དཔལ་གསང་བ་འདུས་པའི་རྣམ་བཤད། ཇ༽

བསྒྲུབ་བྱའི་ལུས་ངག་གང་ཡིན་པའང༌། །དཀྱིལ་འཁོར་རྣམ་པར་བསྒོམས་ནས་སུ། །དེའི་ཉེས་པ་བསྒྲག་པར་བྱ། །དེ་ནས་དེ་རྣམས་དེས་བཅོམ་ནས། །འཐོན་པར་གྱུར་པར་རྣམ་པར་བསྒོམ། །དངོས་པོ་ཀུན་གྱིས་དྲངས་ནས་ནི། །དེ་རྣམས་རང་གི་འཁོར་ལོ་གཞུག །ཅེས་སོ། །གཞན་དག་གིས་ཁ་སྦྱར་གྱི་དབྱེ་བ་ཞེས་པའི་དོན་ཁོང་དུ་མ་ཆུད་དོ། །གཉིས་པ་ཆོ་ག་དངོས་སོ་སོར་བསྟན་པ་ལ་ལྔ་སྟེ། མི་བསྐྱོད་པའི་གསད་པའི་ཆོ་ག་དང༌། རྣམ་སྣང་ལ་སོགས་པའི་དང༌། འཁོར་གྱི་ཁྲོ་བོ་རྣམས་ཀྱི་དང༌། ལྷ་ཐམས་ཅད་ཀྱིས་གསད་པའི་ཆོ་ག་དང༌། བཀའི་འཁོར་ལོའི་དགོས་པ་གཞན་བསྟན་པའོ། །དང་པོ་ནི། ལེའུ་དགུ་པར་བསྟན་པ་ལྟར། ཁྱད་པར་བརྒྱད་དང་ལྡན་པའི་སྒོ་ནས་བྱ་སྟེ། ཆོ་གའི་ཁྱད་པར་ནི། བསྲུང་བའི་འཁོར་ལོ་ནས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་དེ་བཞིན་ཉིད་ལས་བྱང་ཆུབ་པའི་མཐར་ཐུག་པ་བྱས་ནས། རང་གི་སེམས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་སྟེང་དུ་ཧཱུྃ་རིང་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་བཞི་པ། མཆེ་བ་གཙིགས་པ། ཨིནྡྲ་ནཱི་ལའི་ཁ་དོག་ཅན། ཕྱག་དྲུག་པ། ཁྲོ་བོའི་རྣམ་པ་ཀུན་གྱི་མཆོག་གི་ཁྱད་པར་དང་ལྡན་པ་གཡོན་བརྐྱང་ཡུམ་དང་བཅས་པ་དཀྱིལ་འཁོར་གྱི་དབུས་སུ་བསམ་མོ། །འགའ་ཞིག་གསང་འདུས་ཀྱི་ལྷ་ཐམས་ཅད་ཞལ་གསུམ་ཡིན་པས། ཞལ་བཞི་པར་བཤད་པ་ཡི་གེ་ནོར་རོ་ཞེས་ཟེར་བ་ནི་མི་འཐད་དེ། འདི་ནི། སྒོས་ཀྱི་ཆོ་གའི་ཁྱད་པར་ཡིན་ཏེ། ཁྲོ་བོ་རྣམས་སྤྱིར་གཡས་བརྐྱང་ཡིན་ཡང༌། འདིར་གཡོན་བརྐྱང་གིས་བཞུགས་པར་བཤད་པ་བཞིན། འདི་ནི་དང་པོའི་སྦྱོར་བའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། དེ་ནས་དུས་གསུམ་དམ་ཚིག་སྟེ། བཤད་མ་ཐག་པའི་རྡོ་རྗེ་འཆང་ཆེན་པོའོ། །རང་རིགས་ཀྱི་ཡུམ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་འཁོར་ལོ་སྟེ། ལྷ་སུམ་ཅུ་སོ་གཉིས་བསྒོམས་ལ། ཕྱིར་ཕྱུང་བའི་དུས་སུ། སངས་རྒྱས་འཁོར་ལོ་སྟོབས་པོ་ཆེ་སྟེ། ལྷ་ཕོའི་ཚོགས་རྣམས་ལག་པ་གཡས་པར་འདི་བྱའོ། །ཞེས་ཏེ། རྡོ་རྗེ་སེམས་དཔའི་གཡས་ཕྱོགས་སུ་འགོད་ཅིང༌། དོན་གྱི་ཤུགས་ཀྱིས་ལྷ་མོའི་ཚོགས་རྣམས་གཡོན་ཕྱོགས་སུ་འགོད་ཅེས་པ་མན་ངག་གོ །དཀྱིལ་འཁོར་རྒྱལ་མཆོག་གོ །དང་པོར་སྦྱོར་བའི་ཆོ་གའི་ཁྱད་པར་སྟོན་པ་ནི། རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པའི་རྗེས་དེ་ནས། གཙོ་བོའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་སངས་རྒྱས་སྐུའི་བྱེ་བྲག་སྟེ། རྣམ་སྣང་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་རང་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཇི་ལྟ་བ་བཞིན་དུ་གཅིག་ཏུ་བསྡུས་ཏེ། རང་གི་ལུས་ལ་དེ་དག་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཚུལ་གྱིས་གཞུག་པར་བྱའོ། །དོན་ནི། ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མ་རུང་པ་འདུལ་བའི་ཐུགས་ཀྱི་ནུས་པ་བཀུག་སྟེ་བདག་ལ་བཅུག་པའོ། །དཀྱིལ་འཁོར་རྒྱལ་མཆོག་གི་ཁྱད་པར་ནི། དེའི་འོག་ཏུ་སངས་རྒྱས་ཡེ་ཤེས་འཁོར་ལོ་ཅན་ཏེ། རང་གི་ལུས་ལ་བཅུག་པའི་ཡེ་ཤེས་ཏེ་སྐུ་རྣམས། ཡུམ་གྱི་མངལ་དུ་འོག་ནས་འབྱུང་བའི་ཁྲོ་བོའི་རྣམ་པར་བསྐྱེད་ནས་སླར་ཡང་ཕྱི་རོལ་ཏུ་རབ་ཏུ་སྤྲོ་བར་བྱ། ཇི་ལྟར་ན། ཁྲོས་པ་ནི་ཡིད་དོ། །འཁྲུགས་པ་ནི་ལུས་ཀྱིས་སོ། །ཚུལ་དེ་ལྟ་བུའི་ཁྲོ་བོའི་རྣམ་པར་བསམས་ཏེ་སྤྲོ་བར་བྱའོ། །མི་སྡུག་པ་ནི་སྨིན་མ་འཁྱོགས་པ་སོགས་དང༌། རབ་ཏུ་གསལ་བ་ནི་སྐུ་ཆེ་བའོ། །འཇིགས་སུ་རུང་བ་ནི་སྦྲུལ་ལ་སོགས་པས་བརྒྱན་པའོ། །དགྲ་སྟྭ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་མཆོག་ཏུ་འཛིན་པ་དང༌། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་གདུག་པ་ཆེན་པོ་གསོད་པར་བྱེད་པས་ན། གསོད་པའི་དོན་གྱི་མཆོག་ཏུ་སེམས་པའོ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་རང་ཉིད་ཀྱང་མ་རུངས་པ་རྣམས་ལ་འཚེ་བར་བྱེད་ན། གཞན་རྣམས་ལ་ལྟ་ཅི་སྨོས། འདི་ཡང་སྒྱུ་མ་ལྟ་བུའི་ཚུལ་དུ་འཚེ་བར་བྱེད་ཀྱི་དངོས་སུ་ནི་མ་ཡིན་ནོ། །སྒྱུ་མ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་མི་འགྲུབ་བོ་སྙམ་ན། ཐེ་ཚོམ་བཟློག་པ་ནི་སངས་རྒྱས་དངོས་གྲུབ་སྟེ་མངོན་པར་འདོད་པའི་དོན་སྟེར་བར་འགྱུར་རོ། །གང་ལ་ན། སྒྲུབ་པ་པོ་ལའོ། །སུ་ཞིག་གིས་ན་སངས་རྒྱས་ཏེ་རྡོ་རྗེ་འཆང་ཆོས་ཀྱི་སྐུ་ལ་སོགས་པ་སྐུ་གསུམ་མཆོག་བསྩོལ་བར་མཛད་པས་སོ། །གང་དུ་ན། རྡོ་རྗེ་གསུམ་ནི་སེམས་ཅན་རྣམས་ཡིན་ལ། དེའི་དཀྱིལ་འཁོར་གྱི་གནས་ཁམས་གསུམ་དུའོ། །ཐབས་གང་གིས་ན། གོང་དུ་བསྟན་པའི་ཆོ་ག་འདི་ཉིན་ཞག་བདུན་གྱི་བར་དུ་བྱས་ནའོ། །ཆོ་ག་རང་སྟོབས་ཀྱིས་མ་ཤེས་པར་གཞན་གྱི་ཁ་ལ་རག་ལས་པའི་རྨོངས་པའི་བདག་ཉིད་སྒྲུབ་པ་པོས་ཇི་སྐད་བཤད་པའི་ཆོ་ག་བྱས་ན། འདི་ལ་རྟག་པའི་དངོས་གྲུབ་སྟེར་བ་ལ་ཐེ་ཚོམ་མི་བྱའོ། །འདིར་དྲི་མེད་སྦས་པའི་འགྲེལ་པ་ལས་ནི། རྨོངས་པའི་བདག་ཉིད་ལོག་པའི་ལམ་ལ་ཞུགས་པ་ཞེས་བཤད་དོ། །དངོས་གྲུབ་མི་སྟེར་བར་ཐེ་ཚོམ་མེད་ཞེས་འཆད་པ་ནི་ནོར་པ་ཁོ་ནའོ། །ཞག་བདུན་བྱས་པ་ལས་གཞན་དུ་མ་བྱས་ན་སངས་རྒྱས་ཀྱིས་ཀྱང་མ་འགྲུབ་བོ། །སྦྱོར་བ་ནི་འདི་ཡིན་ཏེ། དཀྱིལ་འཁོར་རྒྱལ་པོ་མཆོག་གི་བར་དུ་བསྐྱེད་ནས། ལས་རྒྱལ་མཆོག་གནོད་མཛེས་ལ་ལུང་བསྒོ་བས་ཞགས་པས་བཅིངས་ནས་ལྕགས་ཀྱུས་དྲངས་ཏེ། རླུང་གི་དཀྱིལ་འཁོར་ལ་གནས་པའི་མེའི་དཀྱིལ་འཁོར་ལ་བསྒྲུབ་བྱ་སྐྲ་གྲོལ་ཞིང་ལུས་ཏིལ་མར་གྱིས་བསྐུས་པ་ཁ་སྦྱར་དབྱེ་བ་འགྱོད་པ་སྐྱེས་པ་མདུན་དུ་བསམས་ལ། ཁྲོ་བོའི་ཚོགས་ཀྱིས་མཚོན་ཆས་སྲོག་དང་ཕྲལ་ནས། སངས་རྒྱས་ཀྱི་ཞིང་དུ་སྐྱེས་པར་བསམ་མོ། །རྡོ་རྗེའི་དམ་ཚིག་ནི་ཁྲོ་བོ་རྣམས་སོ། །ཡེ་ཤེས་ནི་བསྒྲུབ་བྱ་འཚེ་བའི་ཐབས་ཁོང་དུ་ཆུད་པའོ། །ཐབས་དེ་ཉིད་བཀའི་འཁོར་ལོའོ། །གཉིས་པ་རྣམ་སྣང་ལ་སོགས་པའི་མངོན་སྤྱོད་ཀྱི་ལས་ནི། ལྷག་མོས་ཡན་ཆད་སྔོན་དུ་སོང་ནས་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་ཉི་མ་ལས་བྱང་ཆུབ་པ་སྔར་དང་འདྲ། ཡི་གེ་ཨོཾ་མོ། །དེ་ལས་འཁོར་ལོ་རྡོ་རྗེ་འབར་བས་བརྒྱན། །ཞེས་པ་བསམ། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་ནི། རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྡོ་རྗེ་རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་པའོ། །དེ་ནས། དུས་གསུམ་དམ་ཚིག་ལས་བྱུང་བ། །ཞེས་པ་སྟེ། རྣམ་སྣང་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །ཤིན་ཏུ་ཁྲོས་པ། ཕྱག་གཡས་ཀྱི་དང་པོ་ན་འཁོར་ལོ་རྡོ་རྗེ་མེ་སྟག་འཕྲོ་བ་ཅན་བསྣམས་པར་བསྒོམ་མོ། །དེ་ནས། ཕྱོགས་བཅུ་ནས་བྱུང་སེམས་ཅན་ཏེ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སྐུའི་ཁྱད་པར་ཏེ་ལྷ་ཕོ་མོའི་བྱེ་བྲག་གི་ཚུལ་དུ་འབྱུང་བ་རྣམས་རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་གཅིག་ཏུ་བསྡུས་ནས། དེ་བཞིན་གཤེགས་པ་དེ་དག་བདག་གི་ལུས་ལ་གཟུད་པ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཕྱག་རྒྱ་མཱ་མ་ཀིར་བསྐྱེད་པ་དང་སྙོམས་པར་ཞུགས་ཏེ། རང་གི་ལུས་ལ་གནས་པའི་རྡོ་རྗེ་ཐམས་ཅད་དེ་དེ་བཞིན་གཤེགས་པ་རྣམས་ཡུམ་གྱི་མངལ་དུ་ཁྲོ་བོར་བསྐྱེད་ནས་ཕྱི་རོལ་དུ་སྤྲོ་བ་ནི། ཡེ་ཤེས་མཆོག་གི་བསྙེན་སྒྲུབ་སྒྲུབ་པ་པོ་ཉིད་ཀྱིས་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ལ་དཀྱིལ་འཁོར་པ་ལ་བཀའ་བསྒོ་བ་ནི། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན་ཏེ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་སངས་རྒྱས་ཐམས་ཅད་དང༌། བདག་ཉིད་དེ་སའི་སྙིང་པོ་ལ་སོགས་པ་གསོན་ཞིག་ཅེས་པའོ། །བཀའ་ནི། རྣམ་སྣང་སོགས་ཞི་བའི་སྐུ་ཡིན་ལ། འཁོར་ལོ་ནི་དྲག་པོར་བསྒྱུར་བའོ། །རབ་སྦྱོར་ནི་ངེས་པར་རྫོགས་པར་བྱེད་པ་དཔལ་ལྡན་རྡོ་རྗེ་འཆང་བདག་ཡིན་པས། གལ་ཏེ་བདག་གིས་ཇི་ལྟར་བསྒོ་བ་བཞིན་གྱི་དམ་ཚིག་ལས་འདས་ན། རང་གི་ལག་ན་གནས་པའི་རྡོ་རྗེ་ཀུན་ནས་འབར་བའི་གཟུགས་ཀྱིས་འདགས་པར་བགྱིའོ། །སུ་ཞིག་ན། སྐུ་གསུམ་ལས་བྱུང་སྟེ་སྐུ་གསུམ་གཅིག་ཏུ་གྱུར་པ་དེ་བཞིན་གཤེགས་པས་བསྒོ་བ་བཞིན་མི་བྱེད་པ་དག་གོ །གཞན་དག་གི་བཤད་པ་ནི་ནོར་རོ། །བུ་སྟོན་གྱི་དེ་ལ་སྙིང་པོ་མི་སྣང་ངོ༌། །ཐེ་ཚོམ་མེད་པར་སྟོན་པ་ནི། འདིར་འཇིག་པར་འགྱུར་བ་གདོན་མི་འཚལ་ཏེ་གདོན་མི་ཟའོ་ཞེས་པ་སྟེ། དེ་བྱེད་པ། དེའི་བདག་པོ་ཡིན་པར་སྟོན་ནོ། །འཁོར་ལོའི་དམ་ཚིག་ནི་རྣམ་སྣང་ངོ༌། །ཡེ་ཤེས་རྡོ་རྗེ་ནི་དེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང༌། འོག་དཔག་མེད་དང༌། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་གསད་པའི་ལས་སྒྲུབ་ན། རང་རང་གི་ལྷའི་སྐུར་བསྐྱེད་ལ། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་མི་བསྐྱོད་པ་སྤྱན་དྲངས་ཏེ་བཅུག་པས་མི་བསྐྱོད་པར་བསྒྱུར། ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་སོགས་སྔར་བཞིན་ནོ། །གསུམ་པ་འཁོར་གྱི་གསད་པའི་ཆོ་ག་བསྟན་པ་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་གསད་པའི་ལས་སྒྲུབ་ན། བསྲུང་འཁོར་ནས་ལྷག་མོས་ཀྱི་བར་སྒོམ་པ་ནི། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན་ཞེས་པའོ། །དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་རྡོ་རྗེ་དབུས་གནས་བསམ། །རྣལ་འབྱོར་བཞིས་བདག་ཉིད་གཤིན་རྗེ་གཤེད་དུ་སྒོམ་པ་ནི། གཤིན་རྗེ་གཤེད་ཅེས་པའོ། །འཁོར་སྒོམ་པ་ནི་འཁོར་ལོ་ཆེ་ཞེས་པའོ། །རང་གི་རྡོ་རྗེ་ནི་བདག་ཉིད་དོ། །རབ་ཏུ་བརྟག་ཅེས་པ་ནི་རང་ཉིད་དེར་ཚིག་ནི་བསྒོམ་པའོ། །ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་གྱིས་མ་རུང་པས་འདུལ་བའི་ཐུགས་ཀྱི་ནུས་པ་བཀུག་སྟེ་བདག་ལ་བཅུག་པ་ནི། དུས་གསུམ་སངས་རྒྱས་ནི་རྣམ་སྣང་སོགས་སོ། །སེམས་དཔའ་ནི་བྱམས་པ་སོགས་སོ། །སྐུ་གསུམ་དཀྱིལ་འཁོར་ལ་ཞེས་པ་ནི། དེ་དག་སྐུ་གསུང་ཐུགས་ལ་ཞུགས་པར་བརྟག་པར་བྱ་ཞེས་པའི་དོན་ནོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་དཀྱིལ་འཁོར་པ་ཐམས་ཅད་གཤིན་རྗེ་གཤེད་དང་འདྲ་བར་ཁྲོ་བོའི་རྣམ་པར་བསྐྱེད་ནས་ཕྱི་རོལ་དུ་སྤྲོ་བ་ནི། སླར་ཡང་ཞེས་སོགས་ཚིག་རྐང་གཉིས་ཀྱིས་སྟོན་ནོ། །སེམས་ཅན་ནི་སྤྲོས་པའི་དེ་བཞིན་གཤེགས་པའོ། །དུས་གསུམ་ལ་བཞུགས་པ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཚུལ་དུ་བཞུགས་པའོ། །རྣམ་སྣང་ལ་སོགས་པའི་ལས་སྦྱོར་གྱི་སྐབས་འདིར་ཁྲོས་པའི་སྒོ་ནས་གདུག་སེམས་ཅན་དགྲ་བོ་རྣམས་གསོད་པར་སྒོམ་མོ། །ཁྲོ་བོ་གཞན་དགུ་པོ་རྣམས་ཀྱི་གསད་པའི་ལས་ལ་ཡང༌། རང་རང་གིས་གཙོ་བྱས་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས་གསད་པའི་ལས་བྱའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་བཀའ་ནི་གདུག་པ་རྣམས་གཞོམ་པའི་ཕྱིར་བསྐུལ་བའོ། །དེ་ཉིད་སྙིང་པོའོ། །དེ་ལེན་པས་དཀྱིལ་འཁོར་རོ། །དམ་ཚིག་ཐམས་ཅད་ནི་རྡོ་རྗེ་འཆང་ངོ༌། །དེ་ལས་བྱུང་བ་ནི་གཤིན་རྗེ་གཤེད་དོ། །དེ་དང་མཉམ་ཞིང་གཟུགས་གཅིག་པ་ནི་སྐུ་གསུམ་ཡེ་ཤེས་རྡོ་རྗེ་སྟེ་འཁོར་གྱི་ཁྲོ་བོ་རྣམས་སོ། །དེ་གང་དུ་འབྱུང་བའི་ཏིང་ངེ་འཛིན་ནི་དེ་ལ་དེ་སྐད་ཅེས་བྱའོ། །བཞི་པ་ལྷ་རྣམས་ཀྱི་ཐུན་མོང་གིས་གསད་པའི་ཆོ་ག་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་སོགས་དེ་བཞིན་གཤེགས་པ་ལྔ་དང༌། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་དང་འབྲེལ་བའམ། རང་སྔགས་ཏེ་རང་རང་གི་རིགས་དང་འབྲེལ་བའི་དོན་གྱི་ཡོན་ཏན་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་ནས་ཀྱང་བཀའི་འཁོར་ལོ་སྦྱར་བར་བྱ་བ་སྟེ་གསད་པའི་ལས་བྱའོ། །ཇི་ལྟར་བྱ་ཞེ་ན། དེ་བཞིན་གཤེགས་པ་ལྔའི་ལས་ནི་བསྟན་ཟིན་ཏོ། །སྤྱན་མ་ལ་སོགས་པ་བཞི་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་དང༌། བྱང་ཆུབ་སེམས་དཔའི་སྒོ་ནས་བྱ་བའི་ཚུལ་ནི་དོན་གྱིས་ཏེ་རྣལ་འབྱོར་བཞིའི་སྒོ་ནས་རང་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་ནས་མི་བསྐྱོད་པ་བཅུག་སྟེ། ཡོན་ཏན་དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི། ཡང་ན་གཙུག་ཏོར་དམ་ཚིག་གིས་ཏེ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ལ་སོགས་པ་རང་རང་གི་ཕྱོགས་ཀྱི་ཁྲོ་བོ་གང་ཡང་རུང་བ་བསྒྱུར་བར་བྱའོ། །ཆོ་ག་ལྷག་མ་ནི་མི་བསྐྱོད་པའི་སྐབས་དང་འདྲའོ། །ལྔ་པ་བཀའི་འཁོར་ལོའི་དགོས་པ་གཞན་བསྟན་པ་ནི། དྲན་པ་གཅིག་པ་ལ་སོགས་པ་སྒོམ་པའི་ཚེ། སྔགས་ཀུན་ཏེ་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བགེགས་བྱེད་པ་རྣམས་བསྲུང་བའི་ཕྱིར། ཡེ་ཤེས་མཆོག་རྡོ་རྗེ་ཅན་ཏེ། སྒྲུབ་པོ་རྣམས་ཀྱིས་བྱའོ། །གང་ན། ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས་ཕྱོགས་བཅུར་ཁྲོ་བོ་བཅུ་འགོད་པའི་བཀའི་འཁོར་ལོ་བྱའོ། །དགོས་པ་ཅི་ཡོད་ཅེ་ན། བགེགས་གཞིག་པའི་བསྲུང་བའི་འཁོར་ལོ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱིས་བྱང་ཆུབ་སྟེ་སེམས་རྣམ་པར་གཡེང་བ་བསྲུང་བའི་དོན་བྱེད་ཅེས་སོ། །གཉིས་པ་རྫོགས་རིམ་པས་གསད་པའི་ཆོ་ག་ནི། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་བསྐྱེད་ནས་བསམ་གཏན་གཉིས་གང་རུང་གིས་བཤིག་ནས་འོད་གསལ་དུ་བཅུག་སྟེ་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ལོངས་སྐུར་བཞེངས་ནས་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བདེ་བའི་སྣང་བ་ཙམ་ལས་ལྷ་བསྐྱེད་དེ་རང་གི་གནས་སུ་འགོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ལ་གཡོན་ནས་རྒྱུ་བའི་རླུང་གི་རླུང་ལ་རྡོ་རྗེ་བཟླས་པ་བྱས་ནས། དེའི་འོག་ཏུ་གདུག་པའི་བསམ་པ་འབར་བས་ཆོས་ཀྱི་སྣང་མཛད་དེ་བསྒྲུབ་བྱ་ཡིན་ལ། དེའི་སྐུ་མཆོག་ལས་བྱུང་བའི་སྐུ་གསུམ་དམ་ཚིག་ནི་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་མོ། །དེ་བསམ་གཏན་གང་རུང་གིས་བཤིག་ནས་སྟོང་པར་བསམ་པ་ནི། ནམ་མཁའི་དབུས་གནས་པར་ཞེས་སོ། །དེ་ལྟར་བསམས་ནས་བསྒྲུབ་བྱའི་གཟུགས་རང་གི་གདན་གྱི་གཞི་དེར་བརྟག་པར་བྱ་ཞིང༌། དེ་ནས་ནམ་མཁའི་དབྱིངས་དེ་ཉིད་སངས་རྒྱས་ཏེ་སྒྲུབ་པ་པོའི་འོད་ཟེར་ལྔ་པོ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསྒོམ་མོ། །དེ་ནས་སྒྲུབ་པ་པོ་བདག་ཉིད་ཀྱང་རང་ཡི་གེ་སྟེ་ངག་དང༌། གནས་ཏེ་ལུས་དང༌། ཡེ་ཤེས་སེམས་སོ། །གསུམ་པོ་ཐུགས་ཀྱི་རྣམ་པ་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །དེ་ནས་བསྒྲུབ་བྱའི་སེམས་རྣམས་སངས་རྒྱས་ཏེ་འོད་ཟེར་ལྔའི་རང་བཞིན་སེམས་ཅན་ཙམ་དུ་བསྒོམས་ནས། སླར་ཡང་རང་གི་ཕྱག་རྒྱ་ཆེན་པོར་བསྡུ་བར་བྱའོ། །དེ་དག་ཐམས་ཅད་ཐུགས་ཀྱི་རྡོ་རྗེ་སྟེ་སེམས་ཙམ་དུ་ཤེས་པར་བྱས་ནས། སྐུ་གསུམ་སྟེ་རང་གི་ལུས་ངག་ཡིད་གསུམ་ལ་གཟུད་ཅིང་གཞུག་པས་མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་རོ། །སྒྲུབ་བྱ་ནི་རྡོ་རྗེ་སྟེ་གཞིག་པར་དཀའ་བས་སོ། །དེ་གཞིག་པར་བྱེད་པ་ནི་སྔགས་རིན་པོ་ཆེ་སྟེ་སྦྱོར་བའི་ཁྱད་པར་རོ། །དེ་སྣང་བར་བྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གསད་པའི་ཆོ་ག་བསྟན་ཟིན་ཏོ། །གཉིས་པ་མནན་པའི་ཆོ་ག་ལ་གཉིས་ཏེ། སྣོད་མནན་པ་དང༌། བཅུད་མནན་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་པའི་མནན་པ་ནི། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་ནི། རྣམ་པ་ཀུན་གྱི་ཞེས་སོགས་ཚིག་རྐང་གཉིས་སོ། །ལས་རྒྱལ་མཆོག་ནི་སངས་རྒྱས་རིམ་པར་ཞེས་སོགས་ནི། ཆུའི་སྟེང་གི་ནམ་མཁའ་སངས་རྒྱས་ལྔའི་ངོ་བོ་ཉིད་ནམ་མཁའ་དང་རླུང་མེ་ཆུ་ས་གོང་ནས་གོང་དུ་བཀོད་ནས་ཇི་སྲིད་སྲ་ཞིང་འཐས་པའི་བར་དུ་བསྒོམས་ལ། དེ་ནས་ཆུའི་སྟེང་དུ་བཅུག་པར་བྱས་ནས་འབྱིང་བར་མི་འགྱུར་རོ། །རྫོགས་རིམ་པའི་མནན་པ་ནི། སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཟུང་འཇུག་ལོངས་སྐུར་བཞེངས་ཏེ། རྐང་པ་མཉམ་བཞག་སྦྱོར་བ་ཡིས་ཞེས་པ་སྟེ། བདེན་གཉིས་མཉམ་པ་ཉིད་དུ་སྦྱོར་བའི་ཡེ་ཤེས་ཀྱི་ལུས་དེ་ཡིས། སྤྱི་བོ་སྟེ་ཆུའི་སྟེང་དུ་རྐང་པ་བསྒོམས་ནས་བཅག་པར་བྱའོ། །ངོ་བོ་ཉིད་དག་པ་ནི་དྲུག་པ་རྡོ་རྗེ་འཆང་ངོ༌། །རྡོ་རྗེ་ནི་རིམ་གཉིས་ཀྱི་རྣལ་འབྱོར་པ་གཉིས་སོ། །གཉིས་པོས་ཆུ་གཏེར་རྐང་པས་གནོན་པ་ཞེས་སྦྱར་རོ། །གཉིས་བཅུད་མནན་པ་ལ་གསུམ་སྟེ། ངག་མནན་པའི་སྦྱོར་བ། ལུས་མནན་པའི་སྦྱོར་བ། སེམས་མནན་པའི་སྦྱོར་བའོ། །དང་པོ་ངག་མནན་པ་ནི། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་གཉིས་ལ་གནས་ནས། ལས་རྒྱལ་མཆོག་ལ་མུ་སྟེགས་སོགས་དང་རྩོད་པ་བྱེད་པའི་དུས་སུ། ཕས་ཀྱི་རྒོལ་བའི་དབུས་སུ་སྟེ་ཁའི་བུ་གའི་ལམ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཁ་དོག་སེར་པོ་རྡོ་རྗེ་གཉིས་ཀྱིས་མཚན་པར་བསམས་ནས། དབུས་སུ་ཁྲོ་བོའི་རིགས་ཏེ་ཧཱུྃ་རིང་པོ་ལས་བྱུང་བའི་རྡོ་རྗེ་འབར་བ་བཞག་སྟེ། ཁ་བཀག་པར་བསམས་ན་སྨྲ་མི་ཤེས་པར་འགྱུར་རོ། །གཉིས་པ་ནི། ལུས་མནན་པར་འདོད་ན། བསྒྲུབ་བྱ་དེའི་སྤྱི་བོར་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་གནས་པར་བསམས་ལ་དེ་རྐང་པས་མནན་པའི་ཁྲོ་བོ་བདུད་རྩི་འཁྱིལ་ལ་བསྒོམས་ན་ལུས་འགུལ་མི་ཤེས་པར་འགྱུར་རོ། །འཁྲུལ་འཁོར་གྱི་ལུས་དང་ངག་ལ་སོགས་པའོ། །གཉིས་པ་དཔུང་མནན་པའི་སྦྱོར་བ་ནི། ཁྲོ་བོ་གང་ཡང་རུང་བའི་དང་པོའི་སྦྱོར་བ་བསྒོམས་ནས། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ། གསུམ་མཆོག་རྡོ་རྗེ་སྟེ་དཀྱིལ་འཁོར་པ་ཐམས་ཅད་ཁྲོ་བོའི་གཟུགས་ཅན་པདྨའི་གེ་སར་སེར་པོའི་མདོག་འདྲ་བ་ཐམས་ཅད་རིའི་རྒྱལ་པོའི་ཚད་ཙམ་དུ་བསམས་ནས། ཡན་ལག་བཞིའི་དཔུང་རྣམས་ཀྱི་སྤྱི་བོར་བསྒོམས་ནས། དཔུང་ཐམས་ཅད་ས་འོག་ཏུ་སོང་བར་བསམས་པས། སངས་རྒྱས་ཏེ་རེངས་པར་བྱེད་པ་ལ་མཁས་པ་རྣམས་ཀྱི་དཔུང་ཡང་གནོན་པར་བྱེད་ན། མི་དབང་རྒྱལ་པོ་སོགས་ཀྱི་དཔུང་གནོན་པ་ལ་འདིར་ཐེ་ཚོམ་མེད་དོ། །སྐུ་གསུང་ཐུགས་ལས་བྱུང་བ་དྲུག་པ་རྡོ་རྗེ་འཆང་གིས་ཞེས་སྦྱར་རོ། །གསུམ་པ་སེམས་མནན་པའི་སྦྱོར་བ་ནི། དམ་པའི་ཆོས་སྤོང་བ་ལ་སོགས་པའི་དགྲ་བོ་སྐྲག་པའི་དམ་ཚིག་སྟེ་འཇིགས་པར་བྱེད་པའི་དུས་སུ། འོག་ནས་འབྱུང་བའི་བསམ་གཏན་འདིས་རབ་ཏུ་བརྟག་པར་བྱའོ། །སངས་རྒྱས་ཏེ་ལས་དང་པོ་པ་རྣམས་ཀྱིས་ཀྱང༌། གལ་ཏེ་སྦྱོར་བ་འདི་བགྲོད་ཅིང་བསླབས་ན། གསལ་བ་སྟེ་འཇིག་རྟེན་དུ་སྣང་བར་འགྱུར་བ་འདི་གདོན་མི་ཟའོ། །