དཔལ་གསང་བ་འདུས་པའི་རྣམ་བཤད། ཅ༽

དེ་འོད་གསལ་དུ་བཅུག་པ་ནི་ཟས་སུ་བྱེད་པའོ། །དེའི་སྒོ་ནས་ཡུལ་ཡུལ་ཅན་གཉིས་སུ་མི་རྟག་པ་དེའི་རང་བཞིན་ཟུང་འཇུག་གི་དངོས་གྲུབ་བྱེད་དོ། །དངོས་གྲུབ་གང་ཞེ་ན། བྱང་ཆུབ་ཀྱི་སེམས་འོད་གསལ་གཅིག་ལས་བྱུང་བའི་བླ་ན་མེད་པའི་དེ་ཁོ་ན་ཉིད་ཟུང་འཇུག་དེ་ཉིད་དོ། །ཟུང་འཇུག་དེ་ཉིད་གང་ཞེ་ན། རྙོག་མེད་འདུས་ནི་མ་བྱས་ཤིང༌། །མི་རྟོག་དོན་ནི་འགྲུབ་པར་འགྱུར། །ཞེས་པས་བསྟན་ཏེ། ཡུལ་ཡུལ་ཅན་གཉིས་སུ་འཛིན་པའི་རྙོག་པ་མེད་ཅིང༌། ལས་ཉོན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང༌། མི་རྟོག་པ་དོན་དམ་མོ། །དེ་ལྟ་བུའི་ཟུང་འཇུག་དེ་ཉིད་སྔ་མའི་རྒྱུ་ལས་འགྲུབ་པར་འགྱུར་རོ་ཞེས་པའོ། །ཟས་སུ་ཤ་རྣམས་བཟའ་བ་དང༌། །ཞེས་འཆད་པ་ལ། མཾ་ནི་མཱ་མ་ཀིར་བཤད་དེ། །ས་ནི་མངོན་རྫོགས་བྱང་ཆུབ་ཡིན། །དེའི་བསམ་གཏན་དགའ་བ་ལ། །ཤ་ཡང་བཟའ་ཞེས་དེ་བཤད་དོ། །མཾ་ས་ནི་ཤ་ཡིན་ལ། མཱ་མ་ཀི་ཞེས་སྦྱར་ན་བདག་གོ །ས་ནི། ཨ་བྷི་སཾ་བྷོ་དྷི་ཞེས་པ་མངོན་པར་རྫོགས་པ་བྱང་ཆུབ་སྟེ་འོད་གསལ་ལོ། །དེས་ན་མཱ་མ་ཀིའི་སྒྲས་བསྟན་པའི་བདག་བྱིན་བརླབས་སྒྱུ་ལུས་ཀྱི་སྒྲས་བསྟན་པའི་མངོན་པར་བྱང་ཆུབ་པ་འོད་གསལ་ལ་བཅུག་ནས་སྤྱོད་པ་དེ་ནི་ཤ་བཟའ་བ་ཞེས་བཤད་དོ། །ཤ་ཆེན་དག་ནི་རབ་བརྟགས། །ཞེས་འཆད་པ་ནི། ནམ་མཁའ་མཐའ་ཡས་རྣལ་འབྱོར་པས། །ཤ་ཆེན་ཡང་ནི་དེ་ཡིན་ཏེ། །གསང་བ་ཆེན་པོ་གོ་འཕང་མཆོག །རྡོ་རྗེ་གསུམ་ནི་མྱུར་དུ་འགྲུབ། །ཅེས་ཏེ། །ནམ་མཁའ་མཐའ་ཡས་པ་ནི་འོད་གསལ་ཡིན་ལ། དེ་བསྒོམ་པའི་རྣལ་འབྱོར་ལ་སྤྱོད་པ་ནི་ཤ་ཆེན་བཟའ་བ་ཡིན་ནོ། །དེའི་འབྲས་བུ་ནི་གསང་བ་ཆེན་པོའི་གོ་འཕང་མཆོག་རྡོ་རྗེ་གསུམ་མི་ཕྱེད་པའི་ཟུང་འཇུག་ཚེ་འདིར་མྱུར་དུ་འགྲུབ་པའོ། །གླང་པོ་ཆེའི་ཤ་སོགས་བཟའ་བ་ངེས་དོན་དུ་བཤད་པ་ནི། དམ་ཚིག་ཆེན་པོ་གླང་ཆེན་རྟ། །དེ་བཞིན་ཁྱི་ལ་སོགས་པའི་ཤ། །ཕུང་པོ་ལ་སོགས་རིགས་དབྱེ་བས། །ཇི་སྐད་བཤད་དང་གྲངས་མཉམ་པ། །དེའི་རྣལ་འབྱོར་གཉིས་མེད་ཟས། །བསམ་གཏན་དགའ་བ་མིང་གཅིག་པ། །ཞེས་གསུངས་ཏེ། གླང་ཆེན་དང༌། རྟ་དང༌། དམ་ཚིག་ཆེན་པོ་བ་ལང་དང༌། ཁྱི་དང༌། སོགས་པ་མི་ལ་སོགས་པའི་ཤ་རྣམས་ནི། གོ་རིམ་བཞིན་དུ་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་བར། ཇི་སྐད་བཤད་པའི་ཤ་དང་གྲངས་མཉམ་པ་བསྟན་པ་ཡིན་ལ། ཕུང་པོ་དེ་རྣམས་གཉིས་སུ་མེད་པའི་འོད་གསལ་ལ་བཅུག་པ་ནི་རྣལ་འབྱོར་པའི་ཟས་ཞེས་བརྗོད་དོ། །བསམ་གཏན་ལ་དགའ་བ་ནི། ཏིང་ངེ་འཛིན་དེ་ལ་སྤྱོད་པའོ། །གཞན་ཟས་བཟའ་བར་ཡང་མི་བྱ། །ཞེས་འཆད་པ་ནི། ཁམས་ཞེས་བྱ་བའི་ངོ་བོར་འགྱུར། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གང་ཡང་འཇིག་རྟེན་ལས་འདས་མཆོག །རྣམ་པར་མི་རྟོག་མཁས་པས་ནི། །དེ་བཞིན་ཉིད་དང་རོ་གཅིག་པ། །དེ་ནི་འཁོར་དང་གཅིག་ཤོས་ཡང༌། །ཞེས་གསུངས་ཏེ། ཟས་གཞན་ནི་ཁམས་ཏེ། འཇིག་རྟེན་པ་སོ་སོ་སྐྱེ་བོ་དང༌། འཇིག་རྟེན་ལས་འདས་པ་ཉན་རང་འཕགས་པ། འཇིག་རྟེན་ལས་འདས་པའི་མཆོག་རྫོགས་པའི་སངས་རྒྱས་ཡིན་ལ། བཟའ་བར་ཡང་མི་བྱ་བ་ནི་མཁས་པ་རྣལ་འབྱོར་པ་དག དེ་དག་བླང་དོར་ཐ་དད་དུ་མི་རྟོག་ཅིང༌། དེ་བཞིན་ཉིད་དང་རོ་གཅིག་པར་རྟོགས་པ་དེས་ནི་འཁོར་བ་ལ་སྤང་བྱ་དང༌། གཅིག་ཤོས་མྱང་འདས་ལ་བླང་བྱར་འཛིན་པ་སྤངས་པ་ཡིན་ནོ། །དེ་དག་གི་ཕན་ཡོན་ནི། རྣལ་འབྱོར་བརྟུལ་ཞུགས་བཟང་པོ་འདིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བློ་དང་ལྡན་རྣམས་མཉེས་གྱུར་ཅིང༌། །བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །འདོད་ཁམས་དབང་ཕྱུག་འཇིག་རྟེན་དུ། །ལས་ཀྱིས་གོ་འཕང་ཐོབ་པར་འགྱུར། །གཙོ་བོ་གཟི་བརྗིད་སྟོབས་ཀྱིས་ཕྱུག །མདངས་དང་ལྡན་ཞིང་མཐོང་ན་དགའ། །མཐོང་བ་ཙམ་གྱིས་བསྐུལ་མེད་པར། །འཇིག་རྟེན་འདི་དག་དབང་བྱེད་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་བྱང་ཆུབ་དམ་པའོ། །ཡང་དག་སྔགས་ཀྱི་གསང་བ་འདི། །རྡོ་རྗེ་གསུམ་ལས་མི་འདའ་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གཙོ། །དམ་ཚིག་ལས་ནི་དམ་ཚིག་མཆོག །ཅེས་གསུངས་ཏེ། དྲང་དོན་གྱི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །ལེའུའི་མཚན་ནི། དེ་ཁོ་ན་ཉིད་རྣམ་པར་མི་འཇིག་པའི་ངོ་བོ་ཉིད། གང་གིས་ལུས་དང་ངག་དང་ཡིད་བྱིན་གྱིས་རློབ་ཅིང་བསྐྱེད་པ་དེའི་གཞུང་གི་ཚོགས་ནི། སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་སྟེ། ལེའུ་དྲུག་པའི་རྣམ་བཤད་དོ།། ༈ །ལེའུ་བདུན་པ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར། སྟོན་པའི་གསུང་གིས་དོན་གཏན་ལ་དབབ་པའོ། །དང་པོ་ནི། ལེའུ་དྲུག་པའི་རྗེས་དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་པོས་གསུངས་སོ། །གང་ན། དམ་ཚིག་ཆེན་པོ་རྡོ་རྗེ་འཆང་ངག་གི་དེ་ཁོ་ན་ཉིད་རྫོགས་རིམ་ཡན་ལག་དྲུག་དང༌། སྔགས་སྤྱོད་པའི་མཆོག་དང༌། ཐུན་མོང་གི་བསྒྲུབ་པས་ཐོབ་པར་བྱ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་རྒྱུ་དང་བཅས་པ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཀྱི་ལེའུ་འདིའོ། །གཉིས་པ་ལ་བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། སོར་སྡུད་སོགས་རྫོགས་རིམ་ཡན་ལག་དྲུག ཐུན་མོང་གི་བསྐྱེད་རིམ་ཡན་ལག་བཞི་ལྡན། བསྐྱེད་རྫོགས་གཉིས་ཀྱི་ཐོབ་བྱ་རྡོ་རྗེ་འཆང་དང༌། དེ་ཐོབ་བྱེད་ཀྱི་རྒྱུ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་སྤྱོད་པ་སྟོན་ནོ། །སྟོན་པའི་ཚུལ་ནི། སྟོད་ནས་ལེའུ་དྲུག་པའི་འཕྲོས་དོན་སྤྱོད་པ་དང༌། ལེའུའི་བར་ནས་རྗེས་དྲན་དྲུག་དང་སྙོམས་འཇུག་གི་ཆོ་ག ལེའུའི་སྨད་ནས་རྗེས་དྲན་བཅུ་དྲུག རྗེས་དྲན་རྟོགས་པའི་ཕན་ཡོན་རྣམས་སྟོན་ནོ། །དེ་ལ་ཡན་ལག་དྲུག་ནི་རྗེས་དྲན་དྲུག་གམ། དབེན་གསུམ་དང༌། སྒྱུ་ལུས་དང༌། འོད་གསལ་དང༌། ཟུང་འཇུག་གོ །ཐུན་མོང་གི་བསྒྲུབ་པ་ནི། ཡན་ལག་བཞི་ལྡན་གྱི་སྒོ་ནས་སྤྱོད་པ་བྱ་བའམ། སྙོམས་འཇུག་གི་ཆོ་ག་སྟོན་ནོ། །བརྗོད་བྱ་འདི་ལ་དོན་གསུམ་སྟེ། སྤྱོད་པ་བསྟན་པ། རྗེས་དྲན་དྲུག་བསྟན་པ། རྗེས་དྲན་བཅུ་དྲུག་བསྟན་པའོ། །དང་པོ་ལ་གཉིས་ཏེ། འཇུག་བསམ་གྱི་སྤྱོད་པ་དང༌། བསྒོམ་བསམ་གྱི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་ནོ། །དང་པོ་ལ་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་གསུམ་ལས། དང་པོ་སྤྲོས་བཅས་བསྟན་པ་ནི། ནང་མཆོད་དང༌། གསང་མཆོད་ཀྱི་སྐབས་སུ་གཟུགས་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ལ། ཇི་ལྟར་འདོད་པ་བཞིན་དུ་ལོངས་སྤྱད་པར་བྱའོ། །སྙམ་པའི་སྒོ་ནས་འདོད་ཡོན་བསྟེན་པས་སྤྲོས་བཅས་ཞེས་བྱ་ལ། ཕན་ཡོན་ནི། བཤད་མ་ཐག་པ་འདི་ལྟ་བུའི་འཇུག་བསམ་གྱིས་སྒོ་ནས་འདོད་ཡོན་ལ་སྦྱོར་བ་ཡིས་ངེས་པར་སངས་རྒྱས་རྣམས་རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་ཤིན་ཏུ་མྱུར་བ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །འཇུག་བསམ་གྱི་སྤྲོས་མེད་ནི། སྒྱུ་ལུས་ཀྱི་བསམ་གཏན་པས་གཟུགས་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་སྐྱེ་བའི་ཡན་ལག་ཏུ་སྤྱད་པར་བྱའོ་སྙམ་པས། འདོད་ཡོན་བསྟེན་པ་ནི། ཞེན་པ་ཆུང་བས་སྤྲོས་མེད་ཞེས་བྱའོ། །དེ་ལྟར་འཇུག་བསམ་དང་ལྡན་པས་རྣལ་འབྱོར་པ་བདག་དང་གཞན་ལའང་འདོད་ཡོན་ལྔས་མཆོད་པར་བྱའོ། །སུ་ཞིག་གིས་ཤེ་ན། རང་གི་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །དེ་ལ་ཕན་ཡོན་ནི། དཀའ་ཐུབ་དང༌། སྦྱངས་པའི་ཡོན་ཏན་གྱི་ངེས་པ་དང༌། མེར་འཇུག་པ་ལ་སོགས་པ་མི་བཟད་པའི་བརྟུལ་ཞུགས་ལ་བརྟེན་པས་འགྲུབ་པར་མི་འགྱུར་གྱི། ཇི་སྐད་བཤད་པའི་རྣལ་འབྱོར་དང་འཇུག་བསམ་དང་ལྡན་པའི་སྒོ་ནས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་བརྟེན་ནས་རྡོ་རྗེ་འཆང་མྱུར་དུ་འགྲུབ་པར་འགྱུར་རོ། །འཇུག་བསམ་གྱི་ཤིན་ཏུ་སྤྲོས་མེད་སྟོན་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་ནི། བསོད་སྙོམས་ཀྱི་འཚོ་བ་ལྟ་བུ་སློང་མོ་ཟ་བའི་ངང་ཚུལ་གྱིས་སྔགས་ཡི་གེ་གསུམ་བརྗོད་པར་མི་བྱའོ། །སློང་དུ་འགྲོ་བ་འདྲ་བས། ཞིང་ལས་ལ་འཇུག་པ་སོགས་ཀྱི་སྒོ་ནས་ཀྱང་བཟླ་བར་མི་བྱའོ། །ཟས་ལ་མངོན་པར་ཞེན་པའི་ཚུལ་གྱིས་སློང་བ་ལ་ཡང་དགའ་བར་མི་བྱའོ། །ལུས་གནས་པ་ཙམ་གྱི་ཆེད་དུ་ལོངས་སྤྱོད་ཀྱི། ཞེན་པ་ཆུང་བས་ན་ཤིན་ཏུ་སྤྲོས་མེད་དོ། །འདིས་ཟུང་འཇུག་པའི་འཇུག་བསམ་བསྟན་ནོ། །དེ་ལྟ་བུའི་སྤྱོད་པས་གནས་པས་ཅི་བྱ་ཞེ་ན། འཇུག་བསམ་ཤིན་ཏུ་སྤྲོས་མེད་དང་ལྡན་པས་སྔགས་ཀྱི་ཡན་ལག་ཡི་གེ་གསུམ་མ་ཉམས་པར་བཟླ་བར་བྱའོ་ཞེས་པའོ། །གཉིས་པ་ཕན་ཡོན་ནི། གནས་སྐབས་ཀྱི་འབྲས་བུ་འདོད་ཡོན་ལ་སྤྱོད་པས། ལུས་ལ་སོགས་པ་བདེ་བ་གནས་པ་ཐོབ་ལ། མཐར་ཐུག་གི་འབྲས་བུ་རྡོ་རྗེ་འཆང་གི་བྱང་ཆུབ་འཐོབ་བོ། །འདོད་ཡོན་ལ་མ་སྤྱད་པའི་ཉེས་དམིགས་ནི། རང་བཞིན་ཤེས་པའི་ཚུལ་གྱིས་ལོངས་སྤྱོད་པ་ལས་གཞན་དུ་དཀའ་ཐུབ་ལ་སོགས་པས་ཐར་པ་སྒྲུབ་ན། ཚེ་འདིར་འཆི་མེད་ཀྱི་དངོས་གྲུབ་མི་ཐོབ་པས། ཡ་ང་བ་མ་སྤངས་པར་དུས་མ་ཡིན་པར་འཆི་བར་འགྱུར་ཞིང༌། འཆི་བའི་འོག་ཏུ་ལས་ཀྱི་དབང་གིས་དམྱལ་བར་གནས་ནས་བསྲེག་པར་འགྱུར་རོ། །ཡང་སློང་མོ་ཞེས་སོགས་ཀྱི་ཚིག་ངེས་དོན་དུ་བཤད་པ་ནི། བཤད་པའི་རྒྱུད་དགོངས་པ་ལུང་སྟོན་ལས། ཐ་དད་ཡི་གེ་སློང་མོ་ཡིན། །དེ་འདོན་པ་ནི་ཟ་བ་ཡིན། །སློང་མོ་དེ་དག་ཟ་མི་འདོད། །གང་ཞིག་བཟློས་པར་དགའ་བ་དེ། །རྣལ་འབྱོར་པ་ཡི་དབུགས་དབྱུང་རྔུབ། །སྦྱོར་བ་བཞི་ལ་གཅིག་ཏུ་བརྩོན། །ཤེས་རབ་ཐབས་ཀྱི་གཞིར་གནས་པ། །སྔགས་ཀྱི་ཡན་ལག་དབྱེར་མེད་བཟླས། །རྣལ་འབྱོར་དབང་པོས་ཉིན་མཚན་དུ། །བཟླས་བརྗོད་གྲངས་སུ་བྱེད་པ་ནི། ཁྲི་ཕྲག་གཉིས་དང་ཆིག་སྟོང་དང༌། །དེ་བཞིན་དྲུག་བརྒྱ་དྲུག་ཏུ་འགྱུར། །ཞེས་སོ། །རླུང་དང་ཐ་དད་དུ་བཟུང་ནས་སྔགས་དེ་དག་འདོན་པ་ནི་སློང་མོ་ཟ་བ་དང་མཚུངས་པས་སྤང་བྱའོ། །འོ་ན་ཇི་ལྟར་བཟླ་ཞེ་ན། རྣལ་འབྱོར་པ་གང་ཞིག་རྡོ་རྗེའི་བཟླས་པ་ལ་དགའ་བ་དེས་དབུགས་འབྱུང་རྔུབ་རྣམས་ཡི་གེ་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སྔགས་ཀྱི་ཡན་ལག་མ་ཉམས་པར་བྱས་ནས་བཟླས་པར་བྱའོ། །ཚུལ་ཇི་ལྟར་ན་མེ་རླུང་ལ་སོགས་པ་རླུང་བཞི་ལ་གནས་ནས། རླུང་སྔགས་གཅིག་ཏུ་སྦྱོར་བ་ལ་བརྩོན་པའི་ཚུལ་གྱིས་སོ། །དེ་ཡང་ཐབས་མགོན་པོའི་རླུང་གི་རྒྱུ་བ་བཞི་དབྱེ་གཞིར་གནས་པ་ལ། ཤེས་རབ་ཀྱི་རྒྱུ་བ་བཞི་བཞི་ཡོད་པ་ལ་གནས་ནས་བཟླའོ། །གྲངས་ཇི་ཙམ་དུ་བཟླ་ཞེ་ན། རྣལ་འབྱོར་དབང་པོས་ཉིན་མཚན་ཞེས་རྟོགས་སླའོ། །འདི་དག་གི་ཕན་ཡོན་བསྟན་པ་ནི། སངས་རྒྱས་རིན་པོ་ཆེ་ལྟ་བུའི་གང་ཟག་དང༌། བྱང་ཆུབ་སེམས་དཔའ་པདྨ་དཀར་པོ་ལ་སོགས་པ་རྣམས་ཀྱིས་བྱ་བ་དང་སྤྱོད་པ་ལ་སོགས་པའི་སྔགས་ཀྱི་སྤྱོད་པ་རྣམས་ལས་མཆོག་ཏུ་གྱུར་པ་རྣལ་འབྱོར་ཆེན་པོའི་སྤྱོད་པ་ལ་གནས་པ་རྣམས། ཆོས་ཀུན་རྫོབ་ཀྱི་བདེན་པ་དང༌། མི་འགྱུར་བ་དོན་དམ་པའི་བདེན་པ་དང༌། མཆོག་བདེན་གཉིས་དབྱེར་མེད་ཀྱི་གོ་འཕང་བརྙེས་པ་རྣམས་ཀྱང༌། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཅིར་དགར་བསྟེན་པས་གྲུབ་པ་ཡིན་ནོ། །འཇུག་བསམ་གྱི་སྤྱོད་པ་ཕན་ཡོན་དང་བཅས་པ་བསྟན་ཟིན་ཏོ། །གཉིས་པ་བསྒོམ་བསམ་གྱི་སྤྱོད་པ་ཕན་ཡོན་དང་བཅས་པ་སྟོན་པ་ལ་གསུམ་སྟེ། བསྐྱེད་རིམ་པའི་བསྒོམ་བསམ་སྤྲོས་བཅས་དང༌། སྒྱུ་ལུས་པའི་བསྒོམ་བསམ་སྤྲོས་མེད་དང༌། ཟུང་འཇུག་པའི་བསྒོམ་བསམ་ཤིན་ཏུ་སྤྲོས་མེད་དོ། །དང་པོ་ལ། སྤྱོད་པའི་ངོ་བོ་ཕན་ཡོན་དང་བཅས་པ་དང༌། རྡོ་རྗེའི་ཚིག་སྤྱི་དོན་དུ་བཤད་པའོ། །དང་པོ་ནི། འདོད་ཡོན་སྤང་མི་ནུས་པའི་ཆགས་ཅན་ཡུལ་ལ་ཞེན་པ་རྣམས། གཉིས་མེད་ཀྱི་ཡེ་ཤེས་ཐོབ་པར་འདོད་ན། རྟག་ཏུ་སྟེ་སྤྱོད་ལམ་ཐམས་ཅད་དུ་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་བསྟེན་ཅིང་བསླབ་པར་བྱའོ། །དེ་ལྟར་འདོད་ཡོན་ལ་བསྟེན་པས་ཅི་ཞིག་བྱ་ཞེ་ན། མིག་སོགས་ཀྱི་རང་བཞིན་སའི་སྙིང་པོ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱའོ། །འང་གི་སྒྲ་ནི་ངེས་བཟུང་ངོ༌། །དེ་མཉེས་པས་དགོས་པ་ཅི་ཞིག་ཡོད་ཅེ་ན། བྱང་ཆུབ་ནི་སྤྱན་ལ་སོགས་པའི་རང་བཞིན་འབྱུང་བ་བཞི་ཡིན་ལ། ཉི་མ་ནི་འབྱུང་བ་བཞི་ལྡན་གྱི་ཕུང་པོ་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ཡིན་ལ། དེ་དག་ཆགས་པ་སྟེ་དགྱེས་པར་བྱའོ་ཞེས་པའི་དོན་ནོ། །དོན་ནི་འབྱུང་བ་བཞི་ལྷ་མོ་བཞི་དང༌། ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མོས་ནས་དགྱེས་པར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་རྡོ་རྗེའི་ཚིག་སྤྱི་དོན་དུ་བཤད་པ་ལ་གཉིས་ཏེ། གཟུགས་སོགས་མཆོད་བྱར་བསྟན་པ་དང༌། ཡུལ་ལྔ་ཤེས་རབ་ཏུ་བཞག་ནས་མཆོད་བྱར་བསྟན་པའོ། །དང་པོ་ནི། མཆོད་པར་བྱ། གང་གིས་ན། གཟུགས་ལ་རབ་འབྲིང་ཐ་མ་གསུམ་དུ་ཤེས་པར་བྱས་ནས་མཆོག་ཏུ་གྱུར་པས་སོ། །གང་ལ་ན། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