་གསུམ་སྦྱར་ནས་སོ། །དེ་ལྟར་བསྒོམས་ན། སངས་རྒྱས་ཏེ་ཕུང་པོ་ལྔ་ལ་གནས་པའི་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །གཞན་རྣམས་ལའང་ཚུལ་དེ་ལྟ་བུས་ཤེས་པར་བྱའོ། །མངོན་ཤེས་སྒྲུབ་པའི་ཆོ་ག་བསྟན་ཟིན་ཏོ། །གསུམ་པ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པ་ལ་གཉིས་ཏེ། བསམ་གཏན་གཉིས་ཀྱི་ཏིང་ངེ་འཛིན་འབྲས་བུ་དང་བཅས་པ་དང༌། ཀློག་པ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། རིལ་འཛིན་དང༌། རྗེས་ཞིག་གོ །དང་པོ་ལ་གསུམ་སྟེ། སྐུའི་རིལ་འཛིན་དང༌། གསུང་གི་རིལ་འཛིན་དང༌། ཐུགས་ཀྱི་རིལ་འཛིན་ནོ། །དང་པོ་ནི། རྣམ་སྣང་ལ་སྦྱར་བ་སྟེ། སྒྱུ་ལུས་རྡོ་རྗེ་འཆང་ཡབ་ཡུམ་ལས་རྣམ་སྣང་སྤྲུལ་སྐུ་བསྟན་ལ། རྡོ་རྗེ་འཆང་ལ་བཅུག དེ་རྣམ་སྣང་གི་སྤྲུལ་སྐུར་བསྒྱུར་ལ། དེ་ཉིད་ཁམས་གསུམ་གྱི་བདག་ཉིད་དུ་བྱས་པ་དང༌། ཚུལ་རང་དམ་ཚིག་སེམས་དཔར་བསྒོམ་པའོ། །དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་ཨོཾ་དང༌། ཨོཾ་གྱི་ཐིག་ལེ་ཏིང་ངེ་འཛིན་སེམས་དཔའ་ཨ་དུམ་གྱི་རྣམ་པར་བསམ་མོ། །ཨ་ཐུང་ཞེས་སྨྲ་བ་ནི་མ་དག་གོ །འདི་ནི་སེམས་དཔའ་སུམ་རྩེག་སྒོམ་ཚུལ་ལོ། །དེ་འོད་གསལ་དུ་གཞུག་པའི་ཚུལ་ནི། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ཨ་དུམ་ལ་ཐིམ། དེ་ཡང་སྣང་བ་མེད་པར་འགྱུར་རོ། །དེའི་ཚེ་རྟགས་འབྱུང་ཚུལ་ནི། ལས་རླུང་དག་པའི་རྟགས། ཡུལ་ལ་འཇའ་ཚོན་སྣ་ལྔ་བཀྲ་ལམ་པ་འབྱུང༌། ཡུལ་ཅན་གྱི་འཛིན་པ་ལ་སྨིག་རྒྱུ་ལྟ་བུ་རབ་རིབ་ཏུ་གཡོ་བའི་ཉམས་འཆར་རོ། །རྒྱུད་ཕྱི་མ་ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །ཞེས་པ་དང༌། སྤྱོད་བསྡུས་ལས། འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང༌། །ཞེས་སོ། །ནཱ་རོ་པས་ནི། དང་པོ་དུ་བ་ལྟ་བུའི་རྟགས་འཆར་ཏེ། མྱོང་བས་གྲུབ་པའི་ཕྱིར་རོ། །རྒྱུད་ལས་དང་པོ་སྨིག་རྒྱུ་བསྟན་པ་ནི། རང་དགར་འཇུག་པ་སྤང་བའི་ཕྱིར། དཀྲུགས་ནས་བཤད་པ་ཡིན་ནོ། །ཞེས་བཞེད་དོ། །ཡང་རྡོ་རྗེ་འཆང་དུ་ལངས་ནས་སྤྲུལ་སྐུ་རྣམ་སྣང་དུ་བསྒྱུར་བ་སྔར་མ་ལྟར་བསྒོམས་ཤིང༌། དེ་ནས་ཁམས་གསུམ་རིལ་པོ་སེམས་དཔའ་གསུམ་གྱི་ངོ་བོར་བྱས་ནས་དེ་ནས་འོད་གསལ་དུ་བཅུག་གོ །དེའི་ཚེ་ཡུལ་ལ་སྣང་བ་དག་པའི་རྟགས། དངོས་པོ་ཐམས་ཅད་དཀར་པྲིང་པྲིང་དུ་འབྱུང་སྟེ། ཟླ་བའི་འོད་ཟེར་ལྟ་བུའོ། །ཞེས་སོ། །འཛིན་པའི་ཤེས་པ་ལ། གསལ་རིག་གི་ཤེས་པ་ཉམས་སུ་མྱོང་བ་དུ་བ་ལྟ་བུ་འབྱུང་ངོ༌། །དེ་སྐད་དུ་ཡང༌། གཉིས་པ་དུ་བ་ལྟ་བུ་སྟེ། །ཞེས་སོ། །དེ་ལྟར་ན་ཡེ་ཤེས་ཀྱི་སྐུ་བསྐྱེད་པས་ཐོག་མ་བཟུང་ནས་འོད་གསལ་ལ་ཐིམ་པས་མཐའ་བཟུང་བའི་ཚུལ་གྱིས་བསྟན་ནོ། །སྐུའི་རིལ་འཛིན་བསྟན་ཟིན་ཏོ། །གཉིས་པ་གསུང་གི་རིལ་འཛིན་ནི། རྡོ་རྗེ་འཆང་ཆེན་པོར་ལངས་ཏེ། སྤྲུལ་སྐུ་སྣང་མཐར་བསྒྱུར་ཞིང༌། ལྷག་མ་རྣམས་སྔ་མ་ལྟར་སེམས་དཔའ་སུམ་རྩེག་གི་བར་བསྐྱེད་པ་དང༌། འོད་གསལ་ལ་ཐིམ་ཚུལ་སྔ་མ་ལྟར་བྱའོ། །རྟགས་འབྱུང་ཚུལ་ལ། སྣང་བ་མཆེད་པ་འབྱོངས་པའི་རྟགས། ཡུལ་སྣང་ལ་དངོས་པོ་ཐམས་ཅད་དམར་ལམ་པ་འབྱུང༌། ཉམས་སྣང་ལ་སྲིན་བུ་མེ་ཁྱེར་ལྟ་བུའོ། །དེ་སྐད་དུ། ཉི་མའི་འོད་ཟེར་ལྟ་བུའོ། །ཞེས་པ་དང༌། གསུམ་པ། སྲིན་བུ་མེ་ཁྱེར་བཞིན། །ཞེས་སོ། །གསུང་གི་རིལ་འཛིན་བསྟན་ཟིན་ཏོ། །ཐུགས་ཀྱི་རིལ་འཛིན་ནི། གཞན་སྔ་མ་བཞིན་བྱས་ནས་སྤྲུལ་སྐུ་མི་བསྐྱོད་པར་བསྒྱུར་བ་ནི་ཁྱད་པར་རོ། །དེའི་ཚེ་རྟགས་འབྱུང་ཚུལ། །ཉེར་ཐོབ་འབྱོངས་པའི་རྟགས་མུན་ནག་ལྟ་བུའོ། །ཉམས་སྣང་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུ་འབྱུང་ངོ༌། །དེ་སྐད་དུ། མུན་ནག་ལྟ་བུའོ། །ཞེས་པ་དང༌། བཞི་པ་མར་མེ་འབར་བ་ཡིན། །ཞེས་སོ། །ཡང་སླར་ཡང་རྡོ་རྗེ་འཆང་དུ་བཞེངས་ཏེ། སྤྲུལ་སྐུ་མི་བསྐྱོད་པར་བསྒྱུར་ནས། གཞན་སྔ་མ་ལྟར་བྱས་པས་རྟགས་དང་རྟགས་ཅན་ཐམས་ཅད་ཀྱི་ཤེས་པ་ཐམས་ཅད་འདྲེས་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་མཐོང་བར་འགྱུར་རོ། །དེ་སྐད་དུ་ཡང༌། སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པོའོ། །ཞེས་སོ། །དེ་ལ་སེམས་དཔའ་སུམ་རྩེག་གི་བར་དུ་བསྐྱེད་པ་ནི་རིལ་པོ་ཡིན་ལ། འོད་གསལ་དུ་འཇུག་པ་ནི་འཛིན་པ་ཡིན་པར་བཤད་དོ། །ཇི་སྐད་དུ། མགོ་བོ་དང་ནི་རྐང་པ་ཡང༌། །ཇི་སྲིད་སྙིང་ཁར་ཕྱིན་པ་ནི། །ཡང་དག་མཐར་འཇུག་རྣལ་འབྱོར་པ། །རིལ་པོར་འཛིན་པ་ཞེས་བརྗོད་དོ། །ཞེས་སོ། །རིལ་འཛིན་བསྟན་ཟིན་ཏོ། །གཉིས་པ་རྗེས་སུ་ཞིག་པའི་བསམ་གཏན་ནི། དང་པོ་བདག་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོར་བསྐྱེད་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བསྒྱུར་བ་སོགས་སྔ་མ་ལྟར་བྱས་ནས། གསུམ་པོ་དེའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས། བདག་ཉིད་མ་གཏོགས་པ་ཁམས་གསུམ་པའི་ལུས་འོད་ཀྱི་གོང་བུར་བྱས་ནས་ཇེ་ཕྲ་ཇེ་ཕྲར་སོང་བས། མཐར་སྟོང་པ་ཉིད་དུ་བྱས་ནས་དེའི་རྗེས་སུ་བདག་ཉིད་ཀྱང་སེམས་དཔའ་སུམ་རྩེག་གཅིག་ལ་གཅིག་ཐིམ་པའི་རིམ་གྱིས་མཐར་ཐིག་ལེ་ཡང་ཡལ་ནས་འོད་གསལ་མངོན་དུ་བྱེད་པ་ཡིན་ནོ། །རྗེས་ཞིག་གི་དོན་ནི། དང་པོར་གཞན་འོད་གསལ་དུ་བྱས་ནས། དེའི་རྗེས་སུ་བདག་ཉིད་འོད་གསལ་དུ་གཞུག་པར་བྱེད་པས་ན། རྗེས་ཞིག་ཅེས་བྱའོ། །ཇི་སྐད་དུ། རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོར་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །ཞེས་སོ། །འདི་དག་ནི་ནག་པོ་ཞབས་ཀྱི་བཞེད་པའོ། །བླ་མ་བཙུན་མོ་ཅན་གྱི་བཞེད་པ་ནི། ཁམས་གསུམ་པའི་ལུས་ཀྱི་རྣམ་རྟོག་གཞོམ་པའི་ཕྱིར། སྐུའི་རིལ་འཛིན་བསྟན་ཏེ། དེ་ཡང་བདག་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་དུ་བསྐྱེད་ལ། དེ་ལས་རྣམ་སྣང་བསྐྱེད་ནས། སྤྲོ་བསྡུས་བདག་ལ་བཅུག་སྟེ། སྤྲུལ་སྐུའི་རྣམ་སྣང་དུ་བསྒྱུར། །དེ་ཉིད་ཁམས་གསུམ་གྱི་ལུས་དང་ཐ་དད་མེད་པར་བསྒོམ་པ་ནི་དམ་ཚིག་སེམས་དཔའ་འོ། །དེ་ནས་སེམས་དཔའ་ལྷག་མ་བསྒོམ་པ་དང༌། འོད་གསལ་འཇུག་ཚུལ་སྔ་མ་ལྟར་རོ། །ཁམས་གསུམ་པའི་ངག་གི་རྟོག་པ་གཞོམ་པའི་ཕྱིར། གསུང་གི་རིལ་འཛིན་བསྟན་ཏེ། བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུར་བསྐྱེད་ལ། སྣང་མཐའི་སྤྲུལ་སྐུར་བསྒྱུར་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་ངག་གི་ངོ་བོ་ཉིད་དུ་སྒོམ་པ་ནི་དམ་ཚིག་སེམས་དཔའ་འོ། །ལྷག་མ་སྔ་མ་ལྟར་རོ། །ཁམས་གསུམ་པའི་སེམས་ཀྱི་རྟོག་པ་གཞོམ་པའི་ཕྱིར། ཐུགས་ཀྱི་རིལ་འཛིན་བསྟན་པ་ནི། རྡོ་རྗེ་འཆང་ཆེན་པོར་བསྐྱེད་ལ། དེ་ཉིད་མི་བསྐྱོད་པའི་སྤྲུལ་སྐུར་བསྒྱུར་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་བསྒོམ་པ་ནི་དམ་ཚིག་སེམས་དཔའ་འོ། །ལྷག་མ་སྔ་མ་བཞིན་ནོ། །དེ་ལྟར་བསྒོམས་པས་ལུས་ངག་ཡིད་གསུམ་འོད་གསལ་དུ་ཐིམ་ཞིང༌། འོད་གསལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་དངོས་ཀྱི་རྟགས་རྣམས་འབྱུང་སྟེ། དེ་ཡང་སྐུའི་རིལ་འཛིན་གྱིས་ཁམས་གསུམ་པའི་ལུས་ཀྱི་རྟོག་པ་བཅོམ་པའི་ཚེ། ལུས་ཀྱི་ངོ་བོ་ས་དང་ཆུ་ཐིམ་པའི་རྟགས་དང་རྟགས་ཅན་རྣམས་འབྱུང་སྟེ། རྟགས་ཅན་གྱི་ཡེ་ཤེས་བརྟན་གཡོའི་ཚད་ནི་སྨིག་རྒྱུ་ལྟ་བུ་དང་རྟགས་འོད་ཟེར་ལྔའི་ཚོགས་དངོས་སུ་སྐྱེའོ། །གསུང་གི་རིལ་འཛིན་གྱིས་ངག་གི་རྟོག་པ་བཅོམ་པའི་ཚེ། ངག་གི་ངོ་བོ་མེ་དང་རླུང་ཐིམ་པའི་དུས་སུ་ཡེ་ཤེས་བརྟན་གཡོའི་ཚད་ནི་དུ་བ་ལྟ་བུ། རྟགས་ཟླ་བའི་འོད་ཟེར་ལྟ་བུ་སྟེ། དེའི་ཚེ་སྟོང་པའམ་སྣང་བའི་ཡེ་ཤེས་མངོན་སུམ་དུ་བྱས་པའོ། །ཐུགས་ཀྱི་རིལ་འཛིན་གྱིས་སེམས་ཀྱི་རྟོག་པ་བཅོམ་པའི་ཚེ། སེམས་ཀྱི་རང་བཞིན་སྣང་བ་གསུམ་མམ་སྟོང་པ་གསུམ། ཐམས་ཅད་སྟོང་པར་ཐིམ་པའི་རྟགས་དང་རྟགས་ཅན་འབྱུང་སྟེ། དེ་ཡང་སེམས་སྣང་བ་དང་པོ་ཐིམ་པའི་རྟགས་ཅན་གྱི་ཡེ་ཤེས་བརྟན་གཡོའི་ཚད་ནི་མཁའ་སྣང་ལྟ་བུ་ཡིན་ལ། རྟགས་ནི་ཉི་མའི་འོད་ཟེར་ལྟ་བུ་འབྱུང་ངོ༌། །དེ་ཡང་ཐུགས་རྡོ་རྗེའི་དམ་ཚིག་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ༌། །སྣང་བ་མཆེད་པ་ཉེར་ཐོབ་ལ་ཐིམ་པའི་རྟགས་ཅན་གྱི་ཡེ་ཤེས་བརྟན་གཡོའི་ཚད་ནི་མར་མེ་ལྟ་བུ་ལ། རྟགས་ནི་མུན་ནག་ལྟ་བུའོ། །དེ་ཡང་ཡེ་ཤེས་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ༌། །ཉེར་ཐོབ་འོད་གསལ་ལ་ཐིམ་པའི་རྟགས་སྤྲིན་མེད་པའི་ནམ་མཁའ་ལྟར། སྤྲོས་པའི་མཚན་མ་ཐམས་ཅད་ཀྱིས་སྟོང་པར་སྣང་བ་སྟེ། འོད་གསལ་ཡེ་ཤེས་ཀྱི་མིག་གིས་ཇི་ལྟ་བ་བཞིན་མཐོང་ངོ༌། །དེ་ཡང་ཏིང་ངེ་འཛིན་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ༌། །རྟགས་འདི་དག་འབྱུང་བའི་གནས་སྐབས་ནི་གཉིས་ཏེ། གཞིའི་གནས་སྐབས་དང༌། ལམ་གྱི་གནས་སྐབས་སུ་འབྱུང་བའོ། །དང་པོ་ནི། འཆི་བའི་འབྱུང་བ་ལྔ་ཐིམ་པའི་གནས་སྐབས་སུ་འབྱུང་ངོ༌། །ལམ་གྱི་གནས་སྐབས་སུ་འབྱུང་བ་ལ་ཡང་གཉིས་ཏེ། ཚེ་འདིར་འབྱུང་བ་དང༌། བར་དོའི་གནས་སྐབས་སུ་འབྱུང་བའོ། །དང་པོ་ནི། བརྩོན་འགྲུས་ཅན་མཐོང་ཆོས་ལ་སངས་རྒྱ་བའི་རྟགས་ཡིན་ལ། ཕྱི་མ་ནི། བར་དོར་འཚང་རྒྱ་བའི་རྟགས་ཡིན་ནོ། །འདིའི་རྗེས་སུ་ཞིག་པའི་བསམ་གཏན་ནི། ནག་པོ་ཞབས་ཀྱི་བཤད་པ་དང་རྗེས་སུ་མཐུན་ནོ། །ཆག་གི་བཞེད་པ་ལ། སྐུའི་རིལ་འཛིན་ནི། རང་གི་རྡོ་རྗེ་འཆང་གི་ལུས་ཁམས་གསུམ་པའི་ལུས་སུ་མོས་པར་བྱས་ལ། དེ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སེམས་དཔར་བསྒྱུར་ལ། དེའི་ཐུགས་ཀར་ཨོཾ་ཡེ་ཤེས་སེམས་དཔའ་དང༌། ཐིག་ལེ་ཏིང་ངེ་འཛིན་སེམས་དཔར་བསྒོམ་མོ། །དེ་ནས་སེམས་དཔའ་རིམ་གྱིས་འོད་གསལ་དུ་བསྡུ་བའོ། །གསུང་གི་རིལ་འཛིན་ནི། འོད་དཔག་མེད་ཀྱི་དམ་ཚིག་སེམས་དཔའ་བསྒོམས་ཏེ་ལྷག་མ་སྔ་མ་བཞིན་ནོ། །ཐུགས་ཀྱི་རིལ་འཛིན་ལ། མི་བསྐྱོད་པའི་དམ་ཚིག་སེམས་དཔའ་བསྐྱེད་ནས། ལྷག་མ་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །རྗེས་ཞིག་ཡང་སྔ་མ་ལྟར་རོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རིལ་འཛིན་གྱི་བསམ་གཏན་དང༌། རྗེས་ཞིག་གི་བསམ་གཏན་ནོ། །དང་པོ་ལ། སྐུའི་རིལ་འཛིན་བསྒོམ་པ་ནི། རང་གི་ལུས། རྒྱུ་བ་དང་མི་རྒྱུ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལྷག་པར་མོས་པ་མཛད་ནས། སངས་རྒྱས་རྣམ་པར་སྣང་མཛད་བཞག་པ་སྟེ་བརྟག་པར་བྱས་པ་ནི་དམ་ཚིག་སེམས་དཔའ་འོ། །དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ཡི་གེ་ཨོཾ་བསམས་ལ། དེ་ནས་སྔགས་ཏེ་ཡེ་ཤེས་སེམས་དཔའ་ལ་རང་གི་རྣམ་པར་ཤེས་པ་ཐིག་ལེའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་སེམས་དཔའ་བསྒོམ་མོ། །དེས་ཅི་འཐོབ་ཅེ་ན། དེ་ལྟར་བསྒོམས་པ་དེས་ཐིག་ལེ་སྒོམ་པ་སྤངས་ནས། སེམས་འགོག་པའི་རྡོ་རྗེ་འོད་གསལ་དུ་ཆུད་ནས། སེམས་ཉིད་འོད་གསལ་དུ་སྐྱེ་བར་འགྱུར་བ་དེའི་ཚེ། སངས་རྒྱས་ཀུན་གྱི་མཆོག་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་རྡོ་རྗེ་འཆང་ཆེན་པོ་ཐོབ་ནས་ཚོགས་གཉིས་ཀྱི་དཔལ་དང་ལྡན་པར་འགྱུར་རོ། །ཐུགས་ཀྱི་རིལ་འཛིན་བསྒོམ་པ་ནི། རྒྱུ་བ་དང་མི་རྒྱུ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་སྟེ། རང་གི་སེམས་ཁམས་གསུམ་པའི་སེམས་ཀྱི་ངོ་བོ་་ཉིད་སངས་རྒྱས་རྡོ་རྗེ་མི་བསྐྱོད་པ་རབ་ཏུ་བསྒོམ་པ་ནི་དམ་ཚིག་སེམས་དཔའ་འོ། །དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ཧཱུྃ་བསྒོམས་ནས། རང་གི་སེམས་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེར་གྱུར་པ་ཨ་དུམ་བཞག་གོ །གསུང་གི་རིལ་འཛིན་བསྒོམ་པ་ནི། རྒྱུ་བ་དང་མི་རྒྱུ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་སྟེ། རང་གི་ངག་ཁམས་གསུམ་པའི་ངག་གི་ངོ་བོ་ཉིད་དུ་བསམས་ལ། ཚེ་དཔག་མེད་པར་རབ་ཏུ་བསྒོམ་པ་ནི་དམ་ཚིག་སེམས་དཔའ་འོ། །དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ཨཿཚེག་དྲག་ཅན་བསམས་ཏེ། ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྟེ། རང་གི་ཐིག་ལེར་གཏོགས་པ་ཨ་དུམ་བཞག་ནས། སེམས་དཔའ་གསུམ་རིམ་གྱིས་འོད་གསལ་དུ་གཞུག་པའོ། །འདི་དག་གིས་ཕན་ཡོན་ཅི་འཐོབ་ཅེ་ན། བཤད་མ་ཐག་པའི་ཏིང་ངེ་འཛིན་འདིའི་ཕན་ཡོན་དེ་ནི་འདི་ལྟ་སྟེ། དམ་ཚིག་མཆོག་སྟེ་བསྐྱེད་པའི་རིམ་པ་ལས་ཀྱང་མཆོག་ཏུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཡིན་ལ། དེ་དག་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པར་བསྒོམས་པས་འགོག་པའི་དམ་ཚིག་སྟེ། འོད་གསལ་མངོན་དུ་བྱེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །དེ་ལས་ཅི་འཐོབ་ཅེ་ན། སངས་རྒྱས་ཀྱི་དངོས་གྲུབ་ཐ་མལ་པའི་ལུས་སྤངས་ནས་སངས་རྒྱས་ཀྱི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་རྗེས་ཞིག་གི་བསམ་གཏན་བསྟན་ལ་སྐུའི་རྗེས་ཞིག་ནི། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པས་སྒྱུ་མའི་སྐུ་དེ་ཉིད་གསལ་བའི་དཀྱིལ་འཁོར་ཏེ། རྣམ་སྣང་དུ་བསྒོམས་ནས། དེ་ཉིད་ཁམས་གསུམ་པའི་ལུས་ངག་ཡིད་གསུམ་དུ་མོས་པར་བྱས་ནས། སྙིང་ཁར་ཡེ་ཤེས་སེམས་དཔའ་ཡི་གེ་ཨོཾ་བསམ། དེ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་པའི་ལུས་ངག་ཡིད་གསུམ་བཅོམ་ཞིང༌། འོད་གསལ་དུ་བསྡུས་སོ། །དེ་ནས་གཞན་ཉིད་ཀྱང་སེམས་དཔའ་གསུམ་རིམ་གྱིས། རྡོ་རྗེ་ནམ་མཁའི་དབྱིངས་གནས་པ་སྟེ། འོད་གསལ་དུ་བསྒོམ་པར་བྱའོ། །དེ་ལྟར་སློབ་པའི་རྣལ་འབྱོར་པ་དེ་ནི། སེམས་ཅན་གྱི་རེ་བ་རྫོགས་པར་བྱེད་པས་ན་བསྐལ་པ་སྟེ། སེམས་ཅན་གྱི་རེ་བ་རྫོགས་བྱེད་དེར་འཁོར་བ་ཇི་སྲིད་པར་གནས་པར་འགྱུར་རོ། །གསུང་གི་རྗེས་ཞིག་ནི། སྒྱུ་མའི་སྐུ་དེ་ཉིད་ཆོས་དཔག་ཏུ་མེད་པ་སྟེ། འོད་དཔག་མེད་ཀྱི་སྐུར་བསྒོམ་ཞིང༌། དེ་ཁམས་གསུམ་པའི་ལུས་ངག་སེམས་སུ་མོས་པར་བྱས་ནས། དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ཡི་གེ་ཨ་བསམས་ཏེ། དེ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་པའི་ལུས་ངག་སེམས་གསུམ་རྣམས་བཅོམ་སྟེ་འོད་གསལ་དུ་བསྡུས་ནས། དེ་ནས་བདག་ཀྱང་སེམས་དཔའ་གསུམ་རིམ་གྱིས་ནམ་མཁའ་རྡོ་རྗེའི་དབྱིངས་གནས་པ་སྟེ་འོད་གསལ་དུ་བསྒོམ་པར་བྱའོ། །དེས་ཅི་འཐོབ་ཅེ་ན། དེ་ནི་བསྐལ་པར་གནས་ཞེས་པ་སྟེ་སྔ་མ་བཞིན་ནོ། །ཐུགས་ཀྱི་རྗེས་ཞིག་ནི། སྒྱུ་མའི་སྐུ་དེ་ཉིད་ཁམས་གསུམ་གྱི་ལུས་ངག་སེམས་སུ་མོས་ནས་རྡོ་རྗེའི་དཀྱིལ་འཁོར་ཏེ། མི་བསྐྱོད་པའི་སྐུར་བསྒོམ་པ་ནི་དམ་ཚིག་སེམས་དཔའ་འོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཧཱུྃ་དང༌། ཏིང་ངེ་འཛིན་སེམས་དཔའ་ཐིག་ལེ་བསམས་ཏེ། དེ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་པའི་ལུས་ངག་ཡིད་གསུམ་བཅོམ་སྟེ་འོད་གསལ་དུ་བསྡུའོ། །དེ་ནས་བདག་ཀྱང་སེམས་དཔའ་གསུམ་རིམ་གྱིས། རྡོ་རྗེ་ནམ་མཁའ་དབྱིངས་ཏེ་འོད་གསལ་དུ་ཞུགས་པར་བསམ་མོ། །དེ་ལས་ཅིར་འགྱུར་ཞེ་ན། སྒྲུབ་པ་པོ་དེ་ནི་བསྐལ་པར་གནས་པ་ཞེས་ཏེ་སྔ་མ་བཞིན་ནོ། །རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་རྡོ་རྗེ་འཆང་གིས་ཞེས་སྦྱར་རོ། །གཉིས་པ་ཀློག་པའི་ཕན་ཡོན་བསྟན་པ་ནི། རྡོ་རྗེ་འཆང་ཆེན་པོའི་རིམ་གཉིས་ཀྱི་རྣལ་འབྱོར་པ་འདི་ལ་བླ་མས་དབང་བསྐུར་ཞིང་སྣང་བ་ཐོབ་པ་གང་ནས་བཟུང་སྟེ། ཀློག་གམ་ཡང་ན་སེམས་ཡང་རུང་སྟེ། དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ། །ལེའུའི་མཚན་གྱི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཨོཾ་ལ་སོགས་པའོ། །དམ་ཚིག་ནི་དེ་ལས་བྱུང་བའི་རྡོ་རྗེ་འཆང་ངོ༌། །དེ་ནི་སྔགས་ལ་གཞོལ་བའི་དེ་ཁོ་ན་ཉིད་དོ། །རིག་པ་ནི་འོད་གསལ་ལོ། །སྐྱེས་བུ་ནི་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུའོ། །སྔགས་ཀྱི་སྐུ་ལུས་ཕུལ་དུ་བྱུང་བས་ན་མཆོག་གོ །དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གཅིག་པའི་རྣམ་བཤད་དོ།། ༈ །ལེའུ་བཅུ་གཉིས་པ་ལ་མཚམས་སྦྱར་བ་ནི། ལས་ཀྱི་ལམ་ཞེས་པ་ནི། རྒྱ་དཔེ་མ་དག་པའི་འགྱུར་ཡིན་པས། ཀྲ་མ་པ་ཐཱ་ཞེས་པ་ལམ་གྱི་རིམ་པ་སྟེ། ལེའུ་བཅུ་གཅིག་པར་ལམ་གྱི་རིམ་པ་བསྟན་ནས། ད་ནི་བསྐྱེད་རིམ་པའི་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་བསྙེན་སྒྲུབ་བཞི་དང༌། རྫོགས་རིམ་པའི་ཕྱག་རྒྱ་ཆེན་པོ་རྫོགས་པར་བྱེད་པ་སྦྱོར་བ་ཡན་ལག་དྲུག་བསྟན་པའི་ཕྱིར་དུ། ལེའུ་བཅུ་གཉིས་པ་འཆད་པ་ལ། བསྡུས་པའི་དོན་ནི། འདིར་པ་རི་ཎི་ཏའི་སྒྲ་མཐུན་པར་བསྒྱུར་བ་ནི་མ་དག་གོ །ལེའུ་འདིའི་སྟོད་ནས་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་དང༌། བར་ནས་དངོས་གྲུབ་སྒྲུབ་པའི་ཆོ་ག་དང༌། སྨད་ནས་སྒྲུབ་པ་མདོར་བྱས་པ་དང༌། དངོས་གྲུབ་ཀྱི་དུས་ཀྱི་ངེས་པ་དང༌། རྣལ་འབྱོར་ཆེན་པོའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་དང༌། ལེའུའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ལེའུ་བཅུ་གཅིག་པ་རྫོགས་པའི་རྗེས་དེ་ནས། བཀའ་བསྩལ་ཞེས་སྦྱར་རོ། །སུ་ཞིག་གིས་ན། སྟོན་པ་རྡོ་རྗེ་འཛིན་གྱིས་སོ། །དེ་ཉིད་ལ་བསྐྱེད་པ་ཞེས་བྱ་སྟེ། དཀྱིལ་འཁོར་པ་རྣམས་འབྱིན་པར་བྱེད་པས་སོ། །ཡེ་ཤེས་མཆོག་ནི། རིན་པོ་ཆེའི་གང་ཟག་སྟེ། སྒྲུབ་པ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པར་བྱེད་པས། ཡེ་ཤེས་སྒྲུབ་པས་སོ། །གང་ཞིག་བཀའ་བསྩལ་ན། རྡོ་རྗེ་དམ་ཚིག་གསུམ་ནི་རྡོ་རྗེ་འཆང་ཡིན་ལ། དེའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །གང་གིས་ན། རྡོ་རྗེའི་གསུང་གིས་སོ། །གཉིས་པ་ལ་དྲུག་སྟེ། ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་དང༌། དངོས་གྲུབ་སྒྲུབ་པའི་ཆོ་ག་དང༌། བསྙེན་པ་གཉིས་ཀྱི་ཆོ་ག་དང༌། དངོས་གྲུབ་དང་མཐུན་པའི་སྤྱོད་པ་དང༌། དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ། དངོས་ཀྱི་དོན་བསྟན་པ་དང༌། ཞར་ལ་གནས་ཀྱི་མཚན་ཉིད་བསྟན་པའོ། །དང་པོ་ནི་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་གཤིག་ནས། ནམ་མཁའ་དང་མཚུངས་པ་འོད་གསལ་བ་དང་མཉམ་པར་འགྱུར་ཞིང༌། མངོན་སུམ་དུ་བྱས་པས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དུ་གནས་ཤིང༌། ཕྱི་ནང་གི་ཆོས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། འོན་ཀྱང་ཀུན་རྫོབ་ཏུ་རོལ་མོ་བཞིན་དུ་འོག་ནས་བཤད་པའི་ལྷའི་རྣལ་འབྱོར་དང༌། དངོས་གྲུབ་བསྒྲུབ་པའི་ཆོ་ག་ལ་སོགས་པ་འདི་དག་རབ་ཏུ་སྒོམ་ཞེས་སྟོན་པ་ཡིན་ནོ། །གཉིས་པ་ལ་དྲང་དོན་དུ་བཤད་པ་ནི། ལྷའི་རྣལ་འབྱོར་དང་དངོས་གྲུབ་ཀྱི་ཆོ་ག་སོགས་གནས་གང་དུ་སྒྲུབ་ཅེ་ན། དགོན་པ་ཆེན་པོའི་ས་ཕྱོགས་མཆོག་ཏུ་གྱུར་པ་དང༌། མེ་ཏོག་དང་འབྲས་བུ་ལ་སོགས་པ་བརྒྱན་པའི་རི་བོ་དང༌། སྐྱེ་བོས་རྣམ་པར་དབེན་པའི་ས་ཕྱོགས་དེ་རུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་གང་དུ་བསྡུས་ཤིང་བསྔགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་བོ། །ངེས་དོན་དུ་བཤད་པ་ནི། དགོངས་པ་ལུང་སྟོན་ལས། ནམ་མཁར་བརྟག་པའི་སྦྱོར་བ་ཡིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་པའི་སྦྱོར་བ་ཡིས། །གནས་ཆེན་པོ་ནི་ས་ཕྱོགས་མཆོག །དཔག་བསམ་ཤིང་འདིར་ལོངས་སྤྱོད་རྫོགས། །དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན། །སྤྲུལ་པའི་འབྲས་བུས་ཡང་དག་བརྒྱན། །ཡང་དག་རྫོགས་པའི་བྱང་ཆུབ་རི། །དངོས་མེད་སྐྱེ་བོས་དབེན་ཉམས་དགར། །རྡོ་རྗེ་ཞེས་བྱ་དེ་བསྒྲུབ་བྱ། །ཞེས་སོ། །དགོན་པའི་ངེས་དོན་ནི། ནམ་མཁའ་བརྟག་པ་འོད་གསལ་སྒོམ་པའི་སྦྱོར་བ་ཡིས། ཕུང་པོ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པ་ནི། སྤྲོས་པས་དབེན་པས་དགོན་པ་ཆེན་པོར་འདོད་དོ། །ས་ཕྱོགས་མཆོག་གི་ངེས་དོན་ནི། གང་ལ་ཡང་གནས་པ་མེད་པ་འོད་གསལ་ལ་གནས་པའི་སྦྱོར་བ་ཡིས་བསྒོམ་པར་བྱ་བ་འོད་གསལ་ནི། གནས་ཆེན་པོ་སྟེ། དྲི་མས་དབེན་པས་ཕྱོགས་མཆོག་གོ །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །ཞེས་པའི་ངེས་དོན་ནི། ལོངས་སྐུ་དང་སྤྲུལ་པའི་སྐུ་སྟོན་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ནི་དགོས་འདོད་འབྱུང་བས། དཔག་བསམ་གྱི་ཤིང་གི་སྒྲས་བསྟན་ཅིང༌། སྟོབས་བཅུ་ལ་སོགས་པའི་དངོས་གྲུབ་སྣ་ཚོགས་ཀྱི་མེ་ཏོག་གིས་བརྒྱན་ནོ། །སྤྲུལ་པའི་སྐུ་ནི་ཕྲིན་ལས་ཕུན་སུམ་ཚོགས་པའི་རྟེན་བྱེད་པས་འབྲས་བུ་ཡང་དག་བརྒྱན། །ཞེས་བྱའོ། །རི་བོ་སྐྱེ་བོས་དབེན་པ་རུ། །ཞེས་པའི་ངེས་དོན་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རི་བོའོ། །དེ་ཉིད་དངོས་མེད་དེ་ཆོས་ཀྱི་སྐུའོ། །སྐྱེ་བོས་དབེན་པ་ནི་རྟོག་པས་དབེན་པའོ། །ཟག་མེད་ཀྱི་བདེ་བ་དང་ལྡན་པས་ན་ཉམས་དགའ་བའོ། །སྐུ་གསུམ་དབྱེར་མེད་ཀྱི་རྡོ་རྗེ་འཆང་གི་རི་བོ་དེར་གནས་ན། རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་ཟུང་འཇུག་གི་སྐུ་བསྒྲུབ་པར་བྱའོ། །མདོར་ན་དངོས་གྲུབ་སྣ་ཚོགས་ཀྱི་མེ་ཏོག་དང༌། སྤྲུལ་པའི་འབྲས་བུ་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་ལྗོན་ཤིང་དང་ལྡན་པའི་རི་བོ་ནི། རྫོགས་པའི་བྱང་ཆུབ་ཆོས་ཀྱི་སྐུ་ཡིན་ལ། དེར་གནས་ནས་མཆོག་དངོས་གྲུབ་སྒྲུབ་བོ་ཞེས་པའི་དོན་ནོ། །གཉིས་པ་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྒྱུ་ལུས་སྒོམ་པའི་ཚུལ་དང༌། དག་པའི་སྒྱུ་ལུས་ཀྱི་མཚན་ཉིད། སྒྱུ་ལུས་འོད་གསལ་དུ་གཞུག་པའི་ཚུལ་ལོ། །དང་པོ་ནི། མཾ་ཞེས་པ་སྒྱུ་ལུས་མཚོན་པའི་ས་བོན་ཏེ། མཉྫུ་བཛྲ་སྟེ་འཇམ་པའི་རྡོ་རྗེའོ། །འཇམ་པ་ནི་མ་ན་ས་བྷ་ཝ་ཞེས་ཡིད་ཀྱི་རང་བཞིན་ནོ། །ཛུ་ཥུ་ཏེ་སེ་བྱ་ཞེས་པ་བསྙེན་པར་བྱ་བ་སྒྱུ་ལུས་སོ། །དེ་ཉིད་ལུས་དང་ཡིད་ཐ་མི་དད་པས་རྡོ་རྗེའོ། །དོན་ནི་རང་གི་ལུས་ངག་ཡིད་གསུམ་ཡིད་ཀྱི་སྐུ་འཇམ་པའི་རྡོ་རྗེར་བསྒོམ་མོ། །ཞེས་པའོ། །གང་ན། རང་གི་ལུས་དང་ངག་དང་སེམས་མི་ཕྱེད་པའི་རྡོ་རྗེའོ། །རང་འབའ་ཞིག་སྒྱུ་མར་བསྒོམ་མམ་ཞེ་ན། དེར་མ་ཟད་ཁམས་གསུམ་པ་རྣམས་ཀྱི་ལུས་དང་ངག་དང་སེམས་ལ་ཡང་བསྒོམ་ཚུལ་སྤྲོས་ཏེ། ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་མོ། །དེས་ཅིར་འགྱུར་ཞེ་ན། འཇམ་པའི་རྡོ་རྗེ་སྟེ་རྡོ་རྗེ་འཆང་གི་སྐུ་དང་འདྲ་བ་ཐོབ་པར་འགྱུར་རོ། །གཉིས་པ་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་ཚད་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་རྒྱ་ཆེ་བ། རྡོ་རྗེ་འབར་བའི་འོད་དག་གི་སྟེ་རང་གི་སྐུའི་འོད་ཟེར་དེས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གསལ་བར་བྱེད་པས་སྣང་བར་འགྱུར་བའོ། །དངོས་འཛིན་གྱི་དྲི་མ་མེད་པས་དག་པའི་བདག་ཉིད་དེ། མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱན་གྱིས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་འདི་ནི། ཚངས་པ་དང་དྲག་པོ་ལ་སོགས་པའི་ལྷ་རྣམས་ཀྱིས་ཀྱང་ནམ་ཡང་བལྟ་བར་མི་ནུས་ན། གཞན་རྣམས་ཀྱིས་ལྷ་སྨོས་ཀྱང་ཅི་དགོས། འོ་ན་སུ་ཞིག་གི་སྤྱོད་ཡུལ་ཡིན་ཞེ་ན། ས་བཅུ་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་ནོ་ཞེས་ཆག་གིས་བཤད་དོ། །ཏིང་ངེ་འཛིན་གྱི་མཚན་ནི། འཇམ་པའི་རྡོ་རྗེ་མཆོག་གི་དམ་ཚིག་ནི་སྒྱུ་ལུས་ཕྱག་རྒྱ་ཆེན་པོའོ། །སྐྱེ་བོ་རྣམས་ཀྱིས་མི་རིག་པས་ན་མི་སྣང་བའོ། །འདིར་འགྲེལ་པས། སོ་སོ་སྐྱེ་བོས་མི་མཐོང་ཞེས་པ་ལྟར་ན། ས་དང་པོ་ཡན་ཆད་ཀྱིས་མཐོང་བར་མངོན་པས་ན། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཞེས་གསུངས་པ་ས་དང་པོ་ཡན་ཆད་ནས་འཛིན་པར་རིགས་སོ་སྙམ། དེ་ལྟ་ན་ས་དང་པོ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཆོས་མཉན་པ་ཡང་འགྲིག་གོ །གསུམ་པ་ནི། རྡོ་རྗེ་མི་ཕྱེད་གསུམ་ནི་སེམས་སྣང་བ་གསུམ་ཡིན་ལ། དེ་ལས་བྱུང་བའི་གཤང་བ་ཡུལ་དང༌། གཅི་བ་དབང་པོ་རྣམས་ཏེ་ཡུལ་ཡུལ་ཅན་ཕན་ཚུན་ཐ་མི་དད་དུ་བསྲེས་པས། དམ་ཚིག་ལྔ་སྟེ། གཉིས་གཉིས་གཅིག་ཏུ་བསྲེས་པས་ལྔའོ། །ལྕགས་གསུམ་ནི་སེམས་སྣང་བ་གསུམ་ཡིན་ལ། སྣང་བ་གསུམ་རླུང་དང་ལྡན་པས་བྱས་པའི་སྒྱུ་མ་ལྟ་བུའི་སྐུ་བསྐྱེད་ནས། ཁར་ཏེ་འོད་གསལ་དུ་བཅུག་ནས་བསྒོམ་མོ། །དེ་ལས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་སྟེ། རྟོག་གེ་པ་རྣམས་ཀྱིས་མི་ཕྱེད་པའི་ཐུགས་ཡེ་ཤེས་ཀྱི་སྐུ་དེ་རུ་བཅུག་སྟེ་རབ་ཏུ་བསྒོམས་པས། དེ་མ་ཐག་ཏུ་འོད་གསལ་ལས་ལྡང་བའི་མི་སློབ་པའི་ཟུང་འཇུག་འཇམ་པའི་རྡོ་རྗེའི་འོད་དེ་གཟི་བརྗིད་འདྲ་བར་འགྱུར་རོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་གཉིས་ཏེ། བསྐྱེད་རིམ་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་དང༌། རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པའི་ཆོ་གའོ། །དང་པོ་ལ་བདུན་ཏེ། རྫས་ཀྱི་སྒོ་ནས་རིག་འཛིན་སྒྲུབ་པ་དང༌། སྔགས་ཀྱི་རི་ལུས་རིག་འཛིན་སྒྲུབ་པ་དང༌། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་རིག་འཛིན་སྒྲུབ་པ་དང༌། དངོས་གྲུབ་དང་མཐུན་པའི་སྤྱོད་པ་བྱ་བ་དང༌། གདུལ་བྱ་འདུན་པའི་སྦྱོར་བ་རྒྱས་བཏབ་དང་བཅས་པ་དང༌། ལས་ཀྱི་དབྱེ་བ་ཟས་ལ་སྤྱོད་པའི་ཆོ་ག་དང༌། ལྷ་རྣམས་རྒྱས་པར་བྱ་བའི་ཆོ་གའོ། །དང་པོ་ལ་བཞི་ལས། འཁོར་ལོའི་རིག་འཛིན་སྒྲུབ་པ་ཕན་ཡོན་དང་བཅས་པ་ནི། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་ཡན་ཆད་བསྐྱེད་ནས། ལས་རྒྱལ་མཆོག་ནི། འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པ་འོད་ཟེར་རྣམ་པར་འཕྲོ་བ་བྱས་ལ་མདུན་དུ་བཞག་གོ །དེ་ནས་མདུན་གྱི་འཁོར་ལོ་མི་དམིགས་པ་ལས་རང་གི་སྔགས་ཏེ། རྣམ་སྣང་གི་ས་བོན་ཨོཾ་ལས་འཁོར་ལོ་འོད་འཕྲོ་བ་མདངས་དང་ལྡན་པ། མཆོག་ཏུ་གྱུར་པ་ཅན་དཀར་པོ་རྩིབས་བརྒྱད་པ། འོད་ཟེར་རྣམ་པར་འཕྲོ་བ། སངས་རྒྱས་ཐམས་ཅད་བཞུགས་པའི་གནས་སུ་ཐུན་བཞིར་བསྒོམ་ཞིང༌། ཇི་སྲིད་དྲོད་དང༌། དུ་བ་འཐུལ་བ་དང༌། འབར་བའི་རྟགས་རབ་འབྲིང་གསུམ་བྱུང་གི་བར་དུ་བསྒོམས་ནས། དེ་ནས་འཁོར་ལོ་རང་གི་ལག་ཏུ་ཐོགས་པས་ནམ་མཁའ་ལ་འགྲོ་བ་དང༌། ཚེ་བསྐལ་པར་ཡང་ཐུབ་པས་སངས་རྒྱས་རྡོ་རྗེ་འཆང་དང་མཉམ་པར་འགྱུར་རོ། །གཞན་ཡང་རིག་པ་འཛིན་པ་དེ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པའི་ཚད་ཀྱི་འཁོར་ལོ་རྣམས་དེའི་རྗེས་སུ་འབྲང་བར་འགྱུར་ཏེ། ཐམས་ཅད་ཀྱང་རྡོ་རྗེ་འཛིན་པ་དང་འདྲ་བར་ཚེའི་དངོས་གྲུབ་ཐོབ་པས་མི་འཇིགས་པ་ཉིད་དོ། །ཏིང་ངེ་འཛིན་གང་གིས་འཁོར་ལོའི་གྲངས་དང་མཉམ་པར་འཇུག་པའི་ཚེའི་དངོས་གྲུབ་ལ་སོགས་པ་ཐོབ་པ་འདི་ནི་འཁོར་ལོའི་དམ་ཚིག་ཅེས་བྱའོ། །རྡོ་རྗེའི་རིག་འཛིན་སྒྲུབ་པ་ནི། གཞན་སྤྱི་དང་མཐུན་ལ། མི་བསྐྱོད་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། མདུན་གྱི་རྡོ་རྗེ་རིན་པོ་ཆེ་དེ་ཉིད་དཀྱིལ་འཁོར་གྱི་དབུས་སུ་སྟེ་སྟོང་པར་བྱས་པའི་ངང་ལས། རང་སྔགས་ཧཱུྃ་ལས་རྡོ་རྗེ་ཆེན་པོ་བསྒོམས་ལ། དེ་ཉིད་རྡོ་རྗེ་ཀུན་གྱི་གནས་ཡིན་པར་བསམས་ནས་ཞེས་པ་སྟེ། དེའི་སྟེང་དུ་མི་བསྐྱོད་པའི་ལྷ་བསྐྱེད་ནས་ཐུན་བཞིར་བསྒོམས་ན་ཕན་ཡོན་སྔ་མ་དང་འདྲ་བར་ཐོབ་པས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །གཞན་ཡང་རི་རབ་སུམ་ཅུ་རྩ་དྲུག་ཅེས་སོགས་ཏེ། དེའི་རྡུལ་རྙེད་ཀྱི་བུད་མེད་རྣམས་རྡོ་རྗེ་འཆང་དང་འདྲ་བར་ཡོན་ཏན་ཅན་གྱི་གནས་སུ་འགྱུར་ཞིང༌། དྲག་པོ་དག་གི་སྟེ། ཁམས་གསུམ་ཐམས་ཅད་ཀྱི་ཕྱག་བྱས་པར་སྟོན་ནོ། །དེ་ལྟར་བྱས་པ་འདོད་པའི་དབང་ཕྱུག་དང༌། ཁམས་གསུམ་པའི་ཕྱག་གི་ཡུལ་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་ལྷན་ཅིག་སྤྱོད་པའི་ཕྱག་རྒྱ་སྟེ། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །མཉམ་པ་ཉིད་ནི་དེ་དང་ལྷན་ཅིག་པར་འགྲོ་བའི་མཱ་མ་ཀི་ལ་སོགས་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །གསུམ་པ་པདྨའི་རིག་འཛིན་སྒྲུབ་པ་ནི་གཞན་སྔར་དང་འདྲ་ལ། འོད་དཔག་མེད་ཀྱི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ལ་ཟངས་ལ་བྱས་པའི་པདྨ་ཆེན་པོ་འདབ་བརྒྱད་པ་བྱས་ལ། དེ་མི་དམིགས་པ་ལས་རང་སྔགས་རྡོ་རྗེ་སྟེ། འོད་དཔག་མེད་ཀྱི་ས་བོན་བསམས་ནས་སོ། །སྔར་དང་འདྲ་བའི་པདྨ་བསྒོམས་ཏེ། དེ་ཉིད་ཆོས་འོད་དཔག་མེད་ཀྱིས་གཙོ་བྱས་པའི་ལྷ་རྣམས་ཀུན་གྱི་གནས་ཏེ་དེའི་སྟེང་དུ་བསམ་མོ། །རྟགས་གསུམ་གང་རུང་བྱུང་བ་ན། ཕན་ཡོན་རྡོ་རྗེ་ཆོས་ཏེ་འོད་དཔག་མེད་དང་འདྲ་བར་འགྱུར་རོ། །ཕན་ཡོན་གཞན་ཡང་རི་རབ་སུམ་ཅུ་རྩ་དྲུག་གི་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པའི་ཚད་ཀྱི་དག་པའི་བདག་ཉིད་དེ། པདྨའི་རིགས་ཀྱི་སངས་རྒྱས་ཏེ། ཐབས་ཡབ་ཀྱི་ངོ་བོ་དང་མཆོད་པ་མཆོག་སྟེ་རྒྱུ་ཤེས་རབ་ཡུམ་གྱི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དེར་འཇོག་པར་བྱེད་པ་སྟེ། རང་གི་བདག་པོ་ཉིད་ཀྱི་སྔགས་ཡབ་དང༌། ཕྱག་རྒྱ་ཡུམ་གྱི་ཚོགས་སྒྲུབ་པ་པོ་ལ་དབང་བསྐུར་བར་འགྱུར་རོ། །པདྨོ་ནི་པདྨའི་རིགས་ཅན་ནོ། །མཉམ་པ་ཉིད་ནི་སྒྲུབ་པ་པོ་དེ་དང་མཉམ་པར་འཇོག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གསུམ་གྱི་བསྐལ་པ་ཞེས་སོགས་ཀྱི་ཚིག་རྐང་གཉིས་ཀྱི་དོན་ལེའུ་བཅུ་གཅིག་པར་བཤད་ཟིན་ཏོ། །གཞན་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །རལ་གྲིའི་རིག་འཛིན་སྒྲུབ་པ་ནི། གཞན་སྔར་དང་འདྲ་ལ། དོན་ཡོད་གྲུབ་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལྕགས་ཀྱི་རལ་གྲི་མདུན་དུ་བཞག་ནས་དེ་མི་དམིགས་པའི་ངང་ལས། རང་གི་སྔགས་ཏེ། དོན་གྲུབ་ཀྱི་ས་བོན་ཧ་ལས་འོད་ཟེར་ལྔའི་མདོག་དང་འདྲ་བའི་འོད་ཟེར་ལྔ་ལྡན་གྱི་རལ་གྲི་བསྒོམས་ལ། དེའི་སྟེང་དུ་དོན་གྲུབ་ཀྱི་དཀྱིལ་འཁོར་བསྐྱེད་ནས། རྟགས་གསུམ་གང་རུང་བྱུང་བ་ན། མིག་ཡངས་པ་སྟེ་སྒྲུབ་པ་པོའི་ལག་ཏུ་ཐོགས་ན། རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་ཡོངས་སུ་རྫོགས་པའི་རིག་པ་འཛིན་པར་འགྱུར་རོ། །དེ་ལ་རིག་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། དེ་འཛིན་པས་ན་རིག་འཛིན་ནོ། །གཞན་ཡང་ཁམས་གསུམ་ན་རྫུ་འཕྲུལ་ཆེན་པོ་ཚངས་པ་ཆེན་པོ་ལ་སོགས་པས་མཆོད་བྱ་དང༌། ཚངས་དབང་ལྷ་མིན་གྱི་གཙོ་བོ་དག་གིས་ཀྱང་ཕྱག་བྱས་པར་འགྱུར་བ་དང༌། སྟོང་གསུམ་ན་གཅིག་པུ་པ་སྟེ། ཐམས་ཅད་ཀྱི་བདག་པོ་དང༌། གསང་བ་འཛིན་པའི་མཆོག་སྟེ། བསྐྱེད་རིམ་ལ་གནས་པ་རྣམས་ཀྱི་གཙོ་བོ་འགྱུར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ། སྒྲུབ་པ་པོ་རྣམས་ཀྱི་སེམས་ཀྱིས་གང་ཞིག་འདོད་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས། རྡོ་རྗེའི་ཐུགས་ལས་ཏེ་བསམས་པ་ཙམ་གྱིས་རབ་ཏུ་འབྱུང་ཞིང་དེ་ལྟ་བུའི་དངོས་གྲུབ་སྟེར་བར་འགྱུར་རོ། །རལ་གྲི་ཐམས་ཅད་ཀྱི་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རལ་གྲི་དམ་པ་ལ་དབྱེར་མེད་རྩེ་གཅིག་ཏུ་འཇུག་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །འདིར་རིན་པོ་ཆེའི་སྒྲུབ་པ་མ་བཤད་པ་ནི། རིན་པོ་ཆེ་མ་རྙེད་ན་སྒྲུབ་པར་མི་ནུས་ལ། རྙེད་ན་སྒྲུབ་མི་དགོས་པར་དགོས་འདོད་ལྷུན་གྱིས་གྲུབ་པར་འབྱུང་བས་སོ། །གཉིས་པ་སྔགས་ཀྱི་རི་ལུས་རིག་འཛིན་སྒྲུབ་པ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་གི་བར་དུ་བསྐྱེད་ནས། ལས་རྒྱལ་པོ་མཆོག་ནི། རང་ཉིད་རྡོ་རྗེ་འཆང་དུ་བསྒོམས་པའི་ཁ་རུ་ཏེ། སྨིན་མཚམས་ཀྱི་མཛོད་སྤུར། ཨོཾ་ཡིག་དཀར་པོ་རླུང་འཇུག་པའི་རང་བཞིན་ཅན་ཙ་ན་ཀའི་འབྲུ་ཚོད་ཙམ་གྱི་རི་ལུ་བསམས་པའི་དབུས་སུ་རང་གི་ལྷག་པའི་ལྷའི་གཟུགས། རྣམ་པར་སྣང་མཛད་བསམ་མོ། །དེ་ལྟར་བསྒོམས་ན་སྒྲུབ་པ་པོ་དེ་ནི་དེ་མ་ཐག་ཏུ་བྱང་ཆུབ་དོན་དམ་དང༌། སེམས་དཔའ་ཀུན་རྫོབ་གཉིས་དབྱེར་མེད་པའི་རྡོ་རྗེ་འཆང་གི་འོད་དེ་རྫུ་འཕྲུལ་དང་འདྲ་བར་འགྱུར་རོ། །གཟི་བརྗིད་ནི་ཉི་མ་ཞེས་སོགས་ཚིག་རྐང་གཉིས་སོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ལ། རང་རྡོ་རྗེ་འཆང་དུ་བསྒོམས་པའི་ཁ་རུ་ཏེ་མགྲིན་པར་ཡི་གེ་ཨཱཿདམར་པོ་རླུང་གནས་པའི་རང་བཞིན་ཅན་ཙ་ན་ཀའི་འབྲུ་ཚོད་ཙམ་གྱི་རི་ལུར་བསམས་ནས། དབུས་སུ་རང་གི་ལྷག་པའི་ལྷའི་གཟུགས་སམ་འོད་དཔག་མེད་བསྒོམ་མོ། །བྱང་ཆུབ་ཡེ་ཤེས་ནི་རྡོ་རྗེ་འཆང་ངོ༌། །གཞན་སྔ་མ་བཞིན་ནོ། །ཡང་རང་ཉིད་རྡོ་རྗེ་འཆང་དུ་བསྒོམས་པའི་ཁ་རུ་ཏེ་སྙིང་ཁར་ཡི་གེ་ཧཱུྃ་སྔོན་པོ་རླུང་ལྡང་བའི་བདག་ཉིད་ཅན་ཙ་ན་ཀའི་འབྲུ་ཚོད་ཙམ་གྱི་རི་ལུར་བསམས་ནས་ནི། དབུས་སུ་རང་གི་ལྷག་པའི་ལྷའི་གཟུགས་སམ་མི་བསྐྱོད་པ་བསམ་མོ། །ལྷག་མ་སྔ་མ་བཞིན་ནོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་རིག་འཛིན་བསྒྲུབ་པ་ལ་གཉིས་ཏེ། རིགས་ལྔའི་ཕྱག་མཚན་ལ་བརྟེན་ནས་སྒྲུབ་པ་དང༌། ཁྲོ་བོའི་ཕྱག་མཚན་ལ་བརྟེན་ནས་སྒྲུབ་པའོ། །དང་པོ་ལ། འཁོར་ལོའི་རིག་འཛིན་བསྒྲུབ་ན། དཀྱིལ་འཁོར་རྒྱལ་པོ་མཆོག་གི་བར་དུ་བསྐྱེད་ནས། མཁའ་དབྱིངས་ཏེ། དང་པོར་དེ་བཞིན་ཉིད་བསྒོམས་ནས། དེ་ནས་གསལ་བ་ཟླ་བའི་དཀྱིལ་འཁོར་བསྒོམས་པའི་དབུས་ན་གནས་པའི་རྣམ་པར་སྣང་མཛད་རབ་ཏུ་བསྒོམས་ལ། དེའི་ལག་ཏུ་འཁོར་ལོ་རབ་ཏུ་བསྒོམས་ན་འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །འདི་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འཁོར་ལོ་ཆེན་པོའི་རིགས་ཏེ་རྣམ་སྣང་གི་རིགས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དང༌། དེ་ལས་རྣམ་པར་སྣང་མཛད་བསྒོམ་མོ། །སུ་ཞིག་གིས་ན། སངས་རྒྱས་ཀྱི་སྐུ་རྣམ་སྣང་གི་ཏིང་ངེ་འཛིན་ལ་རབ་ཏུ་སྦྱོར་བའི་སྒོ་ནས། ཡེ་ཤེས་མཆོག་སྟེ་རྣམ་སྣང་གི་སྒྲུབ་པ་འདི་ཡེཤེས་རྡོ་རྗེ་སྟེ་སྒྲུབ་པོ་དག་གིས་བྱའོ། །རྡོ་རྗེའི་རིག་འཛིན་བསྒྲུབ་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་ནས། མཁའ་དབྱིངས་ཏེ་དང་པོར་སྟོང་ཉིད་བསྒོམས་ནས། དེ་ནས་རྡོ་རྗེ་སྟེ་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་སུ་ཧཱུྃ་ལས་རྡོ་རྗེ། དེ་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པར་གནས་པར་བསྒོམས་ཏེ། དེའི་ལག་ཏུ་རྡོ་རྗེ་བསྒོམས་ན་རྡོ་རྗེའི་རིག་པ་འཛིན་པ་འགྱུར་རོ། །གཞན་སྔ་མ་ལྟར་རོ། །རིན་པོ་ཆེའི་རིག་འཛིན་བསྒྲུབ་པ་ནི། མཁའ་དབྱིངས་ཏེ་དེ་བཞིན་ཉིད་བསྒོམས་ནས། དེ་ལ་རིན་པོ་ཆེ་བསམས་ལ་དེའི་དབུས་སུ་བདག་ཉིད་རིན་ཆེན་རྡོ་རྗེ་སྟེ། རིན་ཆེན་འབྱུང་ལྡན་དུ་བསྒོམས་ན། ལག་ཏུ་རིན་པོ་ཆེ་རབ་ཏུ་བསྒོམས་ནས་རྟགས་གསུམ་གང་ཡང་རུང་བ་བྱུང་ན་རིན་པོ་ཆེའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་ཇི་ལྟར་བྱ་ཞེ་ན། དཀྱིལ་འཁོར་རྒྱལ་པོ་མཆོག་གི་བར་དུ་བསྐྱེད་དེ། ལས་རྒྱལ་པོ་མཆོག་ལ་རིན་པོ་ཆེའི་རིགས་ཏེ། རིན་ཆེན་འབྱུང་ལྡན་གྱི་རིགས་བསྒོམས་ནས། རིན་པོ་ཆེའི་སྐུ་རིན་ཆེན་འབྱུང་ལྡན་ལ་རབ་ཏུ་སྦྱོར་བའི་སྒོ་ནས། རིན་ཆེན་མཆོག་སྟེ་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་པ་འདི་ཡེ་ཤེས་རྡོ་རྗེས་ཏེ་སྒྲུབ་པ་པོ་དག་གིས་བྱའོ། །པདྨའི་རིག་འཛིན་བསྒྲུབ་པ་ནི། མཁའ་དབྱིངས་ཏེ་དེ་བཞིན་ཉིད་བསྒོམས་ནས་པདྨ་འདབ་བརྒྱད་བསམ་ལ། དེའི་དབུས་སུ་གནས་པར་བདག་ཉིད་ཚེ་དཔག་ཏུ་མེད་པར་བསྒོམས་ནས། ལག་ཏུ་པདྨོ་རབ་ཏུ་བསྒོམ་ཞིང༌། རྟགས་གསུམ་གང་རུང་བྱུང་ན་པདྨོའི་རིག་པ་འཛིན་པར་འགྱུར་རོ། །འདི་ཇི་ལྟར་བྱ་ཞེ་ན། དཀྱིལ་འཁོར་རྒྱལ་མཆོག་གི་བར་བསྐྱེད་ནས། ལས་རྒྱལ་མཆོག་ལ་པདྨའི་རིགས་རབ་ཏུ་བསྒོམས་ནས། ཆོས་ཀྱི་སྐུ་འོད་དཔག་མེད་པའི་ཏིང་ངེ་འཛིན་ལ་རབ་ཏུ་སྦྱོར་བའི་སྒོ་ནས། པདྨོའི་མཆོག་འོད་དཔག་མེད་པའི་སྒྲུབ་པ་འདི་ཡེ་ཤེས་རྡོ་རྗེས་ཏེ་སྒྲུབ་པ་པོ་དག་གིས་བྱའོ། །རལ་གྲིའི་རིག་འཛིན་སྒྲུབ་པ་ནི། ནམ་མཁའི་དབྱིངས་ཏེ་དེ་བཞིན་ཉིད་བསྒོམས་ནས། རལ་གྲི་བསམས་ལ། དེའི་དབུས་སུ་གནས་པར་བདག་ཉིད་དོན་ཡོད་ཡེ་ཤེས་ཏེ། དོན་ཡོད་གྲུབ་པའི་སྐུར་རབ་ཏུ་བསྒོམས་ལ། དེའི་ལག་ཏུ་རལ་གྲི་རབ་ཏུ་བསྒོམས་ཤིང༌། རྟགས་གསུམ་གང་རུང་བྱུང་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་ཇི་ལྟར་བྱ་ཞེ་ན། དམ་ཚིག་ཆེན་པོའི་རིགས་ཏེ། དོན་གྲུབ་ཀྱི་རིགས་རྣམས་བསྒོམས་ཏེ། དམ་ཚིག་གི་སྐུ་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་ལ་རབ་ཏུ་སྦྱོར་བའི་ཚུལ་གྱིས་སོ། །སུ་ཞིག་གིས་བྱ་ཞེ་ན། དམ་ཚིག་མཆོག་དོན་ཡོད་གྲུབ་པའི་སྒྲུབ་པ་འདི་ཡེ་ཤེས་རྡོ་རྗེ་སྒྲུབ་པོ་དག་གིས་བྱའོ། །རིགས་ལྔའི་ཕྱག་མཚན་གྱི་རིག་འཛིན་གྱི་སྒྲུབ་པ་བསྟན་ཟིན་ཏོ། །གཉིས་པ་ཁྲོ་བོའི་ཕྱག་མཚན་གྱིས་རིག་འཛིན་སྒྲུབ་པ་ནི། རིགས་ལྔའི་ཕྱག་མཚན་གྱིས་རིག་འཛིན་སྒྲུབ་པར་མ་ཟད། རྩེ་གསུམ་དང༌། ལྕགས་ཀྱུ་དང༌། དགྲ་སྟྭ་ལ་སོགས་པ་ཁྲོ་བོའི་མཚན་མ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱའོ། །རྣལ་འབྱོར་གང་གིས་བསྒྲུབ་ཅེ་ན། རྡོ་རྗེའི་ཁྱད་པར་ཏེ། མི་བསྐྱོད་པའི་བསམ་གཏན་གྱིས་བསྒྲུབས་ན་འགྲུབ་པར་འགྱུར་རོ། །མི་བསྐྱོད་པའི་བསམ་གཏན་ཇི་ལྟ་བུས་སྒྲུབ་ཅེ་ན། ཐ་མལ་པའི་དངོས་པོ་སྤངས་ནས་ཕུལ་དུ་བྱུང་བའི་དངོས་པོ་བསྒྲུབ་པར་ནུས་པའི་སྐུ་གསུང་ཐུགས་ཀྱི་སྒྲུབ་པའི་བསམ་གཏན་དེས་འགྲུབ་པར་འགྱུར་གྱི། གཞན་དག་གིས་ནི་མ་ཡིན་ནོ། །གཞུང་ཉེ་བར་བསྡུ་བ་ནི། དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོའོ། །དེའི་དངོས་གྲུབ་ནི་གོང་དུ་བཤད་པ་རྣམས་ཏེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །བཞི་པ་དངོས་གྲུབ་དང་མཐུན་པའི་སྤྱོད་པ་སྟོན་པ་ནི། རྟག་ཏུ་བསྒྲུབ་བོ། །གང་ན། གོང་དུ་བཤད་པའི་དངོས་གྲུབ་རྣམས་སོ། །གང་གིས་ན། སྒྲུབ་པ་པོས་སོ། །གྲོགས་གང་དང་ལྷན་ཅིག་སྒྲུབ་ཅེ་ན། ལམ་གྱི་བཞི་མདོ་སྟེ། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེ་རིགས་དང༌། དམངས་རིགས་ཀྱི་ཕྱག་རྒྱ་རྣམ་པ་བཞི་དང༌། ཡང་ན་ཤིང་དྲུང་སྟེ་གཅིག་པུ་དང༌། མཚན་མ་གཅིག་པ་སྟེ། རང་དང་ལྷའི་ཆ་བྱད་འཛིན་པར་མཉམ་པ་དང༌། ཞི་བའི་གནས་ཏེ་གདོལ་པ་ལ་སོགས་པའི་བུད་མེད་དེ་དག་ལས་ཇི་ལྟར་རྙེད་པའི་གནས་ཏེ། དེ་དག་དང་ལྷན་ཅིག་ཏུའོ། །ཐབས་གང་གིས་སྒྲུབ་ཅེ་ན། དེ་དག་དང་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཡེ་ཤེས་གསུམ་དགུག་པའི་ཁྱད་པར་ཏེ། སྙོམས་པར་འཇུག་པའི་ཐབས་ཀྱིས་སོ། །ལྔ་པ་གདུལ་བྱ་འདུན་པའི་སྦྱོར་བ་རྒྱས་བཏབ་དང་བཅས་པ་ལ་གསུམ་སྟེ། པཎྜི་ཏ་དགུག་པ་དང༌། གནོད་སྦྱིན་མ་སོགས་དགུག་པ་དང༌། རྒྱས་བཏབ་ཀྱི་ཆོ་གའོ། །དང་པོ་ནི། པཎྜི་ཏ་དགུག་པར་འདོད་ན། སྦྱོར་གསུམ་སྟེ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་སྔགས་ཀྱི་སྐྱེས་བུ་རྡོ་རྗེ་འཆང་ཉིད་རྡོ་རྗེ་ཅན་གསུམ་གྱི་སྦྱོར་བ་སྟེ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམས་ནས། བདག་ཉིད་ཀྱི་སྐུ་གསུང་ཐུགས་ཏེ་སེམས་དཔའ་གསུམ་ལྕགས་ཀྱུའི་རང་བཞིན་དུ་བསམ་མོ། །དགོས་པ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཏེ་རིན་པོ་ཆེའི་གང་ཟག་གཉིས་སུ་མེད་པའི་ཡེ་ཤེས་འདོད་པའི་བློ་དང་ལྡན་པ་དེ་ཉིད་དགུག་པའི་ཕྱིར་རོ། །དེ་དགུག་པའི་སྦྱོར་བ་ནི། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱ་གནས་པ་སྟེ་བཞག་ནས། བདག་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས་བཏབ་པས་བདག་གི་གན་དུ་འོངས་ཏེ། རླུང་གི་དཀྱིལ་འཁོར་ལ་བབས་ནས། ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་ལ་འདུག་སྟེ། བདག་གིས་ཅི་བགྱི་ཟེར་ཞིང་འདུག་པར་བསམ་མོ། །འདི་ནི་སངས་རྒྱས་ཏེ་སྐལ་ལྡན་གྱི་སྐྱེ་བོའི་སེམས་དགུག་པའི་ཆོ་ག་དམ་པ་ཡིན་ནོ། །བཤད་མ་ཐག་པའི་རྡོ་རྗེ་སྟེ་སྦྱོར་བ་འདིས་དམ་ཚིག་ལས་བྱུང་སྟེ། ཕྱོགས་བཅུ་ན་བཞུགས་པའི་ལྷ་མོ་རྣམས་ཀྱང་བཀུག་ལ་ཉེ་བར་སྤྱད་ཅིང་ལུང་བསྒོ་བ་ལ་བཟུང་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་ནི། ལྷ་མོ་རྣམས་སོ། །རྡོ་རྗེ་དགུག་པ་ནི་གཞན་གྱིས་མི་ཕྱེད་པའི་དགུག་པའོ། །གཉིས་པ་གནོད་སྦྱིན་མོ་ལ་སོགས་པ་དགུག་པའི་ཆོ་ག་ནི། ལྷ་མོ་གཏི་མུག་ཅན་དགུག་པར་འདོད་ན། རྣམ་སྣང་གི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་རྣམ་པར་སྣང་མཛད་བསྐྱེད་པའི་རྒྱུ་ཡིན་པས་རྒྱལ་གནས་ཏེ། དེ་ཉིད་ལྕགས་ཀྱུའི་རྣམ་པར་བསམས་ནས་བསྒྲུབ་བྱའི་སྙིང་ནས་དྲངས་ནས་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། བདག་ཉིད་ཀྱི་གན་དུ་འདུག་སྟེ་འདུད་པར་བསམས་པས་བདག་ཉིད་ཀྱི་དབང་དུ་འགྱུར་རོ། །མི་བསྐྱོད་པའི་རྣལ་འབྱོར་པས་ལྷ་མོ་ཞེ་སྡང་ཅན་དགུགས་ན། མི་བསྐྱོད་པའི་རྡོ་རྗེ་དང༌། ལྷ་མོ་ཆགས་ཅན་འགུགས་ན། འོད་དཔག་མེད་ཀྱི་པདྨ་དང༌། སོགས་པས་རིན་འབྱུང་གི་རྣལ་འབྱོར་པས། ལྷ་མོ་སེར་སྣ་ཅན་འགུགས་ན། རིན་པོ་ཆེ་དང་དོན་གྲུབ་ཀྱི་རྣལ་འབྱོར་པས། ལྷ་མོ་ཕྲག་དོག་ཅན་འགུགས་པར་འདོད་ན། རལ་གྲི་རྣམས་ལྕགས་ཀྱུར་བསམས་ནས་ལྷ་མོ་དེ་དང་དེ་དགུག་པར་བྱའོ། །དེ་ལྟར་ན་སྒྲུབ་པ་པོས་དམ་ཚིག་དགུག་པའི་མཆོག་འདི་དག་བྱའོ། །ཁམས་གསུམ་གྱི་དམ་ཚིག་ནི་གནོད་སྦྱིན་མོ་ལ་སོགས་པ་སྟེ་དེ་དགུག་པའི་ཆོ་གའོ། །གསུམ་པ་རྒྱས་གདབ་ཀྱི་ཆོ་ག་ནི། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྣམ་སྣང་ལ་སོགས་པའི་རྣམ་པས་བསྐྱེད་པར་བྱ་བ་སངས་རྒྱས་རྡོ་རྗེ་འཆང་གི་སྐུར་བདག་ཉིད་རྣམ་པར་བསྒོམས་ལ། བསྒྲུབ་བྱའི་སྐུ་གསུང་ཐུགས་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པས་དྲངས་ནས་མདུན་དུ་འདུག་པར་རབ་ཏུ་བསྒོམ་མོ། །དེ་ནས་དེའི་ལག་པ་ནས་བཟུང་སྟེ། ཨོཾ་ཨཱཿཧཱུྃ་ཆེ་གེ་མོ་མ་མ་ཝ་ཤཾ་ཀུ་རུ་ཨཱཿཅེས་པས་རྒྱས་བཏབ་བོ། །རྒྱས་གདབ་འདི་ལྟ་བུའི་སྦྱོར་བ་ཡིས་སྒྲུབ་པོ་དེ་ནི་རྡོ་རྗེ་འཆང་གི་གོ་འཕང་ལ་གནས་པའི་ལས་དག་བསྒྲུབ་བྱ་དེ་དག་གིས་བྱེད་པར་འགྱུར་ཏེ་པཎྜི་ཏས་གདམ་ངག་སྟོན། གནོད་སྦྱིན་མོ་སོགས་ཀྱིས་ཕྱག་རྒྱ་དང་མངག་གཞུག་སོགས་བྱེད་དོ། །པཎྜི་ཏ་སོགས་ཁུགས་ནས་རྒྱས་འདེབས་པའི་དུས་སུ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་རྡོ་རྗེ་འཆང་ཆེན་པོར་བསྒོམས་པས་ལུས་རྣམ་སྣང་དུ་བྱེད་ཅིང༌། ལྕེའི་རྡོ་རྗེའི་སྦྱོར་བས་སྔགས་བཟླས་པས་ངག་རྡོ་རྗེའི་གསུང་སྟེ་འོད་དཔག་མེད་དང་འདྲ་བར་འགྱུར་ཞིང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཞེས་སོགས། ཚིག་རྐང་པ་གཉིས་ཀྱི་དོན་ནི། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བསྒྲུབ་བྱ་ལག་པས་བཟུང་ནས། རྒྱས་གདབ་པར་བྱའོ། །ཞེས་སེམས་པར་བྱེད་ཅིང་སྔགས་ཀྱི་དོན་བསམས་པས་ནི་སེམས་རྡོ་རྗེ་མི་བསྐྱོད་པ་དང་འདྲ་བར་འགྱུར་རོ། །རྒྱས་འདེབས་པའི་དུས་སུ་ལུས་རྡོ་རྗེ་འཆང༌། ངག་ཏུ་སྔགས་འདོན། ཡིད་ཀྱི་སྔགས་ཀྱི་དོན་སེམས་པའི་རྣམ་པར་འདི་དག་གིས་གསང་བ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེའི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་གསུམ་མོ། །མཆོད་པའི་མཆོག་ནི་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཡིན་ལ། དེ་ལྟ་བུའི་མཚན་ཉིད་ཅན་གྱི་མཆོད་པས་རྡོ་རྗེ་འཆང་མཆོད་ནས། དགུག་ཅིང་རྒྱས་བཏབ་པའི་ཆོ་ག་འདི་རབ་ཏུ་བསྒྲུབ་པར་བྱའོ། །དགུག་པ་དང་རྒྱས་གདབ་ཀྱི་ཆོ་ག་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་ལུང་རྟོགས་དང་འབྲེལ་བའི་གཞན་ལ་གསང་བའི་ཆོ་ག་མཆོག་ཏུ་གྱུར་པ་རྣམས་བསྡུས་པས་ན། གསང་བའི་སྙིང་པོ་བསྡུས་པ་ཡིན་ནོ། །གསང་བ་ཆེན་པོའི་དམ་ཚིག་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་བསྩལ་ཏོ། །དྲུག་པ་ལས་ཀྱི་དབྱེ་བ་ལ། ཟས་ལ་སྤྱོད་པའི་ཆོ་ག་ནི། དངོས་གྲུབ་སྒྲུབ་པའི་ཚེ་ཁ་ཟས་ཀྱི་ཁྱད་པར་ཇི་ལྟ་བུ་ལ་སྤྱོད་པར་བྱ་ཞེ་ན། རིགས་སོ་སོའི་རྣལ་འབྱོར་པས། དངོས་གྲུབ་གང་དང་གང་སྒྲུབ་པ་ལ་ཤིས་པར་གསུངས་པའི་ཟས་ལ་སྤྱོད་པར་བྱའོ། །ཞེས་སྟོན་པ་ནི། ཤ་ཆེན་ཏེ་མིའི་ཤ། དམ་ཚིག་མཆོག་གི་སྟེ་བདག་ཉིད་བཟའ་བ་དང༌། ལྷ་ལ་འབུལ་བ་དང༌། འབྱུང་པོ་ལ་གཏོར་མ་བྱིན་པས། རྡོ་རྗེ་གསུམ་མཆོག་སྟེ་མཁའ་ལ་སྤྱོད་པ་བསྒྲུབ་པར་བྱའོ། །ཤ་ཆེན་པོ་དང་ལྡན་པའི་བཤང་གཅི་གཏོར་མ་སོགས་སུ་བྱིན་པའི་དམ་ཚིག་མཆོག་གིས་ནི་རིག་པ་འཛིན་པའི་གཙོ་བོར་འགྱུར་རོ། །གླང་པོའི་ཤ་གཏོར་མ་སོགས་སུ་བྱིན་པའི་དམ་ཚིག་གིས་ནི་མངོན་ཤེས་ལྔ་ཉིད་ཐོབ་པར་བྱའོ། །རྟ་ཤ་གཏོར་མ་སོགས་སུ་བྱིན་པའི་དམ་ཚིག་གིས་ནི་མི་སྣང་བའི་བདག་པོར་འགྱུར་རོ། །ལས་དང་མཐུན་པའི་ཤ་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། རྙེད་སླ་བའི་ཁྱི་ཤ་དག་གི་གཏོར་མ་སོགས་སྦྱིན་པའི་དམ་ཚིག་གིས་ནི། གོང་དུ་བཤད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །བ་གླང་གི་ཤ་གཏོར་མ་སོགས་སུ་བྱིན་པའི་དམ་ཚིག་གིས་ནི། དགུག་དཀའ་བ་རྒྱལ་པོ་ལ་སོགས་པ་དགུག་པའི་མཆོག་ཏུ་འགྱུར་རོ། །ཤ་རྣམས་ཞེས་སོགས་ཚིག་རྐང་གཉིས་ནི་སླའོ། །དེ་དག་གིས་ཕན་ཡོན་ཅི་འཐོབ་ཅེ་ན། རྡོ་རྗེའི་སྦྱོར་བ་སྟེ་མི་ཤིགས་པའི་ཁ་ཟས་ཀྱི་ཆོ་ག་འདི་བྱས་ན་སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་བྱེད་ཅིང་དངོས་གྲུབ་འགྲུབ་བོ། །བདུན་པ་ལྷ་རྣམས་རྒྱས་པར་བྱ་བའི་ཆོ་ག་ལ་གཉིས་ཏེ། སྤྱི་གཙུག་གི་བདུད་རྩིས་ཚིམ་པར་བྱ་བ་མདོར་བསྟན། བདུད་རྩིའི་སྦྱོར་བ་རིགས་ཀྱི་དབྱེ་བས་སོ་སོར་བསྟན་པའོ། །དང་པོ་ནི། སྒྲུབ་པའི་དུས་སུ་ཟས་ལ་སྤྱོད་པའི་ཚེ། བདག་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་ངམ་ལྷག་པའི་ལྷར་བསྐྱེད་ནས། སྙིང་ཁར་པད་ཟླའི་སྟེང་དུ་ཡེ་ཤེས་དམ་ཚིག་སྟེ་ཡེ་ཤེས་སེམས་དཔའ་བསྒོམ་ཞིང༌། དེའི་སྙིང་ཁར་ཏིང་ངེ་འཛིན་སེམས་དཔའ་བསམས་ཏེ། དབུ་རྒྱན་ཏེ་སྤྱི་གཙུག་གི་གནས་སུ་རྡོ་རྗེ་མཆོག་འཛིན་པ་སྟེ། རྡོ་རྗེ་འཆང་ཟླ་བའི་ཚོགས་ཀྱི་འོད་ཟེར་དང་འདྲ་བའི་བདུད་རྩི་འཛག་པ་ཚངས་པའི་བུ་ག་ནས་ཞུགས་ཏེ། སངས་རྒྱས་ཐམས་ཅད་དེ་སེམས་དཔའ་གསུམ་མཉེས་ཤིང་ཚིམ་པར་འགྱུར་བར་བསམ་མོ། །བཤད་མ་ཐག་པའི་བདུད་རྩི་འདི་ནི་དམ་ཚིག་གི་ཚུལ་གྱི་མཆོག་ཏུ་གྱུར་པའོ། །དམ་ཚིག་མཆོག་གི་སྟེ་སྒྲུབ་པ་པོས་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པའི་མཆོག་གི་བསམ་གཏན་འདི་རབ་ཏུ་བྱ་བ་སྟེ་བསྒོམ་པར་བྱའོ། །དམ་ཚིག་ཐམས་ཅད་དེ་སྒྲུབ་པ་པོ་ལ། ཡེ་ཤེས་ཀྱི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཟས་ཚིམ་པར་འགྱུར་བའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གཉིས་པ་ནི། ཁ་ཟས་ལ་སྤྱོད་པའི་ཚེ་ལྐོག་མ་སྦྱང་བ་དང༌། ཟས་སྦྱང་བའི་ཆོ་ག་སྟོན་ཏེ། ཟས་ཐམས་ཅད་བདུད་རྩི་ལྔའི་ཏིང་ངེ་འཛིན་བསྒོམས་པའི་སྦྱོར་བ་ཡིས། ཧཱུྃ་གིས་སྦྱངས། ཨཱ་ཡིས་རྟོགས། ཨོཾ་གྱིས་སྦར་བར་བྱས་པའི་ཁ་ཟས་སྦྱར་ཏེ། ལྷའི་དབྱེ་བས་སུམ་ཅུ་རྩ་གཉིས་ཡོད་ཀྱང༌། བསྡུ་ན་དམ་ཚིག་རྡོ་རྗེ་སྟེ་རིགས་ལྔར་འདུས་ལ། འདི་རྣམས་ཀྱི་མཆོག་མི་བསྐྱོད་པའི་རྣལ་འབྱོར་པས། ལྕེ་ལ་རྡོ་རྗེ་ཅན་གྱི་ཧཱུྃ་སྟེ། ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསྒོམས་ཏེ་ཟས་ཟོས་ན། རྡོ་རྗེ་གསུམ་སྟེ་སྐུ་གསུང་ཐུགས་ཤིན་ཏུ་སྦྱངས་པ་འཐོབ་པར་འགྱུར་རོ། །ཁ་ཟས་སྦྱང་བ་དང༌། ལྐོག་མ་སྦྱང་བ་འདི་ནི་རྡོ་རྗེ་ཚུལ་མཆོག་སྟེ་ཡི་གེ་ཨ་དང༌། ཡི་གེ་ཨོཾ་དག་གི་ཚུལ་ཀྱང༌། དེ་ལྟར་བྱ་སྟེ། འོད་དཔག་མེད་ཀྱི་རྣལ་འབྱོར་པས་ལྕེ་ལ་ཨ་ཡོངས་སུ་གྱུར་པ་ལས་པདྨ་བསམ་ཞིང༌། རྣམ་སྣང་གི་རིགས་ཅན་གྱིས་ལྕེ་ལ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོ་བསམས་ཏེ་ཟས་ལ་སྤྱད་པར་བྱའོ། །འདིས་ཅི་ཐོབ་ཅེ་ན། ཟས་ཀྱི་སྦྱོར་བ་ཡིས་སྐུ་གསུང་ཐུགས་ཤིན་ཏུ་སྦྱངས་པ་ཐོབ་ནས། རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་བདུད་རྩིར་བྱེད་པའི་བསམ་གཏན་ཡིན་ལ། བདུད་རྩི་ཕྲེང་བ་ནི། བདུད་རྩིའི་ཚོགས་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ནོ། །བསྐྱེད་རིམ་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་བསྟན་ཟིན་ཏོ། །གཉིས་པ་རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་གསུམ་སྟེ། དངོས་གྲུབ་སྒྲུབ་པའི་ཆོ་ག་དངོས་དང༌། རྡོ་རྗེ་འཆང་གི་ཆོ་འཕྲུལ་བསྟན་པ་དང༌། མངོན་ཤེས་སྒྲུབ་པའི་ཆོ་གའོ། །དང་པོ་ནི། རྡོ་རྗེ་ནི། སྒྱུ་ལུས་ཀྱི་སྐུ་གསུང་ཐུགས་གསུམ་མོ། །དམ་ཚིག་ནི་གསུམ་པོ་ཡོངས་སུ་ཐིམ་པའི་ཡུལ་དོན་དམ་པའི་བདེན་པའོ། །དེ་ཡོངས་སུ་གྲུབ་པ་ནི་མཆོག་ཟུང་འཇུག་གོ །དེ་ལྟར་བསྒྲུབས་པས་ཅི་འཐོབ་ཅེ་ན། སྐུ་གསུམ་གང་ལ་མངའ་བའི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ། །དོན་ནི་སྒྱུ་ལུས་འོད་གསལ་དུ་བཅུག་སྟེ་ཟུང་འཇུག་གི་སྐུ་ལ་སློབ་ན། རྡོ་རྗེ་འཆང་ཐོབ་ཅེས་པའི་དོན་ནོ། །གཉིས་པ་ལ་གསུམ་སྟེ། རང་གཞན་གྱི་དོན་གཉིས་གྲུབ་པ་དང༌། མངོན་པར་ཤེས་པ་ལྔ་འགྲུབ་པ་དང༌། སྔོན་འགྲོའི་བསྙེན་པའི་ཆོ་གའོ། །དང་པོ་ནི། ཟུང་འཇུག་མཐར་ཕྱིན་པའི་ཆོ་ག་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་རྫོགས་པར་བྱེད་པ། ཡིད་བཞིན་གྱི་ནོར་བུའི་འབྱུང་གནས་སུ་གྱུར་པའི་རྒྱ་མཚོ་ཆེན་པོ་དང་འདྲ་བར་འགྱུར་རོ། །དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་རྣམས་མཆོད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རྡོ་རྗེའི་བདག་ཉིད་ཀྱི་སྐུར་རྒྱུ་ཞིང་སྣང་བར་བྱེད་པར་འགྱུར་རོ། །འཁོར་ལོའི་དམ་ཚིག་འགྲུབ་པ་སྟེ། རྣམ་སྣང་དང་འབྲེལ་བའི་དངོས་གྲུབ་མཆོག་སྒྲུབ་པ་ལ། སངས་རྒྱས་ཀྱི་སྐུ་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ། །འདིས་མཚོན་ནས་མི་བསྐྱོད་པ་དང་འབྲེལ་བའི་དངོས་གྲུབ་སྒྲུབ་པ་ལ་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །གངྒཱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་ཐམས་ཅད་དུ་བཤད་མ་ཐག་པའི་གྲུབ་པ་སྟེ། དངོས་གྲུབ་རྣམས་རྣམ་པ་ཀུན་ཏུ་སྤྱོད་པར་འགྱུར་རོ། །མཁའ་འགྲོ་དང་མཁའ་འགྲོ་མའི་རིག་པ་ཐམས་ཅད་ཀྱི་དམ་ཚིག་གི་མཆོག་ནི། དེ་སྒྲུབ་པར་བྱེད་པའི་སྔགས་ཡིན་ལ། དེ་འཛིན་པར་བྱེད་པའི་རིག་པ་འཛིན་པ་རྣམས་ཀྱིའང་གཙོ་བོར་འགྱུར་རོ། །རྡོ་རྗེའི་སྐུ་སྟེ་ཕྱག་རྒྱ་ཆེན་པོ་བསྒོམས་པས། བཤད་མ་ཐག་པའི་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་དམ་ཚིག་གི་རིག་པ་མཆོག་ཀྱང་འགྲུབ་པར་འགྱུར་རོ། །ངག་གི་བྱ་བ་དང༌། ལུས་ཀྱི་ཡན་ལག་ཐམས་ཅད་མི་སྣང་བ་ལ་གནས་ནས། སྟོང་གསུམ་ཐམས་ཅད་བདག་ཉིད་གཅིག་པུས་སྣང་བར་བྱེད་པས་སངས་རྒྱས་ཀུན་ཏེ། གྲུབ་ཐོབ་ཀུན་གྱི་དངོས་གྲུབ་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ཐམས་ཅད་འཕྲོག་ཅིང་ལེན་པ་དང༌། ལྷའི་མཆོག་བརྒྱ་བྱིན་ལ་སོགས་པའི་བུ་མོ་བཀུག་ནས་རྗེས་སུ་སྤྱོད་པར་འགྱུར་རོ། །གཉིས་པ་མངོན་པར་ཤེས་པ་ལྔ་འགྲུབ་པར་བསྟན་པ་ནི། དང་པོ་རྡོ་རྗེའི་སྤྱན་གྱི་མངོན་ཤེས་ནི། གངྒཱའི་བྱེ་མ་སྙེད་ཀྱི་ཚད་དང་མཉམ་པའི་སངས་རྒྱས་རྣམས་རྡོ་རྗེ་གསུམ་རྡོ་རྗེ་འཆང་ཆེན་པོ་གནས་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་གནས་པར་བཞུགས་པ་དག་རང་གི་ལག་པའི་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ། རྡོ་རྗེའི་མིག་གིས་དེ་ལྷའི་མིག་རྣམ་པར་དག་པས་མཐོང་བར་འགྱུར་རོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཚད་དང་མཉམ་པའི་ཞིང་རྣམས་ན་སྒྲ་གྲག་པ་ཇི་སྙེད་པ་ཀུན་རྣ་བའི་དྲུང་ན་འཁོད་པ་བཞིན་དུ་རྣ་བའི་མངོན་ཤེས་ཁྱུ་མཆོག་སྟེ་གཙོར་བོར་གྱུར་པ་བདག་གིས་ཐོས་པར་འགྱུར་རོ། །ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཚད་དང་མཉམ་པའི་ཞིང་དག་གི་སེམས་ཅན་ཀུན་གྱི་སེམས་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་ཏེ། སྣང་མཆེད་ཐོབ་གསུམ་གྱི་ངོ་བོ་གར་མཁན་གྱི་རོལ་མོའི་རྣམ་འགྱུར་ལྟར་བྱུང་བ། རང་བཞིན་བརྒྱད་ཅུའི་རྒྱུར་གྱུར་པའི་སྣ་ཚོགས་པའི་སེམས། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རིག་པར་འགྱུར་རོ། །བསྐལ་པ་གངྒཱའི་བྱེ་སྙེད་དུ་ལས་ཀྱི་དབང་གིས་འགྲོ་བ་ལྔའི་འཁོར་བ་ན་གནས་པའི་སྔོན་གྱི་གནས་ཀྱི་གཏན་ཚིགས་དང༌། དུས་ཀྱི་ཁྱད་པར་རྣམས་ཞག་གསུམ་ལོན་པ་བཞིན་དུ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་དྲན་པར་འགྱུར་རོ། །གངྒཱའི་བྱེ་མ་སྙེད་ཀྱི་ཚད་ཀྱི་བདག་ཉིད་ཀྱི་ལུས་སངས་རྒྱས་ཀྱི་སྤྲིན་ཏེ། རྣམ་སྣང་ལ་སོགས་པའི་རིགས་ལྔའི་འཁོར་ལོས་བརྒྱན་ནས། བསྐལ་པ་གངྒཱའི་བྱེ་སྙེད་དུ་གནས་ཏེ། འོད་གསལ་སྦྱངས་པའི་རྫུ་འཕྲུལ་མཆོག་གི་རྡོ་རྗེས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པས་འགེངས་ཤིང་སྤྲོ་བར་བྱེད་དོ། །དམ་ཚིག་མངོན་པར་མཁྱེན་པ་རྡོ་རྗེ་འཆང་གིས་ཞེས་སོགས་སོ། །དེ་ལ་རྡོ་རྗེའི་སྤྱན་ཞེས་སོགས་ལ། རྡོ་རྗེ་ནི་ཟུང་འཇུག་གི་རྡོ་རྗེ་འཆང་ངོ༌། །སྤྱན་ལ་སོགས་པ་ནི། འོད་གསལ་གྱིས་སྦྱངས་པའི་ལྷའི་མིག་ལ་སོགས་པའོ། །འོད་གསལ་གྱིས་སྦྱངས་པས་འཇིག་རྟེན་པའི་མངོན་ཤེས་ལས་ཁྱད་པར་དུ་འཕགས་ལ། རྡོ་རྗེ་འཆང་ལ་མངའ་བས། ཉན་རང་སོགས་ལས་ཁྱད་པར་དུ་འཕགས་སོ། །མངོན་ཤེས་ལྔ་པོ་འདི་དག་གིས་གཞན་གྱི་དོན་དུ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་དང་འདྲ་བར། སངས་རྒྱས་ཀྱི་ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་བོ། །མངོན་ཤེས་ལྔས་སེམས་ཅན་གྱི་དོན་མཛད་ནས། རང་དོན་དུ་ཇི་ལྟར་གནས་པར་འགྱུར་ཞེ་ན། ཡན་ལག་བདུན་དང་ལྡན་པས་འཁོར་བ་ཇི་སྲིད་པར་བཞུགས་པར་བསྟན་པ་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་མེད་པའི་འཁོར་ལྷའི་བཞོན་པ་མཆོག་ལ་ཞོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། འཁོར་བ་ཇི་སྲིད་པར་མི་འཇིག་པའི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཀྱིས་འཇིག་རྟེན་གྱི་ཁམས་ཀུན་རྣམ་པར་བགྲོད་ཅིང་གནས་པར་འགྱུར་རོ། །གསུམ་པ་སྔོན་དུ་འགྲོ་བའི་བསྙེན་པའི་ཆོ་ག་ལ་བཞི་སྟེ། ཐུན་མོང་གི་བསྙེན་པ་དང༌། མཆོག་གི་བསྙེན་པ་དང༌། བསྙེན་པ་གཉིས་ཀྱི་གནས་དང༌། སྒྲུབ་ཐབས་མདོར་བསྡུས་པའོ། །དང་པོ་ནི། འདི་སྐད་བདག་གིས་ཐོས་པའི་ཚིག་ནས་བརྩམས་ནས་ཅི་རིགས་པར་ཐུན་མོང་དང༌། མཆོག་གི་སྒྲུབ་པ་བསྟན་ནས། བསྐྱེད་པའི་རིམ་པའི་ཡན་ལག་གསལ་བར་བྱ་བའི་ཕྱིར། བསྙེན་སྒྲུབ་ཡན་ལག་བཞི་སྟོན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དམིགས་པར་བྱ་བས་ན་བསྙེན་པར་ཏེ་དེ་བཞིན་ཉིད་བསྒོམས་པས་ཡེ་ཤེས་ཀྱི་ས་སྦྱང་བའོ། །མི་འདའ་བས་ན་དམ་ཚིག་གོ །དེ་དང་སྦྱོར་བ་ནི་གཞལ་ཡས་ཁང་བསྐྱེད་པ་ནས། ལྷག་མོས་མཛད་པ་དང་བཅས་པ་སྒོམ་པ་སྟེ། ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །དེ་ནས་མངོན་བྱང་ལྔས་གཙོ་བོ་བསྐྱེད་དེ་སྤྲུལ་སྐུར་བསྒྱུར་ནས། ས་བོན་ལུས་ལ་འགོད་པའི་མཐར་ཐུག་པ་ནི་ཉེ་བར་སྒྲུབ་པ་འབྱུང་བ་སྟེ། ཡན་ལག་གཉིས་པའོ། །སྒྲུབ་པའི་དོན་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཡིན་ལ། སེམས་དཔའ་སུམ་རྩེག་ཏུ་བསྒོམ་པ་ནི། གསུམ་ཀ་ཡང་ལྷའི་བདག་ཉིད་དུ་མཉམ་པས་དམ་ཚིག་ཅེས་བྱ་སྟེ། ཡན་ལག་གསུམ་པའོ། །དེ་དག་ནི་དང་པོར་སྦྱོར་བས་བསྡུས་སོ། །ལྷག་མ་དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་ལ་ཐུག་པ་ནི་གཞན་གྱི་དོན་སྒྲུབ་པས་ན་སྒྲུབ་པ་ཆེན་པོ་སྟེ་ཡན་ལག་བཞི་པའོ། །དེ་ལྟར་ན་བསྙེན་སྒྲུབ་བཞིའོ། །དེ་ལྟར་བསྙེན་སྒྲུབ་བཞིའི་རྣལ་འབྱོར་སྒོམ་པ་དེས། རྡོ་རྗེའི་བྱེ་བྲག་སྟེ། ཟློས་པ་པོའི་རིགས་ཀྱི་བྱེ་བྲག་ཤེས་པར་བྱས་ནས། དེ་ནས་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་སོགས་ནས་བཤད་པའི་ལས་རྣམས་བསྒྲུབ་པར་བྱའོ། །གཉིས་པ་དེ་ཉིད་རྒྱས་པར་བཤད་པ་ནི། བསྙེན་པའི་ཏིང་ངེ་འཛིན་ནི་སྲུང་འཁོར་སྔོན་དུ་འགྲོ་བ་ཅན་གྱི་ཡེ་ཤེས་ཀྱི་ས་བསྒོམ་པའོ། །དེ་ལ་རབ་ཏུ་སྦྱོར་བ་ནི། རྡོ་རྗེའི་ས་བསྐྱེད་པ་ནས་ལྷག་མོས་སྒོམ་པའི་བར་ཏེ། ཡན་ལག་དང་པོའི་བཤད་པའོ། །དེ་ནས་ལྷག་མོས་འོད་གསལ་དུ་བཅུག་སྟེ། ཤུ་ནྱ་ཏའི་སྔགས་ཀྱིས་རྣམ་པར་དཔྱད་པ་ལས་བྱུང་བའི་བྱང་ཆུབ་མཆོག་སྟེ། དེ་བཞིན་ཉིད་བསྒོམ་མོ། །དེ་ནས་ཉི་ཟླ་དང་པདྨ་རྣམས་གོང་ནས་གོང་དུ་བཞག་ལ། དེའི་སྟེང་དུ་ཡི་གེ་གསུམ་བཀོད་ཅིང༌། དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་དང༌། དེ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་བསྐྱེད་པ་ནི། བསྙེན་པའི་དེ་མ་ཐག་ཏུ་བསྐྱེད་པས་ན་ཉེ་བར་སྒྲུབ་པའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །མཆོག་ནི་ཨོཾ་ལ་སོགས་པའི་ས་བོན་སུམ་ཅུ་སོ་གཉིས་འགོད་པའོ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་པ་ལ། རྡོ་རྗེ་ནི་ལྷ་སུམ་ཅུ་སོ་གཉིས་ཡིན་ལ། སྐྱེ་མཆེད་ནི་ཕུང་པོ་ལ་སོགས་པའོ། །རྣམ་པར་དཔྱད་པ་ནི་ས་བོན་དེ་རྣམས་ལྷ་དེ་དང་དེའི་ངོ་བོར་ཤེས་པའོ། །འགྲེལ་པར། རྣམ་པར་བཞག་པ་གསུམ་པའི་རིམ་པས་ངེས་པར་བྱ་བའི་ཕྱིར། རྒྱུ་དང་འབྲས་བུ་ཡོངས་སུ་ཤེས་པ་ནི་རྣམ་པར་དཔྱད་ཅེས་པའི་དོན་ཡིན་ལ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སུ། སྔགས་ཀྱི་ངེས་པ་དང་པོ་སྟེ། །འགོད་པ་བསྟན་པ་གཉིས་པའོ། །རྣམ་བཞག་རིམ་པ་གསུམ་པ་སྟེ། །དེ་ཉིད་བསྟན་པ་བཞི་པའོ། །ཞེས་གསུངས་པ་ལས། རྣམ་བཞག་རིམ་པ་གསུམ་པ་ནི་ཤིན་ཏུ་རྣལ་འབྱོར་ཏེ། དེའི་དོན་ངེས་པར་བྱ་བའི་ཕྱིར། ལྷའི་གཟུགས་ལ་ཐབས་ཀྱི་རྒྱུ་ཡི་གེ་བཀོད་ཅིང༌། ཡི་གེ་དེ་ཉིད་རྒྱུའི་རྒྱུད་ཕུང་པོ་དག་པ་ཉིད། འབྲས་བུའི་རྒྱུད་རྣམ་སྣང་སོགས་སུ་ཤེས་པར་བྱ། ཞེས་ཆག་ལོས་བཤད་དོ། །གཞན་དག་གིས་ནི་དོན་ཁོང་དུ་མ་ཆུད་དོ། །འདིར་ཡིག་འབྲུ་ཉི་ཤུ་རྩ་བདུན་ཞེས་འཆད་པ་ནི་ལྷའི་གྲངས་མ་རྟོགས་པའོ། །ཡན་ལག་གཉིས་པའི་བཤད་པའོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་སྒྲུབ་ཅིང༌། བྱིན་གྱིས་རློབ་པའི་དུས་སུ། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན་ཞེས་སོགས་རབ་ཏུ་བརྗོད་པས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ལ་བསྐུལ་བ་དང༌། སྔགས་ཏེ་ཨོཾ་ལ་སོགས་པའི་ཏིང་ངེ་འཛིན་སེམས་དཔའ་དང༌། བདག་པོ་ཡེ་ཤེས་སེམས་དཔའ་རྣམས་རིགས་ཀྱི་དབྱེ་བས་ཅི་རིགས་པར་བསྒོམ་པ་ནི། སྔགས་ཀྱི་བདག་པོ་རྣམ་པར་བསྒོམ་པ་སྟེ། ཡན་ལག་གསུམ་པའི་བཤད་པའོ། །སྒྲུབ་པ་ཆེན་པོ་བསྐྱེད་པ་དེའི་ཚེ་རང་གི་ལྷག་པའི་ལྷའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། རྡོ་རྗེ་པདྨ་འདུ་བྱས་ཏེ་སྙོམས་པར་ཞུགས་པ་ལས། བཛྲ་དྷྲིཀ་ཞེས་སོགས་རང་གི་སྔགས་ལས་བྱུང་བའི་རྡོ་རྗེ་ཅན་ཏེ། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམས་ལ། དབུ་རྒྱན་ལ་ནི་བདག་པོ་རྡོ་རྗེ་འཆང་བསམ་ཞིང༌། ལྷག་མ་རྣམས་ཀྱི་དབུ་རྒྱན་ལ་ནི་རྣམ་སྣང་ལ་སོགས་པ་བསམས་ན། ཡེ་ཤེས་རྡོ་རྗེ་སྟེ་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཡན་ལག་བཞི་པའི་བཤད་པའོ། །མདོར་བྱས་སུ་མི་བསྐྱོད་པ་རིགས་ལྔའི་དབུ་རྒྱན་དུ་བཤད་པ་དང༌། འདིར་རྡོ་རྗེ་འཆང་རིགས་ལྔའི་དབུ་རྒྱན་དུ་བཤད་པ་གཉིས་འགལ་ལོ་ཞེ་ན། ཆག་ལོས། །འགྲེལ་པར་རྡོ་རྗེ་འཆང་ཞེས་བཤད་པ་མི་བསྐྱོད་པ་ལ་འཆད་ལ། འགའ་ཞིག་རྡོ་རྗེ་འཆང་དང་མི་བསྐྱོད་པ་དབྱེར་མེད་པས་སྐྱོན་མེད་ཞེས་འཆད་པ་ལྟར་ན། རྡོ་རྗེ་འཆང་དང་རིགས་གཞན་རྣམས་ཀྱང་དབྱེར་མེད་པས། རྡོ་རྗེ་འཆང་ཉིད་ཐམས་ཅད་ཀྱི་དབུ་རྒྱན་དུ་འཇོག་དགོས་པར་འགྱུར་རོ། །དེས་ན་ཆག་ལོ་ལྟར་འཐད་དོ། །གཉིས་པ་མཆོག་གི་བསྙེན་པ་ལ་གསུམ་སྟེ། བསྙེན་པ་གཉིས་མདོར་བསྟན་པ་དང༌། བསྙེན་པ་གཉིས་སོ་སོར་བཤད་པ་དང༌། བསྙེན་པ་གཉིས་ཀྱི་ལྷ་བསྐྱེད་པ་ལུང་གིས་བཤད་པའོ། །དང་པོ་ནི། རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །ཐ་མལ་པ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེ་ལ་ཐུན་མོང་བ་ནི་གསུམ་སྟེ། རྒྱུད་ཐུན་མོང་བ་དང༌། ཐོབ་བྱེད་ཀྱི་རྒྱུ་ཐུན་མོང་བ་དང༌། ཐོབ་བྱའི་འབྲས་བུ་ཐུན་མོང་བའོ། །དེ་ལ་རྒྱུད་ཐུན་མོང་བ་ནི། དེ་ཉིད་འདུས་པ་སོགས་ལས་ཀྱང་བཤད་དོ། །གཉིས་པ་ནི། བསྐྱེད་པའི་རིམ་པ་སྟེ། ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུད་ཡིན་ལ། བརྒྱུད་ནས་མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་བྱེད་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་བ་ནི། ཕྲིན་ལས་བཞི་དང༌། ནམ་མཁའ་ལ་འགྲོ་བ་སོགས་འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །མཆོག་ནི་ཐུན་མོང་མིན་པ་སྟེ། རྒྱུད་ཐུན་མོང་བ་མིན་པ་ནི། གསང་བ་འདུས་པ་སོགས་བླ་མེད་ཀྱི་རྒྱུད་ཁོ་ན་ནས་བཤད་པའི་ཕྱིར་རོ། །ཐོབ་བྱེད་ཀྱི་རྒྱུ་ཐུན་མོང་མིན་པ་ནི། ཡན་ལག་དྲུག་གི་སྦྱོར་བ་སྟེ། དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ཁོ་ནའི་དོན་དུ་སྒྲུབ་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་མིན་པ་ནི། ཐེག་པ་གཞན་དང་ཐུན་མོང་མིན་པའི་དབང་ཕྱུག་བརྒྱད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་འབྲས་བུ་ལྷག་གོ །འགའ་ཞིག་འདི་ཐུན་མོང་མིན་པའི་འབྲས་བུར་བཤད་ནས། སྔགས་ཀྱི་ཟུང་འཇུག་ས་བཅུ་པ་ལ་འཇོག་པ་ནི་འགལ་བ་ཁོ་ནའོ། །དེ་ལྟར་བསྙེན་པ་རྣམ་པ་གཉིས་ལས། ཐ་མལ་པ་སྟེ་ཐུན་མོང་བ་ནི། དང་པོ་སྟོང་ཉིད་བྱང་ཆུབ་སེམས་དཔའ་ཞེས་སོགས། རྡོ་རྗེ་བཞིས་ཤེས་པར་བྱ་སྟེ། སྔར་བཤད་ཟིན་ཏོ། །མཆོག་ནི་སོ་སོར་སྡུད་པ་ལ་སོགས་ཡན་ལག་དྲུག་གིས་ཤེས་པར་བྱ་སྟེ། མཆོག་གི་དངོས་གྲུབ་འདོད་པས་བསླབ་པར་བྱ་བ་ཡིན་པས་ན། བསྙེན་པ་སྟེ། ཡོངས་སུ་དག་པའི་ལྷའི་སྐུ་དེ་ཉིད་ཐམས་ཅད་དེ། རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དང༌། རྟག་ཏུ་སྟེ་དུས་དང་སྤྱོད་ལམ་ཐམས་ཅད་དུ་བསྐྱེད་པར་བྱ་བ་ཉིད་དང༌། རྒྱུ་གང་གིས་ན། ཡེ་ཤེས་བདུད་རྩི་སྟེ་ཡན་ལག་དྲུག་སྦྱོར་བས་བསྐྱེད་པར་བྱ་བའོ། །ཅིའི་ཕྱིར་ཡན་ལག་དྲུག་ཁོ་ནས་སྒྲུབ་ཅེ་ན། སོར་སྡུད་ལ་སོགས་པ་ཡན་ལག་དྲུག་པོ་འདི་ནི་སྔགས་ཏེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟློས་པ་པོ་རྣམས་ཀྱི་སྦྲུལ་ལ་སོགས་པའི་སྔགས་དང༌། ལྷའི་དེ་ཁོ་ན་ཉིད་དང༌། དེ་དག་གི་དོན་ཟུང་འཇུག་གི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའམ་བསྐྱེད་པར་བྱེད་པའོ། །ཇི་སྐད་དུ། བསྙེན་པའི་ཡན་ལག་སྦྱོར་དྲུག་གིས། །བྱས་ནས་མཆོག་གི་སྒྲུབ་པ་ནི། བསྒྲུབ་པར་བྱ་སྟེ་གཞན་དུ་ན། དངོས་གྲུབ་མཆོག་ཉིད་མི་འབྱུང་ངོ༌། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་སྦྱོར་བ་ཡན་ལག་དྲུག་པོ་འདི་ཉིད་ཀྱིས་བསྙེན་པ་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་ནི། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ། །ཞེས་པའོ། །ཡན་ལག་དྲུག་པོ་འདིས་ནི་མཆོག་གི་དངོས་གྲུབ་སྒྲུབ་པའི་རྒྱུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ཡན་ལག་དང་བཅས་པ་སྟོན་ཏེ། དེ་ལ་སོར་སྡུད་ཀྱིས་ནི། ལུས་དབེན་གྱི་སྦྱང་གཞི་བསྟན་ལ། བསམ་གཏན་གྱིས་ནི་དེ་སྦྱོང་བྱེད་ཀྱི་ལུས་དབེན་གྱི་ཏིང་ངེ་འཛིན་བསྟན་ནོ། །བསམ་གཏན་གྱི་ཡན་ལག་ནི་ལྔ་སྟེ། རྟོག་དཔྱོད་དང༌། དགའ་བདེ་དང༌། སེམས་རྩེ་གཅིག་པའོ། །དེ་ལ་རྟོག་པ་དང་དཔྱོད་པས་ནི་ལུས་དབེན་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་སྟོན་ལ། དགའ་བ་ནི་ལུས་དབེན་གྱི་ཕན་ཡོན་ནོ། །བདེ་བས་ནི་ངག་དབེན་གྱི་ཕན་ཡོན་ཤིན་ཏུ་སྦྱངས་པ་སྟོན་ནོ། །སེམས་རྩེ་གཅིག་པ་ནི་སེམས་རྣམ་པར་དབེན་པའོ། །སོར་སྡུད་ནི་ཡན་ལག་དང་པོའོ། །བསམ་གཏན་ནི་ཡན་ལག་གཉིས་པའོ། །སྲོག་རྩོལ་ནི་ངག་དབེན་ཏེ། ཡན་ལག་གསུམ་པའོ། །གལ་ཏེ་ངག་དབེན་དང༌། སེམས་དབེན་གྱི་གོ་རིམ་འཆོལ་བར་འགྱུར་རོ་ཞེ་ན། འདིར་ལེ་ལོ་ཅན་བར་དོར་འཚང་རྒྱ་བའི་དབང་དུ་བྱས་ནས། ཁྱབ་བྱེད་ཀྱི་རླུང་ལ་རྡོ་རྗེ་བཟླས་པ་བྱེད་པས་ཡན་ལག་གསུམ་པའི་སྐབས་སུ་སྲོག་རྩོལ་བཤད་པ་ཡིན་ནོ། །འཛིན་པ་ནི་འོད་གསལ་ཏེ། ཡན་ལག་བཞི་པའོ། །རྗེས་དྲན་ནི་ལུགས་བཟློག་གི་སྣང་བ་གསུམ་ལས་བྱུང་བའི་སྒྱུ་ལུས་ཏེ། ཡན་ལག་ལྔ་པའོ། །ཏིང་ངེ་འཛིན་ནི། སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་ནས། འོད་གསལ་ལས་བྱུང་བའི་ཟུང་འཇུག་གི་སྐུ་སྟེ། ཡན་ལག་དྲུག་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ཡོད་པའི་ཡན་ལག་དང་པོ་སོར་སྡུད་བཤད་པ་ནི། དབང་པོ་བཅུ་པོ་རྣམས་ཀྱི་ནི། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་གསུངས་ཏེ། དེ་ལ་དབང་པོ་བཅུ་ནི། དབང་པོ་ལྔ་དང་ཡུལ་ལྔའོ། །ཅིའི་ཕྱིར་ཡུལ་ལྔ་ལ་དབང་པོ་ཞེས་བརྗོད་ཅེ་ན། ཡུལ་ཅན་གྱི་མིང་ཡུལ་ལ་བཏགས་པའོ། །རང་གི་འཇུག་གནས་ལ། དབང་པོ་ལྔ་རང་རང་གི་ཡུལ་གཟུགས་ལ་སོགས་པ་ལ་འཇུག་པའོ། །ཐམས་ཅད་དུ་ནི་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བའི་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ལ་འཇུག་པའི་ཚུལ་གྱིས་གནས་པས་ན་འཇུག་གནས་སོ། །ཡུལ་དེ་དག་ཡང་དང་ཡང་དུ་སོ་སོར་སྡུད་ཅིང་ལེན་པས་ན། སོ་སོར་སྡུད་པ་ཞེས་བཤད་དོ། །འདིས་ནི་ལུས་དབེན་གྱི་སྦྱང་གཞི་བསྟན་ནོ། །དེ་ཉིད་རྣམ་པར་སྦྱང་བའི་དོན་ཡན་ལག་གཉིས་པ་བསམ་གཏན་སྟོན་པ་ནི། འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །དག་པ་བསམ་གཏན་ཞེས་བཤད་དོ། །ཞེས་གསུངས་ཏེ། དེ་ལ་གཟུགས་ལ་སོགས་པའི་འདོད་པ་ལྔ་ནི། རྣམ་སྣང་ལ་སོགས་པའི་སངས་རྒྱས་ཀྱི་རང་བཞིན་མིག་ལ་སོགས་པའི་དབང་པོ་ལྔ་དང༌། མདོར་བསྡུས་པ་སྟེ། སེམས་སྣང་བ་གསུམ་གྱི་བདག་ཉིད་གཅིག་ཏུ་སྦྱོར་བ་ཡིས་གཟུང་འཛིན་གྱིས་ཡོངས་སུ་དག་པའི་བརྟག་པ་སྟེ། རྟོག་མེད་ཀྱི་སྣང་བ་ལྷའི་རྣམ་པ་ཙམ་ཡོངས་སུ་བསྒོམ་པའི་རྣལ་འབྱོར་དེ་ནི་བསམ་གཏན་ཞེས་བཤད་དོ། །བསམ་གཏན་དེའི་ཡན་ལག་ནི་ལྔ་སྟེ། རྟོག་དང་དཔྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུས། །ཞེས་གསུངས་ཏེ། མདོ་ལས་བསམ་གཏན་དང་པོ་རྟོག་དཔྱོད་ལ་སོགས་ཡན་ལག་ལྔ་ལྡན་དུ་བཤད་པ་དང་ཐ་སྙད་སྒོ་བསྟུན་པའི་ཕྱིར། ཡན་ལག་ལྔ་ལྡན་དུ་བཤད་ཀྱི་དོན་མཐུན་པ་མིན་ནོ། །ཡན་ལག་དེ་དག་རེ་རེ་ནས་བཤད་པ་ནི། གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་བ་གསུམ་ནི་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །ཞེས་གསུངས་ཏེ། གསང་བ་གསུམ་ནི་ཡུལ་དང༌། དབང་པོ་དང༌། རྣམ་པར་ཤེས་པ་སྟེ། རྟོག་མེད་ཀྱི་སེམས་ཀྱི་སྣང་བ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ། །ཞེས་གང་རྟོག་པ་དེ་ནི་རྟོག་པ་ཡིན་ལ། དཔྱོད་པ་ནི་རྟོག་པ་དེའི་ཡུལ་ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་ལ་རིགས་བརྒྱ་དང༌། ལྔ་དང༌། གསུམ་དང༌། རིགས་གཅིག་གི་བར་དུ་དཔྱོད་པ་ནི། ལོངས་སྤྱོད་ཅེས་བྱའོ། །གཟུགས་ཕུང་སོགས་ལྔ་སངས་རྒྱས་རིགས་ལྔའི་རང་བཞིན་དུ་སྒོམ་པ་དེ་ཡང་གསང་བ་འདུས་པའི་རྒྱུད་དུ་ལན་རྣམ་པ་དུ་མར་ཡོངས་སུ་བཤད་དོ། །བསམ་གཏན་གྱི་ཡན་ལག་ལྷག་མ་གསུམ་སྟོན་པ་ནི། དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བ་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་ཅུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་ཞི། །ཐམས་ཅད་ནམ་མཁའ་ལ་རབ་གནས། །ཞེས་གསུངས་ཏེ། སྒྱུ་མ་ལྟ་བུའི་སྐུའི་ངོ་བོ་དང་ཁྱད་པར་ལ་རྣམ་པར་དཔྱད་ནས་བསྒོམས་པས། དེ་ཁོ་ན་ཉིད་ཟུང་འཇུག་གི་ཡེ་ཤེས་སྐྱེ་བ་ལ་མངོན་པར་ཕྱོགས་པས། ཡིད་བདེ་བའི་མཚན་ཉིད་དེ་ནི་དགའ་བ་དང་འདྲ་བ་སྟེ་བསམ་གཏན་གྱི་ཡན་ལག་གསུམ་པའོ། །འདིས་ལུས་དབེན་གྱི་ཕན་ཡོན་བསྟན་ནོ། །ངག་དབེན་གྱི་ཕན་ཡོན་ནི། བདེ་བས་བསྡུས་པ་སྟེ་ལུས་ཤིན་ཏུ་སྦྱངས་པའི་མཚན་ཉིད་ཅན་གྱི་བདེ་བའོ། །དེ་ནི་བསམ་གཏན་གྱི་ཡན་ལག་བཞི་པའོ། །དེ་ལྟར་སྲོག་རྩོལ་ལ་སྦྱངས་ནས་ཕན་ཡོན་ཐོབ་པ་ན། རྗེས་ཐོགས་སུ་རྣམ་ཤེས་དྲུག་གི་རང་བཞིན་ཤེས་པ་དང༌། གཟུགས་སོགས་ཡུལ་དྲུག་གི་རང་བཞིན་ཤེས་བྱ་དང༌། དེ་གཉིས་འབྱུང་བ་ཟད་པ་ནི་གཟུང་འཛིན་གཉིས་ཀྱིས་དབེན་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ནི་བསམ་གཏན་གྱི་ཡན་ལག་ལྔ་པར་ཤེས་པར་བྱའོ། །གཟུང་འཛིན་གཉིས་ཀྱིས་དབེན་པའི་ཡེ་ཤེས་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ཐོབ་པའི་ཕན་ཡོན་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྤྲོས་པའི་མཚན་མ་ཉེ་བར་ཞི་བ། སྣང་སྟོང་དབྱེར་མེད་དུ་གྱུར་པའི་ཟུང་འཇུག་ཐོབ་པར་ཏེ། དེ་ནི་ཐམས་ཅད་ནམ་མཁའ་སྟེ། ཐམས་ཅད་སྟོང་པ་འོད་གསལ་ལ་མི་གནས་པའི་ཚུལ་གྱིས་རབ་ཏུ་གནས་པ་ཡིན་ནོ། །ཡན་ལག་གསུམ་པ་སྲོག་རྩོལ་ནི། ཡེ་ཤེས་ལྔའི་རང་བཞིན་དབུགས། །འབྱུང་བ་ལྔའི་ངོ་བོ་ཉིད། །ཕྱུང་ནས་པདྨའི་སྣ་རྩེར་ནི། །གོང་བུའི་གཟུགས་ཀྱིས་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་གི་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་ཁར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པ་བཞག །ཅེས་གསུངས་ཏེ། རབ་ཏུ་བརྟག་པ་སྟེ་བསྒོམ་མོ། །གནས་གང་དུ་ན། ཡུམ་གྱི་པདྨའི་སྣ་རྩེ་རུའོ། །གང་ཞིག་ན། འབྱུང་བ་ལྔའི་ངོ་བོ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་ཏེ། རླུང་དེ་ཉིད་དོ། །ཐབས་གང་གི་སྒོ་ནས་བསྒོམ་ཞེ་ན་རྡོ་རྗེའི་བུ་ག་ལས་བྱུང་ནས། པདྨའི་སྣ་རྩེར་གོང་བུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་ཀྱིས་བསྒོམ་པར་བྱའོ། །འདིས་ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྟན་གྱི། སྲོག་རྩོལ་དངོས་བསྟན་པ་ནི་མ་ཡིན་ནོ། །འོན་ཀྱང་སྲོག་རྩོལ་སྒོམ་པའི་སྦྱོར་བ་ཡིན་པས་འདིར་བཤད་དོ། །བསམས་ནས་ཏེ་བསྒོམ་མོ། །གང་དུ་ན་སྙིང་ཁའི་པདྨར་རོ། །གང་ཞིག་སྒོམ་ཞེ་ན། འཚོ་བར་བྱེད་པས་ན་སྲོག ངག་ཀུན་ནས་སློང་བས་ན་རྩོལ་བ་སྟེ་རླུང་ངོ༌། །དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པས་ན་རིན་པོ་ཆེའོ། །འོད་ཟེར་ཁ་དོག་ལྔ་དང་ལྡན་པས་ཁ་དོག་སྣ་ལྔ་པའོ། །ཚུལ་ཇི་ལྟར་བསྒོམ་ཞེ་ན། རླུང་འོད་ཟེར་ལྔ་ལྡན་དེ་ཉིད་གྱེན་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣ་སྒོར་རྒྱུ་བ་ན་འཇུག་གནས་ལྡང་གསུམ་ཡི་གེ་གསུམ་གྱི་ངོ་བོ་ཉིད་དུ་བཟློ་བར་འགྱུར་བའི་ཕྱིར། རང་སྔགས་སོ། །སྲོག་ནི་རླུང་ངོ༌། །ཐིག་ལེ་ནི་རླུང་གི་འཇུག་གནས་མི་ཤིགས་པའི་ཐིག་ལེ་སྟོང་པ་ཉིད་ཀྱི་རི་མོའོ། །དེར་བཞག་པ་ནི། སྟོང་པ་ཉིད་ལ་ཐིམ་པའི་ཚུལ་དུ་བཞག་པ་སྟེ། སྒྲ་མཐའ་སྐྱེ་མེད་ནམ་མཁའ་དང་མཉམ་པའི་དོན་ནོ། །ཡན་ལག་བཞི་པ་འཛིན་པའི་ཡན་ལག་བཤད་པ་ནི། རང་དབང་རིན་ཆེན་དགག་པར་ནི། །གཟུང་བ་འཛིན་པ་ཡིན་པར་བཤད། །ཅེས་གསུངས་ཏེ། །རང་ནི་ཡུལ་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་ལ་སོགས་པ་སྟེ། ཡུལ་དང་དབང་པོ་དེ་གཉིས་བསམ་གཏན་གཉིས་ཀྱིས་དགག་པ་སྟེ་བཤིག་ཅིང༌། དེའི་འོག་ཏུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་སེམས་ཀྱི་རིན་པོ་ཆེ། རླུང་དང་བཅས་པ་དགག་ཅིང་ནུབ་པར་གྱུར་པ་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བ་གང་ཡིན་པ་དེ་ནི། ཡན་ལག་བཞི་པ་འཛིན་པའི་ཡན་ལག་ཡིན་པར་བཤད་དོ། །ཞེས་གསུངས་ཏེ་འཛིན་པ་དེ་གང་ཞེ་ན། ཡང་དག་པའི་མཐའ་འོད་གསལ་ལོ། །སྒྱུ་ལུས་འོད་གསལ་དུ་བཅུག་པས་འོད་གསལ་མངོན་དུ་གྱུར་པའི་རྟགས་འབྱུང་ཚུལ་སྟོན་པ་ནི། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་གསུངས་ཏེ། སྒྱུ་ལུས་འོད་གསལ་དུ་བཅུག་སྟེ། སེམས་འགོག་པའི་རྡོ་རྗེ་འོད་གསལ་ལ་ཐིམ་པ་ན། དེའི་སྔོན་རོལ་ཏུ་འོད་གསལ་དུ་འགྱུར་བའི་མཚན་མ་ཉེར་འཛིན་ཏེ་རྟགས་རྣམས་འབྱུང་བར་འགྱུར་རོ། །རྟགས་དུ་ཞིག་ཡོད། ངོ་བོ་ཇི་ལྟ་བུ་ཞེ་ན། མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་སྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟ་བུ་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས་སོ། །འབྱུང་བ་བཞི་རྣམ་ཤེས་དང་བཅས་པ་རིམ་པ་བཞིན་དུ་མ་ནུབ་པར། འོད་གསལ་མངོན་དུ་མི་འགྱུར་ཞིང༌། དེ་དག་འགག་པའི་རིམ་པ་ནི། རགས་པའི་རིམ་པས་འགག་པ་སྟེ། ལས་ཀྱི་མཐའ་རྣམ་འབྱེད་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་འགྱུར་ཞིང༌། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་འཛིན་པར་གཤེགས་པ་ནི། །དེ་ནི་འོད་གསལ་བར་འགྲོའོ། །ཞེས་གསུངས་སོ། །དེས་ན་རྣལ་འབྱོར་པས་སྒྱུ་ལུས་འོད་གསལ་དུ་བཅུག་པ་དང༌། ལུས་ཅན་འཆི་བའི་ཚེ་ན། ས་ཉིད་རགས་པས་ཐོག་མར་ནུབ་ཅིང༌། རྣམ་ཤེས་ཕྲ་བས་ཐ་མར་འགག་གོ །དེ་ལ་དང་པོ་ཉིད་དུ་ས་ཆུ་ལ་ཐིམ་སྟེ་འགག་པ་ན། སྨིག་སྒྱུ་དང་འདྲ་བ། སྔོན་པོ་རབ་རིབ་གཡོ་བའི་རྣམ་པ་ཅན་འབྱུང་སྟེ། དེ་ནི་མཚན་མ་དང་པོའོ། །དེ་ནས་ཆུ་མེ་ལ་ཐིམ་པ་ན། དུ་བ་ལྟ་བུ་སྔོ་ལ་འཕྱུར་བའི་སྣང་བ་འབྱུང་སྟེ་མཚན་མ་གཉིས་པའོ། །དེ་ནས་མེ་རླུང་ལ་ཐིམ་པ་ན། མཁའ་སྣང་ངམ། སྲིན་བུ་མེ་ཁྱེར་ལྟ་བུ་དམར་རྩེག་པའི་སྣང་བ་འབྱུང་སྟེ་མཚན་མ་གསུམ་པའོ། །དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ན། མར་མེ་ལྟར་དམར་ལམ་པའི་སྣང་བ་འབྱུང་སྟེ། མཚན་མ་བཞི་པའོ། །འདི་ནི་འོད་གསལ་དངོས་ཀྱི་རྟགས་མ་ཡིན་གྱི་རླུང་སེམས་སྣང་བ་གསུམ་དུ་ཐིམ་པའི་རྟགས་ཏེ། འགྲེལ་པ་ལས། ཁམས་ཕྲ་བ་ཀུན་ཏུ་སྣང་བ་གསུམ་དུ་སོང་བ་ལས་མར་མེ་ལྟར་སྣང་ཞེས་པས་སོ། །རྣམ་ཤེས་རིམ་གྱིས་འོད་གསལ་དུ་འཇུག་པའི་རྟགས་འབྱུང་ཚུལ་ནི། དང་པོ་ཉིད་དུ་འདོད་ཆགས་ལས་གྱུར་པའི་རང་བཞིན་སུམ་ཅུ་སོ་གསུམ་འགགས་པས། སྣང་བའི་ཡེ་ཤེས་མངོན་དུ་གྱུར་པ་ན། མཚན་མོ་ཟླ་བའི་འོད་ཟེར་ཤར་བ་འདྲ་བའི་སྣང་བ་སྟོང་པའི་སྐབས་སུ་འབྱུང་ངོ༌། །དེ་ནས་སྣང་བའི་ཡེ་ཤེས་ཐིམ་ཞིང༌། ཞེ་སྡང་ལས་གྱུར་པའི་རང་བཞིན་བཞི་བཅུ་འགགས་པས། སྣང་བ་མཆེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ན། ཉི་མའི་འོད་ཟེར་ཤར་བ་ལྟ་བུའི་སྣང་བ་ཤིན་ཏུ་སྟོང་པའི་གནས་སྐབས་སུ་འབྱུང་ངོ༌། །དེ་ནས་སྣང་བ་མཆེད་པའི་ཡེ་ཤེས་ཐིམ་ཞིང༌། གཏི་མུག་ལས་གྱུར་པའི་རང་བཞིན་བདུན་འགགས་ཤིང་དག་པས། སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ན། ཉི་མའི་འོད་ཟེར་ནུབ་ཅིང་ཟླ་བའི་འོད་ཟེར་མ་ཤར་བའི་མཚམས་ཀྱི་མུན་པ་ལྟ་བུའི་ཉམས་སྣང་འབྱུང་སྟེ། སྟོང་པ་ཆེན་པོ་མ་རིག་པའི་གནས་སྐབས་ཞེས་བྱའོ། །འདིའི་དུས་སུ་སེམས་ཀྱི་རང་བཞིན་ཇི་ལྟར་བཞིན་ཐུགས་སུ་ཆུད་པ་ཡིན་གྱི། ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་བྱས་པ་ནི་མིན་ནོ། །དེའི་དུས་སུ་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་ཀྱང་ནུབ་སྟེ། གཟུང་འཛིན་གྱི་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ། དཔེར་ན་མཚམས་ཀྱི་མུན་པ་འགགས་ཤིང༌། ཟླ་བའི་འོད་ཟེར་ཀྱང་ནུབ་ལ། ཉི་མའི་འོད་ཟེར་མ་ཤར་བའི་བར་ཐོ་རངས་ཀྱི་སྤྲིན་མེད་པའི་ནམ་མཁའ་མཐོང་བ་ཇི་ལྟར་བ་དེ་བཞིན་དུ། སྣང་བ་གསུམ་པོ་ཉེ་བར་ནུབ་པ་ན། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང༌། ཅིར་ཡང་མ་མཐོང་བ་མེད་པའི་ཚུལ་གྱིས་འོད་གསལ་མངོན་དུ་བྱས་ཞེས་ཐ་སྙད་གདགས་སོ། །གཞན་དག་སྔགས་ཀྱི་འོད་གསལ་སྣང་བཅས་ཁོ་ནར་འདོད་པ་ནི། ནམ་མཁའི་དཔེ་ཉིད་ཀྱིས་བསལ་བ་ཡིན་ནོ། །འདིར་ནི་རྟགས་དང་རྟགས་ཅན་གཉིས་ཀ་རོ་གཅིག་ཏུ་འདྲེས་པ་ཡིན་པས། རྟགས་དང་རྟགས་ཅན་སོ་སོར་མི་བྱའོ། །སྐྱེ་མཆེད་ཕྲ་རགས་རིམ་གྱིས་ཐིམ་ནས། མཐར་འོད་གསལ་མངོན་དུ་གྱུར་པའི་རྟགས་ནི་ལྔ་པོ་འདི་ཉིད་ཁོ་ནར་ངེས་སོ། །འདིར་ཟླ་བས་རྟགས་དངོས་སུ་འོང་བར་བཤད་པ་དང༌། ཨཱརྻ་དེ་བས་ཡེ་ཤེས་བརྟན་གཡོའི་ཚད་ཀྱི་དཔེར་འདོད་པ་ཉིད་འགལ་ལོ་ཞེ་ན། བརྟན་གཡོའི་ཚད་ཀྱང་ཡིན་ལ། དངོས་སུ་འབྱུང་བ་ཡང་ཡིན་པས། ཅི་ཞིག་འགལ། དེ་ལ་བརྟན་གཡོའི་ཚད་ལ། དང་པོ་ས་ཆུ་ལ་ཐིམ་པའི་དུས་སུ་ཤིན་ཏུ་མི་བརྟན་པས་མིག་སྒྱུ་ལྟ་བུ་དང༌། ཆུ་མེ་ལ་ཐིམ་པ་ན། རྟགས་ཅན་བརྟན་གཡོའི་ཚད། སྔར་བས་ཅུང་ཟད་བརྟན་པ་དུ་བ་ལྟ་བུ་དང༌། མེ་རླུང་ལ་ཐིམ་པའི་དུས་སུ། དེ་བས་ཀྱང་བརྟན་པ་སྲིན་བུ་མེ་ཁྱེར་ལྟ་བུ་ཞེས་བཞེད་དོ། །འདིར་གཞིའི་གནས་སྐབས་སུ་འབྱུང་བ་དང་དབང་ཤེས་ཐིམ་པའི་རྟགས་དང༌། ལམ་གྱི་གནས་སྐབས་སུ་དེ་ཡོངས་སུ་ཐིམ་པའི་རྟགས་གཉིས་ལ། འབྱུང་བའི་གནས་སྐབས་མི་འདྲ་བ་ཡིན་གྱི། ངོ་བོ་ལ་ཁྱད་པར་མེད་དོ། །འོད་གསལ་གྱིས་ཐམས་ཅད་ལ་ཁྱབ་པར་བསྒོམ་ཚུལ་ནི། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་དབྱིངས་སུ་སྤྲོ་བར་བྱ། །ཞེས་གསུངས་ཏེ། རྡོ་རྗེའི་ལམ་སྟེ། འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་འོད་གསལ་ལ་འཇུག་པས། བརྟན་ཅིང་རྣམ་པར་དག་པར་གྱུར་པ་ན། ཆོས་སྐུའི་ཚུལ་གྱིས་བརྟན་གཡོ་ཐམས་ཅད་ལ་སྤྲོ་ཞིང༌། ཁྱབ་པར་བསྒོམ་པར་བྱའོ། །ཡན་ལག་ལྔ་པ་རྗེས་དྲན་གྱི་ཡན་ལག་ནི། བསྒོམས་ནས་གང་ཞིག་རྗེས་དྲན་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་དྲན་ཞེས་ནི་ཤེས་བྱ་སྟེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་གསུངས་ཏེ། བདག་ཉིད་འོད་གསལ་བར་བསྒོམ་ཞིང་མངོན་སུམ་དུ་བྱས་ནས་འགའ་ཞིག་སོ་སོར་སྣང་བ་འོད་གསལ་ལ་འཆད་པ་ནི་ནོར་བའོ། །ཨ་བྷྱ་ཡས་འོད་གསལ་ལ་རིམ་གྱིས་འཇུག་དུས་སུ་སྨིག་རྒྱུ་ལ་སོགས་པའི་རྟགས་ཀྱི་རིམ་པས་ཡང་དག་པའི་མཐའ་ཐོབ་པ་དེ་དང་འདྲ་བར་ལུགས་བཟློག་གི་རིམ་པ་ཉིད་ཀྱིས་ལྷའི་སྐུ་སྤྲོ་བ་སྟེ་བསྐྱེད་པར་བྱེད་པ་དེ་ནི་རྗེས་སུ་དྲན་པ་ཞེས་ཤེས་པར་བྱ་སྟེ། དེ་གང་ལས་སྐྱེ་ཞེ་ན། སོ་སོར་སྣང་བ་ནི་ལུགས་འབྱུང་གི་སྣང་བ་གསུམ་འོད་གསལ་དུ་རིག་པ་ལས་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རྗེས་སུ་དྲན་པ་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་ནི། ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡིད་ཀྱི་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། །ཞེས་གསུངས་ཏེ། རྗེས་དྲན་གྱི་ཡན་ལག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཐབས་ཀུན་རྫོབ་ཀྱི་བདེན་པ་དང༌། ཤེས་རབ་དོན་དམ་པའི་བདེན་པ་གཉིས་དབྱེར་མི་ཕྱེད་པར་སྙོམས་པར་འཇུག་པས། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་གོང་བུའི་ཚུལ་གྱིས་ཏེ། ཕྱག་རྒྱ་ཆེན་པོའི་གཟུགས་གཅིག་ཏུ་བསྡུས་ནས། དངོས་པོ་ཐམས་ཅད་ཀྱི་དབུས་སུ་ཟུང་འཇུག་རྡོ་རྗེ་འཆང་གི་གཟུགས་སུ་རྣམ་པར་བསྒོམ་པར་ཤེས་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡུད་ཀྱི་སྟེ། སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུར་རྫོགས་པར་བྱེད་པ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཡན་ལག་དྲུག་པའོ། །ཡན་ལག་དྲུག་པོ་འདིས་དོན་གཉིས་བསྟན་ཏེ། བརྩོན་འགྲུས་ཅན་མཐོང་ཆོས་ལ་འཚང་རྒྱ་བ་དང༌། ལེ་ལོ་ཅན་བར་དོ་ལ་འཚང་རྒྱ་བའི་ལམ་བསྟན་ཏེ། དང་པོ་ནི། སྔར་བསྟན་པ་ལྟར་ཡིན་ལ། སྲོག་རྩོལ་ཡན་ལག་གསུམ་པར་བཤད་པ་ནི། ཚིག་གཅིག་གིས་དོན་གཉིས་གོ་བ་སྟེ། འདིས་རྡོ་རྗེ་བཟླས་པ་དང༌། བར་དོར་འདའ་བའི་རྡོ་རྗེ་བཟླས་པ་སྟོན་ནོ། །འདི་སེམས་དབེན་གྱི་རྗེས་ཐོགས་སུ་བཤད་པ་ནི། བར་དོར་འདའ་བའི་རྡོར་བཟླས་ཀྱི་གོ་རིམ་བསྟན་པའི་ཆེད་དོ། །བར་དོར་འདའ་བའི་བཟླས་པ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། སོར་སྡུད་དང༌། བསམ་གཏན་ཡན་ལག་དང་བཅས་པས་བསྟན་ནོ། །དངོས་གཞི་ལ། སྲོག་རྩོལ་གྱིས་འཆི་ཁའི་དུས་ཀྱི་ཁྱབ་བྱེད་ཀྱི་རླུང་གི་རྡོ་རྗེ་བཟླས་པ་སྟོན་ལ། ལྷག་མ་རྣམས་སྔ་མ་བཞིན་ནོ། །འདི་ཨ་བྷྱ་ཡ་ཀ་རས། སོར་སྡུད་ཀྱིས་བསྐྱེད་རིམ་བསྟན་ཞེས་པ་ལ། བུ་སྟོན་གྱིས་འདི་མི་འཐད་དེ། ཡན་ལག་དྲུག་པོ་འདི་མཆོག་གི་དངོས་གྲུབ་སྒྲུབ་བྱེད་ཡིན་ལ། བསྐྱེད་རིམ་པས་མཆོག་གི་དངོས་གྲུབ་སྒྲུབ་མི་ནུས་པའི་ཕྱིར་ཟེར་ལོ། །དེས་གཏན་ཚིག་མི་འགྲུབ་ཅིང༌། རྫོགས་རིམ་གྱི་སྦྱོར་བ་ཡིན་པ་ལ་དགོངས་ནས། རྫོགས་རིམ་དུ་བསྡུས་ཞེས་བརྗོད་ན་ཅི་འགལ། ཡང་སོར་སྡུད་ཀྱིས་སྒྱུ་ལུས་བསྟན་པར་བཤད་ནས། དེའི་ཁུངས་སུ་དྲི་མེད་འོད་དང༌། ཕྱག་རྡོར་སྟོད་འགྲེལ་འདྲེན་པ་ཡང་སྐབས་སུ་མ་བབ་ཅིང༌། རང་གིས་ཟླ་གྲགས་ཀྱི་འགྲེལ་པ་བཞིན། སོར་སྡུད་ཀྱི་སྦྱང་གཞི་དང༌། བསམ་གཏན་དེའི་སྦྱོང་བྱེད་ཀྱི་ཏིང་ངེ་འཛིན་དུ་བཤད་པ་བཞིན་འདོད་པ་དང་འགལ་ལོ། །ཡན་ལག་དྲུག་པོ་འདི་དག་ཉམས་སུ་ལེན་པའི་གོ་རིམ་ནི། བསྐྱེད་རིམ་མཐར་ཕྱིན་ནས་དབེན་པ་གསུམ་ནས་བརྩམས་ཏེ། འཛིན་པའི་ཡན་ལག་འོད་གསལ་མངོན་དུ་བྱས་ནས། རྗེས་དྲན་གྱི་ཡན་ལག་ལུགས་བཟློག་གི་སྣང་བ་གསུམ་ལས་སྒྱུ་ལུས་ལྷ་སྐུར་བཞེངས་ཏེ། དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས། སླར་ཡང་ཟུང་འཇུག་གི་སྐུར་བཞེངས་ཞེས་པའི་དོན་ནོ། །གསུམ་པ་བསྙེན་པ་གཉིས་ཀྱིས་ལྷ་བསྐྱེད་པ་ལུང་གིས་བཤད་པ་ལ་གཉིས་ཏེ། སྒྱུ་འཕྲུལ་དྲྭ་བའི་ལུང་གིས་བསྟན་པ་དང༌། རྣམ་སྣང་མངོན་བྱང་གི་ལུང་གིས་བཤད་པའོ། །དང་པོ་ལ། ཚིག་བཞིས་མདོར་བསྟན་པ་ནི། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང༌། །བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱི་སྔགས། །ཞེས་གསུངས་ཏེ། ལྷའི་རྣལ་འབྱོར་རྣམ་པ་གསུམ་སྟེ། རྣལ་འབྱོར་གསུམ་པོ་དེ་ནི་སངས་རྒྱས་ཀྱི་སྔགས་སོ། །གསུམ་གང་ཞེ་ན། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང༌། ཡོངས་སུ་བརྟགས་པའི་རྣལ་འབྱོར་ཏེ་བསྐྱེད་རིམ་པའི་གཉིས་དང༌། རྫོགས་པའི་རྣལ་འབྱོར་ཏེ་རྫོགས་རིམ་པའི་གཅིག་གོ །དེ་ལ་དང་པོ་སྟོན་པ་ནི། བྱིན་བརླབས་ཙམ་གྱིས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས། །ཞེས་ཏེ། ལུས་དབེན་གྱི་རིམ་པས། དམ་པ་རིགས་བརྒྱ་ནས་གསང་ཆེན་རིགས་གཅིག་གི་བར་གྱི་རྡོ་རྗེ་འཆང་གི་བར་དུ་བྱས་ནས། རྡོ་རྗེ་འཆང་ཆེན་པོ་བདག་ཡིན་ནོ་ཞེས་བྱིན་རླབས་ཙམ་གྱིས་ང་རྒྱལ་བསྐྱེད་པ་སྟེ། རྟོག་བསྡུས་སུ། རྡོ་རྗེ་གསུམ་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པ་བྱའོ་ཞེས་པ་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཞེས་བཤད་དོ། །ཞེས་པས་སོ། །འདིར་ལུས་དབེན་མཐར་ཐུག་ལ་བྱིན་གྱིས་བརླབས་པར་ངོས་བཟུང་བར་སྣང་ངོ༌། །གཞན་དག་བྱིན་གྱིས་བརླབ་པའི་རྣལ་འབྱོར། བསྐྱེད་རིམ་པའི་དང་པོའི་སྦྱོར་བར་འཆད་པ་ནི་ནོར་པ་ཁོ་ན་སྟེ། སྤྱོད་བསྡུས་དང་འགལ་བས་སོ། །ཡོངས་སུ་བརྟགས་པའི་རྣལ་འབྱོར་བསྟན་པ་ནི། བྱང་ཆུབ་སེམས་ནི་དག་པ་དང༌། །སྔགས་ཀྱི་ས་བོན་སྐྱེ་བ་ཆེ། །རིམ་གྱིས་གཟུགས་ནི་རྫོགས་པ་དང༌། །ཕྱག་རྒྱ་ཚོགས་ཀྱིས་ཀྱང་བརྟགས་པ། །དེ་ནི་བཏགས་པར་བརྗོད་པ་སྟེ། །བཏགས་པའི་རྣལ་འབྱོར་ཡིན་པར་གསུངས། །ཞེས་པ་སྟེ་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དག་པ་ནི་ཟླ་བ་ལས་བྱང་ཆུབ་པའོ། །སྔགས་ཞེས་པ་ནི་ཡིག་འབྲུ་ལས་བྱང་ཆུབ་པ་བསྟན་ནོ། །ས་བོན་སྐྱེ་བ་ཞེས་པས་ནི་ཕྱག་མཚན་ལས་བྱང་ཆུབ་པར་བསྟན་ནོ། །ཆེ་ཞེས་པས་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་བསྟན་ནོ། །ལྷའི་གཟུགས་མངོན་བྱང་ལྔས་རིམ་གྱིས་རྫོགས་པའི་སྐུ་རྟོག་པས་བཏགས་པའི་ཚུལ་གྱིས་བསྒོམ་པ་ནི་བཏགས?པར་བརྗོད་དོ། །རེག་བྱ་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་ཚོགས་དང་སྙོམས་པར་འཇུག་པ་ལས་ཕྱུང་བའི་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་དག་ཀྱང་བཏགས་པ་ཞེས་བརྗོད་དེ། འདི་དག་ནི་བཏགས་པའི་རྣལ་འབྱོར་རོ། །བུ་སྟོན་སོགས་ཀྱིས་ཕྱག་རྒྱའི་ཚོགས་ཞེས་སོགས་ཕྱག་མཚན་ལས་བྱང་ཆུབ་པ་ལ་བྱེད་པ་ནི་ནོར་པ་ཡིན་ཞིང༌། ཀྱང་ཞེས་པའི་ཚིག་གི་ནུས་པ་ཡང་མ་ཐོན་ནོ། །གསུམ་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་བཤད་པ་ནི། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་བའི་བྱེད་པ་པོ། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་ཏེ། སྒྱུ་ལུས་འོད་གསལ་དུ་བཅུག་པ་ལས་བཞེངས་ནས། སྐད་ཅིག་གིས་རྫོགས་པའི་ཡེ་ཤེས་ཀྱི་སྐུ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུ་སྤྲོ་བ་དང༌། སྡུད་པའི་བྱེད་པ་པོ་ལ་སློབ་པ་ནི། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །འདིས་སྤྲོས་པ་དུ་མ་བྱེད་པ་ནི་གཞུང་གི་སྐབས་དོན་དུ་མི་སྣང་ངོ༌། །གཉིས་པ་ནི། འདིས་ཀྱང་ལྷའི་རྣལ་འབྱོར་སྟོན་ཏེ། གསང་བའི་བདག་པོ་ལྷའི་གཟུགས་ནི་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་མ་དག་པའོ། །དེ་ཡོངས་སུ་དག་པ་ནི། བདེན་གཉིས་དབྱེར་མེད་རྟོགས་པའི་ཟུང་འཇུག་གི་སྐུ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་རྟོག་པས་བཏགས་པའི་མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབས་སུ་བཏགས་པའོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་བྱ་བ་གཉིས་འགྲུབ་པར་གསུངས་ཏེ། དང་པོ་ནི། མཚན་མར་བཅས་པ་མཚན་བཅས་ཀྱི་དངོས་གྲུབ་ཉེ་བར་སྐྱེ་བར་འགྱུར། ཞེས་པའི་དོན། མཚན་མ་དང་བཅས་པ་བསྐྱེད་རིམ་གྱིས་ནི། མཚན་བཅས་ཀྱི་དངོས་གྲུབ་ཕྲིན་ལས་བཞི་དང་གྲུབ་པ་བརྒྱད་ལ་སོགས་པ་ཐོབ་པར་འགྱུར་རོ། །གཉིས་པ་ནི། མཚན་མ་མེད་པ་མཚན་མེད་ཀྱི། །དངོས་གྲུབ་དམ་པ་རྒྱལ་བ་བཞེད། །ཅེས་པའི་དོན། མཚན་མེད་ཡེ་ཤེས་ཀྱི་སྐུ་བསྒོམས་པས། མཚན་མ་མེད་པའི་དངོས་གྲུབ་ཟུང་འཇུག་ཐོབ་པར་བཞེད་དོ། །མཚན་མེད་ཀྱི་རྣལ་འབྱོར་ལ་གདམས་པ་ནི། རྟག་ཏུ་མཚན་མེད་ལ་གནས་པས། །ངེས་པར་མཚན་བཅས་རབ་ཏུ་འགྲུབ། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །མཚན་མ་མེད་པ་བསྟེན་པར་བྱ། །ཞེས་པའོ། །འདིར་བར་དུ་ཚིག་ལྷུག་གི་འགྱུར་མཚན་མ་ཞེས་སོགས་འབྱུང་བ་ནི་མ་དག་གོ །གསུམ་པ་བསྙེན་པ་གཉིས་ཀྱི་གནས་བསྟན་པ་ལ་གཉིས་ཏེ། དང་པོ་དྲང་དོན་དུ་བཤད་པ་ནི། དགོན་པ་ཆེན་པོའི་ས་ཕྱོགས་དང༌། །ཞེས་སོགས་གོ་སླའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། དགོངས་པ་ལུང་སྟོན་ལས། མེ་ལོང་ཞེས་བྱ་དགོན་པ་ཆེ། །མཉམ་ཉིད་ཅེས་བྱ་ས་ཕྱོགས་སོ། །སོ་སོར་རྟོག་པ་སྐྱེ་བོས་དབེན། །རྣམ་དག་རི་བོ་ནགས་འདབ་དང༌། །བྱ་བ་སྒྲུབ་པའི་ཆུ་ངོགས་སུ། །དྲུག་པ་བདེ་མཆོག་ངེས་ཐོབ་འགྱུར། །ཞེས་སོ། །དགོན་པ་ཆེ་ཞེས་པ་ནི་མེ་ལོང་ཡེ་ཤེས་སོ། །ས་ཕྱོགས་ནི་མཉམ་པ་ཉིད་དོ། །སྐྱེ་བོས་དབེན་པ་ནི་སོ་སོར་རྟོག་པའོ། །ནགས་འདབ་རི་བོ་ནི། རྣམ་དག་ཆོས་དབྱིངས་སོ། །ཆུ་ངོགས་ནི་བྱ་སྒྲུབ་ཡེ་ཤེས་སོ། །དྲུག་པ་ནི། ཡེ་ཤེས་ལྔ་དབྱེར་མེད་པའི་རྡོ་རྗེ་འཆང་སྟེ། ཡེ་ཤེས་ལྔས་དེ་ཐོབ་པར་འགྱུར་ཞེས་པའི་དོན་ནོ། །འདིར་བུ་སྟོན་སོགས་ཀྱིས་དོན་མེད་པའི་སྤྲོས་པ་མང་པོ་བྱས་པ་ནི། ཟླ་གྲགས་ལ་ཟུར་ཟ་བའི་བཤད་པའོ། །བཞི་པ་བསྙེན་པ་གཉིས་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་ནི། རྒྱུད་ཕྱི་མ་ལས། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་འགོད་པའོ། །ཞེས་གསུངས་པ་སྟེ། འདི་དྲང་དོན་དུ་བཤད་པས་བསྐྱེད་རིམ་སྟོན་ཚུལ་ནི། འདིར་སྔ་རབས་པ་དག་གི་བཞེད་ཚུལ་ནི་འདས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང༌། དཔའ་བོ་གཅིག་པ་སྒོམ་པའི་དོན་གཉིས་སྟོན་ལ། དང་པོ་ལ་ཡང་གསུམ་སྟེ། དང་པོའི་སྦྱོར་བའི་ཚུལ་ལ་སྦྱར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་སྦྱར་བ་དང༌། ཏིང་ངེ་འཛིན་གསུམ་ཆར་ལ་སྦྱར་བའོ། །དང་པོ་ནི། ཡེ་ཤེས་ཀྱི་ས་ནས། དེ་བཞིན་ཉིད་ལ་བྱང་ཆུབ་པའི་བར་ནི་སྟོང་ཉིད་བྱང་ཆུབ་བོ། །ཟླ་བ་དང་ཡིག་འབྲུ་དང་ཕྱག་མཚན་ལས་བྱང་ཆུབ་པ་ནི་ས་བོན་བསྡུས་པའོ། །ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་ས་བོན་འགོད་པ་ནི་ཡི་གེ་འགོད་པའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་སྦྱར་བ་ནི། ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཐིག་ལེ་སོ་གཉིས་ནི་སྟོང་ཉིད་བྱང་ཆུབ་བོ། །ཡིག་འབྲུ་སོ་གཉིས་ཡོངས་སུ་གྱུར་པ་ལས་ཕྱག་མཚན་སོ་གཉིས་སུ་གྱུར་པ་ནི་ས་བོན་བསྡུས་པའོ། །དེ་ལས་ལྷ་སོ་གཉིས་སུ་གྱུར་པ་ནི་གཟུགས་ཉིད་རྫོགས་པའོ། །བཛྲ་དྷྲིཀ་ལ་སོགས་པའི་མཚན་སྔགས་ཀྱིས་ལྷའི་སྤྲོ་བསྡུ་བྱས་ནས་གནས་སུ་འགོད་པ་ནི་ཡི་གེ་འགོད་པའོ། །ཏིང་ངེ་འཛིན་གསུམ་ཆར་དང་སྦྱར་ན་ཡེ་ཤེས་ཀྱི་ས་ནས་དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་ནི་སྟོང་ཉིད་བྱང་ཆུབ་བོ། །ཟླ་བ་ལས་བྱང་ཆུབ་པ་ནས་རྣལ་འབྱོར་ཆེན་པོའི་བར་ས་བོན་བསྡུས་པའོ། །དཀྱིལ་འཁོར་རྒྱལ་མཆོག་ནི་གཟུགས་ཉིད་རྫོགས་པའོ། །བཟླས་པ་བྱ?ད་པ་ནི་ཡི་གེ་འགོད་པའོ། །ཞེས་འཆད་དོ། །དང་པོ་སྦྱོར་བ་ལ་སྦྱར་ཚུལ་ལ་སྐྱོན་མི་སྣང་ལ། དཀྱིལ་འཁོར་རྒྱལ་མཆོག་ལ་སྦྱར་ཚུལ་ལ་ཐིག་ལེ་སོ་གཅིག་སྟོང་ཉིད་བྱང་ཆུབ་ལ་སྦྱར་བ་དང༌། བཛྲ་དྷྲིཀ་ཞེས་སོགས་ཀྱི་མཚན་སྔགས་ཀྱིས་ལྷའི་སྤྲོ་བསྡུ་བྱེད་པ་ལ། ཡི་གེ་འགོད་པ་གཉིས་ཀ་མི་འཐད་དེ། བྱང་ཆུབ་དང་ཡི་གེ་འགོད་པའི་དོན་མི་སྣང་བའི་ཕྱིར་རོ། །ཏིང་ངེ་འཛིན་གསུམ་ཆར་དང་སྦྱར་བའི་སྐབས་སུ། བཟླས་པ་བྱེད་པ་ལ་ཡི་གེ་འགོད་པའི་དོན་འཆད་པ་ཡང་མི་འཐད་དོ། །དེས་ན་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་ཚུལ་བསྙེན་སྒྲུབ་བཞིའི་སྐབས་སུ་བཤད་ཟིན་པས། འདིར་དཔའ་བོ་གཅིག་པའི་སྒོམ་ཚུལ་ཁོ་ན་སྟོན་ནོ། །དཔའ་བོ་གཅིག་པ་སྒོམ་ཚུལ་ལ་གསུམ་སྟེ། དབང་པོ་རབ་རྣལ་འབྱོར་བཞིས་བསྐྱེད་པ་དང༌། འབྲིང་མངོན་བྱང་ལྔས་བསྐྱེད་པ་དང༌། ཐ་མ་རྡོ་རྗེ་བཞིས་བསྐྱེད་པ་ལས། འདིར་རྡོ་རྗེ་བཞིས་བསྐྱེད་པ་སྟོན་ནོ། །འདི་ལ་ཡང་རྒྱས་བསྡུས་གཉིས་ལས། རྒྱས་པ་ལ་དང་པོའི་སྦྱོར་བ་ལ་སྦྱར་ན། བསྲུང་བ་སྔོན་དུ་འགྲོ་བ་ཅན་གྱི་སྟོང་ཉིད་སྒོམ་པ་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་ནི་དང་པོའོ། །ཟླ་བ་དང༌། ཡི་གེ་དང༌། ཕྱག་མཚན་གསུམ་སྒོམ་པ་ནི་གཉིས་པའོ། །དང་པོའི་མགོན་པོའི་སྐུར་རྫོགས་པ་ནི་གསུམ་པའོ། །ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་སྐབས་སུ་ས་བོན་འགོད་པ་ནི་བཞི་པའོ། །བསྡུས་པ་བསྒོམ་ཚུལ་ནི། ཤུ་ནྱ་ཏའི་སྔགས་ཀྱིས་སྟོང་ཉིད་སྒོམ་པ་ནི་དང་པོའོ། །སྟོང་པའི་ངང་ལས་ཟླ་བ་ལ་གནས་པའི་ས་བོན་ལས་ཕྱག་མཚན་བསྒོམ་པ་ནི་གཉིས་པའོ། །དེ་ལས་རྡོ་རྗེ་འཆང་སྒོམ་པ་ནི་གསུམ་པའོ། །གནས་གསུམ་དུ་འབྲུ་གསུམ་འགོད་པ་ནི་ཡི་གེ་འགོད་པའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། བསྙེན་པར་བྱའོ། །སུ་ཞིག་གིས་ན། བརྟུལ་ཞུགས་བརྟན་པ་སྟེ་བརྩོན་འགྲུས་དང་ལྡན་པའི་རྣལ་འབྱོར་པས་སོ། །ཐབས་གང་གིས་བསྙེན་པར་བྱ་ཞེ་ན། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་འོད་གསལ་དུ་བཅུག་པའི་སྟོང་ཉིད་བཞིའི་རིམ་པ་དག་གིས་སོ། །ཅིའི་དོན་དུ་ན་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་དང༌། བདག་ཉིད་མཉམ་པ་ཉིད་དུ་འགྱུར་བའི་ཕྱིར་དུའོ། །དེ་ལྟར་བཤད་མ་ཐག་པའི་སྟོང་ཉིད་བཞིའི་རིམ་པ་དེ་ཡིས་སྒོམ་ཞིང༌། ངོ་བོ་ཉིད་ཤེས་པས་བསླབས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བསྙེན་པ་དེ་མཐར་ཕྱིན་པའི་དོན་དུ་དེ་དང་མཐུན་པའི་སྤྱོད་པ་ལ་སློབ་པ་ནི། བདེ་བ་དམ་པ་བསྟེན་ཅིང་སྦྱིན་པར་བྱའོ། །གང་ལ་ན། ཐུན་བཞིའི་སྒྲས་གསུངས་པ་སྤྱན་ལ་སོགས་པའི་ལྷ་མོ་བཞིར་བྱིན་གྱིས་བརླབས་པའི་རང་རང་གི་རིགས་ཀྱི་ཕྱག་རྒྱ་གནས་ལྔ་སྟེ་གཟུགས་མཛེས་པ་དང༌། སྒྲ་སྙན་པ་ལ་སོགས་པའི་ཡུལ་མངོན་དུ་གྱུར་པ་རྣམས་ལའོ། །སུ་ཞིག་གིས་ན། བློ་དང་ལྡན་པས་ཏེ་རྣལ་འབྱོར་པས་སོ། །ཐབས་གང་གིས་ན། ཡེ་ཤེས་རྡོ་རྗེ་སྟེ་རང་གི་རྡོ་རྗེའི་རྩེ་མོར་ཡི་གེ་ཨོཾ་བསྒོམ་ཞིང་བྱིན་གྱིས་བརླབས་ནས། འཁྱུད་པ་ལ་སོགས་པའི་རབ་ཏུ་སྦྱོར་བས་ཕྱག་རྒྱ་དེ་མཉེས་པར་བྱས་ནས་སོ། །ལྔ་པ་དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་བསྟན་པ་ལ་གཉིས་ལས། བསྐྱེད་རིམ་པའི་དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་བསྟན་པ་ནི། དུས་ཇི་སྲིད་སྒྲུབ་པར་བྱས་ན་དངོས་གྲུབ་འགྲུབ་པར་འགྱུར་ཞེ་ན། དབང་པོ་རབ་ཀྱིས་ཞག་བདུན་དང༌། འབྲིང་གིས་ཟླ་ཕྱེད་དང༌། ཐ་མས་ཀྱང་ཟླ་བ་གཅིག་གམ་ཕྱེད་དང་གཉིས་ན་འགྲུབ་པར་འགྱུར་རོ། །ཐབས་གང་གིས་ཤེ་ན། རྡོ་རྗེ་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་སྒྲུབ་ཤིང་བསྐྱེད་ནའོ། །གང་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་གྲུབ་པར་འགྱུར་རོ། །གཉིས་པ་རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་ནི། ཇི་སྐད་བཤད་པའི་དངོས་གྲུབ་ཀྱི་དུས་སྒྲུབ་པ་པོ་ཐམས་ཅད་ལ་ངེས་སམ་ཞེ་ན། ལས་དང་པོ་པ་རྣམས་ལ་ཞག་བདུན་ལ་སོགས་པའི་ཞག་གྲངས་ཀྱི་བྱེ་བྲག་རབ་ཏུ་དབྱེ་བ་ང་ཡིས་སྔར་རྒྱས་པར་བསྟན་ཏོ། །ཏིང་ངེ་འཛིན་མཆོག་ལ་གནས་པ་ལ་ནི་ཞག་བདུན་སོགས་ཀྱི་དུས་ཀྱི་ངེས་པ་མེད་དེ། འདིར་ཡང་ཚིག་རྐང་སྔ་མ་གཉིས་སྒྲ་ཇི་བཞིན་པར་སྦྱར་ཞིང༌། ཕྱོགས་ནི་བདེན་པ་གཉིས་སོ། །ནང་གི་དབུས་ཏེ་བདེན་པ་གཉིས་སོ་སོའི་ཕྱོགས་སུ་མ་ལྷུང་བར་གཉིས་སུ་མེད་པའི་རྣམ་པས་གནས་ན། དེའི་ཚེ་རྡོ་རྗེ་འཆང་གི་དངོས་གྲུབ་ཐོབ་པར་གསུངས་སོ། །གང་གིས་གསུངས་ན། གསང་བ་མཆོག་འོད་གསལ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །གཞན་དག་གིས་ནི་སྒྲོན་གསལ་གྱི་དོན་ཇི་ལྟ་བ་བཞིན་མ་ཤེས་སོ། །དྲུག་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། བྱིན་གྱིས་བརླབ་པ་དངོས་དང༌། ཞར་ལ་བྱིན་གྱིས་མ་བརླབས་པའི་ཉེས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། གཙོ་བོ་ལ་གསོལ་བ་གདབ་པ་དང༌། འཁོར་ལ་གསོལ་བ་གདབ་པའོ། །དང་པོ་ནི། དེ་ལ་ཞེས་པ་ཉེ་བར་འགོད་པའི་ཚིག་ཕྲད་དོ། །ཉེ་བར་བསྒྲུབ་པ་ནི། སྒྲུབ་པ་པོའི་ལུས་སྐུ་རྡོ་རྗེའི་སྣོད་དུ་བྱེད་པ་སྟེ། སྐུ་རྡོ་རྗེའོ། །དེ་ཉིད་སྒྲུབ་པོའི་ལུས་ལ་སྡོམ་པ་སྟེ་འཆིང་བའམ་བཅུག་པར་བྱ་བ་ཡིན་པས། སྡོམ་པ་སྟེ་རྣམ་པར་སྣང་མཛད་དོ། །ཡུལ་དེ་ལ་སངས་རྒྱས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་གསོལ་བ་གདབ་བོ། །དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་རྡོ་རྗེའི་ངོ་བོ་འཛིན་པས་ན། སངས་རྒྱས་སྐུ་འཛིན་ཏེ། རྣམ་པར་སྣང་མཛད་དོ། །སྤྱན་མ་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་གསུམ་དང་མི་ཕྱེད་པ་རྡོ་རྗེ་འཆང་གི་སྐུའི་དངོས་སོ། །སྒྲུབ་པ་པོ་བདག་ཉིད་ཀྱི་ལུས་བྱིན་གྱིས་བརླབས་པའི་ཚུལ་གནས་པར་མཛད་དུ་གསོལ། དུས་ནམ་གྱི་ཚེ་ན། དེང་སྟེ་ད་ལྟ་ཉིད་དུའོ། །སུ་ཞིག་གིས་ན། སྐུ་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་ཀྱིས་སོ། །གཉིས་པ་ནི། ཕྱོགས་བཅུར་ཞེས་སོགས་ཚིགས་བཅད་གཅིག་སྟེ། འཁོར་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས་ཞེས་བོས་ནས། ལྷག་མ་རྣམས་སྔ་མ་བཞིན་ནོ། །གསུང་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། གཙོ་བོ་ལ་གསོལ་བ་གདབ་པ་དང༌། འཁོར་ལ་གསོལ་བ་གདབ་པའོ། །དང་པོ་ནི། ཆོས་ཉིད་གསུང་ལམ་ཞེས་སོགས་འདི་ནི། སྒྲུབ་པའི་སྡོམ་པ་འོད་དཔག་མེད་ཡིན་ལ། ཡུལ་དེ་ལ་གསོལ་བ་འདེབས་པའི་ཚིག་ནི། ཆོས་ཉིད་གསུང་ལམ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཉིད་ནི་འོད་དཔག་མེད་དོ། །གོས་དཀར་མོ་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །ཞེས་སོགས་ནི་རྡོ་རྗེ་འཆང་ཆེན་པོའི་གསུང་གི་དངོས་པོའི་ངོ་བོར་སྒྲུབ་པ་པོ་བདག་གི་ངག་བྱིན་གྱིས་བརླབས་པའི་ཚུལ་གྱིས་གནས་པར་མཛད་དུ་གསོལ། དུས་ནམ་གྱི་ཚེ་ན། དེང་སྟེ་ད་ལྟ་ཉིད་དུའོ། །སུ་ཞིག་གིས་ན། གསུང་རྡོ་རྗེ་འོད་དཔག་མེད་ཀྱིས་སོ། །གཉིས་པ་ནི། ཕྱོགས་བཅུ་ཞེས་སོགས་ཚིགས་བཅད་གཅིག་སྟེ་སྔ་མ་བཞིན་ནོ། །ཐུགས་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། གཙོ་བོ་ལ་གསོལ་བ་གདབ་པ་ནི། དེ་ལ་རྡོ་རྗེ་ཐུགས་འཛིན་ཞེས་སོགས་ནི། ཐུགས་རྗེ་ཆེན་པོ་ལ་གནས་ནས་སྒྲུབ་པ་པོ་སེམས་ལ་དབང་ཐོབ་པར་བྱེད་པས་ན་སྒྲུབ་པ་ཆེན་པོའོ། །ལུས་ལ་སྡོམ་པའམ་འཆིང་བར་བྱེད་པ་སྟེ་མི་བསྐྱོད་པའོ། །ཡུལ་དེ་ལ་གསོལ་བ་འདེབས་པའི་ཚིག་ནི། རྡོ་རྗེ་ཐུགས་འཛིན་ཞེས་སོགས་ཏེ། འཁོར་འདས་གཉིས་ལ་མི་གནས་པས་ཐུགས་རྡོ་རྗེའོ། །ཡོན་ཏན་དེ་འཛིན་པར་མཛད་པས་ན་ཐུགས་རྡོ་རྗེ་འཛིན་ཏེ། མི་བསྐྱོད་པའོ། །མཱ་མ་ཀི་དང་ལྡན་པས་ན་དཔལ་ལྡན་ནོ། །མཛད་དུ་གསོལ་ཞེས་དྲང་ངོ༌། །གང་ལ་ན། སྒྲུབ་པ་པོ་བདག་ལའོ། །གང་ཞིག་ན། རྡོ་རྗེ་གསུམ་དང་མི་ཕྱེད་དངོས་ཏེ། རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་དངོས་པོའི་རང་བཞིན་དུ། བདག་གི་སེམས་ཀྱང་བྱིན་གྱིས་བརླབ་པའི་ཚུལ་གྱིས་གནས་པར་མཛོད་ཅིག དུས་ནི། དེང་སྟེ་ད་ལྟ་ཉིད་དུའོ། །སུ་ཞིག་གིས་ན། ཐུགས་རྡོ་རྗེས་སོ། །འཁོར་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྔ་མ་བཞིན་ནོ། །འགྱུར་རྙིང་རྣམས་འཁྲུགས་པས་ཆག་གི་འགྱུར་ལྟར་ལེགས་སོ། །གཉིས་པ་བྱིན་གྱིས་མ་བརླབས་པའི་ཉེས་པ་ནི། སངས་རྒྱས་རྣམ་སྣང་དང༌། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང༌། ཆོས་ཀྱི་སེམས་དཔའ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་རྣམས་ཀྱིས། སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་མན་ངག་མ་ཐོབ་པས། རྨོངས་པའི་བདག་ཉིད་ཅན་དུ་གྱུར་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལས་འདའ་བ་སྟེ། རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་གསུམ་གྱི་སྐུ་གསུང་ཐུགས་ཐ་དད་དུ་རྟོག་ན། ཚལ་བར་འགས་པ་སྟེ། རྒྱུ་བསྐྱེད་པའི་རིམ་པ་མི་འཐོབ་པ་མི་བསྒོམས་པས། འབྲས་བུ་རྫོགས་པའི་རིམ་པ་ལས་རིང་དུ་འགྱུར་བར་གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་དོ། །འདིར། རྫོགས་པའི་རིམ་པ་ལས་རིང་འགྱུར། །ཞེས་ཆག་འགྱུར་ལས་འབྱུང་བའི་དོན་ནི་དེ་ཡིན་ནོ། །ལེའུའི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལ་སོགས་པའོ། །བསྐྱེད་རིམ་གྱི་ཡན་ལག་བཞི་ནི་རྡོ་རྗེའི་སྦྱོར་བའོ། །དེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་ཆོ་ག་འདིས་ཟིན་པས་ན། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང༌། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དང་མཉམ་པར་བྱས་པས་ན་དམ་ཚིག་གོ །དེ་ཉིད་བསྒྲུབ་པར་བྱ་བས་ན་སྒྲུབ་པའོ། །རྫོགས་པའི་ཐོབ་བྱེད་ཡིན་པས་མཆོག་གོ །ངེས་པར་བསྟན་པ་ནི་རབ་ཏུ་བཤད་པའོ། །ལེའུ་བཅུ་གཉིས་པའི་རྣམ་བཤད་དོ།། ༈ །རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས། གཞན་ཐེག་པ་ཆེན་པོ་ལ་འཇུག་པའི་དོན་དུ། ལས་ཚོགས་ལ་བསླབ་དགོས་པས། ལས་ཚོགས་བསྟན་པའི་ཕྱིར་ལེའུ་བཅུ་གསུམ་པ་འཆད་པ་ལ། བསྡུས་པའི་དོན་ནི། ལེའུ་སྟོད་ནས་བཟླས་པའི་ཚོགས་དང༌། བར་ནས་ལས་ཀྱི་ཚོགས་དང༌། ཐ་མ་ནས་ལྷའི་རྣལ་འབྱོར་སྟོན་ནོ། །གཉིས་པ་ཡན་ལག་གི་དོན་ལ་བཞི་སྟེ། མཚམས་སྦྱར་བ་དང༌། སྟོན་པ་ལ་བསྟོད་པ་བསྟན་པ་དང༌། གསོལ་བ་གདབ་པ་དང༌། ལེའུའི་དོན་ལ་རྒྱས་པར་བཤད་པའོ། །དང་པོ་ནི། ལེའུ་བཅུ་གཉིས་པའི་རྗེས་དེ་ནས། གསུངས་སོ། །གང་ན། རྡོ་རྗེའི་དབྱངས་འོག་ནས་འབྱུང་བ་འདིའོ། །སུ་ཞིག་གིས་གསུངས་ཤེ་ན། མི་བསྐྱོད་པ་ལ་སོགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཀུན་དང༌། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བློ་ལྡན་ཏེ་རང་རང་གི་ཕྱག་རྒྱ་དང་ལྡན་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཇི་ལྟ་བུ་ཞེ་ན། མཆོག་གི་ཡེ་ཤེས་གཉིས་སུ་མེད་པའི་དོན་འཛིན་པས་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་ནོ། །བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ཞི་བ་ལ་སོགས་པས་སེམས་ཅན་ཀུན་གྱི་དགོས་པའི་དོན་ཡང་དག་པ་བྱུང་བ་སྟེ། སྒྲུབ་པ་ལ་བརྩོན་པའོ། །ཇི་ལྟར་གསུངས་ན། ཕྱག་འཚལ་ནས། ཕྱི་དང་ནང་གི་མཆོད་པས་མཆོད་དེའོ། །གང་ལ་ཕྱག་འཚལ་ན། ཁྱད་པར་སུམ་ལྡན་གྱི་སྟོན་པ་ཆེན་པོ་རྡོ་རྗེ་འཆང་ཆེན་པོ་ལའོ། །ཁྱད་པར་དང་པོ་ནི། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ལ་བཞུགས་པས་ན་ཐུབ་པའོ། །ཁྱད་པར་གཉིས་པ་ནི། དངོས་གྲུབ་ཐམས་ཅད་སྦྱིན་པའི་ནུས་པ་དང་ལྡན་པས་ན་དོན་ཀུན་རྡོ་རྗེ་ཅན་ནོ། །ཁྱད་པར་གསུམ་པ་ནི། བདེན་གཉིས་མཁྱེན་པས་ན་དམ་ཚིག་མཁྱེན་པའོ། །གཉིས་པ་ལ་གཉིས་ཏེ། བསྙེན་པ་ཡན་ལག་དྲུག་ལ་བསྟོད་པ་དང༌། སྒྲུབ་པ་དབྱེར་མེད་ཟུང་འཇུག་ལ་བསྟོད་པའོ། །དང་པོ་ནི། ཨེ་མ་ཧོ། ཞེས་པ་ངོ་མཚར་བའོ། །སངས་རྒྱས་ནི་ཟུང་འཇུག་གོ །ཚུལ་ནི་དེ་ཐོབ་པའི་ཐབས་སོར་སྡུད་སོགས་ཡན་ལག་དྲུག་གོ །བསྐྱེད་རིམ་གྱི་རྡོ་རྗེ་བཞི་ལས་འདས་པས་ན་བཟང་པོའོ། །རྡོ་རྗེ་བཞི་ལས་མི་འདའ་བ་ཞེས་བཤད་པ་ནི། རྒྱ་དཔེ་དང་ཆག་འགྱུར་གཉིས་དང་མི་མཐུན་ནོ། །གཉིས་པ་ནི། བྱང་ཆུབ་ནི། སྦྱོར་བ་ཡན་ལག་དྲུག་གོ །ཚུལ་ནི། བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བའོ། །དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་གོ །ཨེ་མ་ཧོ་ཞེས་སོགས་ལ་ཆོས་ནི་བདེན་པ་གཉིས་སོ། །ཚུལ་ནི་དེ་གཉིས་གཅིག་ཏུ་གྱུར་པའི་ཟུང་འཇུག་གོ །ཞི་བ་ནི་སྤྲོས་པ་དང་བྲལ་བའོ། །སླར་ཡང་ཨེ་མ་ཧོ་ཞེས་སོགས་བསྟོད་པ་ཉེ་བར་སྡུད་པ་སྟེ། སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཚུལ་ནི་དེ་ཐོབ་པའི་ཐབས་སོ། །བསྟན་པ་ནི་ཉན་ཐོས་ལ་སོགས་པས་མི་ཕྱེད་པའོ། །ཕུང་པོ་ལ་སོགས་པའི་ཆོས་རྣམས་གདོད་མ་ནས་མ་སྐྱེས་པའི་དོན་ནི། ཕུལ་དུ་བྱུང་བས་ན་ཁྱད་པར་ཅན་ནོ། །རྣམ་པར་མི་རྟོག་པ་ནི། ཡིད་ཀྱིས་བཏགས་པ་དང་བྲལ་བ་དང༌། བཏགས་པ་དང་བྲལ་བར་བདེན་པས་ཡང་དག་པའོ། །དེ་ལྟ་བུའི་ཆོས་ལ་ཡན་ལག་དྲུག་གི་སྦྱོར་བའི་ཐབས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་སེམས་དཔའ་འབྱུང་བར་བཅོམ་ལྡན་འདས་ཀྱིས་རབ་ཏུ་གསུངས་པ་ངོ་མཚར་ཆེའོ་ཞེས་པའོ། །གསུམ་པ་གསོལ་བ་འདེབས་པ་བསྟན་པ་ནི། བཤད་དུ་གསོལ་ཞེས་དྲང་ངོ༌། །སུ་ཞིག་གིས་ན། བཅོམ་ལྡན་འདས་ཀྱིས་སོ། །གང་ཞིག་ཞེ་ན། སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །དེ་གང་ཞེ་ན། ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཡིད་དུ་འོང་བའི་སྔགས་རྣམས་གང་དུ་བསྡུ་ཞིང་བསགས་པ། འབྲུ་གསུམ་དང་འཇུག་གནས་ལྡང་གསུམ་དབྱེར་མེད་དུ་ཟློ་བའི་རྡོ་རྗེ་བཟླས་པའོ། །དེ་ཉིད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་ཡེ་ཤེས་ཆེའོ། །རྡོ་རྗེ་བཟླས་པ་དེ་ལས་ཇི་ལྟ་བུ་འཐོབ་ཅེ་ན། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་སྟེ། ཡི་གེ་གསུམ་དང་རླུང་གསུམ་དབྱེར་མི་ཕྱེད་པར་བསྒོམ་པའི་སྒྲུབ་པ་པོ་གང་གིས། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་འཐོབ་པར་འགྱུར་བའོ། །གཞན་ཡང་རྡོ་རྗེ་བཟླས་པ་སྦྱོར་བ་ཡིས། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས་པའོ། །རྡོ་རྗེ་བཟླས་པ་ཇི་ལྟ་བུ་ཞེ་ན། སྦྲུལ་ལ་སོགས་པའི་སྔགས་ཐམས་ཅད་ཀྱི་རིགས་ཏེ་ཚོགས་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ནི། སྐུ་ལ་སོགས་པའི་ངོ་བོ་ཡི་གེ་གསུམ་སྟེ། འདི་ལྟ་བུའི་སྔགས་ཀྱི་བཟླས་པ་ནི་རྡོ་རྗེ་བཟླས་པའོ། །དེ་རིང་གསུངས་ཞེས་པ་ནི། བཀའ་སྩོལ་ཅིག་ཅེས་པའོ། །དགོས་པ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་རྒྱ་མཚོ་སྟེ་རིན་པོ་ཆེའི་གང་ཟག་རྣམས་ཀྱིས་གསན་པ་དང༌། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་སློབ་བཞིན་པ་རྣམས་དང༌། སངས་རྒྱས་ནི་རླུང་ལྔའོ། །དུས་གསུམ་བྱུང་བ་ནི་འཇུག་གནས་ལྡང་གསུམ་གྱི་བདག་ཉིད་དུ་བྱུང་བའི་རྡོ་རྗེའི་སྔགས་ཡི་གེ་གསུམ་པོ་རྣམས་རླུང་དང་དབྱེར་མེད་དུ་རབ་ཏུ་བསྒོམས་པས་མཉམ་མེད་དེ། བདེན་གཉིས་དབྱེར་མེད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའི་ཆེད་དུའོ། །གསུམ་པ་ལེའུའི་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། བཟླས་པའི་ཚོགས་བསྟན་པ་དང༌། ལས་ཀྱི་ཚོགས་བསྟན་པ་དང༌། དེ་དང་འབྲེལ་བའི་རྣལ་འབྱོར་བསྟན་པའོ། །དང་པོ་ལ་ལྔ་སྟེ། རྡོ་རྗེ་འཆང་གི་བཟླས་པ་དང༌། བསྐྱེད་རྫོགས་གཉིས་ཀྱི་མཆོད་པ་དང༌། བཟླས་པའི་དབྱེ་བ་དང༌། འདོད་ཆགས་ཀྱི་དོན་བསྒོམ་པ་དང༌། ཉོན་མོངས་པ་གཉིས་ལས་སྐྱེས་པའི་དོན་བསྒོམ་པའོ། །དང་པོ་ལ་གཉིས་ལས། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། གསོལ་བ་བཏབ་པའི་རྗེས་ཐོགས་དེ་ནས་གསུངས་སོ། །གང་ན། རྡོ་རྗེའི་བཟླས་པ་འདིའོ། །སུ་ཞིག་གིས་ན། སྟོན་པ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་གིས་སོ། །དེ་རྒྱུ་གང་ལས་བྱུང་ཞེ་ན། ནམ་མཁའ་རྡོ་རྗེ་ནི་དོན་དམ་བདེན་པའོ། །ཡེ་ཤེས་ནི་ཀུན་རྫོབ་བདེན་པ་སྟེ། དེ་གཉིས་ལས་བྱུང་བའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན་ཞི་བ་ལ་སོགས་པའི་ལས་བྱེད་པས་ན་བྱེད་པ་དང༌། དབང་དུ་མ་གྱུར་པ་རྣམས་ཀྱི་མངོན་སྤྱོད་ཀྱི་ལས་གཅོད་པས་ན་བསྐྱེད་པ་དང༌། དམ་པ་ནི་ཚངས་པ་ལ་སོགས་པའོ། །མཆོག་ནི་དགྲ་བཅོམ་པ་ལ་སོགས་པའོ། །དེ་ལས་ཀྱང་ཕུལ་དུ་བྱུང་བས་ན་གཙོ་བོའོ། །ཟུང་འཇུག་གི་རྣལ་འབྱོར་པས་རླུང་འཇུག་གནས་ལྡང་གསུམ་ཡི་གེ་གསུམ་གྱི་ངོ་བོ་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་དུ་ཤེས་པས་ཡིད་ཀྱི་བཟླས་པ་བྱའོ་ཞེས་སྟོན་པ་སྟེ། སྦྲུལ་ལ་སོགས་པའི་སྔགས་ཀུན་གྱི་དོན་ནི་ཡི་གེ་གསུམ་མོ། །བཟླས་པ་ནི་འཇུག་གནས་ལྡང་གསུམ་སྟེ། རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན་ཉིད་ཅེས་པ་ནི་རྡོ་རྗེའི་བཟླས་པ་དེ་ཉིད་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་གི་ངོ་བོ་ཉིད་དུ་ཤེས་པར་བྱ་ཞེས་པའི་དོན་ནོ། །རྡོ་རྗེ་འཆང༌། དེ་ཉིད་ཇི་ལྟ་བུ་ཞེ་ན། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་དབྱེ་བས་རབ་ཏུ་ཕྱེ་བའི་མཐར་ཐུག་པའི་ཡེ་ཤེས་ཀྱི་ལོངས་སྐུའོ། །བཀོད་པ་ནི། རྡོ་རྗེ་གསུམ་ཞེས་པ་ནི། རླུང་འཇུག་གནས་ལྡང་གསུམ་གྱི་ངོ་བོར་ཤེས་པའི་རྡོ་རྗེ་བཟླས་པ་བྱའོ། །ཞེས་པའི་དོན་ནོ། །བརྗོད་པར་བྱ་ཞེས་པ་ནི། ཤེས་པར་བྱ་བའི་དོན་ནོ། །ཚུལ་ཇི་ལྟར་དུ་ཤེས་པར་བྱ་ཞེ་ན། ཟུང་འཇུག་གི་སྐུ་དེ་ཉིད་སྐུ་གསུང་ཐུགས་ཀྱི་གནས་སྤྲུལ་པའི་སྐུར་ཡོངས་སུ་བསྒྱུར་བ་ལ་གནས་ནས་སུ། རླུང་འཇུག་གནས་ལྡང་གསུམ་གྱི་སྤྲོ་བ་དང༌། ཡི་གེ་རྣམ་པ་གསུམ་དབྱེར་མེད་དུ་ཤེས་པའི་རྡོ་རྗེ་བཟླས་པ་དག་བྱའོ། །དེ་ལས་འབྲས་བུ་ཅི་འཐོབ་ཅེན། རྡོ་རྗེ་བཟླས་པ་འདི་ཡིས་ནི། རྡོ་རྗེ་གསུམ་གྱི་ཐུགས་ཏེ་ཡེ་ཤེས་ཀྱི་སྐུའི་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །གཉིས་པ་རིམ་པ་གཉིས་ཀྱི་མཆོད་པའི་རིམ་པ་ལ་གཉིས་ཏེ། རྫོགས་རིམ་པའི་མཆོད་པ་དང༌། བསྐྱེད་རིམ་པའི་མཆོད་པའོ། །དང་པོ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་མཆོད་པའི་མཆོག བརྟག་ཅིང་བསྐྱེད་པར་བྱའོ། །གང་གིས་ཤེ་ན། ཡེ་ཤེས་རྡོ་རྗེ་སྟེ། རྫོགས་རིམ་ལ་གནས་པའི་རྣལ་འབྱོར་པས་སོ། །ཚུལ་ཇི་ལྟར་ན། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཅན་གྱི་ཟུང་འཇུག་གི་སྤྲུལ་པའི་སྐུ་བསྒོམས་ནས་སོ། །འདི་ནི་ཟུང་འཇུག་གི་སྐུ་བསྐྱེད་པ་ཉིད་ལ་མཆོད་པར་བྱས་པའོ། །དེ་ཡང་ཅི་འཐོབ་ཅེ་ན། དེ་ལྟར་བྱས་ན་ནི་རྡོ་རྗེ་གསུམ་གྱི་ཐུགས་ཏེ། ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ། །བསམ་གཏན་གྱི་སྤྲུལ་པའི་མཆོད་པ་བསྟན་པ་ནི། བརྟག་པར་བྱའོ། །ཚུལ་ཇི་ལྟར་ན། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ལ་བསམ་གཏན་གྱིས་སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་མཆོད་པའི་མཆོག་གིས་མཆོད་པར་བསམས་ནས་སོ། །སུ་ཞིག་གིས་ཤེ་ན། ཡེ་ཤེས་རྡོ་རྗེ་སྟེ་ཟུང་འཇུག་གི་རྣལ་འབྱོར་པས་རབ་ཏུ་བརྟག་པར་བྱའོ། །འདི་ལས་ཅི་འཐོབ་ཅེ་ན། བསམ་གཏན་གྱིས་སྤྲུལ་པའི་མཆོད་པ་འདིས་ནི། བྱང་ཆུབ་ཀྱི་མཆོག་རྡོ་རྗེ་འཆང་ཐོབ་པར་བྱེད་པའོ། །སྔ་མ་ཟུང་འཇུག་གི་སྐུ་བསྒོམ་པ་ནི། བླ་ན་མེད་པའི་མཆོད་པ་ཡིན་ལ། འདི་ནི་རྫས་ཀྱི་མཆོད་པས་བསྡུས་པས། བླ་ན་ཡོད་པ་ཞེས་བྱའོ། །གཉིས་པ་བསྐྱེད་རིམ་པའི་མཆོད་པ་བསྟན་པ་ལ་གཉིས་ཏེ། ལྷའི་རྣལ་འབྱོར་བསྟན་པ་དང༌། ཐུན་ཐ་མ་ལ་དཀྱིལ་འཁོར་བསྡུ་བའོ། །དང་པོ་ནི། ཡང་ན་ཞེས་པ་ནི། རྣམ་པ་གཞན་སྟོན་པའི་ཚིག་གོ །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྐུ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་རྣམ་པ་གསུམ་གྱིས་ལྷའི་སྐུ་སོ་སོ་སོ་སོའི་ལུས་ཀྱི་དཀྱིལ་འཁོར་ལས་སྤྲོ་བར་བྱ་སྟེ། འདིར་དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ནོ། །དེ་ནས་སྤྲུལ་པའི་དཀྱིལ་འཁོར་ལ་ཞེན་པ་དགག་པའི་དོན་དུ། ལྷ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བདག་མེད་པར་མོས་པ་ཡིད་བྱེད་ཀྱི་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་སེམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས། སྔར་ལྟར་ཡང་དག་པར་སྤྲོ་ཞིང་གསལ་བར་བྱའོ། །གཉིས་པ་ནི། རྡོ་རྗེ་སྟེ་སྔར་བསྟན་པའི་ལྷ་རྣམས་བརྗོད་པ་སྟེ་གནས་ནས་བསྐྱོད་ནས་སྤྲོ་ཞིང༌། སླར་རང་གི་ཕུང་པོ་ལ་སོགས་པའི་ངོ་བོར་བཞག་སྟེ། རྫོགས་པ་སྟེ་བྱ་བའི་མཐར་ཏིང་ངེ་འཛིན་སེམས་དཔའ་ལ་རབ་ཏུ་བསྡུས་ནས་འོད་གསལ་ལ་བཞག་གོ །བཤད་མ་ཐག་པ་འདི་ནི་ཡེ་ཤེས་ཀྱི་སྤྱན་བྱེ་བའི་སངས་རྒྱས་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིས་མཆོད་པའི་ཆོ་ག་ཡིན་ནོ། །གསུམ་པ་བཟླས་པའི་དབྱེ་བ་ལ་ལྔ་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པ་དང༌། རིན་པོ་ཆེ་དང་དོན་ཡོད་ཀྱི་བཟླས་པ་དང༌། ཁྲོ་བོའི་བཟླས་པ་དང༌། གཏི་མུག་སོགས་ཀྱི་བཟླས་པ་དང༌། མ་ནིང་གི་བཟླས་པའོ། །དང་པོ་ལ། སྐུའི་རྡོ་རྗེའི་ནི་རྣམ་པར་སྣང་མཛད་དོ། །དེ་གང་གིས་བྱང་ཆུབ་ཅིང་རྫོགས་པར་བྱེད་པ་དེ་ནི། རླུང་འཇུག་པའི་བདག་ཉིད་ཡི་གེ་ཨོཾ་སངས་རྒྱས་སྐུ་ཞེས་བྱ་བའི་ཐ་སྙད་ཀྱིས་རབ་ཏུ་གསུངས་པ། དེ་ནི་དངོས་པོ་དང༌། དངོས་པོ་མེད་པར་རྣམ་པར་དཔྱོད་པ་ནི་སྐུ་རྡོ་རྗེའི་བཟླས་པར་བཤད་དོ། །གསུང་གི་དམ་ཚིག་ནི་འོད་དཔག་མེད་དོ། །དེ་གང་གིས་བྱང་ཆུབ་ཅིང་རྫོགས་པར་བྱེད་པ་དེ་ནི་རླུང་གནས་པའི་བདག་ཉིད་ཡི་གེ་ཨཱཿའོ། །དེ་ལ་གསུང་གི་རྡོ་རྗེ་ཞེས་གསུངས་སོ། །དེ་ལ་ཀུན་རྫོབ་དུ་རྣ་བས་ཟིན་པའི་སྒྲ་དང༌། དོན་དམ་པར་སྒྲ་དང་སྒྲ་མིན་གང་དུ་ཡང་མ་གྲུབ་པར་རྣམ་པར་དཔྱོད་པ་ནི་གསུང་རྡོ་རྗེའི་བཟླས་པར་བཤད་དོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ། །དེ་གང་གིས་རྫོགས་པར་བྱང་ཆུབ་པ་དེ་ནི་རླུང་ལྡང་བའི་བདག་ཉིད་ཡི་གེ་ཧཱུྃ་སྟེ། དེ་ལ་ཐུགས་ཀྱི་རྡོ་རྗེ་ཞེས་གསུངས་སོ། །གནས་པའི་རྡོ་རྗེ་ནི་ཐུགས་ཀྱི་ངོ་བོ་ཉིད་དོ། །དེ་རང་བཞིན་མེད་པར་རྣམ་པར་དཔྱོད་པ་དེ་ནི་ཐུགས་ཀྱི་བཟླས་པར་བཤད་དོ། །འདིས་ནི་རླུང་འཇུག་གནས་ལྡང་གསུམ་གྱི་བདག་ཉིད་ཡི་གེ་གསུམ་རང་བཞིན་མེད་པར་ཤེས་པ་ལ་སྐུ་གསུང་ཐུགས་ཀྱི་བཟླས་པར་བཤད་དོ། །གཉིས་པ་ནི། རྩ་བའི་རླུང་ལ་རྡོ་རྗེ་བཟླས་པ་བྱེད་པ་ལ་རིན་པོ་ཆེ་དང༌། ཡན་ལག་གི་རླུང་ལ་རྡོ་རྗེའི་བཟླས་པ་བྱེད་པ་ལ་དོན་ཡོད་ཀྱི་བཟླས་པའོ། །དེ་ལ་རིན་པོ་ཆེའི་བཟླས་པ་ནི། ཨོཾ་ལ་སོགས་པ་ཡི་གེ་གསུམ་རླུང་འཇུག་གནས་ལྡང་གསུམ་གྱི་རང་བཞིན་དུ་རྟོགས་ནས་བཟླས་པ་བྱེད་པ་དེ་ནི་དོན་གྱི་རྗེས་རྟོགས་ཀྱི་བཟླས་པ་སྟེ། རླུང་འཇུག་པ་སོགས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་སྒོ་ནས་བཟླས་པ་གང་ཡིན་པའོ། །ངོ་བོ་ཉིད་ནི་མི་ཤིགས་པ་ཡིན་ལ། དེ་ལས་བྱུང་ཞིང་བཟང་པོ་ཡིས་ཏེ། རྒྱུན་མི་ཆད་པར་འཕྲོ་བའི་ཚུལ་གྱིས། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་རང་བཞིན་མེད་པར་རྣམ་པར་དཔྱད་ཅིང་མི་ཤིགས་པའི་ཚུལ་དུ་རྟོགས་པ་དེ་ནི་རིན་ཆེན་བཟླས་པར་བཤད་དོ། །དོན་ཡོད་ཀྱི་བཟླས་པ་ནི། སངས་རྒྱས་ཞིང་སྟེ་སྙིང་ཁའི་པདྨ་ལས་མིག་ལ་སོགས་པའི་སྐྱེ་མཆེད་ཐམས་ཅད་དུ། སྐུའི་སྤྲིན་ཏེ། མཐར་མི་ཤིགས་པར་གཞུག་པ་དང༌། དང་པོར་ཡང་དེ་ལས་བྱུང་བ་རྡོ་རྗེའི་དོན་ཏེ། འཇུག་གནས་ལྡང་གསུམ་གྱི་བདག་ཉིད་སྤྲོ་བ་གང་ཡིན་པ་དེ་ནི་དོན་ཡོད་ཀྱི་བཟླས་པར་བཤད་དོ། །ཁྲོ་བོའི་བཟླས་པ་ནི། གཞན་གྱིས་ཐོས་པར་བཟླས་པ་སྟེ། ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་ཀྱི་དམ་ཚིག་སྟེ། བསྐྲད་པ་ལ་སོགས་པའི་ཆོ་ག་ཤེས་པ་ཡིས། སྦྲུལ་ལ་སོགས་པའི་སྔགས་ཀྱི་ཡི་གེའི་ཚིག་རང་གི་ལྕེའི་རྡོ་རྗེས་སྒྲ་ཐོན་པར་བསྒྲགས་ཤིང༌། རང་གི་ལུས་ཀྱི་དཀྱིལ་འཁོར་དུ་གཞན་གྱིས་ཐོས་པར་བཟླས་པ་དེ་ནི་ཁྲོ་བོའི་བཟླས་པར་བཤད་དོ། །གཏི་མུག་སོགས་ཀྱི་བཟླས་པ་ལ། གཏི་མུག་སྟོང་པར་སྒོམ་པ་ལ། འདོད་པའི་དོན་གཟུགས་སོགས་ཀྱིས་མྱོས་པར་གྱུར་པ་སྟེ་ལྷུར་ལེན་པ། སེམས་ཅན་ཀུན་ལ་ཕན་པར་དགའ་བའི་སེམས་མེད་པར་བདག་ཉིད་གཅིག་པུ་ཐར་པར་འདོད་པའི་གཏི་མུག་ཅན་མཐོང་ན་གཏི་མུག་སྟོང་པ་ཉིད་དུ་བསྒོམས་པས་སེམས་ཅན་དེ་དག་གཏི་མུག་རྣམ་པར་དག་པའི་གནས་འོད་གསལ་ལ་འཇོག་པར་ཡང་ཡང་སེམས་པ་དེ་ནི་གཏི་མུག་གི་བཟླས་པར་བཤད་དོ། །སྐྱེས་པ་དང་བུད་མེད་ཕན་ཚུན་ཆགས་པའི་འདོད་ཆགས་དེ་ཉིད་བརྟན་པས་ན་རྡོ་རྗེ། དེས་ཀུན་ནས་སློང་བ་ལས་བྱུང་བའི་ཚིག་ཡུལ་ཡིད་དུ་འོང་བ་བརྗོད་པ་ལས། ཆགས་པ་སྐྱེ་བའི་སེམས་ཅན་འདོད་ཆགས་ཅན་མཐོང་ན། འདོད་ཆགས་སྟོང་པ་ཉིད་དུ་བསྒོམས་པའི་སྒོ་ནས་འདོད་ཆགས་རྣམ་པར་དག་པའི་གནས་འོད་གསལ་ཏེ། སེམས་ཅན་དེ་དག་དེར་འཇོག་པར་ཡང་ཡང་སེམས་པ། དེ་ནི་འདོད་ཆགས་བཟླས་པར་བཤད་དོ། །ཞེ་སྡང་གི་བཟླས་པ་ལ། ཞེ་སྡང་ནི་སེམས་ཅན་ཁོང་ཁྲོ་བ་སྟེ། དེ་ཉིད་བརྟན་པས་ན་རྡོ་རྗེ། དེ་ལས་བྱུང་བའི་སེམས་སེམས་ཅན་གང་གི་ལུས་ལ་སོགས་པ་ལ་གནས་པར་ཤེས་པ་དེ་ནི་ཞེ་སྡང་ཅན་ཡིན་ལ། དེ་མཐོང་ན་ཞེ་སྡང་སྟོང་པ་ཉིད་དུ་བསྒོམས་ཏེ། སེམས་ཅན་དེ་དག་ཞེ་སྡང་རྣམ་པར་དག་པའི་གནས་འོད་གསལ་ལ་འཇོག་པར་སེམས་པ་དེ་ནི་ཞེ་སྡང་བཟླས་པར་བཤད་དོ། །བཟླས་པའི་དོན་ནི། ཡང་དང་ཡང་དུ་བསྐྱར་བའོ། །ལྔ་པ་མ་ནིང་གི་བཟླས་པ་ནི། དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ངོ༌། །རྡོ་རྗེ་འཆང་དེའི་དེ་ཁོ་ན་ཉིད་ནི་འོད་གསལ་ཏེ། དེ་ལ་དམ་ཚིག་ཅན་ཞེས་བྱ་སྟེ། དམ་ཚིག་རྡོ་རྗེའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོར་གྱུར་པ་དབུ་མ་ཞེས་བརྗོད་དོ། །དེ་ཉིད་ལ་དམ་ཚིག་རྡོ་རྗེ་ཞེས་བྱ་སྟེ། སྒྲུབ་པ་པོ་ཐམས་ཅད་ཀྱིས་བཟླ་བར་བྱ་བ་མ་ནིང་གི་བཟླས་པ་ཞེས་བཤད་དོ། །མ་ནིང་ནི་སྐྱེས་པ་དང་བུད་མེད་གཉིས་ཀའི་ཐ་སྙད་མེད་པ་ལྟར། འོད་གསལ་ལ་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པས་མ་ནིང་ཞེས་བྱའོ། །དེ་ཡང་དང་ཡང་དུ་བསྒོམ་པ་ནི་མ་ནིང་གི་བཟླས་པའོ། །བཞི་པ་འདོད་ཆགས་ཀྱི་དོན་བསྒོམ་པ་ནི། འདི་ནི་འདོད་ཡོན་ལྔ་བསྟེན་པས་གྲོལ་བ་སྟེ། ཐོབ་པར་མཛད་ཅེས་སྦྱར་རོ། །གང་ཞིག་ན་སེམས་ཅན་ཀུན་ལ་ཕན་པར་འདོད་པའི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་འདོད་པའི་ཡོན་ཏན་ལྔ་ཅི་དགར་བསྟེན་པས་ཐོབ་པ་ན། འདོད་ཆགས་ལས་སྐྱེས་བྱང་ཆུབ་བོ། །ཞེས་བརྗོད་དོ། །གང་གིས་ཐོབ་པར་མཛད་ན། རྡོ་རྗེ་བདག་པོ་སྟེ། རྡོ་རྗེ་འཆང་བདག་པོར་མཛད་པའི་སྒྲུབ་པ་པོ་སྐྱེས་པ་དང་བུད་མེད་ཐམས་ཅད་ཀྱིས་སོ། །ཐབས་གང་ལ་བརྟེན་ནས་ཤེ་ན། འདོད་ཆགས་ཀྱི་དེ་ཁོ་ན་ཉིད་འོད་གསལ་གྱི་དོན་ཤེས་ཤིང་བསྒོམས་པ་ལ་བརྟེན་ནས་སོ། །འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི། སྐྱེས་པར་མ་ཟད་བུད་མེད་ཀྱིས་ཀྱང་འགྲུབ་བོ། །ཞེས་སྟོན་པ་ནི། འགྲུབ་པར་འགྱུར་རོ། །གང་ན། འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་རྡོ་རྗེ་འཆང་ངོ༌། །གང་གིས་ན། རིག་མ་ཆེན་མོ་སྟེ་ལེགས་པར་བསླབས་པའི་ཕྱག་རྒྱ། སྤྱན་ལ་སོགས་པ་སྟེ། པདྨ་ཅན་ལ་སོགས་པ་རྟག་ཏུ་གཟུགས་སོགས་འདོད་པའི་ཡོན་ཏན་རྣམ་པར་དག་པའི་དོན་བསྒོམ་པ་ལ་བརྩོན་པ་ལྷུར་ལེན་པ་རྣམས་ཀྱིས་ཀྱང་ངོ༌། །ཐབས་གང་ལས་ཤེ་ན། གཟུགས་སོགས་འདོད་པའི་ལོངས་སྤྱོད་དག་གི་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས། ཇི་ལྟར་འདོད་པ་བསྟེན་ཅིང་བསླབས་ནའོ། །ལྔ་པ་ཉོན་མོངས་པ་གཉིས་ལས་སྐྱེས་པའི་དོན་བསྒོམ་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་ལ། གཏི་མུག་གི་དོན་ནི། གཏི་མུག་དམ་ཚིག་ནི་རྣམ་སྣང་ངོ༌། །དེ་ལས་བྱུང་བ་ནི་དེའི་རིགས་སོ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཏེ། སའི་སྙིང་པོ་ལ་སོགས་པའོ། །མ་ནིང་ནི་རྣམ་སྣང་སྟེ། སྐྱེས་པ་དང་བུད་མེད་ཕྱོགས་སོ་སོར་གཟུང་དུ་མེད་པ་ལྟར། གཟུགས་ཀྱི་ཕུང་པོ་དང་དབྱེར་མེད་པས་སོ། །དེ་དག་གི་གནས་ནི་ཨོཾ་མོ། །དེ་ལས་བྱུང་བ་ནི་དེའི་རིགས་སའི་སྙིང་པོ་ལ་སོགས་པ་བཤད་མ་ཐག་པ་སྟེ། དེའི་ཏིང་ངེ་འཛིན་ལ་གནས་པས། དངོས་གྲུབ་དམ་པ་བྱང་ཆུབ་མཆོག་རྡོ་རྗེ་འཆང་རབ་ཏུ་སྟེར་བར་འགྱུར་རོ། །འདིར་རིག་པའི་རྒྱལ་པོ་གཙུག་ཏོར་སོགས་སུ་བཤད་པ་ནི་མི་འཐད་དེ། འདི་ཨོཾ་ལས་སྐྱེས་པའི་ལྷར་བཤད་དགོས་ལ་གཙུག་ཏོར་ནི་དེ་མིན་པའི་ཕྱིར་དང༌། དྲི་མེད་སྦས་པས་མཛད་པ་དང༌། སྙིམ་པའི་མེ་ཏོག་ལས་ཀྱང༌། རིག་པའི་རྒྱལ་པོ་དང་རྡོ་རྗེ་ཅན་སོ་སོར་མི་ཕྱེ་བར་གཅིག་ཏུ་བཤད་པའི་ཕྱིར་དང༌། གཙུག་ཏོར་ནི་ཧཱུྃ་ལས་སྐྱེས་པའི་ཕྱིར་རོ། །ཨོཾ་ལ་སོགས་པའི་འབྲུ་གསུམ་འཆད་པ་ཡང་ནོར་བ་སྟེ། འགྲེལ་པར་སོགས་སྒྲ་མི་འབྱུང་བའི་ཕྱིར་དང༌། ལྷའི་རྣལ་འབྱོར་སྒོམ་པ་ལས་སྦྱར་གྱི་སྔགས་བཟླ་བ་ལ་བཤད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ནས་བསྒྱུར་བའི་གཞི་རྒྱ་དཔེ་མ་དག་པར་སྣང་ངོ༌། །ཞེ་སྡང་གི་དོན་ནི། ཞེ་སྡང་གི་གནས་ཡི་གེ་ཧཱུྃ་ལས་སྐྱེས་པ་རྟག་ཏུ་གདུག་པ་གསོད་པ་ལ་བརྩོན་པའི་ལས་ཅན། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུའི་ཏིང་ངེ་འཛིན་ལ་གནས་ནས་སྒྲུབ་པ་མཆོག་གི་ཆོས་ཅན་ཏེ། བརྩོན་འགྲུས་ཅན་གྱི་སྒྲུབ་པ་པོ་ལ་གསོད་པའི་དོན་གྱི་སྟེ། མངོན་སྤྱོད་ཀྱི་ལས་གྲུབ་པར་འགྱུར་རོ། །ངེས་དོན་དུ་བཤད་པ་ལ། གཏི་མུག་གི་དོན་ངེས་དོན་དུ་འཆད་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་རབ་ཏུ་སྟེར་བར་འགྱུར་རོ། །ཐབས་གང་གིས་ཤེ་ན། གཏི་མུག་དམ་ཚིག་སྟེ། སྣང་གསུམ་ལུགས་བཟློག་ལས་བྱུང་བའི་མ་རིག་པ་ལས་བྱུང་བའི་ཕུང་པོ་དེ་ཉིད་རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཏེ། སྐྱེས་པ་སྣང་བ་དང༌། བུད་མེད་མཆེད་པ་དང༌། མ་ནིང་མ་རིག་པ་ཡིན་ལ། དེའི་གནས་འོད་གསལ་ལ་བཅུག་པས་འགྲུབ་པར་འགྱུར་རོ། །ཞེ་སྡང་གི་ངེས་དོན་བཤད་པ་ནི། འགྲུབ་པར་འགྱུར་རོ། །གང་གིས་འགྲུབ་པར་འགྱུར་ཅེ་ན། མཆོག་གི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པ་ཅན་གྱི་རིན་པོ་ཆེའི་གང་ཟག་རྣམས་ཀྱིས་སོ། །དེ་ཇི་ལྟ་བུ་ཞེ་ན། ཁྲོ་བོ་ཐབས་ཀྱི་ཡེ་ཤེས་དང༌། ཞེ་སྡང་གི་གནས་སྣང་བའི་ཡེ་ཤེས་གཉིས་ལས་སྐྱེས་པའི་སྒྱུ་ལུས་ཀྱི་སྐུ་རྟག་ཏུ་གསོད་པ་སྟེ། འོད་གསལ་ལ་བཅུག་པ་ལ་བརྩོན་པ་རྣམས་སོ། །ཐབས་གང་གིས་ཤེ་ན། གསོད་པ་སྟེ་ཕུང་པོ་འོད་གསལ་དུ་བཅུག་ན་སྟེ། དོན་བདེན་པ་དབྱེར་མེད་ཀྱི་ཐབས་ཀྱིས་སྒྲུབ་བོ། །གང་ན། རྡོ་རྗེ་འཆང་ངོ༌། །སྐྱེས་བུ་ཆེན་པོའི་དམ་ཚིག་རྡོ་རྗེ་འཆང་གིས་ཞེས་སྦྱར་རོ། །གཉིས་པ་ལས་ཀྱི་ཚོགས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་པའི་ལས་ཚོགས་མདོར་བསྟན་པ་དང༌། རྫོགས་རིམ་པའི་ལས་ཚོགས་མདོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། རིགས་ལྔ་སོ་སོའི་ལས་སྒྲུབ་ཚུལ་དང༌། དེ་དག་གི་ཆོ་གའི་ལྷག་མ་བསྟན་པ་དང༌། ལས་དང་འབྲེལ་བའི་ལྷའི་རྣལ་འབྱོར་བསྟན་པའོ། །དང་པོ་ནི། ཞི་བའི་ལས་སྒྲུབ་པར་འདོད་ན། རྣམ་སྣང་གི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་ཡེ་ཤེས་འཁོར་ལོ་ཅན་ཏེ་ཡེ་ཤེས་སེམས་དཔའ་འོ། །དེའི་སྙིང་ཁའི་དབུས་སུ་རྣམ་སྣང་གི་མཚན་མ་འཁོར་ལོ་བསྒོམ་མོ། །ཇི་ལྟར་ཞེ་ན། གསལ་བའི་དཀྱིལ་འཁོར་ཏེ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་མོ། །འཁོར་ལོའི་དབུས་སུ་འཁོར་ལོའི་དོན་ཏེ་བསྒྲུབ་བྱ་བཀུག་ནས་དེར་བཞག་པར་བསྒོམས་ཏེ་ཞི་བའི་ལས་བྱའོ། །མངོན་སྤྱོད་ཀྱི་ལས་བསྒྲུབ་པར་འདོད་ན། མི་བསྐྱོད་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་རྡོ་རྗེ་ཡེ་ཤེས་ཅན། ཡེ་ཤེས་སེམས་དཔའི་སྙིང་ཁའི་དབུས་སུ་མི་བསྐྱོད་པའི་རྡོ་རྗེ་བསྒོམ་མོ། །ཇི་ལྟར་ཞེ་ན། རྡོ་རྗེའི་དཀྱིལ་འཁོར་ཏེ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་རོ། །རྡོ་རྗེ་དེ་ལ་སྔགས་ཡི་གེ་ཧཱུྃ་བསམ་ཞིང༌། དོན་བསྒྲུབ་བྱ་བསྒོམས་ལ་མངོན་སྤྱོད་ཀྱི་ལས་བྱའོ། །རྒྱས་པའི་ལས་བསྒྲུབ་པར་འདོད་ན། རིན་འབྱུང་གི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་རིན་ཆེན་ཡེ་ཤེས་ཏེ། ཡེ་ཤེས་སེམས་དཔའི་སྙིང་ཁར་རིན་འབྱུང་གི་མཚན་མ་རིན་པོ་ཆེ་བསྒོམ་མོ། །ཇི་ལྟར་ཞེ་ན། རིན་པོ་ཆེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་རོ། །རིན་པོ་ཆེ་དེ་ལ་སྔགས་ཡི་གེ་སོགས་བསྒོམས་ལ། དེ་ནས་དོན་བསྒྲུབ་བྱ་བསྒོམས་ལ་རྒྱས་པའི་ལས་བྱའོ། །དབང་གི་ལས་བསྒྲུབ་པར་འདོད་ན། འོད་དཔག་མེད་ཀྱི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་ཡེ་ཤེས་པདྨོ་ཅན་ཏེ། ཡེ་ཤེས་སེམས་དཔའི་སྙིང་ཁར་ཆོས་ཀྱི་འཁོར་ལོ་སྟེ་པདྨའི་དབུས་སུ་གནས་པའི་པདྨ་བསམས་ལ། དེ་ལ་པདྨོའི་སྔགས་ཡི་གེ་ཨ་དང༌། པདྨོའི་སྔགས་དོན་བསྒྲུབ་བྱ་བསྒོམས་ལ་དབང་གི་ལས་བྱའོ། །ཕྲིན་ལས་སྣ་ཚོགས་བསྒྲུབ་པར་འདོད་ན། དོན་ཡོད་གྲུབ་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་རལ་གྲི་ཡེ་ཤེས་ཅན་ཏེ། ཡེ་ཤེས་སེམས་དཔའི་སྙིང་ཁའི་དབུས་སུ་དོན་གྲུབ་ཀྱི་མཚན་མ་རལ་གྲི་བསྒོམ་མོ། །ཇི་ལྟར་ཞེ་ན། དམ་ཚིག་གི་དཀྱིལ་འཁོར་ཏེ་སྣ་ཚོགས་རྡོ་རྗེའི་དབུས་སུ་གནས་པར་རོ། །རལ་གྲིའི་སྔགས་ནི་ཡི་གེ་ཧའོ། །དོན་ནི་བསྒྲུབ་བྱ་སྟེ་དེ་བསྒོམས་ལ་ལས་བྱའོ། །གཉིས་པ་ཆོ་གའི་ལྷག་མ་བསྟན་པ་ནི། འཁོར་ལོའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་ལྔ་པོ་ཀུན་གྱི་ངོས་རྣམ་པ་བཞི་རྣམས་སུ་རྣམ་སྣང་ལ་སོགས་པའི་སངས་རྒྱས་རྣམས་གོ་རིམ་བཞིན་དུ་འགོད་པར་བྱ། ལས་དང་རྗེས་སུ་མཐུན་པའི་དཀར་པོ་ལ་སོགས་པ་འོད་ཟེར་ལྔའི་བྱེ་བྲག་གིས། ལྷ་ཐམས་ཅད་གཙོ་བོའི་ཁ་དོག་དང་མཐུན་པར་སྤྲོ་བར་བྱས་ནས་ལས་བྱའོ། །དེ་ལ་ཞི་བའི་ལས་ལ་རྣམ་སྣང་གིས་གཙོ་བྱས་ལྷ་ཐམས་ཅད་དཀར་པོ་བྱ། རྒྱས་པའི་ལས་ལ་རིན་འབྱུང་གིས་གཙོ་བྱས་ལྷ་ཐམས་ཅད་སེར་པོར་བྱ་བ་སོགས་ཅི་རིགས་པར་ཤེས་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། བྱང་ཆུབ་སྟེ་མངོན་པར་འདོད་པའི་འབྲས་བུར་འགྱུར་རོ། །གསུམ་པ་ལས་དང་འབྲེལ་བའི་ལྷའི་རྣལ་འབྱོར་བསྟན་པ་ལ། མདོར་བསྟན་པ་ནི། རིམ་པ་གཉིས་ཀྱི་སྒྲུབ་པ་པོ་ཐམས་ཅད་ཀྱི་སྔགས་རྣམས་ཏེ། ལྷའི་སྐུ་སྤྲོ་བ་ནི་བསྐྱེད་རྫོགས་ཀྱི་བྱེ་བྲག་གི་སྒོ་ནས་རྣམ་པ་གཉིས་སུ་བསྒྲགས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། སྐུ་གསུམ་སྟེ་སྐུ་རྡོ་རྗེ་ལ་སོགས་པའི་བྱེ་བྲག་གིས་ལྷ་སྤྲོ་བ་དང་བསྡུ་བར་བྱ་བའི་ཆོ་ག་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་བསྟན་པ་ནི། སྒྲུབ་པ་པོའི་ལུས་ནི། སྐུ་རྡོ་རྗེ་རྣམ་སྣང་གི་ངོ་བོ་ཉིད་ཀྱིས་ལྷའི་སྤྲོ་བསྡུ་བྱའོ། །སྒྲུབ་པ་པོའི་སེམས་ནི། ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་དང༌། ངག་ནི་གསུང་གི་རང་བཞིན་འོད་དཔག་མེད་ཀྱི་ངོ་བོ་ཉིད་ཀྱིས་སྤྲོ་བསྡུའི་ཚུལ་གྱིས་མཆོད་ན་མཆོད་པའི་གནས་འདོད་པའི་དོན་འགྲུབ་པར་འགྱུར་རོ། །རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་དང་པོའི་སྦྱོར་བ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་སྟེ་བསྡུས་པ་ཡིས་རྡོ་རྗེ་ལྔ་སྟེ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། བདག་དམ་ཚིག་སེམས་དཔའི་སྙིང་ཁའི་དབུས་སུ། བདག་པོ་སྟེ་ཡེ་ཤེས་སེམས་དཔའ་རང་གི་གཟུགས་བསམ་ནས། དེའི་སྙིང་ཁར་ཡང་རང་སྔགས་རྡོ་རྗེ་སྟེ་ཏིང་ངེ་འཛིན་སེམས་དཔའི་གཟུགས་བསམ་པར་བྱའོ། །འདིས་སེམས་དཔའ་སུམ་རྩེག་ཡན་བསྟན་པས། རྡོ་རྗེ་བཞིས་གཙོ་བོའི་སྐུ་བསྐྱེད་པ་དང་པོའི་སྦྱོར་བ་བསྟན་ནོ། །བསྐྱེད་རིམ་པའི་ལས་ཚོགས་ཀྱི་མདོར་བསྟན་བསྟན་ཟིན་ཏོ། །རྫོགས་རིམ་པའི་ལས་ཚོགས་མདོར་བསྟན་པ་ནི། རྟེན་ཟུང་འཇུག་པས་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་ཆུ་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཞི་པོ་དག དཀར་པོ་ལ་སོགས་པའི་ཁ་དོག་རྣམ་པ་བཞིར་ཀུན་ཏུ་བརྟག་ཅིང་བསམས་ལ། སྙིང་ཁར་ཏེ་ཆུ་རླུང་ལ་སོགས་པའི་དཀྱིལ་འཁོར་དེ་རྣམས་སྟེང་གི་སྣ་སྒོ་ནས་རྒྱུ་བའི་ཚེ་ཨོཾ་ལ་སོགས་པའི་སྔགས་ཀྱི་དོན་འཇུག་གནས་ལྡང་གསུམ་གྱི་ཚུལ་དུ་བསྒོམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་རྣམ་པ་བཞི་ནི། རླུང་བཞིའི་དཀྱིལ་འཁོར་ཏེ་དེ་དག་གི་ཞི་བ་ལ་སོགས་པའི་ལས་བསམ་གཏན་རྡོ་རྗེ་ཅན་རྣལ་འབྱོར་པ་རྣམས་ལ་རྫོགས་པར་བྱེད་པར་འགྱུར་རོ། །ཆོ་ག་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་རྫོགས་རིམ་ལ་གནས་པ་ཐམས་ཅད་ཀྱི་མཆོག་ཏུ་བརྟག་པ། དེ་བཞིན་གཤེགས་པ་ལས་འོངས་པའི་མན་ངག་གོ །ལས་དང་པོ་པ་དང་ཐུན་མོང་མིན་པས་གསང་ཆེན་ནོ། །རླུང་བཞི་པོ་ལས་ཀྱི་བྱེ་བྲག་གིས་ཇི་ལྟར་བསྒོམ་ཞེ་ན། སྤྱན་གྱི་ཚུལ་ཏེ། ཆུ་རླུང་དཀར་པོ་དགུ་བརྒྱ་ཕྲག་གཅིག་རྒྱུ་བའི་དུས་སུ། རིམས་ལ་སོགས་པ་ཞི་བའི་ལས་བྱའོ། །རྒྱས་པའི་ལས་ལ་རྣམ་པར་སྣང་མཛད་གནས་ཞེས་སྦྱར་ཏེ། གསེར་བཙོ་མ་ལྟར་མཛེས་ཤིང་འབར་བས་ན་རྣམ་པར་སྣང་མཛད་དེ་རིན་ཆེན་འབྱུང་ལྡན་ནོ། །དེའི་གནས་ནི་ས་རླུང་སེར་པོ་རྒྱུ་བའི་གནས་ཏེ། དེའི་ཚེ་དང་ནོར་ལ་སོགས་པ་རྒྱས་པའི་ལས་བྱའོ། །དབང་རྡོ་རྗེ་པདྨོ་ཅན་ཞེས་རྒྱུད་ཀྱི་ཚིག་གོང་སྦྱར་ཏེ། རྡོ་རྗེ་པདྨོ་ཅན་ནི་མེའི་རླུང་ཁ་དོག་དམར་པོ་གཡས་ནས་རྒྱུ་བ་སྟེ། དེའི་ཚེ་དབང་གི་ལས་བྱའོ། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ་ཞེས་པ་རྡོ་རྗེ་ཁྲོ་བོ་ནི། རླུང་གི་རླུང་འོད་ཟེར་ལྗང་སེར་ཅན་གཡོན་པ་ནས་རྒྱུ་བ་སྟེ་དེའི་ཚེ་མངོན་སྤྱོད་ཀྱི་ལས་བྱའོ། །རིམ་ལྔ་ནས་རླུང་གི་རླུང་ཁ་དོག་ལྗང་སེར་དུ་བཤད་པས། འགྲེལ་པའི་འདི་འགྱུར་ནོར་རོ། །བཤད་མ་ཐག་པའི་དཀྱིལ་འཁོར་བཞི་པོའི་རྡོར་བཟླས་རྡོ་རྗེ་ཐམས་ཅད་ཀྱི་སྟེ། སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་ཆེན་སྐུ་གསུམ་ལས་བྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོས་སྤྲུལ་པ་སྟེ་བསྟན་ནོ། །སྔགས་ཏེ་ལྷ་རྣམས་ཀུན་དང་འབྲེལ་བའི་བྱ་བ་རོལ་མོ་སྟེ་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སོ། །དེས་མཚན་པའི་རྡོ་རྗེས་བཟླས་པ་ནི་གསང་བའོ། །གཉིས་པ་ལས་ཚོགས་རྒྱས་པར་བཤད་པ་ལ་བདུན་ཏེ། དྲག་པོའི་ལས་དང༌། ཞི་བའི་ལས་དང༌། བསྲུང་བའི་འཁོར་ལོ་དང༌། སྔགས་ཀྱིས་ཞི་བའི་ལས་དང༌། ལས་གཉིས་ཚིག་གཅིག་གིས་བསྟན་པ་དང༌། གཟི་བརྗིད་བསྐྱེད་པ་དང༌། མངོན་སྤྱོད་ཀྱི་ཆོ་གའི་ལྷག་མ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གསད་པའི་ཆོ་ག་དང༌། མནན་པའི་ཆོ་གའོ། །གསད་པའི་ཆོ་ག་ལ་གཉིས་ཏེ། གསད་པའི་སྦྱོར་བ་དང༌། གསད་པའི་ཆོ་ག་དངོས་སོ། །དང་པོ་ལ་གསད་པའི་ཡུལ་བསྟན་པ་ནི། དཀོན་མཆོག་གསུམ་ལ་མ་དད་པའི་ཚིག་སྨྲ་བའི་སེམས་ཅན་ལོག་ལྟ་ཅན་དང༌། སློབ་དཔོན་ཏེ་བླ་མ་དང་རྡོ་རྗེ་ཅན་ཏེ་བཙུན་མོ་སྟེ་དེ་དང་བཅས་པ་ལ་སྨོད་པ་དང༌། མཚམས་མེད་སོགས་བྱེད་པའི་གདུག་པའི་སེམས་ཅན་གཞན་རྣམས་ལའང་སོད་ཅིག་ཅེས་སོགས་རབ་ཏུ་བསྐུལ་བའི་ཆོ་ག་འོག་ནས་འབྱུང་བ་འདི་བྱའོ། །ཡེ་ཤེས་ཆེན་པོ་འཁོར་ལོ་རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ་དེས་ཞེས་སྦྱར་རོ། །གསད་པའི་ཆོ་ག་དངོས་ལ་གཉིས་ཏེ། བསྐྱེད་རིམ་པའི་གསད་པའི་ཆོ་ག་དང༌། རྫོགས་རིམ་པའི་གསད་པའི་ཆོ་གའོ། །དང་པོ་ལ། ཐུན་མོང་གི་ཁ་སྦྱར་བའི་དབྱེ་བའི་ཆོ་ག་དང༌། ཆོ་ག་དངོས་སོ་སོར་བསྟན་པའོ། །དང་པོ་ནི། འདོད་པ་ལ་སོགས་པ་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་རྣམ་པར་བསྒོམས་ལ། དེ་ཐམས་ཅད་དགྲ་བོ་སྟེ་བསྒྲུབ་བྱ་གསད་པར་བསམས་ནས། དེ་ནས་བསྒྲུབ་བྱའི་ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ན་འདིས་སེམས་ཅན་གསད་དོ་ཞེས་པའི་ཉེས་པ་བསྒྲགས། དེའི་ལུས་དང་ཁ་སྦྱར་བའི་ལྷ་རྣམས་ཕྱེ་ལ་ལྷ་རྣམས་རང་གི་ལུས་ལ་བཅུག་ནས། འོག་ནས་འབྱུང་བའི་ལས་རྣམས་བརྩམ་པར་བྱའོ། །རྒྱུད་ཕྱི་མར།               རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*