འདིའི་ལས་སྦྱོར་དངོས་ནི། མི་བསྐྱོད་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ། ཧཱུྃ་ལས་ཕུར་བུ་ཚད་ནི། དབྱིབས་སྟོད་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ་མིག་ལ་སོགས་པའི་དབང་པོ་ལྔ་དང་ལྡན་པ། སྨད་ཕུར་བུའི་དབྱིབས་རྩེ་གཅིག་པར་བྱས་པ་བདུད་རྩི་ཐབས་སྦྱོར་གྱི་ངོ་བོར་བསམས་ནས། རྡོ་རྗེ་ཕུར་བུ་དེ་ཡིས་བསྒྲུབ་བྱ་དེའི་སྙིང་ཁར་བཏབ་ཅིང་གཏུབས་པར་བསྒོམས་ན། ཁྲོས་པ་སྟེ་ཕྱིར་རྒོལ་བར་གྱུར་པ་སངས་རྒྱས་ཏེ་རྒྱུད་སྔགས་ལ་མཁས་པ་རྣམས་ཀྱི་དཔུང་གི་ཚོགས་ཀྱང་འཇིགས་པར་འགྱུར་བར་འདིར་གདོན་མི་ཟའོ། །དགེ་བའི་བསམ་པ་དང་མི་མཐུན་པར་འཇུག་པས་ན་དགྲ་རྨོངས་པའོ། །དེ་ལ་གནོད་པར་བྱེད་པ་ནི་འཇིགས་པར་བྱེད་པའོ། །དེ་སྟོན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་གྲོང་ཁྱེར་ལ་སོགས་པའི་ནད་ཞི་བའི་ལས་ལ་གསུམ་སྟེ། སྦྱོར་བའི་ནུས་པ་བསྟན་པ་དང༌། ལས་སྦྱོར་དངོས་བསྟན་པ་དང༌། ཕན་ཡོན་དང་གཞུང་ཉེ་བར་བསྡུ་བའོ། །དང་པོ་ནི། རྟག་ཏུ་སྦྱར་བར་བྱའོ། །གང་ན། རིམས་ལ་སོགས་པའི་ནད་ཀུན་སྤོང་ཞིང་སེལ་བའི་ཞི་བའི་ལས་སོ། །གང་གི་སྒོ་ནས་ན། འོག་ནས་འབྱུང་བ་འདིས་ནིའོ། །གང་དུ་ན། གྲོང་ཁྱེར་རམ། ཡང་ན་གྲོང་ངམ། ལྗོངས་སུ་ཡང་ནི་རབ་ཏུ་སྦྱར་བར་བྱའོ། །གཉིས་པ་ནི། ཞི་བའི་ལས་སྒྲུབ་པར་འདོད་ན། ཁྱད་པར་བརྒྱད་དེ། གནས་ཀྱི་ཁྱད་པར་ཤིང་ལ་སོགས་པའོ། །ཡུལ་གྱི་ཁྱད་པར་ནི་གྲོང་ལ་སོགས་པའོ། །ཁ་ཟས་ཀྱི་ཁྱད་པར་ནི་བདུད་རྩི་ལྔ་ལ་སོགས་པའོ། །དུས་ཀྱི་ཁྱད་པར་ནི་གཉིས་ཏེ། ཟླ་བའི་དུས་ནི་ཡར་ངོའོ། །ཉིན་ཞག་གི་དུས་ནི་སྲོད་དོ། །ཕྱོགས་ཀྱི་ཁྱད་པར་ནི་ཤར་དུ་ཁ་བལྟའོ། །ཁ་དོག་གི་ཁྱད་པར་ནི་ལྷ་དང་མཆོད་རྫས་སོགས་དཀར་པོའོ། །བསམ་པའི་ཁྱད་པར་ནི་བྱམས་པའི་སེམས་ཀྱིས་སོ། །ཆོ་གའི་ཁྱད་པར་ནི་སྲུང་འཁོར་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་བར་བྱས་ནས། ལས་རྒྱལ་མཆོག་ལ་གྲོང་ཁྱེར་ལ་སོགས་པའི་བར་སྣང་ལ་ཤིང་རྟའི་ཚད་ཙམ་གྱི་སྟེང་དུ་གནས་པའི་ཨོཾ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ། ཤིང་རྟའི་ཚད་ཙམ་འོད་ཟེར་ལྔ་དང་ལྡན་པ་རྣམ་པར་བསྒོམས་ལ། དེ་ལས་བྱུང་བའི་འོད་ཟེར་བསྐལ་པ་སྲེག་པའི་མེ་ལྟར་བསམས་ལ། དེས་གྲོང་ཁྱེར་བའི་ནད་ལ་སོགས་པ་ཐམས་ཅད་བསྲེགས་པར་བསམས་ལ། སླར་ཡང་འོད་ཟེར་དེས་གྲོང་ཁྱེར་གྱི་སེམས་ཅན་ཐམས་ཅད་རྡོ་རྗེའི་ནང་དུ་བསྡུ་བར་བྱ་ཞིང༌། དེའི་འོག་ཏུ་རྡོ་རྗེ་དེ་ལས་ནད་པ་དེ་དག་སླར་ཡང་ཕྱི་རོལ་དུ་སྤྲོ་བ་དག་ཀྱང་བྱའོ། །དེ་ནས་རང་རང་གི་གནས་སུ་བཀོད་ལ། ཆོས་ཀྱི་སྤྲིན་ཏེ་འོད་ཟེར་གྱི་ཚོགས་བསྐལ་པའི་མེ་ལྟར་རབ་ཏུ་འཕྲོ་བས་ཡོངས་སུ་སྦྱངས་པའི་ལུས་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་དང༌། ཡིད་བཞིན་གྱི་ནོར་བུ་དང༌། འོད་དེ་ཆུ་ཤེལ་ལྟར་ཤིན་ཏུ་དྭངས་ཤིང་ནད་ཐམས་ཅད་དང་བྲལ་བར་བསྒོམས་ནས་ཀྱང༌། འོག་ཏུ་འཆད་པའི་དབང་བསྐུར་བ་ནི་ཡང་དག་བྱའོ། །དེ་ཇི་ལྟ་བུ་ཞེ་ན། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་རྣམ་སྣང་གི་ཚོགས་སྤྱན་དྲངས་ལ། རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ནད་པ་རྣམས་ལ་དབང་བསྐུར་བས་ལུས་ཀྱི་ཉམས་སྟོབས་རྒྱས་པར་འགྱུར་རོ། །གསུམ་པ་ནི། ཞི་བའི་དོན་དུ་བསྟན་པའི་རྡོ་རྗེ་བསམ་གཏན་འདི་ཡིས་ནི། དགང་བར་བཀང་བ་ལུས་ཀྱི་ཉམས་སྟོབས་ཟད་པ་ཡང་རབ་ཏུ་འགེངས་ཤིང་རྒྱས་པར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུ་སྟེ་རིན་ཆེན་འབྱུང་ལྡན་གྱི་ལོངས་སྤྱོད་ཀྱི་དཔལ་དང་ལྡན་པར་འགྱུར་ཞིང་སྦྱིན་པའི་རྡོ་རྗེ་སྟེ། སྦྱིན་པ་ཕུལ་དུ་ཕྱིན་པ་ཡང་གཞན་ལ་རབ་ཏུ་སྣང་བར་བྱེད་དོ། །དེ་ལྟར་ནད་ལ་སོགས་པ་ཞི་བར་བྱ་བའི་ས་ཕྱོགས་དེར། སངས་རྒྱས་ཏེ་རྣམ་སྣང་དང༌། ཆོས་ཅན་ཏེ་འོད་དཔག་མེད་དང༌། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཚོགས་ཀྱི་བྱིན་རླབས་ཀྱི་སྤྲིན་སྤྲོ་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་བྱས་པས་བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་སུ་ཡང༌། གྲོང་ཁྱེར་ལ་སོགས་པའི་གནས་དེ་དག་སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ་ཅིང་སྐྱོང་བར་འགྱུར་རོ། །བཤད་མ་ཐག་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་གསང་བ་སྐྱོན་མེད་པ་ལུས་བསྲུང་བའི་སྦྱོར་བའོ། །རིམས་ལ་སོགས་པའི་ནད་ཐམས་ཅད་མེད་པར་བྱེད་པའོ། །རྡོ་རྗེའི་ལུས་འབྱུང་བས་ན་རྡོ་རྗེ་འབྱུང་བ་སྟེ། དེ་སྐད་ཅེས་བྱའོ། །གསུམ་པ་སྲུང་བའི་འཁོར་ལོ་བསྟན་པ་ལ་གཉིས་ཏེ། ཆོ་ག་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བསམ་གཏན་ལས་བྱུང་སྟེ། འོག་ནས་འབྱུང་བའི་གདུག་པའི་ཕུར་བུས་གདབ་པ་འདི། དམ་བཅས་པ་སྟེ་ཐུན་བཞིར་ཉམས་སུ་བླངས་པས་ཡིད་དང་མཐུན་པའི་གནས་གང་དུ་ཡང་དག་པར་བརྩམ་པར་བྱའོ། །འདིས་ཅི་འཐོབ་ཅེ་ན། བསམ་གཏན་ཏེ་སྲུང་བའི་ཆོ་གའོ། །དེ་སྔོན་འགྲོ་བའི་སྦྱོར་བའི་ཏིང་ངེ་འཛིན་འདི་ཡིས་གནས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་ལ་སློབ་ན་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །གཉིས་པ་ནི། གདབ་པར་བྱའོ། །གང་ལ་ན། ཤར་ལ་སོགས་པའི་ཕྱོགས་བཅུའི་དཀྱིལ་འཁོར་མཆོག་སྟེ། གཙོ་བོ་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པའི་བགེགས་རྣམས་ཀྱི་མགོ་བོ་ལའོ། །གང་གིས་ན། རྡོ་རྗེ་བདུད་རྩི་རྒྱལ་པོ་སྟེ་ཁྲོ་བོ་རྡོ་རྗེ་བདུད་རྩི་ཐབས་སྦྱོར་རྡོ་རྗེ་ཕུར་བུའི་རྣམ་པ་ལྟེ་བ་ཡན་ཆད་ཁྲོ་བོའི་གཟུགས་ཅན། མན་ཆད་མདུང་རྩེ་གཅིག་པའི་རྣམ་པ་ཅན། མེ་སྟག་རབ་ཏུ་འབར་བ་འདྲ་བ་བསྒོམས་ལ་དེས་སོ། །འགྲོ་བ་འདུལ་བ་ནི་བགེགས་རྣམས་ཡིན་ལ། དེ་བཟློགས་པ་ནི་ཞི་བ། མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །བཞི་པ་སྔགས་ཀྱི་ཞི་བའི་ལས་བཤད་པ་ལ་གཉིས་ཏེ། ལས་སྦྱོར་དངོས་དང༌། ཕན་ཡོན་དང༌། དང་པོ་ནི། ཁྱད་པར་བརྒྱད་དང་ལྡན་པ་ལས་གཞན་རྣམས་སྔར་དང་འདྲ་བ་ལས། ཆོ་གའི་ཁྱད་པར་སྲུང་བའི་འཁོར་ལོ་ནས་གཞལ་ཡས་ཁང་གི་བར་བསྒོམས་ནས། ཆོས་འབྱུང་ལ་གནས་པའི་བཾ་ལས་ཆུའི་དཀྱིལ་འཁོར་སྒོམ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །ཆུའི་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །དེ་ནས་ཆུའི་དཀྱིལ་འཁོར་དེར་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་གཟུགས་བསམས་ནས། དེ་ལྟར་བསམས་པའི་རང་གི་ཐུགས་ཁར་དོན་དུ་གཉེར་བར་བྱ་བ་བསྒྲུབ་བྱ་བཞག་པར་བྱའོ། །དེ་ནས་ནམ་མཁའི་དབྱིངས་སྤྱན་མ་སོགས་ཀྱི་མདུན་ན་འདུག་པའི་མཆོག་རྣམ་པར་སྣང་མཛད་སྤྱན་མ་དང་སྙོམས་པར་ཞུགས་པ་དེ་རྣམས་ཀྱིས་མཁའ་དབྱིངས་ཡོངས་སུ་གང་བར་བསྒོམ་མོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སྤྱན་དྲངས་པའི་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཀར་པོ་འོད་ཀྱི་གོང་བུའི་ཚུལ་དུ་བསྡུས་པའི་བདུད་རྩི་དེ་ཡིས་ནད་པའི་སྤྱི་བོ་ལ་དབང་བསྐུར་བའི་ཚུལ་གྱིས་ཕབ་ནས་སུ་ནད་དང་སྡིག་པ་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་ནད་པ་སྡིག་དང་བྲལ་བ་སྙིང་ཁ་ནས་?ྱུང་ལ་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་བཞག་ནས། སངས་རྒྱས་རྣམ་སྣང་ཡབ་ཡུམ་གྱི་སྤྲིན་རྣམས་འོད་ཟེར་གྱི་གཟུགས་ཀྱིས་རང་གི་སྤྱི་བོའི་བུ་གར་ཞུགས་པ་རྣམས་བརྟུལ་ཞུགས་ཅན་གྱི་སྒྲུབ་པ་པོ་རྣམས་ཀྱིས་སྤུའི་ཁུང་བུའི་རྩེ་བར་ནས་ཏེ་རྡོ་རྗེའི་ལམ་ནས་སྤྲོའོ། །དེ་ནས་སངས་རྒྱས་རྣམ་སྣང་གི་སྤྲིན་རྣམས་ནམ་མཁའ་ལ་ཁྱབ་པར་བྱས་པ་དེའི་ཚེ། རྣམ་སྣང་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་མདུན་གྱི་ནད་པ་དེ་ལ་དབང་བསྐུར་བ་སྩོལ་བར་མཛད་དོ། །གཉིས་པ་ཕན་ཡོན་ནི། བསམ་གཏན་གྱི་ཁྱད་པར་འདིས། སྐད་ཅིག་གིས་ཏེ་རིང་པོར་མི་ཐོགས་པར་ཡན་ལག་བདེ་བ་དང༌། ལུས་རྒྱས་པའི་དཔལ་དང་ལྡན་པར་འགྱུར་རོ། །སུ་ཞིག་ཅེ་ན། དམ་ཚིག་རྡོ་རྗེ་སྟེ་གཞིག་པར་དཀའ་བའི་སྡུག་བསྔལ་གྱི་ཚོགས་དང་ལྡན་པའི་ནད་པའོ། །སངས་རྒྱས་ཀྱི་དམ་ཚིག་སྤྲིན་ནི་རྣམ་སྣང་དང་སྤྱན་མའི་ཚོགས་སོ། །བཀོད་པ་ནི་སྙོམས་པར་ཞུགས་པའོ། །དེ་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ལྔ་པ་རྒྱས་པ་དང་དབང་གཉིས་ཀྱི་ལས་ཚིག་གཅིག་གིས་བསྟན་པ་ལ་གསུམ་སྟེ། རྒྱས་པ་ལ་སྦྱར་བའི་ཚུལ་དང༌། དབང་ལ་སྦྱར་བའི་ཚུལ་དང༌། གཉིས་པོའི་ཕན་ཡོན་ནོ། །དང་པོ་ནི། ཁྱད་པར་བརྒྱད་དེ། ཡུལ་ནི་དབུལ་པོ་ལ་སོགས་པའོ། །གནས་ནི་ལྷ་ཁང་ལ་སོགས་པའོ། །ཁ་ཟས་ནི་བདུད་རྩི་ལ་སོགས་པའོ། །དུས་ནི་གཉིས་ཏེ། ཟླ་བའི་དུས་ནི་ཡར་ངོའོ། །ཉིན་ཞག་གི་དུས་ནི་སྔ་དྲོའོ། །ཕྱོགས་ནི་བྱང་ངོ༌། །ཁ་དོག་ནི་ལྷ་དང་མཆོད་རྫས་ཐམས་ཅད་སེར་པོའོ། །ཆོ་གའི་ཁྱད་པར་ནི། ནམ་མཁའི་རྡོ་རྗེའི་དོན་སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར་དམ་པ་བསམས་ལ། དེར་བདག་ཉིད་རིན་ཆེན་འབྱུང་ལྡན་དུ་བསམ་པའི་ཡེ་ཤེས་སེམས་དཔའི་ཐུགས་ཁར་རིན་པོ་ཆེ་དང༌། དེར་དོན་དུ་གཉེར་བར་བྱ་བའི་བསྒྲུབ་བྱ་བཞག་པར་བྱའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སྟེང་གི་ནམ་མཁའི་དབྱིངས་ཀྱི་གནས་སུ། རིན་འབྱུང་ཡབ་ཡུམ་གྱི་ཚོགས་ཡོངས་སུ་གང་བ་སྤྱན་དྲངས་ན་ཉམས་དགའ་བ་སྟེ། སྙོམས་པར་ཞུགས་པའི་བདུད་རྩིའི་རྒྱུན་རིན་པོ་ཆེ་འོད་དེ་གསེར་འོད་ལྟ་བུ་འོད་ཀྱི་གོང་བུའི་ཚུལ་དུ་གཅིག་ཏུ་བསྡུ་བར་བྱའོ། །དེ་ནས་བདུད་རྩི་འདི་དག འདོད་པ་སྟེ་སྙིང་ཁར་གནས་པའི་བསྒྲུབ་བྱའི་ལུས་དང་ངག་དང་སེམས་ཀྱི་གནས་ལ་དབབ་པར་བྱའོ། །དེ་ནས་སྡིག་པ་དང་བྲལ་བའི་བསྒྲུབ་བྱ་སྙིང་ཁ་ནས་ཕྱུང་ནས་མདུན་དུ་བཞག་གོ །དེ་ནས་ནམ་མཁའ་གནས་པའི་རིན་འབྱུང་ཡབ་ཡུམ་སྙོམས་པར་ཞུགས་པའི་བདུད་རྩི་རང་གི་སྤྱི་བོ་ནས་བཅུག་ནས་སྤུ་ཁུང་རྩེ་བར་ནས་ཏེ། རྡོ་རྗེའི་ལམ་ནས་ཕྱུང་ནས། དེ་ནས་བརྟུལ་ཞུགས་ཅན་གྱིས་བདུད་རྩི་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་སྤྲིན་རྣམས་སྤྲོས་ནས། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲུབ་བྱ་ལ་དབང་བསྐུར་བ་ཡང་དག་བྱ་ཞེས་སྦྱར་རོ། །གཉིས་པ་དབང་གི་ལས་ལ་སྦྱར་ན། གཞན་སྔར་དང་འདྲ་ལ། ཆོ་གའི་ཁྱད་པར་ནི། ནམ་མཁའི་རྡོ་རྗེ་སྟེ་ཆོས་འབྱུང་གི་དབུས་སུ་གནས་པའི་མེའི་དཀྱིལ་འཁོར་དམ་པ་བསམ་ཞེས་སྦྱར་རོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་མ་དག་གོ །ཆོས་འཛིན་པའི་གཟུགས་བསམ་ཞེས་པ་ནི། འོད་དཔག་མེད་བསྐྱེད་པའོ། །ཐུགས་ཀར་དོན་གཉེར་བཞག་པར་བྱ། །ཞེས་པ་ནི། དེའི་ཐུགས་ཀར་པདྨའི་སྟེང་དུ་བསྒྲུབ་བྱ་བཞག་པའོ། །ནམ་མཁའི་དབྱིངས་ནི་ཉམས་དགའ་བར། །ཞེས་པ་ནི། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་སུ་ཡུམ་གོས་དཀར་མོ་དང་བཅས་པའི་འོད་དཔག་མེད་སྤྱན་དྲངས་ནས་ནམ་མཁའ་རབ་ཏུ་དགང་ངོ༌། །དེ་ནས་ནམ་མཁར་གནས་པའི་ཡབ་ཡུམ་སྙོམས་པར་ཞུགས་པ་ནི་ཉམས་དགའ་བའོ། །སྙོམས་པར་ཞུགས་པའི་བདུད་རྩིའི་རྒྱུན་ཡིད་བཞིན་གྱི་ནོར་བུ་སྟེ་པདྨ་རཱ་གའི་མདོག་ལྟ་བུའི་འོད་ཀྱི་གོང་བུ་གཅིག་ཏུ་བསྡུ་བར་བྱའོ། །བསྡུས་པའི་བྱང་ཆུབ་ཀྱི་སེམས་འདི་དག འདོད་པ་སྟེ་བསྒྲུབ་བྱའི་ལུས་དང་ངག་དང་སེམས་ལ་དབབ་པ་བྱའོ། །དེ་ནས་བསྒྲུབ་བྱ་སྙིང་ཁ་ནས་ཕྱུང་ལ་མདུན་དུ་བཞག་ལ། ནམ་མཁའི་འོད་དཔག་མེད་སྙོམས་པར་ཞུགས་པའི་བདུད་རྩི་དམར་པོའི་རྒྱུན་རང་གི་སྤྱི་བོའི་བུ་ག་ནས་བཅུག་ནས་སྤུ་ཁུང་རྩེ་བར་ནས་ཏེ་རྡོ་རྗེའི་ལམ་ནས་ཕྱུང་ཞིང༌། དེ་ནས་བརྟུལ་ཞུགས་ཀྱིས་ཆོས་ཀྱི་སྤྲིན་ཏེ། འོད་དཔག་མེད་ཡབ་ཡུམ་ནམ་མཁའ་གང་བར་བསྒོམ་པར་བྱ་ཞིང༌། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲུབ་བྱ་ལ་དབང་བསྐུར་བར་ནི་ཡང་དག་སྦྱར། །ཞེས་སོ། །གསུམ་པ་ཕན་ཡོན་ལ་གཉིས་ཏེ། རྒྱས་པའི་ཕན་ཡོན་དང༌། དབང་གི་ཕན་ཡོན་ནོ། །དང་པོ་ནི། བཤད་མ་ཐག་པའི་རྡོ་རྗེའི་བསམ་གཏན་རྒྱས་པའི་ཆོ་ག་འདི་ཡིས་ནི། བསྒྲུབ་བྱ་དགང་དཀར་བ་དབུལ་པོ་ལ་སོགས་པ་ཡང་ནོར་རབ་ཏུ་འགེངས་ཤིང་རྒྱས་པར་བྱེད་དོ། །གཉིས་པ་ནི། བསྒྲུབ་བྱ་དེ་ལ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་འདོད་པའི་དོན་སྟེར་བ་དང༌། རྒྱལ་སྲིད་ཀྱི་དཔལ་དང་ལྡན་ནོ། །སྦྱིན་པའི་རྡོ་རྗེ་ནི་སྦྱིན་པ་རྒྱུན་མི་ཆད་པའོ། །དེ་གཞན་ལ་བསྒྲུབ་པ་ནི། རབ་ཏུ་སྣང་བྱེད་དོ། །ཆོས་ཀྱི་སྤྲིན་ནི་འོད་དཔག་མེད་པའི་ཚོགས་སོ། །དམ་ཚིག་བཀོད་པ་ནི་སྙོམས་པར་ཞུགས་པའོ། །ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །རིན་ཆེན་སྤྲིན་ནི། རིན་ཆེན་འབྱུང་ལྡན་གྱི་ཚོགས་ཞེས་སོགས་ཀྱང་སྦྱར་རོ། །དྲུག་པ་གཟི་བརྗིད་བསྐྱེད་པའི་ཆོ་ག་ལ་གཉིས་ཏེ། ལས་སྦྱོར་དངོས་དང༌། ཕན་ཡོན་དང༌། གཞུང་ཉེར་བར་བསྡུ་བའོ། །དང་པོ་ནི། གཞན་རྣམས་རྒྱས་པ་དང་འདྲ་ལ། ཡུལ་གྱི་ཁྱད་པར་ནི། རྒྱལ་སྲིད་སོགས་འདོད་ཀྱང་མ་ཐོབ་པའོ། །ཁ་དོག་གི་ཁྱད་པར་ནི། སྣ་ཚོགས་པའི་མདོག་ཅན་ནོ། །ཆོ་གའི་ཁྱད་པར་ནི། རྡོ་རྗེས་མཚན་པའི་རླུང་གི་དཀྱིལ་འཁོར་ཟླ་གམ་པ་བསམས་ལ། དེའི་སྟེང་དུ་ཡི་གེ་ཧ་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་ནམ་མཁའ་རྡོ་རྗེ་སྟེ་མི་བསྐྱོད་པ་དང༌། ཆོས་ཏེ་འོད་དཔག་མེད་དོ། །དེ་གཉིས་ཀྱི་མདུན་དུ་སྟེ་ཐད་ཀར་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམ་མོ། །དེའི་ཐུགས་ཀར་འདོད་པ་སྟེ་བསྒྲུབ་བྱ་སྐྱེ་བོ་ཐམས་ཅད་དབང་དུ་བྱ་བར་འདོད་པ་བཞག་གོ །དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང༌། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཕྱག་རྒྱ་དང་བཅས་པ་ཡིས་མདུན་གྱི་ནམ་མཁའི་ཁམས་ཀུན་ཡོངས་སུ་གང་བར་བསམས་ལ། དེ་དག་སྙོམས་པར་ཞུགས་པས་འོད་ཟེར་ལྔའི་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་འདྲ་བའི་གཟི་བརྗིད་དེ་བྱང་སེམས་ཀྱི་རྒྱུན་ཁ་དོག་ལྔ་ལྡན་བསྒྲུབ་བྱ་དེའི་སྤྱི་བོར་དབབ་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། བསྒྲུབ་བྱ་དེ་དེ་མ་ཐག་ཉིད་སངས་རྒྱས་ཀུན་གྱི་ཐུགས་སུ་བྱོན་པར་འགྱུར་ཞིང་འཇམ་དཔལ་དང་མཉམ་ཞིང་འདྲ་བ་གསལ་བར་འགྱུར་རོ། །གནས་དེ་རྒྱལ་སྲིད་ཀྱི་བདག་པོའི་ལས་བྱེད་པར་བསྒྲུབ་བྱ་དེ་འགྱུར་རོ། །དེ་ནས་ཐུགས་ཁ་ནས་ཕྱུང་ནས་མདུན་དུ་འདུག་པ་ལ་དགྱེས་པ་སྟེ་དགའ་བའི་བདག་ཉིད་ཅན་གྱི་རིགས་ལྔའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བའི་དགའ་སྟོན་ཆེན་པོ་བསྩོལ་བར་མཛད་དོ། །གཉིས་པ་ནི་བསྒྲུབ་བྱས་འགྲོ་བ་ཀུན་མཐོང་བ་ཙམ་གྱིས་བྱུང་བའི་འགྲོ་བ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རིན་པོ་ཆེ་དང་མཉམ་པར་གྱུར་པས་ན་རིན་ཆེན་དམ་ཚིག་སྟེ། རྒྱལ་པོའི་བློན་པོའོ། །སྤྲིན་ནི་ཚོགས་ཏེ་དེས་བཀོད་པ་བྱས་པ་ནི། བསྙེན་བཀུར་གྱི་དོན་དུ་འོངས་ནས་རིམ་གྲོ་བྱེད་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདུན་པ་མངོན་སྤྱོད་ཀྱི་ཆོ་གའི་ལྷག་མ་བསྟན་པ་ལ་གཉིས་ཏེ། དང་པོ་ལས་སྦྱོར་དངོས་ནི། མི་བསྐྱོད་པའི་ཁྲོ་བོའི་དཀྱིལ་འཁོར་གྱིས་གཞན་གསོད་པའི་ལྷག་མ་སྟོན་པ་སྟེ། མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་དང་ལྡན་པས། ནམ་མཁའ་རྡོ་རྗེ་སྟེ་ནམ་མཁའི་ཁམས་སུ་སྲིན་པོ་དྲག་ཅིང་ཁྲོ་བའི་དབང་དུ་གྱུར་པ་ཁྲོ་ལ། ཕ་རོལ་གནོན་པ་ལ་ཐོགས་པ་མེད་པས་རབ་གཏུམ་དང༌། ཝ་དང་ལྕེ་སྤྱང་ལ་སོགས་པ་སེམས་ཅན་ཤ་ཟ་བ་སྣ་ཚོགས་པ་དང༌། བྱ་རོག་དང༌། བྱ་རྒོད་དང༌། ཁྱི་ཡིས་གང་བ་བསྒོམ་མོ། །ལས་ཀྱི་སྐབས་སུ་ཁ་སྦྱར་དབྱེ་བའི་རྗེས་ལ་གནོད་མཛེས་ཀྱིས་བསྒྲུབ་བྱ་བཀུག་སྟེ། མདུན་དུ་བསྒྲུབ་བྱའི་དགྲ་བོ་རྣམས་མེའི་དཀྱིལ་འཁོར་ལ་གནས་པར་བརྟག་པར་བསྒོམ་མོ། །འདི་ནི་སངས་རྒྱས་ཀུན་ལ་ཏེ་སེམས་ཅན་ཀུན་ལ་གནོད་པ་བྱེད་པའོ་ཞེས་བསམས་ནས། འོག་ནས་འབྱུང་བའི་རྣལ་འབྱོར་འདིར་སྦྱར་བར་བྱ་སྟེ། གང་ཞེ་ན། སྲིན་པོ་ལ་སོགས་པ་ཀུན་གྱིས་རྒྱུ་མ་དང་རུས་པ་དང་བཅུད་དང་ཁྲག་ལ་སོགས་པ་དྲངས་ནས་ཟོས་པར་རྣམ་པར་བསྒོམ་མོ། །སླར་ཡང་མཚོན་ཆ་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མནན་ནས་དུམ་བུར་གཏུབ་པར་བསྒོམས་ན། དགྲ་རྣམས་འཆི་བར་འགྱུར་རོ། །དེ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཐེག་པ་རྣམས་དང༌། རྡོ་རྗེ་འཛིན་པ་ལས་དང་པོ་པ་རྣམས་ཀྱིས་ཀྱང་གལ་ཏེ་སྦྱོར་བ་འདི་ལྟར་རབ་ཏུ་བསྒོམས་ཤིང་སེམས་ན། ཟླ་བ་ཕྱེད་ཀྱི་ནང་དུའམ། ཟླ་ཕྱེད་རྫོགས་པ་ལ་འཆི་བར་འགྱུར་བར་གདོན་མི་ཟའོ། །རྡོ་རྗེའི་སྤྲིན་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །བཀོད་པ་ནི་རྣམ་པར་འཕྲུལ་བ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །གསུམ་པ་ལས་ཚོགས་དང་འབྲེལ་བའི་ལྷའི་རྣལ་འབྱོར་ལ་གཉིས་ཏེ། སོ་སོར་བཤད་པ་དང༌། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྔགས་ཀྱི་སྐུ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །དང་པོ་ལ་བཞི་ཏེ། རྣམ་སྣང་སོགས་གསུམ་གྱི་སྐུ་མདོག་དང་ཞལ་ཕྱག་སོགས་བསྟན་པ། སྤྱན་ལ་སོགས་པའི་ཞལ་ཕྱག་སོགས་ཀྱི་ངེས་པ། ཁྲོ་བོ་རྣམས་ཀྱི་སྐུ་མདོག་དང་ཞལ་ཕྱག་སོགས་དང༌། ཏིང་ངེ་འཛིན་མཇུག་བསྡུ་བའི་ཚུལ་གྱིས་གྲངས་མེད་པར་བསྟན་པའོ། །དང་པོ་ནི། སྔར་ལས་སྒྲུབ་པར་བཤད་པའི་སྐབས་སུ་སྔགས་ཀྱི་སྐུ་བསྐྱེད་པའི་སྐུ་མདོག་དང་ཞལ་ཕྱག་སོགས་མ་གསུངས་པ་འདིར་སྟོན་པ་ནི། རྣམ་པར་སྣང་མཛད་དབུས་ཞལ་དཀར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དམར་པོའི་ཞལ་གསུམ་པ། སྟོན་ཀའི་ཆུ་སྒོང་ནི་སྟོན་ཀའི་སྤྲིན་ཡིན་ལ། དེའི་མདོག་དང་འདྲ་བ་དཀར་པོ་བསམ་མོ། །ཐོར་གཙུག་དབུ་རྒྱན་ཏེ་རིགས་ཀྱི་བདག་པོ་དག་གིས་བརྒྱན་པར་བསམ། རྡོ་རྗེ་ནི་མི་བསྐྱོད་པ་སྟེ། ནག་པོ་དཀར་པོ་དམར་བའི་ཞལ་ཅན། འཇིག་རྟེན་གྱི་ཁམས་རྣམ་པར་འཁྲུག་པར་བྱེད་པ། ཉི་མའི་དཀྱིལ་འཁོར་རབ་ཏུ་འབར་བའི་འོད་ཟེར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང༌། ཐོར་གཙུག་རང་རིགས་ཀྱི་དབུ་རྒྱན་ཅན་ནོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་ཞལ་གསུམ་པོ་ནི། དམར་པོ་ནག་པོ་དཀར་བའི་ཞལ་ཅན་བསམ་མོ། །ཐོར་གཙུག་དང་དབུ་རྒྱན་ལོངས་སྤྱོད་ཅན་ཏེ་ཡོངས་སུ་འཛིན་པའི་ལྷ་གསུམ་པོ་བསྒོམ་ན་ངེས་པར་འགྲུབ་པར་འགྱུར་རོ། །རྣམ་སྣང་གི་གཡས་པའི་ཕྱག་གསུམ་དུ། འཁོར་ལོ་རྡོ་རྗེ་པདྨོ་ཆེ། །ཞེས་པ་སྟེ། གསུམ་པོ་བསྣམས་པར་རྣམ་པར་བསྒོམ་མོ། །རྡོ་རྗེ་ནི་ཕྱག་རྒྱའི་གཟུགས་ཏེ་ཕྱག་དྲུག་པར་བསྒོམ་མོ། །བཟང་པོ་ནི་འདོད་པའི་དོན་རྫོགས་པར་བྱེད་པའོ། །མཚོན་ཆ་སྣ་ཚོགས་ནི་སྒྲུབ་ཐབས་ལས་བསྟན་པ་བཞིན། རང་རང་གི་མཚན་མ་བསྣམས་པར་བསྒོམ་མོ། །གཉིས་པ་ནི། སེམས་ཅན་ཀུན་གྱི་སྡུག་བསྔལ་ཞི་བར་མཛད་པས་ན། སེམས་ཅན་ཀུན་ལ་ཕན་བཞེད་མ་སྟེ་སྤྱན་མའོ། །དེ་ནི་ཞལ་གསུམ་པ་དག་ཏུ་བསམས་ཏེ། ཇི་ལྟར་ན། དཀར་པོ་ནག་པོ་དམར་པོ་བསམ། །ཞེས་སོ། །མཛེས་པའི་གཟུགས་ནི་ཞི་ཞིང་སྒེག་པའི་ཉམས་དང་ལྡན་པའོ། །མཁའ་སྐྱེས་ནི་མི་བསྐྱོད་པའོ། །དེ་དག་བདག་གི་གནས་སུ་འདྲེན་པས་ན་སྤྱན་ཏེ་མཱ་མ་ཀིའོ། །རྒྱལ་མོ་ཆེ་ནི་བཙུན་མོའི་མཆོག་གོ །དྲི་མེད་ཅིང་ཞེས་སོགས་ཚིག་རྐང་གསུམ་ནི་སྒྲ་ཇི་ལྟ་བ་བཞིན་དུ་བཤད་དོ། །གསུང་རྡོ་རྗེ་ནི་འོད་དཔག་མེད་དོ། །སྤྱན་ནི་དེའི་གནས་སུ་འདྲེན་པར་བྱེད་པ་སྟེ་གོས་དཀར་མོའོ། །ཚིག་ལྷག་མ་གསུམ་ནི་སྒྲ་ཇི་བཞིན་པ་སྟེ། འོད་དཔག་མེད་དང་འདྲ་བ་བསྒོམ་ཞེས་པའི་དོན་ནོ། །རིག་མ་ནི་དོན་ཡོད་གྲུབ་པའི་ཕྱག་རྒྱ་སྒྲོལ་མའོ། །ཕྱག་མཚན་ནི་རྡོ་རྗེ་ཨུཏྤལ་སོགས་བསྣམས་པའོ། །སེར་ནག་ཞེས་སོགས་ལ། འདིར་སྒྲོལ་མ་སེར་མོར་བཤད་པ་ནི། ལས་སྒྲུབ་པའི་དབང་དུ་བྱས་ཏེ། སྔར་ཁྲོ་བོ་ཞལ་བཞི་པར་བཤད་པ་ལྟ་བུའོ། །ཡང་ན་རིན་ཆེན་སྒྲོན་མ་དགོངས་སོ། །ལེའུ་བཞི་པ་ལས་ནི། སྔོན་པོར་བཤད་དེ། ཨུཏྤལ་མཛེས་པ་བྱང་ཕྱོགས་སུ། །མཐིང་ཁ་སྤྲིན་དང་འདྲ་བར་བྲི། །ཞེས་པ་དྲག་པོའི་ལས་ལ་དགོངས་སོ། །དམ་ཚིག་སྒྲོལ་མ་ནི་ལྗང་ཁུ་སྟེ་བསྡུས་རིམ་ལྟར་རོ། །གསུམ་པ་ནི། གཤིན་རྗེ་གཤེད་ནི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཚིག་རྐང་ཐ་མ་གསུམ་ནི་ཁྲོ་བོ་ཐམས་ཅད་ཀྱི་ཐུན་མོང་ངོ༌། །གཞན་གྱིས་མི་ཐུབ་པ་ནི། གཞན་གྱིས་མི་ཐུབ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཚིག་རྐང་ཐ་མ་གསུམ་གྱིས་ནི་ཁྲོ་བོ་ཐམས་ཅད་ཐུན་མོང་གི་ཡོན་ཏན་བརྗོད་དོ། །རྟ་མགྲིན་ནི་ཁྲོ་བོ་ཆེན་པོ་རྟ་མགྲིན་ཞེས་སོགས་སོ། །བདུད་རྩི་འཁྱིལ་པ་ནི། བདུད་རྩི་འཁྱིལ་པ་ཞེས་སོགས་སོ། །འདོད་པའི་རྒྱལ་པོ་ནི། འདོད་པའི་ཡེ་ཤེས་ཞེས་སོགས་ཏེ། ཡེ་ཤེས་ནི་དེ་ཁོ་ན་ཉིད་ཡིན་ལ། འདོད་པ་ནི་ཡིད་ཀྱིས་འཛིན་པའོ། །ཕྱག་བཞི་པ་ནི། སྙིམ་པའི་མེ་ཏོག་ལས། ལོངས་སྤྱོད་བཞི་དང་ལྡན་པས་སོ། །དྲི་མེད་སྦས་པས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་ལས། ཡུམ་ལ་འཁྱུད་པའི་རྩ་ཕྱག་གཉིས་བོར་བའི་ལྷག་མ་བཞི་ལ་འཆད་དོ། །སྟོབས་པོ་ཆེ་ནི། སྟོབས་པོ་ཆེ་ཞེས་སོགས་སོ། །དབྱུག་སྔོན་ཅན་ནི། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཞེས་སོགས་སོ། །མི་གཡོ་བ་ནི། རྡོ་རྗེ་མི་གཡོ་ཞེས་སོགས་ཏེ། ཟུར་གྱིས་བལྟ་བ་ནི་ཆགས་པས་ཡོན་པོར་བལྟ་བ་སྟེ། ཞི་བ་ནི་ཤིན་ཏུ་སྦྱངས་པ་ལས་བྱུང་བའི་གཞོན་ཤ་ཆགས་པ་ཞེས་སྙིམ་པའི་མེ་ཏོག་ནས་བཤད་དོ། །ཀླུ་སྒྲུབ་ཀྱིས་ནི། ཡམས་སོགས་ཞི་བར་བྱེད་པ་ལ་འཆད་དོ། །བསྡུས་རིམ་ལས། ཡམས་སོགས་གནོད་པའི་ཚོགས་བཅོམ་སྟེ། ཞེས་བཤད་པ་ལྟར་རོ། །གཙུག་ཏོར་འཁོར་ལོས་བསྒྱུར་རྒྱལ་ནི། གཙུག་ཏོར་ཆེན་པོའི་ཡི་གེ་གཅིག །ཞེས་སོགས་ཏེ། ཡི་གེ་གཅིག་ནི་སྙིམ་པའི་མེ་ཏོག་ལས། དེའི་ས་བོན་ཡི་གེ་ཧཱུྃ་ལ་བཤད་དོ། །འདི་གཞན་རྣམས་ཀྱིའང་ཐུན་མོང་ངོ༌། །བུ་སྟོན་སོགས་བྷྲཱུྃ་ལས་འཆད་པ་ནི་ནོར་བའོ། །སྒྲོན་གསལ་ལས་ནི་འདི་དག་གི་བཤད་པ་མི་སྣང་ངོ༌། །གནོད་མཛེས་ནི། གནོད་མཛེས་ཞེས་སོགས་ཚིག་རྐང་གསུམ་མོ། །བསམ་གཏན་འཁོར་ལོ་ནི་བཀའི་འཁོར་ལོའོ། །གསུམ་པ་མཇུག་བསྡུ་བའི་ཚུལ་གྱིས་ཏིང་ངེ་འཛིན་གྲངས་མེད་པ་བསྟན་པ་ནི། གཟི་བརྗིད་ཕུང་པོ་དང་གཙུག་ཏོར་རྒྱལ་བ་ལ་སོགས་པ་བཤད་རྒྱུད་ནས་གསུངས་པ་རྣམས་དང༌། གཟི་བརྗིད་ཕུང་པོ་དང་གཙུག་ཏོར་གཅིག་ཏུ་འཆད་པ་ནི་ནོར་བའོ། །རྒྱུད་གཞན་ལས། སྔགས་ཀྱི་འཁོར་ལོ་ཅན་ཏེ། བྱམས་པ་ལ་སོགས་པ་རྣམས་དང༌། དམ་ཚིག་ནི་ལྷ་རྣམས་ཡིན་ལ། དེའི་ལོངས་སྤྱོད་ནི་དེས་ཡོངས་སུ་འཛིན་པ་རྡོ་རྗེ་དང་དགྲ་སྟྭ་ལ་སོགས་པའི་མཚན་མ་འདི་རྣམས་ཀྱི་སྒོ་ནས། ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་སོགས་སོ་སོ་སོ་སོར་བསྒོམ་པར་བྱ། དེ་བས་ན་ལྷ་རྣམས་ཀྱི་སྔགས་ཕྱག་མཚན་རྣམས་ཐ་དད་དུ་བསྒོམས་པའི་དབྱེ་བས་སྔགས་ཀྱི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་བཤད་པ་ཡིན་ཏེ། གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་རེ་རེ་ཡང་བྲན་དང་བྲན་མོ་དང་ཕོ་ཉ་དང་ཕོ་ཉ་མོ་ལ་སོགས་པའི་རྣམ་པས་ནམ་མཁའི་སྟེང་བས་ཀྱང་སྟེ། ནམ་མཁའི་ཁམས་ལས་ཀྱང་ཤིན་ཏུ་འཕགས་པ་སྟེ་ལྷག་པར་སྒོམ་པའི་ཏིང་ངེ་འཛིན་གྱི་དབྱེ་བས་ཏིང་ངེ་འཛིན་གྲངས་མེད་པ་ཉིད་དོ། །སྔགས་ཀྱི་སྐུ་བསྐྱེད་པའི་ཏིང་ངེ་འཛིན་བསྟན་ཟིན་ཏོ། །གཉིས་པ་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ་གསུམ་སྟེ། དེ་བཞིན་གཤེགས་པ་གསུམ་གྱི་སྐུ་བསྐྱེད་པ་དང༌། ལྷ་མོ་བཞིའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་དང༌། ཁྲོ་བོ་བཅུའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །དང་པོ་ལ་བསྡུས་པའི་དོན་ནི། སྒྱུ་ལུས་འོད་གསལ་དུ་བཅུག་སྟེ་ལུགས་བཟློག་གི་སྣང་བ་གསུམ་ལས་ཟུང་འཇུག་གི་སྐུར་བཞེངས་ནས། དེ་སྤྲུལ་པའི་སྐུར་བསྒྱུར་ནས་ཕྲིན་ལས་བཞི་བསྒྲུབས་ན་བྱང་ཆུབ་ཐོབ་ཅེས་པའི་དོན་ནོ། །ཚིག་གི་དོན་ནི། རྣམ་སྣང་གི་ཟུང་འཇུག་གི་རྣལ་འབྱོར་པས་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་ནས་འོད་གསལ་དུ་བཅུག་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པའོ། །ལུགས་བཟློག་གི་སྣང་བ་གསུམ་ལས་བཞེངས་པ་ནི། གསལ་བའི་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །གདན་དང་ཕྱག་མཚན་སོགས་རིམ་གྱིས་བསྐྱེད་པ་ལ་མ་ལྟོས་པར་སྐད་ཅིག་གིས་བསྐྱེད་པས་ན་དམ་པའོ། །དེ་ལས་ཟུང་འཇུག་གི་སྐུར་བཞེངས་པ་ནི། སངས་རྒྱས་གཟུགས་ཏེ་རྡོ་རྗེ་འཆང་དུ་རབ་ཏུ་བསྒོམས་ལ་ཞེས་པའོ། །སྤྲུལ་སྐུར་བསྒྱུར་བ་ནི། རྣམ་པར་སྣང་མཛད་རབ་ཏུ་བསམ། །ཞེས་པའོ། །ཇི་ལྟ་བུ་ཞེ་ན། གསལ་བ་སྟེ་ཁུག་སྣ་སོགས་ཀྱི་སྐྱོན་དང་བྲལ་བའི་ཟླ་བའི་གཟུགས་དང་འདྲ་བས་ན་ཟླ་བ་བཞིན་ནོ། །ཞི་བའི་ཉམས་དང་ལྡན་པས་ན་ཞི་བའོ། །འོད་ཟེར་རྣམ་པ་ལྔས་འོད་ཀྱི་དཀྱིལ་འཁོར་དུ་བྱས་པས་ན། སྣ་ཚོགས་འདྲ་བའི་འོད་ཅེས་བྱའོ། །མེ་ལོང་ལྟར་གསལ་བར་བྱུང་བས་ན། མེ་ལོང་ལྟ་བུར་ཡང་དག་བྱུང༌། །ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་འཆད་པ་ནི་འགྲེལ་པ་དང་མི་མཐུན་པས་ནོར་བའོ། །ཁམས་གསུམ་དག་གི་རྒྱན་བཞིན་དུ་གྱུར་པ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པས་ན་རྒྱན་རྣམས་ཀུན་གྱིས་བརྒྱན་པའི་རྣམ་སྣང་སྤྲུལ་སྐུ་དག་བསམས་ན། སྦྱོར་བ་དེ་ཡིས་མི་གནས་པའི་བྱང་ཆུབ་མཐོང་ཞིང་ཐོབ་པར་འགྱུར་རོ། །གོང་དུ་ཇི་སྐད་བཤད་པའི་བསམ་གཏན་རྡོ་རྗེ་རབ་ཏུ་བསྒོམ་པ་དེ་ཡིས་སངས་རྒྱས་ཆེ་བའི་བདག་སྟེ་སངས་རྒྱས་ཀྱི་དབང་ཕྱུག་དང༌། འཇིག་རྟེན་ཐམས་ཅད་ལ་དབང་བྱེད་པ་ཉན་ཐོས་ལ་སོགས་པ་ཡང་འདུད་པར་བྱེད་པ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་རྫོགས་རིམ་མོ། །དེ་ལས་བྱུང་བ་མཛེས་པའི་རྡོ་རྗེ་ནི་སྐུའི་རང་བཞིན་རྣམ་སྣང་སྟེ། དེ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །མི་བསྐྱོད་པའི་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པས། སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའི་དབྱིངས་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་ནི། རྡོ་རྗེའི་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཞེས་པ་སྟེ་སྔ་མ་བཞིན་ནོ། །མི་བསྐྱོད་པའི་སྤྲུལ་སྐུར་བསྒྱུར་བ་ནི་རྡོ་རྗེ་སེམས་དཔའ་ཞེས་སོགས་སོ། །དེ་གསལ་བར་བསྟན་པ་ནི། མཆེ་བ་ཅུང་ཟད་གཙིགས་པ་ནི་ཁྲོས་པའོ། །གསལ་བའི་ལུས་ནི་དྲུག་པ་རྡོ་རྗེ་འཆང་སྟེ་དེ་དང་འདྲ་བའི་མི་བསྐྱོད་པའོ། །སྣ་ཚོགས་པའི་འོད་ཟེར་འབར་བ་དང་མཚུངས་པས་ན་མཉམ་པའི་འོད་དོ། །རྣམ་པ་ཀུན་གྱི་ཞེས་སོགས་ཚིག་རྐང་པ་གཉིས་ནི་རྣམ་སྣང་གི་སྐབས་བཞིན་ནོ། །ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བས་ན་ཞི་བའོ། །ཡེ་ཤེས་ཀྱི་གནས་ནི་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེ་རབ་ཏུ་བསྒོམས་ན་རྡོ་རྗེ་ཉིད་དེ་སངས་རྒྱས་རབ་ཏུ་ཐོབ་བོ། །རྡོ་རྗེ་བསམ་གཏན་རབ་བསྐུལ་བ། །ཞེས་པ་ནི་བསམ་གཏན་འདི་ཡིས་རྒྱས་བཏབ་པ་ཞེས་པའི་དོན་ནོ། །འདི་ནི་སྙིམ་པའི་མེ་ཏོག་ལས་བཤད་དོ། །འདིས་ནི་ཞེས་སོགས་ཚིག་རྐང་གཉིས་ནི་སྔ་མ་བཞིན་ནོ། །དམ་ཚིག་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་འབྱུང་བའི་མཛེས་པ་རྡོ་རྗེ་ཞེས་བྱ་བ་ནི། དཀྱིལ་འཁོར་དེ་དག་འབྱུང་བའི་མི་བསྐྱོད་པ་སྟེ་དེའི་ཏིང་ངེ་འཛིན་ནོ། །འོད་དཔག་ཏུ་མེད་པའི་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པས། སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་སོ། །དེ་ལས་ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི། ཆོས་ཀྱི་དཀྱིལ་འཁོར་ཞེས་སོགས་སོ། །དེ་ལས་ཟུང་འཇུག་གི་སྐུར་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །སྤྲུལ་པའི་སྐུར་བསྒྱུར་བ་ནི། ཆོས་ཀྱི་སེམས་དཔའ་སྟེ་འོད་དཔག་མེད་དོ། །གསལ་བའི་ལུས་འཛིན་ནི། དྲུག་པའི་ལུས་དང་འདྲ་བར་དྲི་མ་མེད་པའོ། །ཞི་བ་ནི་སྔར་བཞིན་ནོ། །འོད་ཟེར་སྤྲིན་ནི་འོད་ཟེར་གྱི་ཚོགས་སོ། །དེ་རབ་ཏུ་བསྐོར་བས་ན་འཁོར་ལོ་ཆེའོ། །བསམ་གཏན་འདིས་ཅི་འཐོབ་ཅེ་ན། བསམ་གཏན་འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ་ཞེས་ཏེ། ངག་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་ཞིང་སྐྱེས་པ་ཡེ་ཤེས་རྒྱ་མཚོའོ། །དེས་བརྒྱན་པ་ནི་ཟུང་འཇུག་གི་རིམ་པ་ལ་གནས་པའོ། །དེས་ཚེ་འདི་ཉིད་ལ་གསུང་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་མེད་དོ། །དེ་གང་ལས་བྱུང་བ་དེ་ནི་ཆོས་ཀྱི་སེམས་དཔའ་འབྱུང་བ་སྟེ་རྡོ་རྗེ་འཆང་ངོ༌། །དེའི་དམ་ཚིག་འབྱུང་བ་ནི་ཡོངས་སུ་རྫོགས་པའི་རིམ་པའོ། །དེ་ཉིད་ནས་རྡོ་རྗེ་སྟེ་དེའི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །གཉིས་པ་སྤྱན་ལ་སོགས་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི། འདི་བནྡྷེ་ཉི་མ་ལྕམ་གྱིས་ལུགས་གཉིས་གསུངས་ཏེ། སངས་རྒྱས་སྤྱན་གྱི་ཟློ་བ་པོ་ཡིན་ན། ཟུང་འཇུག་ལོངས་སྐུར་བཞེངས་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། བདེ་བའི་སྣང་བ་ཙམ་ལས། སངས་རྒྱས་སྤྱན་བསྐྱེད་པ་དང་སྤྲོས་པ་དང་བསྡུས་ནས་ལུས་ལ་བཅུག་པས་སྤྱན་མ་སྤྲུལ་སྐུར་བསྒྱུར་བ་དང༌། རྣམ་སྣང་དང་སྙོམས་པར་ཞུགས་པ་ལས་ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས་ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད་ནས། སྤྱན་མ་རང་གི་ཐུགས་ཁ་ནས་སྤྲོས་བསྡུས་ནས་རང་གི་གནས་སུ་འགོད་དོ། །ལུགས་གཉིས་པ་ལྟར་ན། མཱ་མ་ཀིའི་ཟློ་བ་པོས་ཟུང་འཇུག་རྡོ་རྗེ་འཆང་དུ་བཞེངས་ནས། སྤྲུལ་སྐུ་མི་བསྐྱོད་པ་བསྐྱེད་དེ་སྤྲོས་བསྡུས་བྱས་ནས་བདག་ལ་བཅུག་སྟེ་མི་བསྐྱོད་པར་བསྒྱུར་བ་ལ་མཱ་མ་ཀི་དང་སྙོམས་པར་ཞུགས་པ་ལས་ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས། ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད་ནས། མཱ་མ་ཀི་རང་གི་ཐུགས་ཁ་ནས་སྤྲོས་བསྡུས་བྱས་ནས་རང་རང་གི་གནས་སུ་བཀོད་ཅེས། རང་རང་གི་ཡབ་ཀྱིས་གཙོ་བྱེད་པའོ། །ཞེས་སྔ་རབས་པ་དག་བཞེད་ཀྱང༌། འགྲེལ་པའི་དགོངས་པ་མ་ཡིན་པར་མངོན་ནོ། །བསྡུས་དོན་ནི། རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུའི་སྐུ་འོད་གསལ་དུ་བཅུག་ནས། ལུགས་བཟློག་གི་སྣང་བ་གསུམ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། འགྲེལ་པ་ལས་སྔ་མ་བཞིན་ཞེས་པའི་དོན་ནི། དེ་ནས་དེ་ཉིད་ཡུམ་བཞིའི་སྤྲུལ་པའི་སྐུར་བསྒྱུར་ནས་སོ་སོའི་ལས་བྱེད་ཅེས་ཆག་ལོས་བཤད་པ་ཉིད་དགོངས་པའོ། །སྤྱན་མའི་ཟློ་བ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའི་རྡོ་རྗེ་ཞེས་སོགས་སོ། །དེ་ལས་ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི་ཟླ་བའི་དཀྱིལ་འཁོར་དམ་པ་ཞེས་སོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །དེ་ཉིད་སྤྲུལ་སྐུ་སྤྱན་མར་བསྒྱུར་བ་ནི། སྤྱན་མ་མཆོག་ནི་རྣམ་པར་བསྒོམ་ཞེས་པའོ། །གཞུང་འདི་ཉིད་ཀྱིས་ཆག་ལོའི་དགོངས་པ་གསལ་བར་བཤད་དོ། །སྤྱན་མ་གང་ཞེ་ན། ཁམས་གསུམ་དག་ནི་དབང་བྱེད་པ། །ཞེས་བྱའོ། །དེའི་ཁྱད་པར་ནི། ཞལ་མཛེས་ཤིང་སྤྱན་གྱི་དཀྱུས་རབ་ཏུ་ཡངས་པ་དང༌། སྣ་ཚོགས་ཞེས་པ་ཚིག་རྐང་པ་གཉིས་ནི་སླའོ། །བུད་མེད་སྒྱུ་མའི་མཆོག་ལྡན་པ་ཞེས་པའི་དོན་ནི། སྒྲོན་གསལ་ལས་ཚིག་དོན་མེད་ཅིང༌། སྙིམ་པའི་མེ་ཏོག་ལས། བུད་མེད་སྒྱུ་མ་ཞེས་པ་ནི། དམ་དུ་འཁྱུད་པས་དགའ་བ་སྟོན་ཅིང་རྣམ་པར་རོལ་པའོ། །ཡང་ན་སྤྱོད་བསྡུས་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་པའོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་སོ། །ཞེས་གསུངས་སོ། །བསྒོམ་པའི་ཕན་ཡོན་ནི། བསམ་གཏན་དངོས་གྲུབ་ཐོབ་པར་བྱེད། །ཅེས་པའོ། །འཁོར་ལོ་དེ་ཉིད་ལ་ཡིད་བཞིན་ནོར་བུ་ཞེས་བརྗོད་དོ། །སྒྲུབ་པ་པོ་ལ་དགོས་འདོད་འབྱུང་བས་སོ། །སྙིམ་པའི་མེ་ཏོག་ལྟར་ན། ཇི་ལྟར་འདོད་པའི་ལྷའི་འཁོར་ལོར་སྤྲུལ་པས་ན་འཁོར་ལོའོ། །ཡིད་བཞིན་ནོར་བུའི་འོད་ཅེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བཤད་དོ། །སྤྱན་གྱི་དམ་ཚིག་ནི་སྤྱན་གྱི་ཕྱག་རྒྱ་ཆེན་པོའོ། །ཕྱག་གི་མཆོག་ཅེས་པ་ནི་ཕྱག་མཚན་གཙོ་བོའི་འཁོར་ལོའོ། །དེ་དང་ལྡན་པ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །མཱ་མ་ཀིའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུགས་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་ནི། རྡོ་རྗེའི་དཀྱིལ་འཁོར་ཞེས་སོགས་སོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ཞེས་སོགས་སོ། །མཱ་མ་ཀི་སྤྲུལ་སྐུར་བསྒྱུར་བ་ནི། ནམ་མཁའ་རྡོ་རྗེ་སོགས་ཏེ། ནམ་མཁའ་རྡོ་རྗེ་ནི་མི་བསྐྱོད་པ་ཡིན་ལ། མཆོག་ནི་དེའི་བཙུན་མོ་མཱ་མ་ཀིའོ། །དེ་ཇི་ལྟ་བུ་ཞེ་ན། ཞལ་ཞེས་སོགས་ནི་སྔ་མ་བཞིན་ནོ། །ཨུཏྤལ་མཐིང་ཁའི་མདོག་འདྲ་བ་ཞེས་པ་ནི་སྔོན་པོ་མདངས་དམར་བ་དང་ལྡན་པའོ། །ནམ་མཁའ་ནི་མི་བསྐྱོད་པ་ཡིན་ལ། དམ་ཚིག་ནི་དེའི་བཙུན་མོའོ། །ཁམས་གསུམ་ཞེས་སོགས་ཚིག་རྐང་གཉིས་ནི་དེའི་ཁྱད་པར་རོ། །དངོས་གྲུབ་རྡོ་རྗེ་ཅན་གྱི་གསང་ཞེས་པ་ནི། སྒྲུབ་པ་པོ་རྣམས་ཀྱི་གསང་ཆེན་ནོ། །ནམ་མཁའ་ནི་འོད་གསལ་ལོ། །དེ་ཉིད་མི་བསྐྱོད་པའི་ཡུམ་སྟེ། དེ་ལས་མི་བསྐྱོད་པ་འབྱུང་བས་སོ། །རིན་པོ་ཆེའི་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་གཉིས་ཚིམ་པར་བྱེད་པ་ནི་མཱ་མ་ཀིའོ། །དེ་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །གོས་དཀར་མོའི་ཟློ་བ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་ནི་ཆོས་ཀྱི་དཀྱིལ་འཁོར་ཞེས་སོགས་སོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །གོས་དཀར་མོའི་སྤྲུལ་སྐུར་བསྒྱུར་བ་ནི། རྡོ་རྗེ་ཆོས་མ་སྟེ་གོས་དཀར་མོ་རབ་ཏུ་བསྒོམ་མོ། །དེ་ཇི་ལྟ་བུ་ཞེ་ན། ཞལ་བཟང་ཞེས་སོགས་ཚིག་རྐང་གཉིས་ནི་སླའོ། །སྒྱུ་མས་མཚན་པ་ནི་འོད་གསལ་ལོ། །དེ་ཉིད་མཆོག་སྟེ་དེ་ལས་བྱུང་བས་ན་མཚན་མས་མཚན་པའི་མཆོག་ལས་བྱུང་ཞེས་སོ། །འདོད་ཆགས་ཆགས་པ་འཛིན་ནི་འོད་དཔག་མེད་དོ། །དེའི་སྡུག་པ་ནི་གོས་དཀར་མོའོ། །དེའི་ཁྱད་པར་གཞན་ཡང་སྟོན་པ་ནི། མཚན་ཉིད་ཞེས་སོགས་ཚིག་རྐང་གསུམ་ནི་གོ་སླའོ། །གོས་དཀར་མོ་སྤྲུལ་སྐུར་བསྒྱུར་བའི་ཐུགས་ཁ་ནས། དཀྱིལ་འཁོར་ཕྱུང་བ་བསྒོམ་པ་ནི། སངས་རྒྱས་ཐམས་ཅད་རབ་བསྒོམས་པ་ཞེས་སོ། །ཆོས་ཀྱི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་འབྱུང་གནས་ནི་འོད་དཔག་མེད་དོ། །མཆོག་ནི་དེའི་བཙུན་མོ་གོས་དཀར་མོའོ། །ཡང་དེ་ཉིད་ལ་དམ་ཚིག་རྡོ་རྗེ་ཅན་གྱི་གསང་བ་ཞེས་བྱ་སྟེ། དམ་ཚིག་རྡོ་རྗེ་ནི་འོད་དཔག་མེད་དོ། །དེའི་ཡུམ་ཡིན་པས་ན་རྡོ་རྗེ་ཅན་གྱི་གསང་བ་ཞེས་བརྗོད་དོ། །ཆོས་ཀྱི་དམ་ཚིག་འོད་དཔག་མེད་དོ། །དེ་ཁོ་ན་ཉིད་མ་ནོར་བྱང་ཆུབ་པ་ནི་འོད་གསལ་ལོ། །དེ་གཞན་ལ་ཀུན་ཏུ་སྟོན་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ་དེའི་ཏིང་ངེ་འཛིན་ནོ། །སྒྲོལ་མའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་སོ། །དེ་ལས་ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི་དངོས་གྲུབ་དཀྱིལ་འཁོར་སོགས་སོ། །སྒྲོལ་མའི་སྤྲུལ་སྐུར་བསྒྱུར་བ་ནི། སྒྲོལ་མ་ཞེས་སོགས་སོ། །དེའི་ཁྱད་པར་ནི་ཞལ་བཟང་ཞེས་པ་ནས། ཁ་དོག་ལྗང་སེར་འདྲ་བའི་འོད། །ཅེས་པའི་བར་ནི་གོ་སླའོ། །སྒྲོལ་མའི་ཁ་དོག་སྒྲུབ་ཐབས་མདོར་བྱས་སུ་འབྱུང་བ་ནི་འདིས་བསྟན་ཏོ། །བུད་མེད་སྒྱུ་མ་ནི། སྒྱུ་མའི་ཚུལ་རྣམ་པར་རོལ་པའོ། །རབ་ཏུ་མྱོས་པ་ནི་དེའི་ཏིང་ངེ་འཛིན་ལ་གནས་པའོ། །རྡོ་རྗེ་ཏིང་ངེ་འཛིན་ནི་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ནོ། །དེ་ལས་བྱུང་བ་ནི་དེའི་འབྲས་བུ་སྟེ་དེས་བསྐྱེད་པས་སོ། །སེམས་ཅན་ཀུན་ཞེས་པ་ནས། སྒོམ་ཞེས་པའི་བར་གྱི་ཚིག་རྐང་གསུམ་ནི་གོ་སླའོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །དེའི་སྒྲོལ་མ་ནི་ཡོན་ཏན་གྱི་མཆོག་དང་ལྡན་པས་མཆོག་ལྡན་ཞེས་བྱ་སྟེ། དེའི་ཏིང་ངེ་འཛིན་ནོ། །གསུམ་པ་ཁྲོ་བོ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ། གཤིན་རྗེ་གཤེད་ཀྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་པ་སྟེ། སྣང་བ་མཆེད་པ་བསྟན་ལ། དེས་གཞན་གཉིས་ཀྱང་བསྟན་ནོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །གཤིན་རྗེ་གཤེད་ཀྱི་སྤྲུལ་སྐུར་བསྒྱུར་བ་ནི། གཤིན་རྗེ་གཤེད་ཅེས་སོགས་སོ། །དེ་ཇི་ལྟ་བུ་ཞེ་ན། འབར་བའི་འོད་ཟེར་ཞེས་སོགས་ཚིག་རྐང་པ་ལྔ་ནི་གོ་སླའོ། །རྡོ་རྗེ་ཅན་ནི་སྒྲུབ་པ་པོའོ། །དགྱེས་པར་འགྱུར་བ་ནི་མངོན་པར་འདོད་པའི་དོན་སྒྲུབ་པས་དགའ་བར་གྱུར་པའོ། །གཤིན་རྗེ་གཤེད་ཀྱི་བསམ་གཏན་འདི་ནི་ཡེ་ཤེས་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱི་གནོད་བྱེད་སོགས་ཐམས་ཅད་ཁྲོ་བའི་ཁྲོ་བོའི་དམ་ཚིག་སྟེ་ལམ་ཡིན་ནོ། །གཤིན་རྗེ་གཤེད་སྤྲོ་བ་ནི་རྡོ་རྗེ་འཆང་ངོ༌། །སྣང་བ་བཀོད་པ་ནི་དེས་སྤྲུལ་པའི་གཤིན་རྗེ་གཤེད་དོ། །དེ་སྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །གཞན་གྱིས་མི་ཐུབ་པའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུགས་པ་ནི། ནམ་མཁའ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོགས་སོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །གཞན་གྱིས་མི་ཐུབ་པའི་སྤྲུལ་སྐུར་བསྒྱུར་བ་ནི། གཞན་གྱིས་མི་ཐུབ་ཞེས་སོགས་སོ། །སྦྲུལ་གྱིས་བརྒྱན་ཅིང་སྐེ་རགས་ཏེ། །ཞེས་པ་ནི་མཚོན་བྱེད་ཐམས་ཅད་ཀྱི་ཐུན་མོང་ངོ༌། །དགྱེས་ཞེས་པ་ཡང་སྔ་མ་བཞིན་ནོ། །གཞན་གྱིས་མི་ཐུབ་པའི་བསམ་གཏན་འདི་ནི་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོའོ། །གནོད་བྱེད་ཐམས་ཅད་ལ་ཁྲོ་བོའི་གཞན་གྱིས་མི་ཐུབ་པའི་དམ་ཚིག་གོ །གཞན་གྱིས་མི་ཐུབ་པ་ནི་ཁྲོ་བོའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ངོ༌། །བཀོད་པ་ནི་དེས་སྤྲུལ་པའོ། །རྟ་མགྲིན་གྱི་ཟློས་པ་པོས་སྒྱུ་ལས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི་ཉི་མའི་དཀྱིལ་འཁོར་ཞེས་སོགས་སོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །རྟ་མགྲིན་གྱི་སྤྲུལ་སྐུར་བསྒྱུར་བ་ནི། རྡོ་རྗེ་རྟ་མགྲིན་ཞེས་སོགས་སོ། །དེའི་ཁྱད་པར་ནི། ཁྲོ་བོའི་འོད་ཟེར་ཞེས་སོགས་ཏེ་གོ་སླའོ། །རྟ་མགྲིན་བསྐྱེད་པ་འབྱུང་བ་ནི་རྡོ་རྗེ་འཆང་ངོ༌། །རྣམ་པར་བཀོད་པ་ནི། དེས་སྤྲུལ་པའི་རྟ་མགྲིན་ནོ། །བདུད་རྩི་ཐབས་སྦྱོར་གྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི་ཉི་མ་དཀྱིལ་འཁོར་ཞེས་སོགས་སོ། །ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །བདུད་རྩི་ཐབས་སྦྱོར་གྱི་སྤྲུལ་སྐུ་བསྒྱུར་བ་ནི། རྡོ་རྗེ་བདུད་རྩི་ཞེས་སོགས་སོ། །དེའི་ཁྱད་པར་ནི། འབར་བའི་འོད་ཟེར་ཞེས་སོགས་སོ། །ཤླཽ་ཀ་གཉིས་ནི་སྒྲ་ཇི་བཞིན་ཏེ་གོ་སླའོ། །འབྱུང་བ་རྡོ་རྗེ་ནི་དེ་བཤད་པའི་ཁྱད་པར་རོ། །འདོད་པའི་རྒྱལ་པོའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་སོགས་གསུམ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་ཚིག་རྐང་གསུམ་ནི་སྔ་མ་བཞིན་གོ་སླའོ། །འདོད་པའི་རྒྱལ་པོའི་སྤྲུལ་སྐུར་བསྒྱུར་བ་ནི་ཊཀྐི་ཞེས་སོགས་སོ། །དེའི་ཁྱད་པར་ནི། ཁྲོ་བོ་འཇིགས་པའི་ཆ་ལུགས་ཞེས་སོགས་ཤླཽ་ཀ་གཉིས་ནི་གོ་སླའོ། །བསམ་གཏན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མི་བསྐྱོད་པའོ། །དགའ་བ་ནི་དེ་དབུ་རྒྱན་དུ་འཇོག་པའོ། །དེའི་ཏིང་ངེ་འཛིན་ཞེས་བྱའོ། །སྟོབས་པོ་ཆེའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་སོགས་གསུམ་གྱི་དོན་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་ཚིག་རྐང་གསུམ་མོ། །དེའི་སྤྲུལ་སྐུར་བསྒྱུར་བ་ནི། སྟོབས་པོ་ཆེ་ནི་རབ་ཏུ་སྒོམ། །ཞེས་པའོ། །དེའི་ཁྱད་པར་ནི། འབར་བའི་འོད་ཟེར་ཞེས་སོགས་ཤླཽ་ཀ་གཉིས་ཏེ། རྡོ་རྗེ་གསུམ་གྱི་གནས་ནི་འོད་གསལ་ལོ། །དེ་ལེན་ཅིང་འཛིན་པས་དཀྱིལ་འཁོར་རོ། །ལྷག་མ་གོ་སླའོ། །རྡོ་རྗེ་གསུམ་སྟོབས་ནི་རྡོ་རྗེའི་སྤྱན་གསུམ་དང་ལྡན་པ་སྟེ། དེའི་ཏིང་ངེ་འཛིན་ཏོ། །དབྱུག་སྔོན་ཅན་གྱི་དོན་གསུམ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་ཚིག་རྐང་པ་གསུམ་སྟེ་སྔ་མ་བཞིན་ནོ། །དེའི་སྤྲུལ་སྐུར་བསྒྱུར་བ་ནི། རྡོ་རྗེ་སྔོན་པོར་རྣམ་པར་བསྒོམ། །ཞེས་པའོ། །དེའི་ཁྱད་པར་ནི་ཚིགས་སུ་བཅད་པ་གཉིས་ཏེ། ནག་པོའི་རྒྱ་མཚོ་ནི། ཁྲོ་བོའི་རྒྱ་མཚོ་སྟེ། དེ་བསྐྱེད་པར་བྱེད་ཅེས་སྦྱར་རོ། །རྡོ་རྗེ་དབྱུག་ཐོགས་ཅེས་པ་ནི་རྡོ་རྗེས་མཚན་པའི་དབྱུག་པའོ། །རྡོ་རྗེ་དབྱུག་པའི་དམ་ཚིག་མཆོག་དང་ལྡན་པ་ནི་ཁྲོ་བོ་དེ་ཉིད་དེ་དེའི་ཏིང་ངེ་འཛིན་ནོ། །མི་གཡོ་བའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ་དོན་གསུམ་ནི། ནམ་མཁའ་རྡོ་རྗེའི་ཞེས་སོགས་ཚིག་རྐང་པ་གསུམ་སྟེ་སྔ་མ་བཞིན་ནོ། །དེའི་སྤྲུལ་སྐུར་བསྒྱུར་བ་ནི། མི་གཡོ་མཆོག་ནི་རྣམ་པར་བསྒོམ། །ཞེས་པའོ། །དེའི་ཁྱད་པར་ནི་ཚིགས་སུ་བཅད་པ་གཉིས་ཏེ། མི་བསྐྱོད་པ་ནི་མི་བསྐྱོད་པ་སྟེ། དེའི་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེས་དབུ་རྒྱན་པའོ། །རྡོ་རྗེ་ནམ་མཁའ་ནི་ཀུན་ཏུ་སྣང་བ་གསུམ་མོ། །དེའི་དབྱིངས་ནི་འོད་གསལ་ལོ། །གནས་གནོད་པ་ནི་བདེན་གཉིས་གཅིག་ཏུ་བྱེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་སོགས་གསུམ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་ཚིག་རྐང་པ་གསུམ་ནི་སྔ་མ་བཞིན་ནོ། །དེའི་སྤྲུལ་སྐུར་བསྒྱུར་བ་ནི། རིག་པའི་འཁོར་ལོ་ཞེས་སོགས་ཏེ། རིག་པ་ནི་འཇིག་རྟེན་པའི་དངོས་གྲུབ་བོ། །འཁོར་ལོ་ནི་ཚོགས་སོ། །འབྱུང་བ་ནི་དེར་རབ་ཏུ་འབྱུང་བའོ། །འཁོར་ལོ་འབར་བས་ཡོངས་སུ་བསྐོར། །ཞེས་པ་ནི། ལུས་འཁོར་ལོའི་འོད་ཀྱིས་བསྐོར་བའོ། །གཙུག་ཏོར་འཁོར་ལོ་དམ་ཚིག་ཅེས་པ་ལ། གཙུག་ཏོར་ནི་མཁའ་ལ་སྤྱོད་པའོ། །འཁོར་ལོ་ནི་ཚོགས་སོ། །དམ་ཚིག་ནི་མཁའ་ལ་སྤྱོད་པ་རྣམས་ཀྱིས་མཆོད་པའོ། །ལྷག་མ་ཚིག་རྐང་གསུམ་ནི་རྟོགས་པར་སླའོ། །གཙུག་ཏོར་གྱི་དམ་ཚིག་ནི་རིག་པ་འཛིན་པའི་དམ་ཚིག་གོ །དེ་དང་ལྡན་པའི་སྟོབས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ནོ། །གནོད་མཛེས་ཀྱི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལས། སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི་ནམ་མཁའ་རྡོ་རྗེ་ཞེས་སོགས་སོ། །ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི་ཉི་མའི་དཀྱིལ་འཁོར་ཞེས་སོགས་སོ། །དེ་ལས་ཟུང་འཇུག་གི་སྐུར་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོགས་སོ། །གནོད་མཛེས་ཀྱི་སྤྲུལ་སྐུར་བསྒྱུར་བ་ནི། རྡོ་རྗེ་སུམྦྷ་ཞེས་སོགས་སོ། །དེའི་ཁྱད་པར་ནི་མེ་ལྕེ་རྣོན་པོ་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ་གོ་སླའོ། །རྡོ་རྗེའི་དམ་ཚིག་སུམྦྷ་ནི་གནོད་མཛེས་སོ། །དེ་རབ་ཏུ་འབྱུང་ཞིང་བསྐྱེད་པའི་ཏིང་ངེ་འཛིན་ཏོ། །ལྷའི་རྣལ་འབྱོར་གཉིས་བསྟན་ཟིན་ཏོ། །གཉིས་པ་ཐུན་མོང་གི་དོན་བསྡུ་བ་ལ་གཉིས་ཏེ། དྲང་དོན་དུ་བསྟན་པས་སྔགས་ཀྱི་སྐུ་བསྡུ་བ་བསྟན་པ་དང༌། ངེས་དོན་དུ་བསྟན་པས་ཡེ་ཤེས་ཀྱི་སྐུ་བསྡུ་བ་བསྟན་པའོ། །དང་པོ་ནི། རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་འགྲུབ་པར་འགྱུར་རོ། །བཀའི་འཁོར་ལོ་ཇི་ལྟ་བུ་ཞེ་ན། འགོག་པ་སྟེ་གསོད་པ་ལ་སོགས་པའི་མངོན་སྤྱོད་ཀྱི་ལས་སོ། །ཏིང་ངེ་འཛིན་གང་གིས་འགྲུབ་ཅེ་ན། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་འཁོར་ལོ་ཡིས་སོ། །དེ་གང་གིས་འགྲུབ་ཅེ་ན། སངས་རྒྱས་ཀྱི་འཁོར་ལོ་སྟེ་ལྷའི་རྣལ་འབྱོར་བསྟེན་པ་ཡིས་སོ། །ལྷའི་རྣལ་འབྱོར་སྟོན་པ་ནི། ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་རྣམས་ཏེ་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་བསྐྱེད་དེ་རང་རང་གི་སྤྲུལ་པའི་སྐུར་བསྒྱུར་བའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི་སངས་རྒྱས་ཀྱི་འཁོར་ལོ་ནི། རྣམ་སྣང་ལ་སོགས་པའི་སྒྲས་བསྟན་པའི་ཕུང་པོའི་ཚོགས་སོ། །བསྟེན་པ་ནི་སྒྱུ་མ་ལྟ་བུའི་ཚུལ་དུ་ཡང་ཡང་སྤྱོད་པའོ། །འགོག་པ་ནི་སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །རང་བཞིན་གྱི་ལུས་ལ་རྒྱབ་ཀྱིས་ཕྱོགས་པས་ན་ཁྲོ་བོའོ། །ཐ་མལ་པའི་ལུས་འཇོམས་པས་མཚོན་ཆ་དང་འདྲ་བས་ན་འཁོར་ལོའོ། །དེས་ཅི་འགྲུབ་ཅེ་ན། རྡོ་རྗེའི་དཀྱིལ་འཁོར་ནི་འོད་གསལ་ཡིན་ལ། དེ་ལས་ཟུང་འཇུག་ཏུ་ལྡང་བ་འགྲུབ་པར་འགྱུར་རོ། །ཐབས་གང་གིས་ཤེ་ན། ཏིང་ངེ་འཛིན་རྡོ་རྗེ་ནི་འོད་གསལ་ཡིན་ལ། དེ་རྟོགས་པའི་ཡེ་ཤེས་ཀྱི་འོད་གསལ་རྟོགས་པའི་མཇུག་ཐོགས་སུ་ལུགས་བཟློག་གི་སྣང་བ་གསུམ་ལས་འགྲུབ་པར་འགྱུར་རོ། །ལེའུ་མཚན་དོན་ནི། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་ནི་སྤྱན་ལ་སོགས་པའོ། །བཀོད་པ་ནི་ཁྲོ་བོ་རྣམས་སོ། །དེ་རྣམས་བསྐྱེད་པའི་ཕྱིར་འོད་གསལ་ལ་གནས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི། འོད་གསལ་སྔོན་དུ་འགྲོ་བའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེ་སྟོན་པའི་གཞུང་གི་ཚོགས་ལ་དེ་སྐད་ཅེས་བརྗོད་པའི་ལེའུ་སྟེ་བཅུ་གསུམ་པའི་རྣམ་བཤད་དོ།། ༈ །སྔགས་སྨྲ་བ་རྣམ་པ་བཞིའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཞི་བ་ལ་སོགས་པའི་ལས་ཚོགས་ཉམས་སུ་བླང་བར་བྱའོ། །ཞེས་བསྟན་པའི་ཕྱིར་དུ་ལེའུ་བཅུ་བཞི་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། ལེའུ་འདིའི་སྟོད་ནས་སྔགས་ཀྱི་རིག་པས་ལས་སྒྲུབ་པ་སྟོན། བར་ནས་བསམ་གཏན་གྱིས་ལས་སྒྲུབ་པ་དང༌། སྔགས་ཀྱི་རིག་པ་གཞན་སྟོན། སྨད་ནས་གདུག་པ་འདུལ་བའི་རིམ་པ་དང༌། ཕུར་བུས་གདབ་པའི་ཆོ་ག་སྟོན་ནོ། །སྔགས་ལ་ཡང་བཞི་སྟེ། སྔགས་ཀྱི་མིང་དང༌། སྔགས་ཀྱི་དོན་དང༌། སྔགས་སྤེལ་བའི་ཚུལ་དང༌། སྔགས་ཀྱི་ཟླ་ཚུལ་ལོ། །དང་པོ་ལ་བཞི་སྟེ། སྦྲུལ་དང༌། མགོ་མེད་དང༌། མཐའ་མེད་དང༌། བཏུས་པའོ། །དོན་ལ་ཡང་གཉིས་ཏེ། བརྗོད་བྱ་གང་སྟོན་པ་དང༌། དགོས་པའི་དོན་ནོ། །དང་པོ་ལ་ཡང་གཉིས་ཏེ། བོད་པ་དང༌། བསྐུལ་བའོ། །བོད་པ་ལ་ཡང་གཉིས་ཏེ། སྤྱན་དྲང་བ་དང༌། བསྟོད་པའོ། །བསྐུལ་བ་ལ་ཡང་གཉིས་ཏེ། གཙོ་བོ་བསྐུལ་བ་དང་འཁོར་རྦད་པའོ། །དགོས་པའི་དོན་ནི་ཕྲིན་ལས་བཅོལ་བའོ། །སྔགས་སྤེལ་བའི་ཚུལ་ལ། ཞི་བ་ལ་ཤིནྟཾ་ཀུ་རུ་དང༌། རྒྱས་པ་ལ་པུཥྚི་ཀུ་རུ་དང༌། དབང་ལ་བ་ཤཾ་ཀུ་རུ་དང༌། གསད་པ་ལ་མཱ་ར་ཡ་ལ་སོགས་པའོ། །བཟླ་ཚུལ་ལ། ལྷ་མོ་ལ་སོགས་པ་ལ་ནི། རང་གིས་ཐོས་པ་ཙམ་དུ་བཟླ་ལ། ཁྲོ་བོའི་བཟླས་པ་སྒྲས་སྒྲོག་པའོ། །བཟླ་བྱའི་ཕྲེང་སྔགས་ནི་ཉི་ཤུ་རྩ་གཉིས་ཏེ། སྤྱན་ལ་སོགས་པ་བཞི་དང༌། ཁྲོ་བོ་དགུ་དང༌། རལ་གཅིག་མ་དང༌། ཁྲོ་གཉེར་མ་དང༌། ཐུན་མོང་གི་ཕུར་བུའི་སྔགས་གཅིག་དང༌། སོ་སོའི་སྐུ་གསུང་ཐུགས་ཀྱི་སྔགས་གསུམ། གཤིན་རྗེ་གཤེད་ཀྱི་སྔགས་གཉིས། བདུད་རྩི་འཁྱིལ་པའི་སྔགས་གཅིག་སྟེ། ཉི་ཤུ་རྩ་གཉིས་སོ། །གཉིས་པ་ཚིག་གི་དོན་ལ་དྲུག་སྟེ། སྔགས་ཀྱི་ལས་དང༌། བསམ་གཏན་གྱི་ལས་དང༌། སྔགས་ཀྱི་རིམ་པ་གཞན་དང༌། གདུག་པ་འདུལ་བའི་ཆོ་ག་དང༌། ཕུར་བུས་གདབ་པ་དང༌། ངོ་མཚར་བའི་སྒོ་ནས་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ལས་ཀྱི་གོ་རིམ་དང༌། སྔགས་ཀྱི་ལས་སྒྲུབ་པ་དངོས་སོ། །དང་པོ་ལ་ཡང་གཉིས་ཏེ། བསྐྱེད་རིམ་པའི་ལས་སྒྲུབ་པའི་གོ་རིམ་དང༌། རྫོགས་རིམ་པའི་ལས་སྒྲུབ་པའི་གོ་རིམ་མོ། །དང་པོ་ལ་བཟླ་བའི་དུས་ནི། ཞི་བ་དང་རྒྱས་པ་ནི་ཟླ་བ་ཡར་གྱི་ངོ་ལ་བྱ་སྟེ། བཟླ་བས་གདུང་བ་ཞི་བ་དང༌། ཟླ་བ་འཕེལ་བ་དང་ཆོས་མཐུན་པས་སོ། །དབང་དང་མངོན་སྤྱོད་སོགས་ནི་མར་གྱི་ངོ་ལ་བྱ་སྟེ། རྨོངས་པ་དང༌། འཇིགས་པ་དང་ཆོས་མཐུན་པའི་ཕྱིར་རོ། །རྡོ་རྗེ་ཕྲེང་བ་ལས། ཞི་བ་དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་མངོན་སྤྱོད་ལ་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །ཞེས་སོ། །ཁ་བལྟ་ཕྱོགས་ལ། ཞི་བ་ལ་ཤར་དུ་ཁ་བལྟ་སྟེ། དབང་པོའི་མི་མཐུན་ཕྱོགས་ཞི་བར་བྱེད་པའི་ཕྱིར་རོ། །ཀླུ་བློའི་སྦྱིན་སྲེག་གི་ཆོ་ག་ལས། ཞི་བ་དཀར་པོའི་གོས་ལ་སོགས། །དཀར་པོའི་ཉི་མ་དང་པོར་བརྩམ། །སྲོད་ལ་ཤར་དུ་ཁ་བལྟས་འགྱུར། །ཞེས་སོ། །གང་དག །བྱང་དུ་ཁ་བལྟས་ཞི་བ་ལ། །ཞེས་གསུངས་པ་ནི་འགྱུར་མ་དག་པར་མངོན་ནོ། །རྒྱས་པ་ལ་བྱང་དུ་ཁ་བལྟས་ཏེ། རྣམ་ཐོས་སྲས་ཀྱིས་ནོར་དང་དཔལ་འབྱོར་རྒྱས་པར་བྱེད་པའི་ཕྱིར་རོ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ་ཁ་བལྟ་སྟེ་གཤིན་རྗེས་འཇིག་རྟེན་མཐར་བྱེད་པའི་ཕྱིར་རོ། །དབང་ལ་ནུབ་ཏུ་བལྟ་སྟེ། ཀླུའི་ཞགས་པར་འགུགས་ཤིང་དབང་དུ་བྱེད་པའི་ཕྱིར་རོ། །གསོད་པ་ལ་མེའི་ཕྱོགས་སུ་བལྟ་སྟེ། མེས་བསྲེག་པར་བྱེད་པའི་ཕྱིར་རོ། །སྡང་བའམ་དབྱེ་བའི་ལས་ལ་བདེན་བྲལ་དུ་བལྟ་སྟེ། སྲིན་པོས་སྡང་བར་བྱེད་པའི་ཕྱིར་རོ། །བསྐྲད་པའི་ལས་ལ་རླུང་གི་ཕྱོགས་སུ་བལྟ་སྟེ། རླུང་གིས་གནས་གཞན་དུ་བསྐྱོད་པའི་ཕྱིར་རོ། །གནོད་པ་ལ་དབང་ལྡན་དུ་ཕྱོགས་པར་བྱ་སྟེ། དྲག་པོས་འགྲོ་བ་གནོད་པར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ། བྱང་དུ་ཁ་ལྟས་རྒྱས་པ་ལ། །དེ་བཞིན་ཞི་ལ་ཤར་དུ་བལྟ། །ཞེས་འགྱུར་བཅོས་པར་བྱའོ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསོད་པ་ཉིད་ལ་མེའི་ཕྱོགས། །སྣང་བར་བྱེད་ལ་བདེན་བྲལ་དུའོ། །གནས་ལས་བསྐྲད་པ་རླུང་གི་ཕྱོགས། །གནོན་པ་ལ་ནི་དབང་ལྡན་ཕྱོགས། །ཞེས་སོ། །ཁ་དོག་ནི། ཇི་སྐད་དུ། ཞི་ལ་ཁ་དོག་དཀར་བོ་སྟེ། །རྒྱས་པ་ལ་ནི་སེར་པོར་བྱ། །དབང་དང་དགུག་པ་དག་ལ་དམར། །ཁ་དོག་ནག་པོ་གསོད་པ་ལ། །ཞེས་གསུངས་པ་ལྟར་རོ། །བསམ་པའི་ཁྱད་པར་གསུངས་པ་ནི། བྱམས་པའི་སེམས་ཀྱིས་ཞི་བ་ལ། །དགའ་བའི་སེམས་ཀྱིས་རྒྱས་པ་ལ། །ཆགས་པའི་སེམས་ཀྱི་དབང་དག་ལ། །ཁྲོས་པའི་སེམས་ཀྱིས་གསོད་པ་ལ། །ཞེས་གསུངས་པ་ལྟར་རོ། །ཉིན་མཚན་གྱི་དུས་གསུངས་པ་ནི། ཞི་བ་ཕལ་ཆེར་སྲོད་ལ་བྱ། །དེ་བཞིན་རྒྱས་པ་སྔ་དྲོ་བྱ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མ་གུང་དང་མཚན་ཕྱེད་ལའོ། །ཞེས་གསུངས་སོ། །དེ་ལྟ་ན་དགོངས་པ་ལུང་སྟོན་གྱིས། དུས་དང༌། ཕྱོགས་དང༌། ཁ་དོག་དང༌། བསམ་པའི་ཁྱད་པར་བཞི་བསྟན་ནོ། །གནས་དང༌། ཡུལ་དང༌། ཁ་ཟས་དང༌། ཆོ་གའི་ཁྱད་པར་བཞི་ནི་རྒྱུད་འདི་ཉིད་ནས་བཤད་དེ། །གནས་ནི། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་རྣམས་ཀྱིས་བརྒྱན། །ཞེས་པ་དང༌། ཡུལ་ནི། མ་དད་སྨྲ་བའི་སེམས་ཅན་དང༌། །ཞེས་སོགས་ཀྱིས་བསྟན་ནོ། །ཁ་ཟས་ནི། ཤ་ཆེན་དམ་ཚིག་དག་གིས་ནི། །ཞེས་སོགས་ཀྱིས་བསྟན་ནོ། །ཆོ་གའི་ཁྱད་པར་ནི། ཏིང་ངེ་འཛིན་དང་སྔགས་དང་རྫས་ལ་སོགས་པ་ལས་ཀྱི་བྱེ་བྲག་གིས་ཐ་དད་པ་དུ་མ་བཤད་པ་དག་གོ །གཉིས་པ་རྫོགས་རིམ་པའི་ལས་སྒྲུབ་པའི་གོ་རིམ་ནི། ཕྱག་ན་རྡོ་རྗེ། ནང་གི་བདག་ཉིད་ཀྱི་དུས་ནི། གསང་བ་ཆེན་པོ། ཤིན་ཏུ་གསང་བ། ཤིན་ཏུ་ཕྲ་བ། བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། སེམས་ཅན་སྒྲོལ་ཕྱིར་ཡེ་ཤེས་ཡིན། །སྔགས་རྣམས་དངོས་གྲུབ་སྒྲུབ་པ་ལ། །ཞི་དང་རྒྱས་པའི་ལས་དག་དང༌། །དེ་བཞིན་དབང་དང་མངོན་སྤྱོད་ལའོ། །བཅོམ་ལྡན་གཟུང་མིན་ཞི་བ་སྟེ། །སེམས་དབྱིངས་དེ་བཞིན་གཤེགས་པ་ཡིན། །མེ་ཏོག་ལ་དྲི་ཇི་ལྟ་བར། །དེ་བཞིན་འགྲོ་བའི་སྙིང་ལ་གནས། །གོ་རིམ་རིམ་པ་ཇི་བཞིན་དུ། །ཐུན་ཕྱེད་ཀྱི་ནི་དུས་སུ་གནས། །མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་ནི། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པའོ། །ཞེས་གསུངས་སོ། །དེ་ལ་ནང་གི་བདག་ཉིད་ཀྱི་དུས་ནི་རླུང་གི་དེ་ཁོ་ན་ཉིད་དོ། །ཉན་ཐོས་སོགས་ཀྱི་སྤྱོད་ཡུལ་མ་?ིན་པས་གསང་བ་ཆེན་པོའོ། །བསྐྱེད་རིམ་པའི་ཡུལ་མིན་པས་ཤིན་ཏུ་གསང་བའོ། །རྟོགས་པར་དཀའ་བས་ན་ཤིན་ཏུ་ཕྲ་བའོ། །འཁོར་འདས་ཀུན་གྱི་རྒྱུ་བྱེད་པས་ན་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པའོ། །མཆོག་གི་དངོས་གྲུབ་ཀྱི་རྒྱུ་བྱེད་པས་ན་སེམས་ཅན་སྒྲོལ་ཕྱིར་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རླུང་ཉིད་ལ་ཡེ་ཤེས་ཞེས་བྱའོ། །ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་བྱེད་པས་ན་སྔགས་རྣམས་ཞེས་སོགས་སོ། །དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་པས་ན་བཅོམ་ལྡན་ནོ། །ཕྲ་བས་ན་གཟུང་བྱ་མིན་པའོ། །དེ་ཉིད་ཀྱིས་ན་ཞི་བའོ། །སེམས་དབྱིངས་ནི་འོད་གསལ་ལོ། །དེར་ཐིམ་པས་དེ་བཞིན་གཤེགས་པ་ཞེས་བར?ོད་དོ། །མེ་ཏོག་དང་དྲིའི་ཚུལ་དུ་རླུང་སེམས་དབྱེར་མེད་དུ་གནས་པས་ན་མེ་ཏོག་ལ་དྲི་ཞེས་སོ། །སྙིང་ཁའི་ཁོག་སྟོང་གི་མི་ཤིགས་པའི་ཐིག་ལེ་ལ་གནས་པས་སྙིང་ཁའི་སྙིང་ལ་གནས་ཞེས་བྱའོ། །གོ་རིམ་དང༌། རླུང་གང་ལ་ལས་གང་བྱེད་པའི་ཚུལ་ནི་གོ་རིམ་རིམ་པ་ཞེས་སོགས་ཏེ་བཤད་ཟིན་ཏོ། །གཉིས་པ་སྔགས་ཀྱི་ལས་སྒྲུབ་པ་དངོས་ལ་གཉིས་ཏེ། ལྷ་མོའི་རིག་པས་ལས་སྒྲུབ་པ་དང༌། ཁྲོ་བོའི་རིག་པས་ལས་སྒྲུབ་པའོ། །དང་པོ་ལ་བཞིའོ། །སངས་རྒྱས་སྤྱན་གྱིས་ནད་ཞི་བ། མཱ་མ་ཀིས་བགེགས་བསལ་བ། གོས་དཀར་མོས་ལུས་རྒྱས་པ་སོགས་དང༌། སྒྲོལ་མས་དབང་དུ་བྱ་བའོ། །དང་པོ་ནི། ལེའུ་བཅུ་གསུམ་པའི་རྗེས་དེ་ནས། བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྟེ། ལྷ་མོ་རྣམས་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །ཏིང་ངེ་འཛིན་གང་ལ་ན། རིམས་ལ་སོགས་པ་ཞི་བའི་དམ་ཚིག་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལའོ། །གང་ཞིག་ཕྱུང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲས་གསུངས་པའི་སྒྲུབ་པོ་ཐམས་ཅད་ཀྱིས་གཟུང་བར་བྱ་བས་ན་བཙུན་མོ་སྟེ། འོག་ནས་འབྱུང་བའི་གཟུངས་འདི་ཉིད་དོ། །གང་ལས་ན། སྐུ་གསུང་ཐུགས་རྡོ་རྗེ་ལས་སོ། །གཟུངས་ནི། ཨོཾ་རུ་རུ་ཞེས་སོགས་ཏེ། ཐོག་མར་ཨོཾ་དང༌། ཐ་མར་སྭཱཧཱ་དང་ལྡན་པས་ན་སྦྲུལ་གྱི་མིང་ཅན་ནོ། །རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། ཐོག་མར་ཨོཾ་ལྡན་ཐ་མར་ནི། །སྭཱཧཱ་ཡང་དག་ལྡན་པ་འདི། །སྦྲུལ་ཞེས་བྱ་བའི་ལས་ལ་ནི། །སྔགས་སྨྲ་རྣམས་ཀྱིས་ཤེས་པར་བྱ། །ཞེས་པ་ལྟར་རོ། །དེ་ལ་ཨོཾ་གྱི་དོན་བསྟན་པ་ནི། ཡི་གེ་ཨ་དང་ཨུ་དང་ཨཾ་སྟེ། ཨའི་ཡི་གེ་ཨུའི་ཡི་གེ་ལ་ཨོ་ཞེས་པས་ཨ་ཨོར་འགྱུར་རོ། །ཨ་ཡིག་ཕྱིའོ། །ཨཾ་ནི་ཐིག་ལེ་སྟེ། །ཨོ་ལ་བརྒྱན་པས་ཨོཾ་མོ། །དེ་ལྟར་ན་ཨ་མི་བསྐྱོད་པ་དང༌། ཨ་འོད་དཔག་མེད་དང༌། ཐིག་ལེ་རྣམ་སྣང་སྟེ་རྡོ་རྗེ་གསུམ་གྱི་བདག་ཉིད་དོ། །འདི་ངག་ཏུ་བརྗོད་པས་བསོད་ནམས་འབྱུང་བའི་ཕྱིར་བསོད་ནམས་ལེན་པའོ། །འདིས་ཞི་བའི་ལས་ཇི་ལྟར་སྒྲུབ་པར་བྱེད་ཅེ་ན། ནད་ཞི་བའི་བསམ་པས་རྣམ་སྣང་གི་དཀྱིལ་འཁོར་བསྒོམས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ། ཨོཾ་གྱི་མཐའ་མར་ཨོཾ་རུ་རུ་ཞེས་སོགས་ཀྱི་སྔགས་ཁ་དོག་དཀར་པོ་བསྒོམས་པ་ལས་འོད་ཟེར་བྱུང་སྟེ། ནད་པའི་སྤྱི་བོ་ནས་རིམ་གྱིས་ནད་ཐམས་ཅད་བསལ་བས། ནད་རྐང་མཐིལ་ལ་ཐོན་པར་བསམ་ཞིང༌། སྭཱཧཱའི་གོང་དུ་ཆེ་གེ་མོའི་ནད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་སྤེལ་སྔགས་སུ་བཟླའོ། །སྔགས་འདིས་ལས་གཞན་གསུམ་སྒྲུབ་ནའང༌། རྒྱས་པ་ལ་པུཥྚིཾ྄་ཀུ་རུ། དབང་ལ་བ་ཤཾ་ཀུ་རུ། དྲག་པོ་ལས་ལ་མཱ་ར་ཡ་ཕཊ། ཞེས་སྦྱར་ནས་བསྒྲུབ་བོ། །དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས་ཡིད་ལ་བཞེད་པའི་ནད་ཐམས་ཅད་ཞི་བ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཀུན་འགྲུབ་པའི་སྔགས་ཀྱི་ནུས་པ་མཐོང་ནས་སྒྲུབ་པ་པོ་མཉེས་ཤིང་རབ་ཏུ་དགྱེས་པར་གྱུར་པ་ཐོབ་པས་ནད་ཞི་བའི་དོན་སྒྲུབ་བྱེད་ཀྱི་རྣལ་འབྱོར་སངས་རྒྱས་རྡོ་རྗེ་སྟེ། རྣམ་སྣང་གི་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ཞེས་དྲན་པ་སྟེ་སྒོམ་པར་བྱེད་དོ། །གཟུངས་ནི་ཁྱད་པར་བཞི་ལྡན་ཏེ། སངས་རྒྱས་ཏེ་སྒྲུབ་པ་པོ་རྣམས་ཀྱི་ནད་ཞི་བར་བྱེད་པས་ཞི་བསྐྱེད་མ་དང༌། ཞི་བ་འབའ་ཞིག་ཏུ་མ་ཟད་ཀྱི་རྒྱས་པ་ལ་དགའ་བ་དང༌། དབང་ལ་ཆགས་པ་སོགས་ཀྱི་བསམ་པའི་བྱེ་བྲག་གིས་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་རབ་ཏུ་སྒྲུབ་ཅིང༌། རྡོ་རྗེ་དམ་ཚིག་སྟེ་རྣམ་པར་སྣང་མཛད་ཀྱི་ཐུགས་བསྐུལ་བར་བྱེད་པས། དམ་ཚིག་བསྐུལ་མཛད་མ་སྟེ་གཟུངས་སོ། །རྟོག་པར་གསུངས་པའི་རིམ་པས། ཤི་བ་སློང་བར་བྱེད་པས་ན་ཤི་བ་སོས་པར་བྱེད་པ་ཞེས་སོགས་སོ། །སུ་ཞིག་གིས་ན། རྡོ་རྗེ་འཆང་ཆེན་པོས་སོ། །གཉིས་པ་མཱ་མ་ཀིའི་རིག་པས་བགེགས་བསལ་བ་ནི། དེ་ནས་བཅོམ་ལྡན་འདས་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་སྟེ་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །ཏིང་ངེ་འཛིན་གང་ལ་ན། དངོས་པོ་ནི་བགེགས་རྣམས་ལ་བྱ་སྟེ། སྒྲུབ་པ་པོ་ལ་གནོད་པ་བྱེད་པའི་ཚུལ་དུ་འབྱུང་བས་སོ། །དངོས་པོ་མེད་པ་ནི། དེ་མེད་པར་བྱེད་པའོ། །དེའི་དམ་ཚིག་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེའི་ཏིང་ངེ་འཛིན་ལའོ། །གང་ཞིག་ཕྱུང་ན། གདུག་པ་ཅན་འཇིགས་པར་མཛད་པའི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ལྟར། གཟུངས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སོ། །གཟུངས་ནི་ཨོཾ་ཤང་ཀ་རེ་ཞེས་སོགས་སོ། །འདིར་སྭཱཧཱའི་སྔོན་དུ་ཆེ་གེ་མོ་ལ་རཀྴ་རཀྴ་ཞེས་སྤེལ་ལོ། །ཆོ་ག་ནི། བགེགས་བསྲུང་བའི་བསམས་པས། རང་མི་བསྐྱོད་པར་བསྒོམས་ལ། ཡེ་ཤེས་སེམས་པའི་ཐུགས་ཀའི་ཉི་མའི་སྟེང་དུ་རྡོ་རྗེའི་ལྟེ་བ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་དང༌། དེའི་མཐའ་གཟུངས་ཁ་དོག་ནག་པོས་བསྐོར་བར་བསམས་ཞིང༌། དེ་ལས་འོད་ཟེར་འཕྲོས་པས། བསྒྲུབ་བྱའི་བགེགས་བསལ་བར་བསམས་ཞིང་སྤེལ་ཚིག་དང་བཅས་པའི་སྔགས་བཟླའོ། །སྔགས་དེ་ཉིད་ཀྱིས་རྒྱས་པའི་ལས་བསྒྲུབ་ན། རིན་ཆེན་འབྱུང་ལྡན་དུ་བསྒོམས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཁའི་རིན་པོ་ཆེ་ལ་ཏིང་འཛིན་སེམས་དཔའ་ཡི་གེ་སྭ་དང༌། དེའི་མཐའ་མར་གཟུངས་སེར་པོས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བསྒྲུབ་བྱའི་དབུལ་བའི་དྲི་མ་བསལ་བར་བསམ་ཞིང༌། །སྭཱཧཱའི་སྔོན་དུ་པུཥྚིཾ་ཀུ་རུ་སྦྱར་ནས་བཟླའོ། །ཕན་ཡོན་ནི་དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས། རྡོ་རྗེ་གསུམ་ནི་ལུས་ངག་ཡིད་གསུམ་གྱི་བདག་ཉིད་ཅན་གྱི་སེམས་ཅན་རྣམས་སོ། །དེ་དག་གིས་མི་ཕྱེད་པའི་ལུས་དང་ལྡན་པས་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་མཉེས་ཤིང་སྤྱན་གདངས་ནས། སྔགས་ཀྱི་ནུས་པ་འགྲུབ་པའི་རྒྱུ་མི་བསྐྱོད་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་རྗེས་སུ་དྲན་པར་བྱེད་དོ། །སྔགས་ཀྱི་ནུས་པ་ནི། བདུད་ལ་སོགས་པ་ལས་བསྲུང་བའི་རྡོ་རྗེའི་སྦྱོར་བ་སྟེ། ལས་རྟགས་ཏུ་སྟེ་དུས་ཐམས་ཅད་སྐུ་གསུམ་གྱི་དངོས་གྲུབ་བགེགས་བསྲུང་བ་རབ་ཏུ་བསྒྲུབ་པར་བྱེད་དོ། །གཞན་ཡང་སྟོབས་དང་ལྡན་པས་རྡོ་རྗེ་ཆེན་པོ་སྟེ་བགེགས་སོ། །དེས་འཇིགས་པས་ཉེན་པ་ལ་རྟག་ཏུ་གཞན་གྱིས་མི་ཐུབ་པའི་སྟོབས་བྱེད་པའི་གཟུངས་འདི་བཤད་དོ། །རིན་པོ་ཆེའི་རིགས་ཀྱི་གཟུགས་ཀྱང་འདི་ཡིན་ཏེ། མཱ་མ་ཀི་ནི་གཉིས་ཀའི་རིགས་ཡིན་པའི་ཕྱིར་རོ། །གསུམ་པ་གོས་དཀར་མོའི་རིག་པས་ལུས་ལ་སོགས་པ་རྒྱས་པའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་ཆེན་པོའི་དམ་ཚིག་སྟེ་འོད་དཔག་ཏུ་མེད་པ་ཡིན་ལ། དེའི་ཏིང་ངེ་འཛིན་གྱིས་གཟིགས་པ་སྟེ་ཡུལ་དུ་བྱས་པ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་འདི་ཕྱུང་ངོ་ཞེས་སྦྱར་རོ། །གང་ན། ཆོས་ཀྱི་དམ་ཚིག་གི་སྐུའི་བཙུན་མོ་པདྨའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་གཟུངས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཟུངས་ནི། ཨོཾ་ཀ་ཏྲེ་ཞེས་སོགས་སོ། །འདི་བཟླ་བའི་ཚེ་སྭཱཧཱའི་སྔོན་དུ་ཆེ་གེ་མོ་པུཥྚིཾ་ཀུ་རུ་བཽ་ཥྚ་ཞེས་སྔགས་སྤེལ་ལོ། །ཆོ་ག་དང་ཕན་ཡོན་ནི། དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས། རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས་ནི། འོད་དཔག་མེད་ཀྱི་རིགས་ལ་མོས་པའི་རྣལ་འབྱོར་པ་རྣམས་མཉེས་ནས། རྡོ་རྗེ་ཆོས་ཏེ་འོད་དཔག་མེད་རྗེས་སུ་དྲན་པའི་བསམ་གཏན་ཐོབ་པར་གྱུར་པས། སྔགས་ཀྱི་ནུས་པ་རྟག་ཏུ་གསུང་རབ་ཀྱི་ཆོས་དང༌། ལུས་རྒྱས་པའི་སྟོབས་དང་ལྡན་པའི་བྱ་བ་སྤྲོ་བ་དང༌། ནོར་ལ་སོགས་པའི་མཛོད་ཆེན་པོ་དང་ལྡན་པར་འགྱུར་རོ། །ཇི་ལྟར་བྱས་པས་ཤེ་ན། རྡོ་རྗེ་འཆང་གི་གསུང་གི་བཀའ་བཞིན་དུ་གཟུངས་འདི་བཟླས་ཤིང་བཏོན་པ་ཙམ་གྱིས་ཇི་སྐད་བཤད་པའི་འདོད་པའི་བྱེད་པར་འགྱུར་རོ། །དེའི་ཆོ་ག་ནི། འོད་དཔག་མེད་ཀྱི་ཏིང་ངེ་འཛིན་བསྒོམས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་ལ་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཨ་དང༌། སྔགས་འདི་མཐའ་མར་བཀོད་ནས། དེ་ལས་འོད་ཟེར་སེར་པོ་འཕྲོས་ནས། བསྒྲུབ་བྱ་རིན་པོ་ཆེའི་སྟེང་དུ་བསམས་པའི་སེར་སྣ་སེལ་བར་བསམ་ཞིང་སྤེལ་ཚིག་བཟླའོ། །ཡང་སྔགས་ཀྱི་འོད་ཟེར་གྱིས་གསུང་རབ་ལ་མི་མོས་པའི་དྲི་མ་བསལ་ནས། རྒྱལ་བའི་སྲས་ཀྱི་ཤེས་རབ་རང་ལ་བཅུག་པར་བསམས་ཤིང་སྤེལ་ཚིག་བཟླའོ། །བཞི་པ་སྒྲོལ་མའི་རིག་པས་དབང་དུ་བྱ་བ་ནི། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཀུན་ནས་འབྱུང་བའི་རྡོ་རྗེ་དོན་ཡོད་གྲུབ་པ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། དམ་ཚིག་སེམས་དཔའི་བཙུན་མོ་དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་མོ་ལྟར། གཟུངས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྒྲོལ་མའི་གཟུངས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཟུངས་ནི་ཨོཾ་ཏཱ་རེ་ཞེས་སོགས་སོ། །འདིའི་ཆོ་ག་ནི། རང་དོན་ཡོད་གྲུབ་པ་དམར་པོར་བསྒོམས་པའི་ཡེ་ཤེས་སེམས་དཔའི་ཐུགས་དཀར་སྣ་ཚོགས་རྡོ་རྗེ་ལ་གནས་པའི་རྡོ་རྗེའི་སྟེང་དུ། ཏིང་འཛིན་སེམས་དཔའ་ཧ་དང་དེའི་མཐར་མར་གཟུངས་འདི་བཀོད་ལ། དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་ཏེ། བསྒྲུབ་བྱ་སྣ་ཚོགས་རྡོ་རྗེའི་སྟེང་དུ་འདུག་པའི་མ་དག་པའི་དྲི་མ་བསལ་ནས་གུས་པར་བསམ་ཞིང་སྤེལ་ཚིག་བཟླའོ། །དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས། སངས་རྒྱས་ཀུན་ནི་དོན་ཡོད་གྲུབ་པའོ། །དེའི་བདག་ཉིད་ཆེ་བསྐྱེད་ནི། དེ་ལ་མོས་པའི་སྒྲུབ་པ་པོ་རྣམས་མཉེས་ནས་རྡོ་རྗེའི་སྐུ་སྟེ་དོན་ཡོད་གྲུབ་པ་རྗེས་སུ་དྲན་ཅིང་བསྒོམ་མོ། །དེའི་བསམ་གཏན་ཡེ་ཤེས་ནི། དེ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཏེ། དེ་ཐོབ་པར་གྱུར་པས་སྔགས་ཀྱི་ནུས་པ་ཐོབ་བོ། །ནུས་པ་གང་ཞེ་ན། སངས་རྒྱས་ནི་སྐྱེས་བུའི་གཙོ་བོ་རྣམས་སོ། །རྡོ་རྗེ་ནི་སྙིང་སྲ་བ་རྣམས་སོ། །བརྩེ་ཆེན་ནི་རྒྱལ་པོའོ། །སེམས་ཅན་ཁམས་ནི་ཐ་མལ་པ་རྣམས་ཏེ། དེ་དག་ཀུན་ནས་ཏེ་ཐམས་ཅད་དུ་སྐད་ཅིག་གིས་བྲན་བཞིན་དུ་དབང་དུ་འགྱུར་ཞིང༌། གཡོ་བ་མེད་པ་སེམས་དང་བྲལ་བ་བཞིན་དུ་སྒྲུབ་པ་པོའི་དབང་དུ་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་ཁྲོ་བོའི་རིག་པས་ལས་སྒྲུབ་པ་ལ་དགུ་ཡོད་པའི། གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་དགུག་པའི་ལས་ནི། དེ་ནས་རྡོ་རྗེ་འཆང་ཆེན་པོའི། དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཟེར་དཀར་པོའི་ཚོགས་ཀྱི་སྤྲིན་རྡོ་རྗེ་རྣམ་པར་སྣང་མཛད་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། རྡོ་རྗེ་གཤིན་རྗེ་གཤེད་པོ་སྔགས་ཀྱི་བདག་ཉིད་ཅན་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ན་མཿས་མན་ཏ་ཞེས་སོགས་སོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་སངས་རྒྱས་ཀུན་ཏེ། ཐ་མལ་པ་ལས་ཤེས་པ་ལྷག་པས་སངས་རྒྱས་ཏེ། བརྒྱ་བྱིན་ལ་སོགས་པའི་དྲག་པོ་ཆེན་པོ་ཀུན་འཇིགས་ཤིང་རབ་ཏུ་སྐྲག་པར་གྱུར་ནས། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་སྟེ་རྡོ་རྗེ་འཆང་ལ་སྐྱབས་སུ་སོང་བའོ། །འདིའི་ལས་སྦྱོར་ནི། རྡོ་རྗེ་འཆང་རྣམ་སྣང་དུ་གྱུར་པའི་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལྡན་པས། བུད་མེད་ཀྱི་ཐོད་པ་མ་ཆག་མ་གས་པ་མཛེས་ཤིང་ཡིད་དུ་འོང་བ་རྙེད་པ་ལ་རྒྱབ་ཏུ་རྒྱ་སྐྱེགས་ཀྱི་ཁུ་བས་བུད་མེད་ཀྱི་གཟུགས་བརྙན་བྲིས་ཏེ། སྙིང་ཁའི་ཕྱོགས་སུ་མིང་དང་ཡི་གེ་རྣམས་བཀོད་ལ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་གཤིན་རྗེ་གཤེད་ཀྱི་རྐང་པ་གཡས་པས་མནན་པའི་ཚུལ་དུ་བྱས་ནས། སྔགས་འདི་རྗེས་སུ་དྲན་པར་བྱ་བ་སྟེ་འདོན་པར་བྱའོ། །དེས་འབྲས་བུ་ཅིར་འགྱུར་ཞེ་ན། མཱ་མ་ཀི་ནི་རྒྱལ་རིགས་ཀྱི་བུ་མོའོ། །སྤྱན་ནི་བྲམ་ཟེའི་བུ་མོའོ། །རྡོ་རྗེ་ཆེན་པོ་ནི་རྒྱལ་རིགས་དང༌། བློན་པོ་སོགས་རིགས་མཐོན་པོ་སོགས་ཀྱི་བུད་མེད་རྣམས་འགུགས་སོ། །ཇི་ལྟར་བྱས་པས་ཤེ་ན། ལན་གསུམ་སྟེ། དུས་གསུམ་དག་ཏུ་ཕྲེང་སྔགས་བརྗོད་ན། དེ་མ་ཐག་ཏུ་སྟེ་ཞག་བདུན་གྱིས་སོ། །སྐྱེས་པ་འགུགས་པ་ལ་ཡང༌། སྐྱེས་པའི་ཐོད་པ་ལ་བཤད་མ་ཐག་པའི་ཆོ་གས་བྱའོ། །བཅོམ་ལྡན་འདས་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །གཉིས་པ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གནས་ནས་བསྐྲོད་པའི་ལས་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་རྡོ་རྗེ་འཆང་ཆེན་པོས། དམ་ཚིག་སྟེ་དོན་ཡོད་གྲུབ་པའོ། །དེའི་འོད་ཟེར་མཆོག་ནི་མརྒད་ཀྱི་མདོག་ལྟ་བུའི་འོད་དེ། འོད་དེ་དང་ལྡན་པའི་བདུད་རྩི་འཁྱིལ་པ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། བདུད་རྩིའི་དམ་ཚིག་དོན་ཡོད་གྲུབ་པ་ལས་བྱུང་བའི་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ན་མཿས་མན་ཏཱ་ཀ་ཡ། འདིའི་ཆོ་ག་ནི། རྡོ་རྗེ་འཆང་ཡོངས་སུ་གྱུར་པའི་ཕྲག་དོག་རྡོ་རྗེའི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལྡན་པས་སེམས་དཔའ་སུམ་བརྩེགས་བྱས་ནས་སྐེ་ཚེ་ལན་ཚྭ་སོགས་མཛོ་མོའི་ཁྲག་དང་གཅིག་ཏུ་བྱས་ལ། དེར་དུར་ཁྲོད་ཀྱི་རས་ལ་རླུང་གི་ཟླ་གམ་ངོས་གཉིས་སུ་རྡོ་རྗེ་གཉིས་ཀྱིས་མཚན་པ་བྲིས་ལ་དབུས་སུ་བསྒྲུབ་བྱའི་མིང་དང་སྔགས་སྤེལ་བ་བྲིས་ནས་དགུག་པ་སྔོན་དུ་འགྲོ་བས། སྔ་མ་བཞིན་དུ་བཟླས་ནས་དུར་ཁྲོད་དུ་སྦས་ན་ངེས་པར་བསྐྲོད་པར་འགྱུར་རོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གི་དོན་བཤད་ཟིན་ཏོ། །རྡོ་རྗེ་སྟེ་བསྒྲུབ་བྱ་བསྐྲད་པར་དཀར་བ། བསྐྲོད་པའི་སྔགས་ཀྱི་སྦྱོར་བ་ཤེས་པ་རྣམས་ལ་ཡང༌། བསྐྲོད་པའི་ལས་རྣམ་རྟོག་པར་བཤད་པའི་ཆོ་གས་བྱའོ། །གང་གི་སྒོ་ནས་ཤེ་ན། རང་ཉིད་ཀྱི་སྟེ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་བྱའོ། །དེ་ལྟར་ན་སངས་རྒྱས་ཏེ་བསྐྲོད་པའི་ལས་ལ་མཁས་པའི་དཔུང་དག་ཀྱང་བསྐྲོད་པར་བྱེད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཆག་འཆད་པ་ཉིད་ལེགས་སོ། །གཞན་དག་གིས་ནི་ཇི་བཞིན་མ་བཤད་དོ། །གསུམ་པ་གཞན་གྱིས་མི་ཐུབ་པའི་རིག་པས་གནོད་པ་བསལ་བའི་ལས་ནི། དེ་ནས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་རྟོགས་པའི་རིན་པོ་ཆེའི་རྒྱལ་མཚན་གྱི་ཏོག་དང་ལྡན་པ་རྡོ་རྗེ་འཆང་ཆེན་པོ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀྱི་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ་དེ་བསྐྱེད་པའི་ཏིང་འཛིན་ལའོ། །གང་ཕྱུང་ན། གཞན་གྱིས་མི་ཐུབ་པའི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ན་མཿཞེས་སོགས་སོ། །མིང་ནི་མགོ་མེད་དོ། །སྤེལ་བ་ནི་སྭཱཧཱ་སྔོན་དུ་འགྲོ་བས་ཆེ་གེ་མོ་རཀྵ་སྭ་དི་བྷྱོ་བི་མོ་ཙ་ཡ་ཧྲཱིཿཞེས་སྤེལ་ལོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས། སངས་རྒྱས་ནི་སྒྲུབ་པ་པོ་མངོན་པར་འདོད་པ་སྟེ་འཇིགས་པ་དང་བྲལ་བར་འདོད་པའི་བསྒྲུབ་བྱའོ། །བདག་ཉིད་ཆེ་བསྐྱེད་ནི། འཇིགས་པ་སེལ་བའི་བརྩོན་འགྲུས་དང་ལྡན་པའི་སྒྲུབ་པ་པོ་ཀུན་ནོ། །དེས་བསྒྲུབ་བྱ་སྲིན་པོ་སོགས་ཀྱིས་འཇིགས་ཤིང་སྐྲག་པར་གྱུར་པ་མཐོང་ན། དེ་སྐྱོབ་པའི་དོན་དུ་བྱང་ཆུབ་ཀྱི་རིན་ཆེན་འབྱུང་ལྡན་རྗེས་སུ་དྲན་ཞིང་སྒོམ་པའོ། །ལས་འདི་བསྒྲུབ་བྱ་ཇི་ལྟ་བུ་ལ་སྦྱོར་ཞེ་ན། སྲིན་པོ་སྟེ་ཤ་ཟ་དང༌། སེང་གེ་ལ་སོགས་པ་མ་རུངས་པ་དང༌། གཏུམ་པ་ཕྱིར་རྒོལ་བ་གནོད་པ་བྱེད་པ་དང༌། མེ་དང་སྦྲུལ་ལ་སོགས་པའི་འཇིགས་པ་ཆེན་པོ་འཁྲུགས་པའི་གནས་རྣམས་ལ་བྱའོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་སེམས་ཏེ་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་སྦྱར་བའི་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་གནས་ནས་གཞན་གྱིས་མི་ཐུབ་པ་ལ་བཀའ་བསྒོ་བའི་ཚུལ་གྱིས་བྱའོ། །གང་ཞེ་ན། བསྲུང་བ་ལ་སོགས་པའི་ལས་རྣམས་རྟོག་པ་ལས་འབྱུང་བའི་ཆོ་ག་བཞིན་དུ་བྱེད་པའི་བྱ་བ་ལ་འཇུག་པའོ། །ཆོ་ག་ནི་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ལག་མཐིལ་གཉིས་སུ་ཡི་གེ་ཧཱུྃ་རིང་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གཉིས་བསམས་ལ་གཞན་གྱིས་མི་ཐུབ་པ་ལ་བཀའ་བསྒོས་ནས། བསྒྲུབ་བྱའི་ལུས་ལ་སྲིན་པོ་སོགས་དྲངས་ཤིང་ཉི་མ་གཉིས་ཀྱི་དབུས་སུ་ཆུད་པར་བྱས་ལ་དེའི་འོད་ཟེར་གྱིས་བསྲེགས་ཏེ་ཐལ་བར་བྱས་པར་བསམ་ཞིང་སྔགས་བཟླས་ན་བདེ་བར་གནས་པར་འགྱུར་རོ། །བཞི་པ་རྟ་མགྲིན་གྱི་སྔགས་ཀྱིས་དུག་བསལ་བའི་ལས་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་སྟེ་རྡོ་རྗེ་འཆང་ཆེན་པོས། དཔག་ཏུ་མེད་པའི་རྡོ་རྗེ་འོད་དཔག་མེད་འབྱུང་ཞིང་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། པདྨོ་སྟེ་འོད་དཔག་ཏུ་མེད་པ་ལས་འབྱུང་བའི་རྡོ་རྗེ་ཁྲོ་བོ་རྟ་མགྲིན་གྱི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ན་མཿཞེས་སོགས་སོ། །མིང་ནི་མགོ་མེད་དོ། །སྤེལ་བ་ནི། ཆེ་གེ་མོའི་བྷི་ཥ་དི་ཀམ་ཨ་པ་ཧ་ར་ཧཱུྃ་ཞེས་སྤེལ་ལོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཆོས་ཀྱི་རྡོ་རྗེ་འོད་དཔག་ཏུ་མེད་པ། ཆེ་མཆོག་སྐྱེས་ནི་དེ་ལས་སྐྱེས་པའི་རྟ་མགྲིན་ལ་སོགས་པའོ། །དེ་འདུལ་བའི་བགེགས་ལའང་ཆེ་མཆོག་སྐྱེས་ཞེས་བརྗོད་དོ། །དེས་བགེགས་དེ་རྣམས་འཇིགས་ཤིང་བརྒྱལ་བར་གྱུར་ཏེ་ཚར་གཅོད་དོ། །ཚར་བཅད་ཟིན་པའི་གདུལ་བྱ་དེ་དག་ཡེ་ཤེས་རྒྱལ་པོ་འོད་དཔག་ཏུ་མེད་པ་རྗེས་སུ་དྲན་པར་འགྱུར་རོ། །སྔགས་འདི་ལས་ནུས་པ་ཅི་ཐོབ་ཅེ་ན། ནམ་མཁའི་དབྱིངས་ཐམས་ཅད་རྡོ་རྗེ་ཕྱེད་པར་དཀའ་བའི་ཧ་ལ་ཧ་ལའི་དུག་གིས་ཡོངས་སུ་གང་བའི་འོད་དེ་ནུས་པ་ཡང་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་བསྐུལ་བར་བྱེད་པའི་སྔགས་འདི་ཡིས་དུག་རྣམས་ཐམས་ཅད་མེད་པར་བྱེད་ཅེས་སྦྱར་རོ། །མན་ངག་ནི། འོད་དཔག་མེད་ཀྱི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ནས། བསྒྲུབ་བྱ་འོད་དཔག་མེད་ཡོངས་སུ་གྱུར་པའི་རྟ་མགྲིན་གྱི་སེམས་དཔའ་སུམ་རྩེག་ཏུ་བསམས་ནས། དེའི་སྙིང་ཁར་ཟླ་བ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་བཀང་ནས་དུག་སྤར་བར་བྱའོ། །དེ་ནས་ལག་པ་གཡས་པའི་མཐིལ་དུ་ཟླ་བའི་སྟེང་དུ་ཡི་གེ་ཧཾ་དཀར་པོ་བསམས་ནས་ལག་པའི་སོར་ཚིགས་རྣམས་ལ། ཨོཾ། ཛྲིཾ། ཧྲི། ས། ཞེས་བཀོད་ལ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ལག་པ་ལ་བཀོད་པའི་ཚོགས་ཀྱིས་སྤྱི་བོ་ནས་བྱབས་པས་འོད་ཟེར་དཀར་པོ་ཕྲེང་བའི་ཆུ་རྒྱུན་ལྟ་བུས་དུག་ས་འོག་ཏུ་བཏང་ནས་ལུང་སྟོང་པར་བསམས་ན་དུག་སེལ་བར་འགྱུར་རོ། །ལྔ་པ་དབྱུག་སྔོན་ཅན་གྱིས་གསད་པའི་ལས་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་སྒྲུབ་པ་སྟེ། རྡོ་རྗེ་འཆང་ཆེན་པོས་གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་འབྱུང་བ་ཉིད་ཏོག་སྟེ་རྒྱལ་མཚན་ནོ། །རྡོ་རྗེ་ནི་མི་ཕྱེད་པའི་མཚན་མ་སྟེ། གཞན་གྱིས་མི་ཕྱེད་པའི་དོན་ཡོད་གྲུབ་པ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཁྲོ་བོའི་རྒྱལ་པོའི་སྔགས་འདི་འབྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི་ན་མཿས་མན་ཏ་ཀ་ཡ་ཝཱཀ་ཙིཏྟ་ཞེས་སོགས་སོ། །མིང་ནི་མགོ་མེད་དོ། །སྤེལ་བ་ནི། སྭཱཧཱའི་སྔོན་དུ་འགྲོ་བས་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་སྤེལ་ལོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས། གདུག་པའི་མཆོག་ལས་བྱུང་བ་བརྒྱ་བྱིན་ལ་སོགས་པའི་བགེགས་ཀྱི་གཙོ་བོ་ཀུན་ཡིད་ནི་འཇིགས་ཞེས་སོགས་སོ། །ཚིག་རྐང་པ་གཉིས་ནི་སླའོ། །གྲགས་ཆེན་ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན་གྱི་སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི་གདུག་པ་ཐམས་ཅད་སོད་པར་འགྱུར་རོ། །ཚུལ་ཇི་ལྟ་བུས་ཤེ་ན། རྟོག་པར་བཤད་པའི་ཆོ་ག་ཚུལ་བཞིན་དུ་སྦྱར་ནས་ལྷ་རྣམས་བསྐུལ་བ་ཡིས་སོ། །ཆོ་ག་ནི། དོན་ཡོད་གྲུབ་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལ་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ཏེ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི། དེའི་ལྟེ་བའི་མེའི་དཀྱིལ་འཁོར་ལ་སྐེ་ཚེ་དང་ལན་ཚྭ་དང་ཉུངས་མར་དང༌། དུག་དང༌། ད་དྷུ་རའི་ཁུ་བའི་རྫས་འདི་དག་གིས་བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་བྲིས་ལ། དགུག་པ་སྔོན་དུ་འགྲོ་བས་ཆུ་བོའོ་ངོགས་གཉིས་དང༌། གྲོག་མཁར་གྱི་ས་དང༌། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་རྣམས་བདུད་རྩི་ལྔ་དང་ལྡན་པ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་ཁར་བཅུག་ནས་དེ་ཐོད་པ་ཁ་སྦྱར་དུ་བཞག་གོ །དེ་ན་ཉི་མ་ཕྱེད་དམ་མཚན་ཕྱེད་ན་རྐང་པ་གཡོན་པས་མནན་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །གལ་ཏེ་འཇིགས་པར་མ་གྱུར་ན། དེའི་ཚེ་ཐོད་པ་གསུམ། སྒྱེད་པུར་བྱས་ལ། དེའི་སྟེང་དུ་འཕྲུལ་འཁོར་བཞག་ལ། རོ་བསྲེགས་པའི་ཤིང་གི་མེས་གདུང་བར་བྱས་ན་ཚ་བའི་རིམས་ཀྱིས་འཛིན་པར་འགྱུར་རོ། །འཕྲུལ་འཁོར་དེ་ཉིད་མེར་བཅུག་ན་དེའི་ཚེ་འཕྲལ་དུ་འཆི་བར་འགྱུར་རོ། །དྲུག་པ་སྟོབས་པོ་ཆེའི་སྔགས་ཀྱིས་ཆར་དབབ་པའི་ལས་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ཞེ་སྡང་རྡོ་རྗེར་ཡོངས་སུ་གྱུར་པས། ཀུན་ནས་ཆར་ཆེན་པོ་འབབ་པའི་སྤྲིན་གྱི་དཔལ་དང་ལྡན་པའི་སྟོབས་པོ་ཆེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྟོབས་པོ་ཆེའི་སྔགས་འདི་ཉིད་ཀྱིས་ཞེས་སོགས་སོ། །སྔགས་ནི་ན་མཿཞེས་སོགས་སོ། །མིང་ནི་མགོ་མེད་དོ། །སྤེལ་བ་ནི། སྭཱཧཱ་སྔོན་དུ་འགྲོ་བས། པ་རི་ཤ་དྷཱ་རཾ་པ་ཏ་ཡ་ཧྲཱིཿཅེས་པ་སྤེལ་ལོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཞེས་པ་ནས། རྗེས་སུ་དྲན་ཞེས་པའི་བར་དུ་བཤད་དེ་སླའོ། །ཕན་ཡོན་ཅི་ཐོབ་ཅེ་ན། སྔགས་འདི་ལན་བརྒྱ་རྩ་བརྒྱད་དུ་བཟླས་པ་ཙམ་དང༌། མི་བསྐྱོད་པའི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པའི་སྦྱོར་བ་ཡིས། ཀླུ་དབང་དུ་བྱ་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པར་བྱ། དེ་ལྟར་བྱས་པས་ཐན་པ་བྱུང་བའི་དུས་སུ་ཡང༌། ཆུའི་དཀྱིལ་འཁོར་འབེབས་པར་བྱེད། །ཅེས་སོ། །ལས་སྦྱོར་ནི་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དུར་ཁྲོད་ཀྱི་རས་ལ་པདྨ་འདབ་མ་བརྒྱད་པའི་འདབ་མ་ལ། ཀླུ་བརྒྱད་བྲིས་ལ་དེ་རྣམས་ཀྱི་སྙིང་ཁ་དང༌། སྤྱི་བོར་ཧཱུྃ་ནཾ་ཧཱུྃ་ཞེས་པ་དང་སྔགས་སྤེལ་ལོ། །ལྟེ་བའི་དབུས་སུ་ཨོཾ་ཨཱཿཧཱུྃ་བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི། སརྦ་ནཱ་གཱ་བར་ཥ་དྷཱ་རཱ་མུད་སྲི་ཛ་ཏ་ཧྲཱིཿསྭཱཧཱ། ཞེས་པ་བཀོད་ནས་ཡང་འཕྲུལ་འཁོར་གཉིས་པ་དེ་བཞིན་དུ་བྲིས་པ་ལ་ཁ་སྦྱར་ཏེ། དགུག་པ་སྔོན་དུ་འགྲོ་བས་གཟུགས་ཅན་གྱི་སྙིང་ཁར་གཞུག་གོ །གཟུགས་བརྙན་ནི་ཆོ་ག་འདིས་བྱ་སྟེ། ཆུ་བོའི་ངོགས་གཉིས་ཀྱི་ས་བདུད་རྩི་ལྔ་དང་ལྡན་པ་ལས་བྱས་པ། མངོན་སྤྱོད་ཀྱི་རྫས་ཀྱིས་ཉེ་བར་བྱུགས་ཏེ་དུར་ཁྲོད་ཀྱི་མེ་ལ་སྔགས་བརྗོད་ཅིང་གདུང་བར་བྱས་ན་ཀླུ་རྣམས་ཀྱིས་ཆར་འབེབས་པར་འགྱུར་རོ། །བདུན་པ་འདོད་རྒྱལ་གྱིས་རྒྱལ་པོ་སོགས་དགུག་པ་ནི། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་སྒྲོག་པའི་རྡོ་རྗེ་སྟེ། འདོད་པའི་རྒྱལ་པོ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། བགེགས་རྣམས་འཆིང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཊཀི་སྟེ། ཊཀི་འཆིང་བ་ལའོ། །ཞེས་པའོ། །གཙོ་བོ་ཡིན་པས་རྒྱལ་པོ་སྟེ་ཁྲོ་བོ་ཆེན་པོའི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི་ན་མཿཞེས་སོགས་ཏེ། མགོ་ན་ཨོཾ་དང༌། ཐ་མར་སྭཱཧཱ་མེད་པས་བཏུས་པའོ། །སྤེལ་བ་ནི། ཆེ་གེ་མོས་ཨ་ཀར་ཤ་ཡ་ཧྲི། ཞེས་པའོ། །ཕན་ཡོན་ནི། དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས། སངས་རྒྱས་ཀུན་གྱི་བགེགས་རྣམས་ཏེ་ཚར་བཅད་རྗེས་བཟུང་ཡོངས་སུ་ཤེས་པས་སོ། །བདག་ཉིད་ཆེ་སྐྱེས་ནི་རྫུ་འཕྲུལ་དང་ལྡན་པའི་བགེགས་རྣམས་ཏེ་དེ་དག་འཇིགས་ཤིང་ཀུན་ཏུ་སྐྲག་པས་རྡོ་རྗེ་གསུམ་སྟེ། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་ནོ། །དམ་ཚིག་ནི་ཊཀིའི་རྒྱལ་པོ་ཡིན་ལ། ལྡན་གྱུར་ནི་བློས་དམིགས་པ་དང་ལྡན་པའོ། །དོན་ནི། སྔགས་འདི་གསུངས་པ་ཙམ་གྱིས། བགེགས་རྣམས་འཇིགས་ཤིང་འདོད་རྒྱལ་ལ་དམིགས་ནས་རྡོ་རྗེ་འཆང་རྗེས་སུ་དྲན་ནོ་ཞེས་པའི་དོན་ནོ། །ལས་སྦྱོར་ནི། རྡོ་རྗེ་སེམས་དཔའ་སྟེ། ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པ་སྟེ། མཚན་པའི་རྐང་པ་གཡས་པས་ལིངྒ་སྟེ་བསྒྲུབ་བྱའི་གཟུགས་བརྙན་བཙག་གིས་ས་ལ་བྲིས་པའི་སྙིང་ཁའི་ཕྱོགས་སུ་མིང་སྤེལ་དང་སྔགས་བྲིས་ནས། རྣམ་ཤེས་དགུག་ཅིང་མནན་ནས་རྡོ་རྗེ་གསུམ་གྱི་སྔགས་ཏེ་འདོད་རྒྱལ་གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པས། སྔགས་རྣམས་ཐམས་ཅད་ནི་སྔགས་ཀྱི་དགུག་བྱ་རྒྱལ་པོ་རྣམས་ཏེ་དེ་རྣམས་དགུག་པར་བྱེད་དོ། །བརྒྱད་པ་མི་གཡོ་བའི་རིག་པས་ཚངས་པ་དགུག་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཡེ་ཤེས་ཀྱི་ཕྲེང་བའི་ཆུའི་རྡོ་རྗེ་མི་གཡོ་བ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། མི་གཡོ་བ་རྡོ་རྗེ་གཏུམ་པོའི་དམ་ཚིག་གི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ན་མཿཞེས་སོགས་སོ། །མིང་ནི་མགོ་མེད་ཅེས་བྱ་སྟེ། སྭཱཧཱར་ལྡན་ཞིང་ཨོཾ་མེད་པ། །མིང་ནི་མགོ་མེད་ཞེས་བྱ་སྟེ། །ཞེས་རྡོ་རྗེ་གཙུག་ཏོར་ལས་སོ། །སྤེལ་བ་ནི་གཤིན་རྗེ་གཤེད་ཀྱི་སྐབས་དང་འདྲའོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཚངས་པ་ལ་སོགས་པའི་ལྷ་ཀུན་འཁོར་མངག་གཞུག་པ་དང་བཅས་པ་རྣམས་བརྒྱལ་ཞིང་ཡིད་རབ་ཏུ་སྐྲག་ནས་རྡོ་རྗེའི་སྐུ་རྡོ་རྗེ་འཆང་རྗེས་སུ་དྲན་པ་སྟེ། སྐྱབས་སུ་སོང་བའོ། །ཁྲོ་བོ་ཆེན་པོ་མི་གཡོ་བའི་ཕྲེང་སྔགས་འདི་ཡིས་ནི། ལྷ་ཆེན་དེ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་དམ་ཚིག་ལས་འདས་པའི་འཇིགས་པས་སྐྲག་པར་གྱུར་ནས། ཁ་སྦྱར་ལུས་ཀྱི་སྟེ་འཁྲུལ་འཁོར་ཁ་སྦྱར་བས་འགུགས་པར་འགྱུར་རོ། །དེ་ཡང་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གཉིས་ལ་གནས་ནས། ལས་རྒྱལ་མཆོག་གྲོ་ག་སོགས་ལ་གྷི་ཝང་གུར་གུམ་སོགས་ཀྱིས་བསྒྲུབ་བྱ་ཚངས་པ་སོགས་ཀྱི་གཟུགས་མིང་གིས་མཚན་པར་ཐུགས་ཀར་བྲིས་ལ། ཡང་འཁོར་ལོ་གཉིས་པ་སྔགས་དང་མིང་གཡོན་བསྐོར་དུ་གཅིག་པ་གཅིག་བྱས་ཏེ། གཉིས་པོ་ཁ་སྦྱར་ལ་རྣམ་ཤེས་དགུག་ཅིང་མི་གཡོ་བའི་ང་རྒྱལ་གྱིས་རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ལ། སྔགས་ཟློ་བའི་དུས་སུ་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བཟླས་ན་ཚངས་པ་སོགས་ཁུགས་པར་འགྱུར་རོ། །དགུ་པ་གནོད་མཛེས་ཀྱི་རིག་པས་བུ་མོ་དགུག་པ་ནི། དེ་ནས་བཅོམ་ལྡན་འདས་དམ་ཚིག་རྣམ་པར་འཕྲུལ་བའི་རྡོ་རྗེ་སྟེ། རྡོ་རྗེ་འཆང་གི་བཀའ་རབ་ཏུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དམ་ཚིག་སྟེ་བཀའི་ངོ་བོ་གདུག་པ་རྣམ་པར་འདུལ་བའི་ཁྲོ་བོ་ཆེན་པོ་གནོད་མཛེས་ཀྱི་སྔགས་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །སྔགས་ནི་ཨོཾ་ཞེས་སོགས་སོ། །མིང་ནི་མཐའ་མེད་དོ། །གང་ལ་ཨོཾ་ཡོད་སྭཱཧཱ་མེད། །དེ་ནི་མཐའ་མེད་ཅེས་བྱར་བརྗོད། །ཅེས་སོ། །སྤེལ་བ་ནི། ཨ་ཀར་ཤ་ཡ་ཧྲི། ཅེས་པའོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ལྷ་དང་ཀླུ་ལ་སོགས་པའི་བུ་མོ་མཐུ་ཆེན་ཐམས་ཅད་ཆགས་པའི་དབང་གིས་སྐྲ་བཤིག གོས་དང་བྲལ་བར་གྱུར་ནས་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ཞིང་སྐྱབས་སུ་སོང་ངོ༌། །ལས་སྦྱོར་ནི། རྡོ་རྗེ་སེམས་དཔའ་ནི་རང་གི་ཡེ་ཤེས་སེམས་དཔའོ། །དེའི་ཞབས་ཀྱིས་ནི་འོད་ཟེར་རོ། །དེས་མནན་པ་ནི་བསྐོར་བའོ། །དེ་བཞིན་གཤེགས་པ་ཀུན་བདག་ནི་བསྒྲུབ་བྱ་ཡེ་ཤེས་སེམས་དཔའོ། །དེ་ལྕགས་ཀྱུ་དང་ཞགས་པས་བཅིངས་ནས་བུ་མོ་དགུག་པར་བྱའོ། །བུ་མོ་ནི་མཚོན་པ་ཙམ་མོ། །མཆོག་ནི་འགུགས་པའི་ལས་ཀྱི་མཆོག་གོ །འདི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གཉིས་ལ་གནས་ནས་ལས་རྒྱལ་མཆོག་བྱའོ། །སྔགས་ཀྱི་ལས་བསྟན་ཟིན་ཏོ། །གཉིས་པ་བསམ་གཏན་གྱི་ལས་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། ལས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་འཆང་ཆེན་པོས་དམ་ཚིག་ཆེན་པོ་སྟེ་སྒྲུབ་པ་པོ་རྣམས་ཀྱིས་དགུག་པ་ལ་སོགས་པའི་སེམས་ཅན་གྱི་དོན་བྱེད་པའི་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། དམ་ཚིག་ཆེན་པོ་སྟེ་སློབ་བཞིན་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་གསང་བ་གསུང་གི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་གནས་དགུག་པ་ལ་སོགས་པའི་ལས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་ལ་བཞི་སྟེ། སྐུ་གསུང་ཐུགས་དགུག་པ་དང༌། རང་གི་མཚན་མས་དགུག་པ་དང༌། སྔགས་དང་ཕྱག་རྒྱས་འགྲུབ་ཚུལ་དང༌། སྦྱོར་བའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་བསྡུས་པའི་དོན་ནི། གཏི་མུག་ལ་སྤྱོད་པ་རྣམ་སྣང་དང༌། འདོད་ཆགས་ལ་སྤྱོད་པ་འོད་དཔག་མེད་དང༌། །ཞེ་སྡང་ལ་སྤྱོད་པ་མི་བསྐྱོད་པའི་ཏིང་ངེ་འཛིན་གསུམ་ལ་གནས་ནས། ལས་རྒྱལ་མཆོག་ལ་རྣམ་སྣང་གི་རྣལ་འབྱོར་པས་འཁོར་ལོས་མཚན་པའི་ལྕགས་ཀྱུ་དང་ཞགས་པ། འོད་དཔག་མེད་ཀྱི་པདྨས་མཚན་པ་དང༌། མི་བསྐྱོད་པའི་རྡོ་རྗེས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་སྤྲོས་ནས། བསྒྲུབ་བྱ་ལ་འཁོར་ལོ་དང་པདྨ་དང་རྡོ་རྗེས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་རྣམས་ཞུགས་ནས། དེས་བཀུག་པར་བསམ་མོ། །འདིར་རིགས་གསུམ་གྱི་ལས་གསུངས་པས། རིན་འབྱུང་དང་དོན་འགྲུབ་དེར་བསྡུས་ནས། རིན་ཆེན་དང་རལ་གྲིས་མཚན་པའི་ལྕགས་ཀྱུ་དང་ཞགས་པས་འགུགས་པ་ཡང་མཚོན་ནོ། །ཚིག་དོན་ནི་རྣམ་པར་བསྒོམ་མོ། །སུ་ཞིག་གིས་ན། རྡོ་རྗེ་སེམས་དཔའ་སྟེ་སྒྲུབ་པ་པོ་སེམས་བརྟན་པར་གྱུར་པས་སོ། །གང་བསྒོམ་ན། སངས་རྒྱས་རྡོ་རྗེ་སྟེ་བསྒྲུབ་བྱ་པཎྜི་ཏ་སོགས་བསྒྲུབ་བྱ་འགུགས་དཀའ་བ་རྣམས་ཀྱི་སྐུ་གསུམ་སྟེ་སྐུ་གསུང་ཐུགས་རྣམས་ལ། རང་རང་གིས་འཛིན་པའི་ཕྱག་མཚན་ཞུགས་པ་དང་རྡོ་རྗེ་ཀྱོ་བ་ལས་འོད་ཟེར་ཞགས་པ་དང་ལྕགས་ཀྱུའི་རྣམ་པར་འདྲ་བ་འཕྲོས་པས་དགུག་པར་བསྒོམ་མོ། །འདི་ནི་སངས་རྒྱས་དགུག་པ་སྟེ་སྐུ་དགུག་པ་དམ་པའོ། །ཐུགས་དགུག་པ་ནི། ངེས་པར་དགུགས་པར་འགྱུར་རོ་ཞེས་དྲང་ངོ༌། །གང་ན། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེན་པོ་སྟེ་བསྒྲུབ་བྱའི་ཐུགས་རྡོ་རྗེའོ། །ཐབས་གང་གིས་ཤེ་ན། སངས་རྒྱས་ནི་གསོལ་བ་འདེབས་པ་པོ་ཞེས་བཤད་དེ། པཎྜི་ཏ་སོགས་འགུགས་པར་འདོད་པས་སངས་རྒྱས་ཀྱི་ཐུགས་བསྐུལ་བར་བྱེད་པའི་སྒྲུབ་པ་པོའོ། །དེའི་གསུང་སྐུ་ནི་ཚིག་གི་ཚོགས་ཏེ། ངག་གི་བཟླས་པའི་སྦྱོར་བ་ཡིས། འཁོར་གྱི་ཚོགས་མང་པོ་དང་ལྡན་པས་འཁོར་ལོ་ཆེན་པོ་སྟེ། འཁོར་གྱི་དཀྱིལ་འཁོར་གྱི་བདག་པོ་པཎྜི་ཏ་ལ་སོགས་པའི་སེམས་ལ། འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པར་གཏོང་བའི་སྦྱོར་བ་ལས་སོ། །དུས་ནི་རྟག་ཏུ་སྟེ་ནམ་འདོད་འདོད་ཀྱིས་དུས་སུའོ། །གང་དག་བུ་སྟོན་སོགས་དཀྱིལ་འཁོར་གྱི་བདག་པོ་མི་བསྐྱོད་པ་ལ་འཆད་པ་ནི། འགྲེལ་པས། དཀྱིལ་འཁོར་གྱི་བདག་པོ་དེའི་ཐུགས་འགུགས་པའི་ཕྱིར་ཞེས་གསུངས་པ་དང་འགལ་ལོ། །སུ་ཞིག་གིས་འགུགས་ཤེ་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ་རྣམ་སྣང་ལ་སོགས་པའི་རིགས་གསུམ་གྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །ཐབས་ནི། རྣལ་འབྱོར་པ་གང་གིས་ཐབས་གང་གིས་འགུགས་ཤེ་ན། རྣམ་སྣང་གི་རྣལ་འབྱོར་པས་འཁོར་ལོ་དང༌། འོད་དཔག་མེད་ཀྱི་པདྨོ་དང༌། མི་བསྐྱོད་པའི་རྣལ་འབྱོར་པས་རྡོ་རྗེ་ཆེ་ཞེས་པ་སྟེ། དེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པ་བཏང་ནས། དེ་ཡིས་བསྒྲུབ་བྱའི་སྙིང་དགུག་པར་བྱའོ། །སྔགས་རྣམས་ཐམས་ཅད་ནི་སྔགས་ཀྱིས་དགུག་པར་བྱ་བའི་བསྒྲུབ་བྱ་ཐམས་ཅད་དེ། ཐབས་འདི་ནི་དེ་དག་དགུག་པའི་མཆོག་གོ །ལས་སྦྱོར་དངོས་ནི། རང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གཉིས་དང་ལྡན་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེ་ལ་གནས་པའི་ཧཱུྃ་ལས། འོད་ཟེར་རླུང་གི་དཀྱིལ་འཁོར་གྱི་རྣམ་པར་སྤྲོས་ལ་དེའི་སྟེང་དུ་བསྒྲུབ་བྱ་པཎྜི་ཏ་སོགས་བཞག་ཅིང་ཞགས་པ་དང་ལྕགས་ཀྱུའི་རྣམ་པས་བཅིངས་ཤིང་དགུག་གོ །ཡང་ན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གང་རུང་བསྒོམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རང་རང་གི་ཕྱག་མཚན་ལ་གནས་པའི་ཏིང་འཛིན་སེམས་དཔའི་འོད་ཟེར་གྱིས་སྔ་མ་བཞིན་དུ་བསྒྲུབ་བོ། །གཉིས་པ་རང་ནི་མཚན་མས་དགུག་པ་ལ་དྲུག་ལས། མིའི་བུ་མོ་དགུག་པ་ལ། བསྡུས་དོན་ནི། རང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གཉིས་དང་ལྡན་པས་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་མིའི་བུ་མོ་བསྒོམས་ལ། འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཤིང༌། རླུང་གིས་སྣ་ཚོགས་རྡོ་རྗེ་དྲངས་པར་བསམ་མོ། །ཚིག་དོན་ནི། རང་སྔགས་སྐྱེས་བུ་སྟེ་རང་གི་ལྷག་པའི་ལྷ་ཡོངས་སུ་གྱུར་པ་ལས། ཐམས་ཅད་རྡོ་རྗེ་དངོས་ཏེ་སྣ་ཚོགས་རྡོ་རྗེའོ། །ཞི་བ་ནི་མཛེས་པའོ། །དེ་ལ་མིའི་བུ་མོ་མཆོག་རྣམས་ཀྱི་གཟུགས་བསྒོམས་ནས། དེའི་སྙིང་ཁར་རྡོ་རྗེ་ཀྱོ་བ་སྦྱར་ཞིང༌། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག་པའི་སྦྱོར་བ་ཡིས། ངེས་པར་རྟག་ཏུ་སྟེ་ནམ་འདོད་པའི་དུས་སུ་འགུགས་པར་འགྱུར་རོ། །གཉིས་པ་ཤ་ཙི་དགུག་པ་ལ། བསྡུས་དོན་ནི། རྣམ་སྣང་གི་ཏིང་ངེ་འཛིན་གཉིས་དང་ལྡན་པས། རྣམ་སྣང་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། རྣམ་སྣང་གིས་བཀའ་བསྒོས་པའི་བདུད་རྩི་ཐབས་སྦྱོར་གྱིས་ཤ་ཙི་བླངས་ཏེ་དེའི་སྟེང་དུ་བཞག་ལ། ལྕགས་ཀྱུ་དང་རླུང་གིས་དགུག་ཅིང་སྔགས་བཟླའོ། །ཚིག་དོན་ནི། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོ་ཟླ་བའི་དཀྱིལ་འཁོར་རྣམ་པར་ཡོངས་སུ་གྱུར་པར་བསྒོམ་པར་བྱའོ། །དེ་ནས་རྣམ་སྣང་གིས་བཀའ་བསྒོས་པའི་བདུད་རྩི་ཐབས་སྦྱོར་གྱིས་བརྒྱ་བྱིན་གྱི་ཁང་པ་ནས་ཤ་ཙི་བླངས་ནས་དེར་གནས་པར་བསམས་ལ། རྡོ་རྗེ་བདུད་རྩི་འཁྱིལ་པའི་སྔགས་ལན་གྲངས་ལྔ་བཅུ་བརྗོད་པའི་སྦྱོར་བ་ཡིས་ངེས་པར་རྟག་ཏུ་སྟེ་ནམ་འདོད་པར་འགུགས་པར་འགྱུར་རོ། །གསུམ་པ་ལྷའི་བུ་མོ་དགུག་པ་ནི། ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གཉིས་དང་ལྡན་པས། ལྷའི་བུ་མོའི་མདུན་དུ་རྡོ་རྗེ་དཀྱིལ་འཁོར་ཏེ། འདོད་པའི་རྒྱལ་པོའི་གཟུགས་རབ་ཏུ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་གཟུགས་ཤིན་ཏུ་ཆེ་བའི་རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འབར་བ་རྣོན་པོ་འདྲ་བའི་འོད་དེ། མེ་ལྕེ་འབར་བ་དང་འདྲ་བའི་འོད་དང་ལྡན་པའི་སྟེང་དུ་ལྷའི་བུ་མོ་སྐྱོན་ཏེ། དེའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསམས་ལ། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ཞུགས་པ་དང་ལྕགས་ཀྱུ་འདྲ་བས་བཅིངས་ཤིང་དགུག་པར་བྱའོ། །འདི་ནི་ནམ་མཁའི་བུ་མོ་སྟེ་ལྷའི་བུ་མོ་དགུག་པའི་མཆོག་གོ །བཞི་པ་ལྷ་མ་ཡིན་གྱི་བུ་མོ་དགུག་པ་ནི། ཁྲོ་བོ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ་དེའི་ཏིང་ངེ་འཛིན་ལ་གནས་ནས་དམ་ཚིག་སྟེ་ས་འོག་ན་གནས་པའི་གནོད་མཛེས་ལ་བཀའ་བསྒོ་བའོ། །དེ་ནས་གནོད་མཛེས་ཀྱིས་བསྒྲུབ་བྱ་དེའི་ཏྲི་ཤུ་ལ་ཏེ་མདུང་གིས་སྙིང་ཕུག་ནས། དེའི་བུ་ག་ནས་རྡོ་རྗེ་ལྕགས་ཀྱུས་དྲངས་ཏེ་ཞགས་པས་བཅིངས་ཤིང༌། གནོད་མཛེས་ཀྱི་སྔགས་བཟླས་ན་དགུག་པར་འགྱུར་རོ། །འདི་ནི་ལྷ་མ་ཡིན་གྱི་བུ་མོ་དགུག་པའི་མཆོག་གོ །ལྔ་པ་ལྷ་དགུག་པ་ནི། རང་གི་ལྷག་པའི་ལྷའི་ཏིང་ངེ་འཛིན་གཉིས་ལ་གནས་ནས། བཙག་གམ་རྡོ་རྒྱུས་གང་ཡང་རུང་བ་ལས་རྡོ་རྗེ་ཀྱོ་བས་སྦྱོར་བ་སྟེ། དེའི་གཟུགས་སུ་བྱས་ལ། ཟླ་བ་གཟས་ཟིན་པའི་ཚེ་ཁར་ཏེ་རྡོ་རྗེའམ་ཆོས་འབྱུང་དུ་བཅུག་ནས། ཟླ་བ་གཟས་མ་བཏང་གི་བར་དུ་བསྒྲུབ་པར་བྱ་བ་སྟེ། སྙོམས་འཇུག་བྱ་ཞིང༌། ཟླ་བ་གཟས་བཏང་བའི་ཚེ་བཏོན་ནས་འབྲུ་གསུམ་གྱི་སྔགས་ཀྱིས་བསྲུངས་ཏེ། དེ་ནས་ཚངས་དབང་དང༌། དྲག་པོ་ལ་སོགས་པའི་ལྷ་གང་འགུགས་པར་འདོད་པའི་རང་རང་གི་མིང་རྣམས་བྲིས་ནས་བོས་ན། རྡོ་རྗེ་འཆང་གི་གསུང་གི་བཀའ་བཅག་ཏུ་མེད་པ་བཞིན་དུ་འཇིགས་ཤིང་སྐྲག་ནས་འོང་བར་འགྱུར་རོ། །དྲུག་པ་གནོད་སྦྱིན་མོ་དགུགས་པ་ནི། རང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་འཇམ་པའི་རྡོ་རྗེ་རབ་ཏུ་བསྒོམས་ནས། དེ་ནས་ཡང་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་སྤྲོས་ལ། དེ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱུའི་རྣམ་པར་བསམ་མོ། །དེ་ནས་བསྐལ་པ་སྲེག་པའི་འཁོར་ལོ་སྟེ་མེའི་འཁོར་ལོ་ཆེན་པོ་འོད་འཕྲོ་བ་བསྒོམས་ནས་དེ་ལ་གནོད་སྦྱིན་མོ་སྐྱོན་ཏེ། འོག་ཏུ་བསྒོམས་པའི་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས། སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་འཕྲོས་པ་སོགས་སྔ་མ་བཞིན་ནོ། །འདིས་གནོད་སྦྱིན་མོ་ཁུགས་ནས་དེ་དང་སྤྱད་པར་བྱའོ། །གསུམ་པ་སྔགས་དང་ཕྱག་རྒྱས་འགྲུབ་པའི་ཚུལ་ནི། སྔགས་ཀྱི་སྒོ་ནས་ལས་སྒྲུབ་པ་ལ། སྔགས་དང་ཕྱག་རྒྱ་གཉིས་ཀ་དགོས་སོ་ཞེས་སྟོན་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་ཡེ་ཤེས་ཀྱི་སྐུ་དང་སྔགས་ཀྱི་སྐུའི་དབྱེ་བས་རྣམ་པ་གཉིས་དང༌། ལྷ་ཐམས་ཅད་ཀྱི་སྔགས་ཀྱི་དབྱེ་བ་ཡང་གཉིས་ཏེ། འབོད་པ་དང༌། བཟླས་པའོ། །བཟླས་པ་ལ་ཡང༌། ངག་གི་བཟླས་པ་དང༌། རྡོ་རྗེའི་བཟླས་པའི་དབྱེ་བས་གཉིས་སོ། །དེ་ལྟར་ན་བཟླས་པ་དང་ཕྱག་རྒྱའི་དབྱེ་བས། ཐམས་ཅད་དུ་སྟེ་མ་ལུས་པ་དགུག་པའི་ལས་སྒྲུབ་པའི་རབ་ཏུ་སྦྱོར་བ་སྟེ། ཐབས་གསུངས་སོ། །ཆག་གིས་འདིར་སོགས་ཀྱི་སྒྲ་འདོད་པ་ནི་མ་དག་གསུངས་སོ། །གལ་ཏེ་སྔགས་དང་ཕྱག་རྒྱ་གཉིས་ཀྱིས་སྒྲུབ་པ་ལས་གཞན་དུ། སྒྲུབ་པར་མ་བྱས་ན་ལས་འཇིག་པར་འགྱུར་རོ། །བཞི་པ་སྦྱོར་བའི་ཏིང་ངེ་འཛིན་ནི། སྦྱོར་བ་གང་ལའང་རྡོ་རྗེ་སེམས་དཔའ་བསྒོམ་པར་བསྟན་པ་སྟེ། རྡོ་རྗེ་སེམས་དཔའ་ནི་དྲུག་པའོ། །དེ་ཉིད་རིགས་ལྔ་པོའི་རྟེན་དུ་གྱུར་པའི་ཕྱིར་རྒྱལ་པོའོ། །དེ་ནི་བསྙེན་པ་དང་ལས་ཚོགས་ཀྱི་གནས་སྐབས་ཐམས་ཅད་དུ་ཡང་དང་ཡང་དུ་བསྐུལ་བ་སྟེ་དམིགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་སྔགས་རྣམས་ཏེ་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་འཆང་དང་རིགས་ལྔ་པོ་ཐམས་ཅད་ཀྱི་གསལ་བྱེད་ཡིན་པའི་ཕྱིར་ཏེ། རིགས་ལྔ་སྤྲུལ་བྱེད་ཡིན་པའི་ཕྱིར་རོ། །མཆོག་ཏུ་མི་འགྱུར་བའི་རྟག་པ་ཡང་ཡིན་པའི་ཕྱིར་རོ། །གསུམ་པ་སྔགས་ཀྱི་རིག་པ་གཞན་བསྟན་པ་ལ་གསུམ་ལས། རལ་གཅིག་མའི་རིག་པས་ཀླུ་དགུག་པ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནམ་མཁའ་ཀུན་ཏུ་རྣམ་པར་འཁྲུལ་པའི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཡོད་གྲུབ་པ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན་རྡོ་རྗེ་རལ་པ་གཅིག་མ་དཀྱིལ་འཁོར་པ་རྣམས་ཀྱི་མཆོག་གི་སྔགས་འདིའོ། །དཀྱིལ་འཁོར་པ་གང་གི་མཆོག་ཅེ་ན། དམ་ཚིག་ཆེན་པོ་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་གསུང་རིགས་ཀྱི་བདག་པོ་རྡོ་རྗེ་སྟེ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་པ་རྣམས་ཀྱི་མཆོག་གོ །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི་ཨོཾ་ཞེས་སོགས་སོ། །མིང་ནི་སྦྲུལ་ལོ། །ཤུ་ལེ་མ་ནི་མདུང་ཅན་མ་སྟེ་བོད་པའོ། །དེ་ནས་རིག་པ་འདི་ནི་གསུངས་པ་ཙམ་གྱིས། ཀླུའི་བུ་མོ་མཐུ་ཆེན་རྣམས་འདོད་པའི་མེས་ཚིག་པར་གྱུར་ཅིང༌། གོས་དང་བྲལ་ནས་གཞན་དབང་དུ་གྱུར་ཏེ། སངས་རྒྱས་བྱང་ཆུབ་སྟེ་དོན་ཡོད་གྲུབ་པ་རྗེས་སུ་དྲན་ནོ། །སྔགས་ཀྱི་རིག་པ་འདི་དང་ཆོ་ག་འདི་སྦྱར་བ་ཡིས་ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་དགུགས་པར་འགྱུར་རོ། །ཆོ་ག་ནི། རང་ཕྲག་དོག་རྡོ་རྗེའི་ཏིང་ངེ་འཛིན་གཉིས་དང་ལྡན་པས། སྐྱེས་པའི་ཐོད་པ་ལ་བཙག་གིས་རླུང་གི་དཀྱིལ་འཁོར་བྲིས་ལ། དེའི་ནང་དུ་ཀླུ་གང་ཡང་རུང་བའི་གཟུགས་བྲིས་ནས། སྙིང་ཁར་སྔགས་དང་མིང་སྤེལ་བྱས་ཤིང༌། ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ན་ཀླུ་རྣམས་དགུགས་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་བུད་མེད་ཀྱི་ཐོད་པ་ཀླུའི་བུ་མོའི་གཟུགས་བྲིས་ནས། ཆོ་ག་ནི་སྔར་བཞིན་བྱས་ཏེ། ཀླུའི་བུ་མོ་མིག་བཟང་མ་དག་བཀུག་ནས། ཉེ་བར་སྤྱད་པར་བྱ། གཉིས་པ་ཁྲོ་གཉེར་ཅན་གྱིས་རིག་པ་འཛིན་པའི་བུ་མོ་དགུག་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནམ་མཁའི་དམ་ཚིག་ནི་འོད་དཔག་མེད་དོ། །དེ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། འདོད་ཆགས་ཆེན་པོ་ནི་འོད་དཔག་མེད་དོ། །དེའི་དམ་ཚིག་ནི་དེའི་རིགས་རྣམས་ཏེ། དེ་རྣམས་ལས་ཁྲོ་གཉེར་ཅན་གྱི་སྔགས་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི་ཨོཾ་ཞེས་སོགས་ཏེ་སྦྲུལ་ལོ། །དེ་ནས་རིག་པ་འདི་གསུངས་པ་ཙམ་གྱིས་རིག་འཛིན་གྱི་བདག་ཉིད་ལས་སྐྱེས་མ། རིག་པ་འཛིན་པའི་བུ་མོ་ཀུན་འདོད་ཆགས་ཀྱིས་བསྐྱོད་པས་འདར་ཞིང་འཇིགས་པ་སྟེ་གདུང་བ་ཐོབ་པར་འགྱུར་ནས། ཡེ་ཤེས་རྡོ་རྗེ་སྟེ་འོད་དཔག་མེད་རྗེས་སུ་དྲན་ནོ། །གཟུགས་སོགས་ཀྱི་ཡོན་ཏན་དང་ལྡན་པས་མཆོག་ཏུ་གྱུར་པའི་རིག་པ་འཛིན་པའི་བུ་མོ་མཆོག གསེར་གྱི་རྣ་ཆ་གཡོ་བ་རྣམས་བཤད་མ་ཐག་པའི་སྔགས་ཀྱི་རིག་པ་འདི་དང༌། དམ་ཚིག་མཆོག་སྟེ་ཆོ་གའི་ཁྱད་པར་དག་གིས་དགུག་པར་བྱའོ། །ཆོ་ག་ནི། རང་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཉིས་དང་ལྡན་པས། ལས་རྒྱལ་མཆོག་ལ་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་དང༌། དེའི་དབུས་སུ་རིག་འཛིན་གྱི་བུ་མོ་བྲིས་ལ། དེའི་སྙིང་ཁར་མིང་བྲིས་ཤིང་རྣམ་ཤེས་བཀུག་ནས་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་མནན་ཅིང་སྔགས་བཟླས་ན་ཁུགས་པར་འགྱུར་རོ། །གསུམ་པ་ཡི་གེ་གསུམ་གྱི་ལས་ཐམས་ཅད་བསྒྲུབ་པ་ནི། ཡུམ་བཞི་དང་ཁྲོ་བོ་དགུ་ལ་སོགས་པའི་སྔགས་ཀྱི་ནུས་པ་ཐམས་ཅད་རྡོ་རྗེ་བཟླས་པས་འགྲུབ་པར་སྟོན་ཏེ། དེ་མ་ཐག་ཏུ་སྟེ་རིང་པོར་མི་ཐོགས་པར་འགུགས་ཤིང་འགྲུབ་པར་འགྱུར་རོ། །གང་འགྲུབ་ན། ཡེ་ཤེས་རྡོ་རྗེ་གསུམ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་གསུམ་མོ། །དེ་རྣམས་ལས་བྱུང་བ་ནི་དེའི་རིགས་ཅན་སྤྱན་དང་གཤིན་རྗེ་གཤེད་སོགས་སོ། །ཀུན་ནས་ཞེས་པ་ནི་དེ་དག་གི་སྔགས་ཀྱི་ནུས་པ་ཐམས་ཅད་འགུགས་པར་འགྱུར་རོ། །གང་གིས་ན། སྦྲུལ་ལ་སོགས་པའི་སྔགས་ཐམས་ཅད་ཀྱི་ནུས་པ་འགོག་པ་སྟེ་ཐིམ་པར་གྱུར་པའི་རྡོ་རྗེ་རྒྱལ་པོ་ཡི་གེ་འབྲུ་གསུམ་གྱི་བཟླས་པ་འཇུག་གནས་ལྡང་གསུམ་གྱི་ཚུལ་དུ་བཟླས་པ་ཡོངས་སུ་རྫོགས་པ་དག་གིས་སོ། །མཛེས་མཆོག་ནི་འདོད་པའི་དོན་སྒྲུབ་པས་སོ། །འགྲེལ་བར། བུད་མེད་དང་སྐྱེས་པ་དང་མ་ནིང་ཞེས་གསུངས་པ་ནི་ཡི་གེ་འབྲུ་གསུམ་ལ་སྦྱོར་རོ། །དོན་ནི་ལས་སྦྱོར་གྱི་དུས་སུ། གོང་དུབ་ཤད་པའི་ཕྲེང་སྔགས་བཅོ་ལྔ་པོས་ལས་གང་འགྲུབ་པའི་ལས་ཐམས་ཅད་འབྲུ་གསུམ་བཟླས་པས་འགྲུབ་ཅིང༌། བྱང་ཆུབ་སེམས་དཔའ་སོགས་ཕྲེང་སྔགས་མེད་པའང་འདི་བཟླས་པས་འགྲུབ་ཅེས་པའི་དོན་ནོ། །སྔགས་ལ་མཆོག་ཏུ་གཞོལ་བའི་ཆོ་གའི་ཁྱད་པར་ནི། ཡང་ནི་ཞེས་སོགས་གསུངས་ཏེ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་ཐམས་ཅད་ཀྱི་སྔགས། སྔགས་པས་འབུམ་དུ་བཟླས་པ་ཡིས་ལས་རྣམས་ཐམས་ཅད་བྱེད་པར་བཤད་དོ། །བཟླ་བའི་གནས་ནི། དབེན་པའི་གནས་དང་རི་བོ་ཆེན་པོ་རུ། །ཞེས་པའོ། །བཞི་པ་གདུག་པ་འདུལ་བའི་ཆོ་ག་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ལས་སྦྱོར་བསྟན་པ་དང༌། ལས་ཀྱི་ཕན་ཡོན་ནོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་ཞེས་པ་ནས། སྤོ་བར་བྱ། ཞེས་པའི་བར་ཏེ། གསད་པ་དང་སྤོ་བའི་ལས་གཉིས་བསྟན་ནོ། །འདི་ཡི་ཞེས་སོགས་རྐང་པ་གཉིས་ཀྱིས་ནི་ཕན་ཡོན་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གསད་པའི་ཆོ་ག་དང༌། ཆོ་གའི་ལྷག་མ་གཞན་གསུམ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཁ་སྦྱར་གྱི་དབྱེ་བ་དང༌། བསད་པའི་སྦྱོར་བ་དང༌། བསྒྲུབ་པའི་གནས་སོ། །དང་པོ་ནི། སྒྲུབ་པ་པོས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་གསོད་ཅིང་གཞིག་པར་བྱེད་པའི་ཉེས་པ་ཅན་དུ་བསྒོམ་པར་བྱའོ། །སུ་ཞིག་ན། གདུག་སེམས་ཅན་གྱི་དགྲ་རྣམས་སོ། །ཇི་ལྟར་ན། ཆོ་ག་བཞིན་དུ་སྟེ་ཁ་སྦྱར་གྱི་དབྱེ་བ་བྱས་ནས་སོ། །གཉིས་པ་ལ་ལྔ་ལས། དང་པོ་ནི། མི་བསྐྱོད་པ་ཁྲོས་པའི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གཉིས་དང་ལྡན་པས། ལས་རྒྱལ་མཆོག་ལ། ཁྲག་དང་ཆུས་གཤེར་བའམ། བཤང་གཅིས་གཤེར་བར་བྱས་པའི་གོས་བགོས་ནས། མངོན་སྤྱོད་ཀྱི་རྫས་དུག་དང་ཀེ་ཚེ་སོགས་ལས་བསྒྲུབ་བྱའི་གཟུགས་བྱས་ལ། སྙིང་ཁར་སྔགས་དང་སྤེལ་བའི་མིང་བཅུག་ཅིང་སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡས་པས་ལིངྒ་མནན་ཅིང༌། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སོགས་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ལས་ལ་སྦྱར་བར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ཀྱང་སྟེ་ལས་ཚོགས་ལ་མཁས་པ་ཡང་ངེས་པར་འཇིག་པ་སྟེ་འཆི་བར་འགྱུར་རོ། །སྦྱོར་བ་གཉིས་པ་ནི། ཡང་གསུངས་པ་ཆུ་ཁོ་ན་ཡིས་གོས་གཤེར་བར་བྱས་ནས། ཁྲོ་བོ་མཆོག་གི་ང་རྒྱལ་དག་གིས་གནས་ནས་གོས་ལུས་ལ་བཅིངས་པ་ཡིས། ཆོ་ག་སྔར་བཞིན་བྱས་ནས། ལིངྒ་རྐང་པས་མནན་ནས་ནི། །ཞེས་སོགས་སྔ་མ་བཞིན་ནོ། །སྦྱོར་བ་གསུམ་པ་ནི། ཡང་བཤང་གཅིས་གཤེར་པར་བྱས་པའི་གོས་ངན་པ་རུལ་བའི་དྲི་མ་བསྣམས་པ་བགོས་ཏེ། ཆོ་ག་སྔ་མ་བཞིན་བྱས་ནས་སྔགས་འདི་བཟླས་བྱས་ན་སྐད་ཅིག་གིས་སྐམ་ནས་འཆི་བར་འགྱུར་རོ། །བཞི་པ་ནི་ཐལ་བའི་སྐྱོ་མས་གཤེར་བའི་གོས་བགོས་ནས་ཆོ་ག་སྔ་མ་བཞིན་དུ་བྱས་ཏེ་བསམ་པས་ཁྲོ་བས་སེམས་འཁྲུག་བཞིན་དུ། སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ནི། རྡོ་རྗེ་སེམས་དཔའ་སྟེ་ལས་ལ་མཁས་པ་ཡང་འཇིགས་པར་འགྱུར་རོ། །སྦྱོར་བ་ལྔ་པ་ནི། ཡང་གསུངས་པ། སྒྲུབ་པ་པོ་གཅེར་བུར་ཕུད་དེ་སྐྲ་བཤིག་ལ་འཇིགས་པའི་ངང་ཚུལ་ཅན། མཆེ་བ་གཙིགས་ཤིང་བཞིན་བསྒྱུར་བ་ལ་གནས་ནས། ཆོ་ག་སྔ་མ་བཞིན་བྱས་ཏེ་ལིངྐ་རྐང་པས་མནན་ནས་ནི། ནམ་མཁའི་དབྱིངས་ཏེ་གཟུགས་ཅན་མིན་པ་དག་ཀྱང་འཇིགས་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་སྟེ་བསམ་གཏན་གྱི་ཆེ་བ་བསྟན་ནོ། །གསུམ་པ་སྒྲུབ་པའི་གནས་ནི། ལས་དེ་དག་གནས་གང་དུ་བརྩམ་ཞེ་ན། ཚངས་པ་མོ་དང༌། ཁྱབ་འཇུག་མོ་དང༌། དྲག་མོ་དང༌། དབང་མོ་དང༌། ལུས་ངན་མོ་དང༌། ཕག་མོ་དང༌། རྒན་བྱེད་མོ་དང་འཇིག་རྟེན་གྱི་མ་མོ་བདུན་གྱི་གནས་ནས། དུར་ཁྲོད་དམ་ཞེས་སོགས་སོ། །གཉིས་པ་ཆོ་གའི་ལྷག་མ་གཞན་གསུམ་བསྟན་པ་ལ། གསད་པའི་ཆོ་ག་ནི་ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས་མིའི་ལག་ངར་གྱི་རུས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཚད་དག་བླངས་ལ། དུར་ཁྲོད་ཀྱི་རས་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་སྣ་ཚོགས་རྡོ་རྗེ་བྲིས་ཏེ། དེའི་ལྟེ་བ་ལ་བསྒྲུབ་བྱའི་མིང་བྲིས་ནས། དེ་རུས་པ་ཁོག་སྟོང་གི་ནང་དུ་བཅུག་པ་ལ་བསྒྲུབ་བྱའི་རྐང་རྗེས་ཀྱི་སས་བཀབ་ནས། ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱ་སྟེ་དགྲའི་སྒོ་ཁར་སྦས་ན་ནི། ཟླ་ཕྱེད་ཀྱི་ནང་ངམ་ཟླ་བ་ཕྱེད་ཡོངས་སུ་རྫོགས་པ་ཡིས་ཉམས་སམ་ཡང་ན་འཆི་བར་འགྱུར་རོ། །སུ་ཞིག་ན།  སངས་རྒྱས་ཏེ་སེམས་ཅན་ཤེས་རབ་ཅན་དང༌། སྐུ་གསུམ་སྟེ་སེམས་ཅན་རབ་འབྲིང་ཐ་མ་གསུམ་མོ། །མཆོག་སྦྱིན་པ་ནི་དེ་རྣམས་ལ་འདོད་པའི་དོན་སྟེར་བའོ། །ཤེས་པ་ནི། དྲིན་ལན་ཤེས་པ་དང༌། མི་ཤེས་པ་ནི་དྲིན་ལན་རྣམ་པར་སྤངས་པའོ། །གང་ཟག་འདི་དག་གང་སློབ་དཔོན་སྨོད་པར་བྱེད་པ་ཉིད་དོ། །བསྐྲད་པའི་ཆོ་ག་ནི། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ་ཐོད་པ་གང་བ་རྨ་མེད་པ་དག་བཙལ་ལ། ཁྱད་པར་དུ་སྟེ་བྱེ་བྲག་ཤེས་པའི་མཁས་པས། ཐོད་པ་དེར་ཁྲོ་བོ་གང་ཡང་རུང་བའི་སྔགས་ཀྱི་ཚིག་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ཏེ། རྡོ་རྗེའི་ཚིག་ནི་ཁྲོ་བོའི་ཚིག་སྟེ། གཞན་དག་གིས་ཐོས་པར་བཟླས་པ་བྱའོ། །དེ་ནས་ཐོད་པ་དེ་དགྲའི་སྒོའམ་གྲོང་དག་ཏུ་སྦས་ན་ངེས་པར་བསྐྲོད་པར་འགྱུར་རོ། །སྦྱོར་བ་གསུམ་པ་ནི། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས། ཏ་ལའི་ལོ་མའམ་གཞན་རས་དག་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་ཁྲོ་བོའི་སྔགས་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ལ། དགྲའི་ཁྱིམ་མམ། སྒོ་དག་ཏུ་སྦས་ན་སྐམས་ཤིང་འཆི་བར་འགྱུར་རོ། །བཅོམ་ལྡན་འདས་གདུག་པ་འདུལ་བའི་དམ་ཚིག་ཆེན་པོ་འབྱུང་བའི་རྒྱུ་རྡོ་རྗེ་འཛིན་པ་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །ལྔ་པ་ཕུར་བུས་གདབ་པའི་ཆོ་ག་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་ནོ། །དངོས་པོ་ལ་གཉིས་ཏེ། ཐུན་མོང་གི་ཕུར་གདབ་ཀྱི་ཆོ་ག་དང༌། སོ་སོའི་ཕུར་གདབ་ཀྱི་ཆོ་གའོ། །དང་པོ་ལ་གཉིས་ཏེ། སྔགས་ཀྱི་ཕུར་གདབ་དང༌། རྫས་ཀྱི་ཕུར་གདབ་དང༌། བསམ་གཏན་གྱི་ཕུར་གདབ་བོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་སྟེ། བསྒྲུབ་བྱ་གདུག་པ་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ངེས་པར་འཆིང་ཞིང་མི་གཡོ་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ཞིག་ན། ཁམས་གསུམ་པ་སྟེ་རབ་འབྲིང་ཐ་མའི་བསྒྲུབ་བྱ་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཕུར་བུས་གདབ་པའི་སྔགས་ཀྱི་རྡོ་རྗེ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ཨོཾ་གྷ་གྷ་ཞེས་སོགས་སོ། །མིང་ནི་མཐའ་མེད་དོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཚར་བཅད་པར་དཀའ་བས་ན། རྡོ་རྗེ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བརྒྱ་བྱིན་ལ་སོགས་པ་ཀུན་སྔགས་ཀྱིས་རེག་པས་དང་པོར་བརྒྱལ་ཞིང༌། དེ་ནས་དྲན་པ་རྙེད་ནས་རབ་ཏུ་འཇིགས་པར་གྱུར་ནས། ནམ་མཁའ་རྡོ་རྗེའི་ཐུགས་རྡོ་རྗེ་འཆང་དྲན་པར་གྱུར་ནས་སྐྱབས་སུ་སོང་ངོ༌། །གཉིས་པ་ནི། ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པས། མངོན་སྤྱོད་ཀྱི་རྫས་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ནས། དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་མིང་དང་སྤེལ་བའི་སྔགས་བྲིས་ལ་གཟུགས་བརྙན་གྱི་སྙིང་ཁར་བཅུག་ནས། མི་རུས་ལས་བྱས་པའམ། སེང་ལྡེང་མཆོག་ལས་སྐྱེས་པའམ། ལྕགས་ལས་བྱས་པའི་ཕུར་བུ་སྟོད་ཁྲོ་བོའི་རྣམ་པ་འོག་མདུང་རྩེ་དང་འདྲ་བར་སྤྲུལ་ལ། སྔགས་བརྗོད་ཅིང་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཐོ་བས་བརྡུངས་ན། རྡོ་རྗེ་སྐུ་གསུམ་སྟེ་གདུག་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་འཇིག་པར་བྱེད་དོ། །གསུམ་པ་ནི། སྒྲུབ་ཐབས་ལས་གསུངས་པའི་ཚུལ་དུ་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་གི་སྦྱོར་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་ལ་མི་བསྐྱོད་པ་འོད་འཕྲོ་ཞིང་རབ་ཏུ་འཁྲུག་པ་མདངས་བཟང་བ། མེ་འབར་བའི་དབུས་སུ་ཆུད་པ་བསྒོམས་ལ། དེ་ནས་ཁྲོ་བོ་བཅུ་ཕྱུང་སྟེ་ཕྱོགས་དང་མཚམས་རྣམས་སུ་བཞག་གོ །དེ་ནས་རྡོ་རྗེ་སྐུ་གསུམ་གྱི་བདག་ཉིད་ཀྱི་གཟུགས་བསམས་པའི་མཐར། གནོད་མཛེས་ཀྱི་གཟུགས་བསམས་ནས། བཤད་མ་ཐག་པའི་ཁྲོ་བོའི་བསམ་གཏན་གྱིས་སྦྱར་བར་བྱའོ། །མི་བསྐྱོད་པའི་སྦྱོར་བས་བྱ་བར་མ་ཟད། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་པའི་སྦྱོར་བ་དང༌། ཡང་ན་འདོད་ཆགས་རྡོ་རྗེ་ཅན་བསམས་པའི་སྦྱོར་བ་དང༌། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེན་པོ་བསམས་པའི་སྦྱོར་བས་ཀྱང་ཕུར་གདབ་ཀྱི་ཆོ་ག་འདི་བྱའོ། །བསམ་གཏན་གྱི་ཕུར་གདབ་ཀྱི་ཆོ་ག་གང་ཞེ་ན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་བདུད་རྩི་འཁྱིལ་པ་ཕུར་བུའི་གཟུགས་སུ་བསམས་པ་ཡིས། གདུག་པའི་ཁྲོ་བ་ཚར་བཅད་པར་བྱའོ། །སྦྱོར་བ་གང་གིས་བྱ་ཞེ་ན། རྡོ་རྗེ་སྟེ་མི་བསྐྱོད་པའི་སྦྱོར་བས་བྱ་བ་ཡིན་ནོ། །དེར་མ་ཟད་སངས་རྒྱས་རྣམ་སྣང་དང༌། འོད་དཔག་མེད་དང༌། བདག་ཉིད་ཆེན་པོ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་ཀྱང་ཆོ་ག་འདི་ཉིད་དོ། །ཕུར་བུའི་དབྱིབས་ཇི་ལྟ་བུ་བསྒོམ་ཞེ་ན། བདུད་རྩི་འཁྱིལ་པའི་སྙིང་ཁ་ནས་རྐང་པའི་བར་རྡོ་རྗེ་ཕུར་བུའི་རྣམ་པར་བསྒོམས་ལ། ཕུར་བུ་དེ་ཉིད་ལྟེ་བའི་གོང་དུ་དམ་ཚིག་སྟེ་བདུད་རྩི་ཐབས་སྦྱོར་གྱི་གཟུགས་སུ་བསམ་པར་བྱའོ། །བཤད་མ་ཐག་པ་འདི་ནི་ཕུར་བུའི་རྣམ་པར་འཕྲུལ་པ་སྟེ་དབྱིབས་སོ། །ཕུར་བུའི་དབྱིབས་དང༌། སྦྱོར་བའི་ཏིང་ངེ་འཛིན་བསམ་གཏན་རྡོ་རྗེ་སྦྱོར་བ་འདི་ཡིས་ཕུར་བུ་འདེབས་པར་བྱེད་ན། སངས་རྒྱས་ཏེ་ཕུར་བུའི་ཆོ་ག་ཤེས་པ་ཐམས་ཅད་ཀྱིས་ཀྱང་ངེས་པར་འགུལ་བར་བྱེད་དོ། །རྡོ་རྗེ་སེམས་དཔའ་ནི་བརྩོན་འགྲུས་དང་ལྡན་པའི་སྒྲུབ་པ་པོའོ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་ན་རྒྱལ་པོ་ཆེ་སྟེ། དེས་ཕུར་བུ་བཏབ་ན་མྱུར་དུ་འཆི་བར་འགྱུར་རོ། །གཉིས་པ་སོ་སོའི་ཕུར་གདབ་ལ་གསུམ་ལས། དང་པོ་ལུས་ལ་གདབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། རྣམ་པར་སྣང་མཛད་ཆེན་པོའི་སྐུའི་ངོ་བོ་ཉིད་བསྒྲུབ་བྱའི་ལུས་ལ་རྡོ་རྗེ་ཕུར་བུ་རྣམ་པར་འཕྲུལ་བའི་ཡུལ་དུ་འགོད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། སྐུའི་དམ་ཚིག་སྟེ། བསྒྲུབ་བྱའི་སྟོབས་འཚམ་ངམ་སྟེ་ཚར་བཅད་པའི་རྡོ་རྗེ་ཕུར་བུའི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི་ཨོཾ་ཚིནྡྷ་ཚིནྡྷ་ཞེས་སོགས་ཏེ་མཐའ་མེད་དོ། །ལས་སྦྱོར་དངོས་ནི། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས། མཱ་མ་ཀི་དང་ཕན་ཚུན་བཀྲི་བ་སྟེ་འཁྱུད་པའི་ཚུལ་དུ་བྱས་ལ། མཐེ་བོ་ནི་སྒྲུབ་པ་པོ་རང་གི་མཚན་མའོ། །གཞི་ནི་ཕྱག་རྒྱའི་གསང་བའོ། །རབ་ཏུ་བསྡམས་པ་ནི་གཉིས་པོ་གཅིག་ཏུ་བྱས་པའོ། །འདིས་ནི་ཡབ་ཡུམ་སྙོམས་པར་འཇུག་པ་སྟོན་ནོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གནས་ཏེ་བསྒྲུབ་བྱའི་ལུས་རྡོ་རྗེ་ཕུར་བུས་མནན་ཏེ་སྔགས་བཟླས་ཏེ་རྡོ་རྗེ་ཕུར་བུས་གདབ་བོ། །དེ་ནས་བཏབ་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་ཆེ་སྟེ་སྟོབས་དང་ལྡན་པ་ཡང་གནས་ནས་ལྡང་བ་སྟེ་བསྐྱོད་པར་འགྱུར་རོ། །གང་གིས་ན། རྡོ་རྗེ་སྐུ་གསུམ་ལས་བྱུང་བའི་དམ་ཚིག་ཇི་སྐད་བཤད་པའི་ཆོ་ག་དག་གིས་སོ། །ཉམས་པའི་གནས་སུ་མི་འགྱུར་ན་འཆིའོ། །འདིས་ནི་རྡོ་རྗེ་པདྨ་སྦྱོར་བའི་ཕུར་བུའི་ཆོ་ག་བསྟན་ནོ། །གཉིས་པ་ངག་ལ་གདབ་པ་ནི། རྡོ་རྗེ་འཆང་ཆེན་པོས། འཇིག་རྟེན་དབང་ཕྱུག་གསུང་སྟེ་བསྒྲུབ་བྱའི་ཚིག་ཕུར་བུས་འདེབས་པའི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། གསུང་གི་དམ་ཚིག་ནི་བསྒྲུབ་བྱའི་ཚིག་གོ །འཚམ་ངམ་ནི་དེ་དག་རེངས་པར་བྱེད་པའི་རྡོ་རྗེ་ཕུར་བུའི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ཨོཾ་ཧྲཱིཿབྷུར་བྷུར་བཿཞེས་པའོ། །འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཉིས་ལ་གནས་ནས། ཡུམ་གོས་དཀར་མོར་བསྐྱེད་པའི་ཆོས་འབྱུང་དུ་མེའི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསམས་ལ། འདོད་ཆགས་དང༌། ཆགས་བྲལ་དང༌། འདོད་ཆགས་བར་མ་སྟེ་ཡེ་ཤེས་གསུམ་འབྱུང་བའི་གནས་ཡུམ་གྱི་པདྨོ་སྟེ་བྷ་ག་ཁ་ཕྱེ་བ་དེར། སྒྲུབ་པ་པོའི་རྡོ་རྗེ་སོར་མོ་ངེས་པར་བཞག་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས། འདོད་ཆགས་རྡོ་རྗེ་ནི་བསྒྲུབ་བྱའི་ཚིག་གི་རྒྱུན་ཡིན་ལ། དེའི་གནས་ལྕེ། རྡོ་རྗེ་རྩེ་མོས་མནན་པ་དེ་ལྟར་རྡོ་རྗེ་ཕུར་བུས་འདི་ངེས་པར་གདབ་བོ། །བཏབ་མ་ཐག་ཏུ་ཆོས་འབྱུང་དུ་ཆུད་པར་བསྒོམས་པའི་བསྒྲུབ་བྱའི་ལྕེའི་རྩེ་མོ་ལ་རྡོ་རྗེ་རེག་པ་ཙམ་གྱིས་རྡོ་རྗེ་ཆེ་སྟེ་འོད་དཔག་མེད་ཀྱི་རང་བཞིན་གྱི་བསྒྲུབ་བྱའི་ངག་གི་སྤྲོས་པ་སྐུ་གསུམ་དྲི་མེད་དེ་ནམ་མཁའ་ལས་བྱུང་བ་དག་ལྕེ་ལས་ཆད་ནས་ལོགས་ཤིག་ཏུ་ཐོན་པར་འགྱུར་རོ། །གང་གིས་ན། དམ་ཚིག་མཆོག་སྟེ་བཤད་མ་ཐག་པའི་སྦྱོར་བའི་ཁྱད་པར་གྱིས་སོ། །འདིས་བསྒྲུབ་བྱ་ཉམས་པ་སྟེ་འཆི་བའི་གནས་སུ་མི་འགྱུར་ན། ངག་གནོན་པར་འགྱུར་ཞེས་པའོ། །འདི་ཡང་སྙོམས་འཇུག་གི་ཆོ་གས་ཕུར་བུ་གདབ་བོ། །གསུམ་པ་སེམས་ལ་གདབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྒྲུབ་བྱའི་ཐུགས་ཕུར་བུས་གནོན་པའི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། ཐུགས་དམ་ཚིག་ནི་བསྒྲུབ་བྱའི་སེམས་རྣམ་པར་འཕྲོ་བའོ། །འཚང་ངམ་གྱིས་ཏེ་ཚར་གཅོད་ཅིང་གནོན་པའི་སྔགས་འདི་ཡིས་སོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ཨོཾ་ཞེས་སོགས་ཏེ་མཐའ་མེད་དོ། །ཆོ་ག་ནི། རང་མི་བསྐྱོད་པ་དང༌། ཕྱག་རྒྱ་མཱ་མ་ཀིའི་ཏིང་ངེ་འཛིན་དང་ལྡན་པས། ཡུམ་མཱ་མ་ཀིར་བསྐྱེད་པའི་ཆོས་འབྱུང་དུ་མེའི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསམས་ནས། རང་གི་རྡོ་རྗེ་རྩེ་མོ་ལྔ་པ་བཅིངས་པ་སྟེ་ལྡན་པའི་མེ་འོད་འཕྲོ་བ་མང་པོ་འཁྲིགས་པར་བསྒོམས་ལ་སྙོམས་འཇུག་བྱའོ། །དེ་ནས་སེམས་ཀྱི་རྡོ་རྗེ་ནི་བསྒྲུབ་བྱའི་སེམས་ཏེ། དེའི་གནས་སྙིང་ཁའི་པདྨ་མནན་པར་འགྱུར་བ་དེ་ལྟར་བྱས་ཏེ་རྡོ་རྗེ་ཕུར་པ་ངེས་པར་གདབ་བོ། །བཏབ་པ་ཙམ་གྱིས་རྡོ་རྗེ་ཆེ་ཞེས་པའི་སྒྲས་གསུངས་པའི་བསྒྲུབ་བྱའི་སེམས་རྡོ་རྗེ་དྲི་མེད་གསུམ་སྟེ། འོད་གསལ་ལས་བྱུང་བ་སྙིང་ལས་ལྡང་བར་གྱུར་པ་སྟེ། སྙིང་དང་བྲལ་ནས་དྲན་པ་སྟོར་བའི་དོན་ནོ། །གང་གི་ཚེ་ན། སྒྲུབ་བྱ་ཉམས་པ་སྟེ་འཆི་བའི་གནས་སུ་མི་འགྱུར་ནའོ། །ཐབས་གང་གིས་ལྡང་བ་སྟེ་ལོགས་ཤིག་ཏུ་འགྱུར་ཞེ་ན། དམ་ཚིག་མཆོག་སྟེ། ཇི་སྐད་བཤད་པའི་སྦྱོར་བའི་ཁྱད་པར་དག་གིས་སོ། །གཉིས་པ་ཆོ་གའི་ཕན་ཡོན་ནི། སྐུ་གསུང་ཐུགས་ཏེ་རིགས་གསུམ་གྱི་རྣལ་འབྱོར་གྱི་སྦྱོར་བ་ཡིས། ཆོ་ག་ཡང་དག་བྱས་ཙམ་གྱིས་མཁའ་དབྱིངས་རྡོ་རྗེ་ནི་ནམ་མཁའ་ལྟར་གཞིག་པར་དཀའ་བའི་བསྒྲུབ་བྱ་ཕྱོགས་བཅུའི་མཐའ་ཀླས་པ་དག་ཀྱང་ཆོ་ག་ཡང་དག་བྱས་པའི་སྐབས་འདིར་ཕུར་བུས་འདེབས་པར་གདོན་མི་ཟའོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་བུ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །དྲུག་པ་ངོ་མཚར་བའི་སྒོ་ནས་གཞུང་ཉེ་བར་བསྡུ་བ་ནི། ལས་ཚོགས་གསུངས་པའི་རྗེས་དེ་ནས། སྐུ་གསུམ་ནི་བསྐྱེད་རིམ་ཡིན་ལ། དེ་ལ་གནས་པའི་ལས་དང་པོ་པ་རྣམས་ལས་སངས་རྒྱས་ཏེ་རྫོགས་རིམ་ལ་གནས་པ་མཆོག་གོ །དེ་ཅིའི་ཕྱིར་ཞེ་ན། ཕྲིན་ལས་བཞིས་སེམས་ཅན་གྱི་ཁམས་ལ་ཕན་པར་བྱེད་པའི་ཕྱིར་རོ། །རྫོགས་རིམ་ལ་གནས་པ་རྣམས་དང་པོར་ཐོས་པས་མཉེས་ཤིང་ངམ། རྟོགས་ཤིང་ཉམས་སུ་མྱོང་བས་རབ་ཏུ་དགྱེས་པར་གྱུར་ནས། རང་གི་རྗེས་སུ་མྱོང་བ་གསལ་བར་བྱེད་པའི་གསུང་འོག་ནས་འབྱུང་བ་འདི་སྐད་བཀའ་བསྩལ་ཏོ། །ཨེ་མ་ཧོ་ངོ་མཚར་བའོ། །གསང་བ་ནི་སྔགས་ཡིན་ལ། དེའི་གནས་ཀྱི་མཆོག་ནི་ལས་ཚོགས་ཀྱི་མཆོག་གོ །འདི་ནི་ལས་སྦྱོར་སྤྱི་ལ་ཆེད་དུ་བརྗོད་པའོ། །སྙིང་པོ་ཀུན་བཏུས་པ་ནི། སྔགས་རྣམས་ཀྱི་སྦྱོར་བའི་བྱེ་བྲག་གོ །འདི་ནི་སྔགས་ཀྱི་སྦྱོར་བ་ལ་ཆེད་དུ་བརྗོད་པའོ། །ཆོས་ནི་རབ་ཏུ་སྦྱོར་བ་དེ་ཉིད་ཡིན་ལ། གནས་ཞི་བ་ནི་དེ་བསམ་གཏན་གྱིས་རབ་ཏུ་རྫོགས་པར་བྱས་པའོ། །འདི་ནི་བསམ་གཏན་གྱི་ལས་སྦྱོར་ལ་ཆེད་དུ་བརྗོད་པའོ། །རྡོ་རྗེ་ནི་གཞིག་པར་དཀའ་བའི་གདུག་པ་ཅན་ནོ། །རྣམ་པར་འཇོམས་པ་ནི་ཚར་གཅོད་པའོ། །འདི་ནི་དྲག་པོའི་ལས་སྦྱོར་གྱི་ཆེད་དུ་བརྗོད་པའོ། །ཕུར་འདེབས་ནི། ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པ་དག་ལ་ཡང་ཕུར་བུས་འདེབས་པ་ངོ་མཚར་ཆེ་ཞེས་པའོ། །བཤད་མ་ཐག་པའི་ཆོ་ག་འདི་ནི། སངས་རྒྱས་ཐམས་ཅད་དེ་རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པ་ཐམས་ཅད་དང་ཉེ་བར་འཚམ་པའི་ལས་སྦྱོར་རོ། །བྱང་ཆུབ་སེམས་དཔའ་སྟེ་སྐྱེ་བོ་ཐ་མལ་པ་རྣམས་དང༌། གྲགས་པ་ཆེན་པོ་ཕྱོགས་སྐྱོང་བ་རྣམས་ཀྱི་སྐུ་གསུང་ཐུགས་ཏེ་ལུས་ངག་ཡིད་གསུམ་ལ་ཕུར་བུས་གདབ་པ་ཡང་དག་པར་བཤད་དོ། །ཕུར་བུས་གདབ་བོ། །གང་ལ་ན། བྱང་ཆུབ་སེམས་དཔའ་སྟེ་ཐ་མལ་པ་དང༌། གྲགས་པ་ཆེན་པོ་ཕྱོགས་སྐྱོང་བ་རྣམས་ལའོ། །གང་གིས་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་སྒྲུབ་པ་པོ་རྣམས་ཀྱིས་སོ། །ཞེས་ཡང་དག་པར་བཤད་དོ། །ཉེར་བསྡུའི་སྐབས་འདི་ལ་བོད་ཐམས་ཅད་ཀྱིས་ནོར་རོ། །སྔགས་རྣམས་ཐམས་ཅད་ཀྱི་ཕུར་གདབ་ནི། བསྒྲུབ་བྱའི་ལུས་ལ་སོགས་པ་མི་གཡོ་བར་བྱེད་པའོ། །བཏུས་ནས་བསྟན་ཞེས་དྲོང་ངོ༌། །གང་ན། སྐུ་གསུང་ཐུགས་ཏེ་སྒྲུབ་པ་པོ་ལ་མཆོག་འདོད་པའི་དོན་སྦྱིན་པ། སྦྲུལ་ལ་སོགས་པའི་སྔགས་ཀྱི་དེ་ཉིད་དེ་དོན་ཤེས་ཤིང་རྟོགས་ནས་སོ། །གང་གིས་ན། དེ་ཁོ་ན་ཉིད་རྟོགས་པ་ལས་བྱུང་བའི་རྡོ་རྗེ་འཆང་གིས་སོ། །ལེའུའི་མཚན་དོན་ནི། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྟེ་དོན་དམ་པར་ངོ་བོ་གཅིག་ཀྱང༌། ཀུན་རྫོབ་ཏུ་བསྒྲུབ་བྱ་དང་སྒྲུབ་པ་པོ་ལ་གཉིས་སུ་དམིགས་ནས་ཚར་གཅོད་པར་བྱེད་པ་ངོ་མཚར་བའོ། །ཚར་གཅོད་པའི་སྔགས་ཨཱ་ལི་ཀཱ་ལི་ལས་བྱུང་བ་ཕོ་མོ་མ་ནིང་གི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་ལ་རབ་ཏུ་འཇུག་པས། འགུགས་ཤིང་རྣམ་པར་འཕྲུལ་པ་སྟེ་ཞི་བ་ལ་སོགས་པའི་ལས་རབ་འབྱམས་སྤྲུལ་པར་བྱེད་པས་རྡོ་རྗེ་རྒྱལ་པོ་ཞེས་བྱ་སྟེ། དེ་རྒྱས་པར་སྟོན་པའི་ལེའུ་སྟེ་བཅུ་བཞི་པའོ།། ༈ །ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རག་ལས་པར་བསྟན་པའི་ཕྱིར། ལེའུ་བཅོ་ལྔ་པ་བསྟན་པ་ལ་གཉིས་ཏེ། བསྡུས་པའི་དོན་ནི། སྟོད་ནས་རྣལ་འབྱོར་གྱི་སྤྱོད་པ་དང༌། དངོས་གྲུབ་སྒྲུབ་པའི་ཆོ་ག་གཉིས་སྟོན་ནོ། །བར་ནས་རིགས་ཀྱི་དབྱེ་བས་ལྷ་ལ་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་ཆོ་ག་ལས་ཚོགས་དུ་མ་དང༌། སྨད་ནས་བརྗོད་བྱའི་གཙོ་བོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་ནོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྟོན་པའི་གསུང་གིས་ལེའུ་བསྟན་པའོ། །དང་པོ་ནི། ལེའུ་བཅུ་བཞི་པ་རྫོགས་པའི་རྗེས་དེ་ནས། བཀའ་བསྩལ་ཏོ་ཞེས་སྦྱར་རོ། །སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེ་ཇི་ལྟ་བུ་ཞེ་ན། སྟོང་པ་བཞི་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ཐམས་ཅད་ནམ་མཁའོ། །འཁོར་བ་ཇི་སྲིད་པར་བཞུགས་པས་ན་མི་འགྱུར་ཆེ་ཞེས་བྱའོ། །དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བས་ན་ཐམས་ཅད་དབང་བསྐུར་རོ། །རིགས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ན་ཀུན་མཁྱེན་ནོ། །གང་བཀའ་བསྩལ་ཞེ་ན། མི་ཕྱེད་པ་རྡོ་རྗེའི་གསུང་འོག་ནས་འབྱུང་བ་འདིའོ། །གཉིས་པ་ལ་གཉིས་ཏེ། ལེའུའི་དོན་རྒྱས་པར་བཤད་པ་དང༌། གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་དོན་དྲུག་སྟེ། རིམ་པ་གཉིས་ཀྱི་སྤྲོས་མེད་ཀྱི་སྤྱོད་པ་དང༌། རྣལ་འབྱོར་གཉིས་ཀྱི་བྱ་བ་བསྟན་པ་དང༌། རིགས་ཀྱི་དབྱེ་བས་ལྷ་དབང་བསྐུར་བ་དང༌། ལས་ཀྱི་ཆོ་ག་དུ་མ་བསྟན་པ་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་པའི་སྤྱོད་པ་དང༌། རྫོགས་རིམ་པའི་སྤྱོད་པའོ། །དང་པོ་ལ་ཡང་གཉིས་ཏེ། རྡོ་རྗེ་འཆང་གི་སྤྱོད་པ་དང༌། རིགས་གཞན་གྱི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་གྱི་རིམ་པ་དང༌། མཆོད་པའི་རིམ་པའོ། །དང་པོ་ནི། རྟག་ཏུ་སྟེ་དུས་ཐམས་ཅད་དུ་རྒྱུད་དང་སྔགས་ལ་སློབ་ཏུ་གཞུག་པའི་ཚུལ་གྱིས་སྒྲུབ་བོ། །གང་ན། དད་པ་ལ་སོགས་པ་དང་ལྡན་པས་བདག་ཉིད་ཆེན་པོ་རྨེ་ཤ་ཅན་གྱི་བུ་མོ་ལོ་གྲངས་བཅུ་གཉིས་པའོ། །གནས་གང་དུ་ན། དབེན་པས་ཁྱད་པར་དུ་བྱས་པའི་གནས་སུའོ། །གང་གིས་ན་སྒྲུབ་པ་པོས་སོ། །འདིས་ནི་གཟུངས་དཀྱིལ་དུ་ཕྱག་རྒྱ་གཅིག་དང་ལྷན་ཅིག་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ་བསྟན་ནོ། །གནས་ཀྱི་ཁྱད་པར་སྟོན་པ་ནི། དཀྱིལ་འཁོར་བྱའོ་ཞེས་དྲང་ངོ༌། །གང་དུ་ན། སོ་ཕག་ལས་བྱས་པའི་ཚོགས་ཀྱི་ཁང་པ་དེ་རུའོ། །ཇི་ལྟར་ན། དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བ་བཞིན་དུ་གྲུ་བཞི་པ་དང་སྒོ་བཞི་པའོ། །དེར་ཅི་ལྟ་བུ་བྱ་ཞེ་ན། བཤང་གཅིའི་དམ་ཚིག་སྟེ། བ་སེར་སྐྱའི་ལྕི་བ་དང༌། གཅིན་ལ་སོགས་པས་བྱུགས་པའི་དཀྱིལ་འཁོར་བྱའོ། །གནས་དེར་སྒོམ་པའི་རྣལ་འབྱོར་ནི། རྡོ་རྗེའི་དཀྱིལ་འཁོར་ཏེ་མི་བསྐྱོད་པའི་ལྷ་རྣམས་བསྒོམས་པ་ཡིས་དཀྱིལ་འཁོར་བརྒྱན་པར་བྱའོ། །ཇི་ལྟ་བུས་ཤེ་ན་ཞབས་ལ་སོགས་པ་ནས་དབུ་སྐྲའི་བར་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས། ཉེས་པ་དག་ཅིང་འོད་ཟེར་འབར་བ་ཡིས། དེ་ནས་བཞིན་ཡང་མཛེས་ལ་རབ་ཏུ་བཟང་བ། རྒྱན་རྣམས་ཡོངས་སུ་རྫོགས་པ་དཀྱིལ་འཁོར་གྱི་དབུས་སུ་དཔང་པོར་བཞག་ནས། རྣམ་པར་བསྒོམ་པ་སྟེ་འདོད་པའི་དོན། འདོད་ཆགས་དང་ཆགས་བྲལ་ལ་སོགས་པའི་རིམ་པས་རྣམ་པར་དག་པར་བྱའོ། །གཉིས་པ་རིགས་གཞན་ལྔའི་སྤྱོད་པ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རིགས་ལྔའི་དཀྱིལ་འཁོར་གྱི་འཁོར་ལོའི་དབྱེ་བ་ཡིས། སངས་རྒྱས་ཏེ་སྒྲུབ་པ་པོའི་གཟུགས་ནི་དེར་རྣམ་པར་བསྒོམ་ཞིང་སྔགས་ཀྱི་འཁོར་ལོ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱིས་གསང་བའི་མཆོད་པའི་གནས་ཉམས་དགའ་བ་བླ་ན་མེད་པའི་མཆོད་པའི་ཆོ་ག་ནི་བསྒོམ་མོ། །གཉིས་པ་རྒྱས་པར་བཤད་པ་ལ། རྣམ་སྣང་གི་རིགས་ཀྱི་རྣལ་འབྱོར་པས་རྣམ་སྣང་གཙོ་བོར་བྱས་པའི་ཕྱག་རྒྱ་གཅིག་དང་ལྷན་ཅིག་སྤྱོད་པ་བྱ་བར་སྟོན་པ་ནི། སྒྲུབ་པ་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་རྣམ་པར་སྣང་མཛད་ཆེན་པོའི་སྐུར་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ན། རྣལ་འབྱོར་གྱི་སྔགས་ཏེ། མི་བསྐྱོད་པ་ལ་སོགས་པ་བཞི་དང༌། དེའི་རིགས་ཀྱི་ལྷ་རྣམས་ཤར་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ་བཞག་པའི་སྦྱོར་བ་ཡིས་སོ། །དེས་སངས་རྒྱས་ཀྱི་ནི་འོད་འདྲ་སྟེ། རྣམ་སྣང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ནི་འགྱུར་བ་བསྐྱེད་པར་བྱས་ནས། དད་པ་ལ་སོགས་པ་དང་ལྡན་པས་བདག་ཉིད་ཆེ་བ་བཙོ་བླག་གི་བུ་མོ་མདོག་དཀར་བ་རྟག་ཏུ་སྒྲུབ་ཅིང་སྔགས་དང་རྒྱུད་བསླབ་པར་བྱའོ། །མི་བསྐྱོད་པ་གཙོ་བོར་བྱས་པའི་ཕྱག་རྒྱ་གཅིག་དང་ལྷན་ཅིག་ཏུ་སྤྱོད་པ་ནི། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པའི་སྦྱོར་བ་ཡིས། བུ་མོ་ཨུཏྤལ་མཐིང་ཀའི་མདོག་འདྲ་བ་རྟག་ཏུ་སྔགས་དང་རྒྱུད་བསླབ་པའི་ཚུལ་བསྒྲུབས་ནས། རྡོ་རྗེ་སེམས་དཔའི་སྦྱོར་བའི་ཆོ་ག་དེ་ཉིད་མངོན་དུ་བྱས་ནས། དེ་དང་ལྷན་ཅིག་ཇི་ལྟར་འདོད་པའི་ལས་བརྩམ་པར་བྱའོ། །རིགས་གཞན་གྱི་སྤྱོད་པ་བསྟན་པ་ནི། བཤད་མ་ཐག་པ་འདི་ནི་སྔགས་ཐམས་ཅད་ཀྱིས་ཏེ། རིན་འབྱུང་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་ཡང་དམ་ཚིག་ཤིན་ཏུ་འདའ་དཀའ་བ་སྟེ་ངེས་པར་བསྒྲུབ་དགོས་པའི་བྱ་བའོ། །རིན་ཆེན་འབྱུང་ལྡན་སོགས་གསུམ་གྱི་སྒྲུབ་པ་པོ་དེ་ནི། ཏིང་ངེ་འཛིན་དེ་བསྒོམས་མ་ཐག་ཉིད་དུ། རིན་པོ་ཆེའི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའི་འོད་དེ་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་རོ། །པདྨོའི་རིགས་ཀྱི་རྣལ་འབྱོར་དང་ལྡན་པ་ནི་ཆོས་རྣམས་ཀུན་འཛིན་པའི་རྒྱལ་པོ་ཆེན་པོ་འོད་དཔག་མེད་དང་མཚུངས་པར་འགྱུར་རོ། །ལས་ཀྱི་རྣལ་འབྱོར་དང་ལྡན་པ་ནི་འདོད་དང་ཐར་པ་རབ་ཏུ་སྒྲུབ་པ་དོན་ཡོད་གྲུབ་པ་དང་འདྲ་བར་འགྱུར་རོ། །འོད་དཔག་མེད་ཀྱི་ཆོ་གའི་ཁྱད་པར་ནི། རྡོ་རྗེ་ཆོས་ཏེ་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཉིས་རྣམ་པར་བསྒོམས་པས། གཞན་སྔར་བཞིན་བྱས་ལ་ཁྱད་པར་གར་མཁན་གྱི་བུ་མོ་རབ་ཏུ་མཛེས་པ་སྟེ་ཁ་དོག་དམར་སྐྱ་དང༌། སྒྲུབ་པ་པོ་ལ་བལྟ་བས་བཞིན་བཟང་བ་དང༌། ཤེས་རབ་དང་ལྡན་པས་མིག་གི་དཀྱུས་རིང༌། སྒྲུབ་པ་པོས་ནི་སྔར་བཞིན་རྟག་ཏུ་སྒྲུབ་པ་སྟེ་བསླབ་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་དེ་ནི། རྡོ་རྗེ་ཆོས་བདག་ཉིད་དེ། འོད་དཔག་མེད་ཀྱི་ངོ་བོ་ས་བཅུ་ལ་གནས་པའི་དབང་ཕྱུག་ཏུ་འགྱུར་ཞིང༌། རྒྱལ་པོ་གསུང་གི་དམ་ཚིག་སྟེ་ངག་གི་དབང་ཕྱུག་འཛིན་པ་དང༌། སེམས་ཅན་ཀུན་ལ་མཆོག་ཏུ་གྱུར་པ་དབང་ཕྱུག་དམ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཏེ། བཏགས་པའི་རྣལ་འབྱོར་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །རིགས་གཞན་གཉིས་ཀྱི་ཆོ་གའི་ཁྱད་པར་ཡང་འདི་ལས་དཔགས་ནས་ཤེས་པར་བྱའོ། །རྫོགས་རིམ་པའི་སྤྱོད་པ་ལ་ལྔ་སྟེ། སྤྱོད་པ་བྱ་བའི་ཚུལ་དང༌། སྤྱོད་པ་མཐར་ཕྱིན་པའི་རྒྱུ་དང༌། དེ་ལས་ཐོབ་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དང༌། ཡུལ་ལ་ལོངས་སྤྱོད་ཚུལ་གྱི་སྤྱོད་པ་དང༌། སྤྱོད་པའི་ཕན་ཡོན་ནོ། །དང་པོ་ནི། སྒྲུབ་པར་བྱའོ། །ཞེས་དྲང་ངོ༌། །གང་གིས་ན། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཆོས་རྫོགས་པའི་རྣལ་འབྱོར་གྱི་བདག་ཉིད་ཀྱི་རྟོགས་པ་དང་ལྡན་པས་སོ། །གང་ན། བྲམ་ཟེ་དང་རྒྱལ་རིགས་དང༌། དམངས་རིགས་ལས་བྱུང་བའི་བུ་མོ་གང་ཡང་རུང་བ་བླངས་ནས། སྔགས་དང་རྒྱུད་ལ་བསླབ་པའི་བྱ་བ་དག་གོ །ཆོ་ག་འདི་ནི་གསང་བ་རྡོ་རྗེ་འཆང་གི་ཟུང་འཇུག་ཐོབ་པར་བྱེད་པའི་སྤྱོད་པའོ། །ཚུལ་ཇི་ལྟར་ན། རིགས་བཞི་གང་ཡང་རུང་བའི་བུ་མོ་དང་ལྷན་ཅིག་འདོད་ཆགས་དང༌། ཆགས་བྲལ་སོགས་ཀྱི་རིམ་པས་རྣལ་འབྱོར་དག་པ་མངོན་དུ་བྱེད་པའི་ཚུལ་གྱིས་སོ། །བསྐྱེད་རིམ་ནི་རིགས་སོ་སོར་ངེས་ལ། རྫོགས་རིམ་པ་ལ་རིགས་ངེས་པ་མེད་པས། རིགས་བཞི་གང་ཡང་རུང་བ་དང་ལྷན་ཅིག་པའི་སྤྱོད་པ་བསྟན་ནོ། །གཉིས་པ་ནི། མངོན་པར་རྫོགས་པ་བྱང་ཆུབ་པའི་རིམ་པ་སྟེ། དེ་ལ་ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པ་གཉིས་སོ། །དང་པོ་ནི། རྡོ་རྗེ་ཉི་མ་ནི་ཉི་མ་སྟེ། དེ་ནུབ་ནས་ཚོགས་ཀྱི་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱས་ནས། ནམ་ཕྱེད་བུམ་དབང་སྔོན་དུ་འགྲོ་བའི་གསང་བའི་དབང་བསྐུར་བ་ཐོབ་པས་བསྒྲུབ་པ་ཀུན་ཏུ་བརྩམ་པར་བྱའོ། །དེ་ནས་སྐྱ་རེངས་ཤར་བའི་དུས་སུ་མཆོག་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམས་པ་དག་གིས་འགྲུབ་པར་འགྱུར་རོ། །ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་པ་ལས། རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྣང་བ་མཆེད་པ་འབྱུང་ངོ༌། །དུས་ནམ་གྱི་ཚེ་ན། ཤེས་རབ་ཀྱི་ངོ་བོ་སྣང་བའི་ཡེ་ཤེས་ནུབ་ནས་སོ། །དེ་ནས་འོད་གསལ་སྒྲུབ་པར་བྱེད་པ་སྣང་བ་ཉེར་ཐོབ་ཀུན་ཏུ་བརྩམ་པར་བྱ་སྟེ་བསྐྱེད་པར་བྱའོ། །སྐྱ་རེངས་ཏེ་སྣང་བ་ཉེར་ཐོབ་ཡིན་ལ། ཤར་བ་སྟེ་དེ་མ་འདས་པའི་དུས་སུ་སྒྲུབ་པ་པོས་མཆོག་སྟེ་སྟོང་པ་གསུམ་པོ་བསྒོམས་པའི་རྒྱུ་རྐྱེན་གྱིས་འོད་གསལ་མངོན་དུ་བྱས་ནས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །འདིར་ཤར་བའི་དུས་ཞེས་པ་སྣང་བ་ཉེར་ཐོབ་འགགས་པའི་དུས་ལ་སྦྱོར་བ་ནི་དོན་ལ་མ་བརྟགས་ཤིང་འགྲེལ་པ་དང་འགལ་ལོ། །འདིར་སྟོང་པ་གསུམ་ནི་སྣང་མཆེད་ཐོབ་གསུམ་ལ་སྦྱར་བར་བྱ་བ་ཡིན་ནོ། །གསུམ་པ་དེ་ལས་ཐོབ་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། སྟོང་པ་གསུམ་ཐིམ་པའི་རིམ་པས་འོད་གསལ་མངོན་དུ་བྱས་ལ། དེ་ནས་ལུགས་བཟློག་གི་སྣང་བ་གསུམ་དང་བཅས་པ་ལས་ཟུང་འཇུག་ཏུ་བཞེངས་པ་སྟེ། དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རྣམ་སྨིན་གྱི་ཡོན་ཏན་གྱིས་བརྒྱན་པའི་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའོ། །བྲལ་བའི་ཡོན་ཏན་དང་ལྡན་པ་ནི་དྲི་དང་མེ་ཏོག་ཀུན་གྱིས་བརྒྱན་པའོ། །དེ་བསྒོམས་ན་རྡོ་རྗེ་སེམས་དཔའ་སྟེ་སྒྲུབ་པ་པོས། མཆོག་མངོན་པར་རྫོགས་པ་བྱང་ཆུབ་པ་བསྒོམས་ན་བསྒྲུབ་པ་སྟེ་ཕྱག་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་འགྱུར་རོ། །མཆོག་གི་ཕྱག་རྒྱ་གྲུབ་པ་འདི་ནི་འཇིག་རྟེན་གསུམ་ལ་མངོན་པར་འདོད་པའི་འབྲས་བུ་སྟེར་བས་སྐུ་གསུམ་མཆོག་སྦྱིན་པ་དང༌། སངས་རྒྱས་ཀྱི་མཚན་སུམ་ཅུ་རྩ་གཉིས་རྣམས་ཀྱིས་མཚན་པར་འགྱུར་བ་དང༌། དཔག་ཚད་བརྒྱའི་ཁྱོན་ཙམ་དུ་དེའི་འོད་ཀྱང་སྣང་བར་བྱེད་པ་སྟེ་འཕྲོ་བར་བྱེད་དོ། །རྫོགས་རིམ་པས་རྟེན་ཟུང་འཇུག་ལ་གནས་ནས་ཞི་སོགས་ཀྱི་ལས་བསྒྲུབ་པ་ནི། དབང་པོ་གཉིས་ཏེ་བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བའི་སྒོ་ནས་ཞི་སོགས་ཀྱི་ལས་ཀྱི་སྦྱོར་བ་ཐམས་ཅད་བརྩམ་པར་བྱའོ། །བཤད་མ་ཐག་པའི་ཟུང་འཇུག་གི་ཏིང་ངེ་འཛིན་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་དོན་རྫོགས་པར་བྱེད་པས། ཤིན་ཏུ་འདའ་བར་དཀའ་བའི་དམ་ཚིག་སྟེ་འདར་མི་རུང་བའོ། །བཞི་པ་ཟུང་འཇུག་ལ་གནས་པས་ཡུལ་ལོངས་སྤྱོད་པའི་སྤྱོད་པ་བསྟན་པ་ནི། གལ་ཏེ་རྡོ་རྗེ་ཅན་ཏེ། སྒྲུབ་པ་པོས་གྲུབ་པ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་ན། བཤང་བ་སྟེ་གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། གཅི་བ་མིག་ལ་སོགས་པ་རྣམས། ཡུལ་ཡུལ་ཅན་དུ་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་གིས་རིམ་པས་བཟའ་བར་བྱ་བ་སྟེ། ཉམས་སུ་མྱོང་བར་བྱའོ། །ཡན་ལག་དྲུག་པོ་འདི་ནི། དངོས་གྲུབ་ཞེས་པ་ནས། དཀའོ་ཞེས་པའི་བར་གོ་སླའོ། །ལྔ་པ་སྤྱོད་པའི་ཕན་ཡོན་ནི། སྒྲུབ་པ་པོས་བཤད་མ་ཐག་པའི་བཤང་གཅིའི་སྦྱོར་བ་སྟེ་ཡུལ་དང་དབང་པོ་སོ་སོར་སྡུད་པའི་བསམ་གཏན་སྔོན་དུ་འགྲོ་བས་དབང་པོ་གཉིས་ཏེ་བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བ་ཡིས། མི་གནས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཞི་ཞིང་དགེ་བ་དེ་ཉིད་དེ་མི་བསླུ་བ་དངོས་གྲུབ་ཐམས་ཅད་ལས་ཕུལ་དུ་བྱུང་ཞིང་བླ་ན་མེད་པ་འགྲུབ་བོ། །འདོད་པ་ནི་འཁོར་བ་དང༌། ཐར་པ་ནི་མྱང་འདས་ཏེ། གཉིས་པོ་གཉིས་མེད་དུ་མཁྱེན་པས་ན། འདོད་དང་ཐར་པའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །གཉིས་པ་རྣལ་འབྱོར་གཉིས་ཀྱི་བྱ་བ་བསྟན་པ་ལ་གཉིས་ཏེ། གཉིས་པོའི་བྱ་བ་སོ་སོར་བཤད་པ་དང༌། ངོ་མཚར་བའི་སྒོ་ནས་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་པའི་བྱ་བ་བཤད་པ་དང༌། རྫོགས་རིམ་པའི་བྱ་བ་བཤད་པའོ། །དང་པོ་ལ་དྲུག་སྟེ། སྔགས་དང་སྦྱིན་སྲེག་གིས་དགུག་པའི་ཆོ་ག་དང༌། སྔགས་ཀྱིས་ནོར་བླང་བ་དང༌། གསད་པའི་སྦྱོར་བ་བསྟན་པ་དང༌། གསང་སྔགས་ཕཊ་ཀྱི་ཐོ་བ་སྒྲུབ་པ་དང༌། རྡོ་རྗེ་དང་སྟྭ་རེ་གཉིས་ཀྱི་བསྒྲུབ་པ་བསྟན་པ་དང༌། ཆར་གཅོད་པའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་གཤིན་རྗེ་གཤེད་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། དེ་བཞིན་གཤེགས་པ་སྟེ་བསྒྲུབ་བྱ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་རྡོ་རྗེ་ཀུན་ཏུ་སྐྲག་པར་བྱེད་པའི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྔགས་ནི། ཨོཾ་ཧྲཱིཿཞེས་སོགས་ཏེ་སྦྲུལ་ལོ། །སྤེལ་བ་ནི་སྔར་བཞིན་ནོ། །ཆོ་ག་ནི། གཞན་གྱི་དཔུང་གནོན་པའམ། བུ་མོ་འགུགས་པར་འདོད་ན། གཞན་རྣམས་སྔར་དང་འདྲ་ཞིང༌། ཁྱད་པར་ནི་ཞེ་སྡང་རྡོ་རྗེའམ་གཤིན་རྗེ་གཤེད་སོགས་གང་ཡང་རུང་བའི་ཏིང་ངེ་འཛིན་གཉིས་ལ་གནས་ནས། ལས་རྒྱལ་མཆོག་ལ་ཤེས་རབ་ཅན་གྱིས་ཐབ་ཁུང་གྲུ་གསུམ་བྱས་པའི་ནང་དུ་ཁྲོ་བོ་ཞལ་གདངས་པ་དང༌། མཆེ་བ་གཙིགས་པ་དང༌། ལྗགས་བསྐྱོད་པ་བསྒོམས་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ནས། བསྒྲུབ་བྱའི་མིང་གི་ཚིག་སྔགས་སྤེལ་བ་དང་བཅས་པ་བྱས་ནས། ཚེར་མའི་མེ་སྦར་བ་ལ་ཁྲོས་པས་བསྲེགས་རྫས་རྣམས་བསྲེག་གོ །བསྲེག་རྫས་གང་ཞེ་ན། དུག་ནི་ཁྲག་དང་ཀུན་ཏུ་སྦྱར་བ་དང༌། དེ་བཞིན་ལན་ཚྭ་དང་སྐེ་ཚེ་སོགས་སོ། །དུས་ནི། ཉི་མ་ཆུང་ངམ་ནམ་ཕྱེད་ན། །འདི་ནི་རྣམ་པ་ཀུན་ཏུ་ཤིས། །ཞེས་པའོ། །གྲངས་ནི། སྟོང་ཕྲག་བརྒྱད་ནི་ཚུལ་བཞིན་བསྲེག་ན་དཔུང་གནོན་པར་འགྱུར་རོ། །ཞེས་པའོ། །དུས་ཇི་ཙམ་དུ་བྱ་ཞེ་ན། ཆོ་ག་འདི་ནི། བུ་མོ་དག་གི་དོན་གྱི་ཕྱིར། ཉི་མ་གསུམ་དུ་བྱས་ན་དབང་དུ་འགྱུར་རོ། །ཡུན་ཇི་ཙམ་དུ་དབང་དུ་འགྱུར་ཞེ་ན། བསྐལ་པ་གསུམ་ནི་བྱིས་པ་དང༌། ལང་ཚོ་དང་བར་མའོ། །གྲངས་མེད་པ་ནི་སྐད་ཅིག་གྲངས་མེད་པའི་མཐའ་རྒས་ཤིང་ཁོགས་པ་དེ་སྲིད་དུའོ། །སྦྱོར་བ་དེས་ནི་གཞན་གྱི་དཔུང་རྟག་ཏུ་གནོན་ཅིང་དབང་དུ་ཡང་འགྱུར་རོ། །སྦྱོར་བ་དེ་གཞན་གྱི་རིག་པས་ཀྱང་བཟློག་མི་ནུས་པར་བསྟན་པ་ནི་སངས་རྒྱས་རྣམ་སྣང་དང༌། ཆོས་འཛིན་འོད་དཔག་མེད་དང༌།             རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*