་རྣམས་ལའོ། །སུ་ཞིག་གིས་ཤེ་ན། མཆོད་པར་བྱེད་པའི་བདག་ཉིད་ཅན་སྤྲོས་བཅས་ཀྱི་སྤྱོད་པ་ལ་གནས་པའི་སྔགས་པས་མཆོད་བྱར་བྱས་པའི་ཚུལ་གྱིས་སོ། །བསམ་པ་གང་གིས་ཤེ་ན། གཟུགས་གསུམ་པོ་དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པའི་བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་གཞིའམ་ངོ་བོར་ཤེས་པར་བྱས་ནས་སོ། །སྒྲ་ལ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་རིན་འབྱུང་གི་ལྷ་རྣམས་ལ་འབུལ་བར་བྱའོ། །བསམ་པ་གང་གིས་ན། སྒྲ་གསུམ་པོ་དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པའི་བདག་ཉིད་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་གཙོ་བོ་སྟེ་ངོ་བོར་ཤེས་པར་བྱས་ནས་སོ། །དྲི་ལ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་སངས་རྒྱས་སོགས་ཏེ་འོད་དཔག་མེད་ཀྱི་ལྷ་རྣམས་ལ་འབུལ་བར་བྱའོ། །བསམ་པ་གང་གིས་ན་དྲི་གསུམ་པོ་དེ་ཉིད་འདོད་ཆགས་ཀྱི་འབྱུང་གནས་འོད་དཔག་མེད་ཀྱི་ངོ་བོར་ཤེས་པར་བྱས་ནས་སོ། །རོ་ལ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་མཆོག་ཏུ་གྱུར་པ་དོན་གྲུབ་ཀྱི་ལྷ་རྣམས་ལ་འབུལ་བར་བྱའོ། །བསམ་པ་གང་གིས་ན། རོ་གསུམ་པོ་དེ་ཉིད་དོན་ཡོད་རྡོ་རྗེ་འཛིན་དོན་ཡོད་གྲུབ་པའི་ངོ་བོར་ཤེས་པར་བྱས་ནས་སོ། །རེག་བྱ་ལ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་རང་གི་རིགས་མི་བསྐྱོད་པའི་ལྷ་རྣམས་ལ་འབུལ་བར་བྱའོ། །བསམ་པ་གང་གིས་ན། རེག་བྱ་གསུམ་པོ་དེ་ཉིད་བཅོམ་ལྡན་འདས་མི་བསྐྱོད་པའི་ཚུལ་དུ་ཤེས་པར་བྱས་ནས་སོ། །དོན་བསྡུ་བ་ནི། རེག་བྱ་ལ་སོགས་པའི་དོན་ལྔ་པོ་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་དམིགས་པའི་ཚུལ་གྱིས། རྟག་ཏུ་སེམས་སྦྱར་ཞིང་བསྐྱེད་པར་བྱའོ། །ཡུལ་ལྔ་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསྐྱེད་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གཞན་ལ་སྦ་བར་བྱ་བ་དང༌། འབྲས་བུ་སངས་རྒྱས་ཐོབ་བྱེད་ཀྱི་ཐབས་ཀྱི་སྙིང་པོ་བསྡུས་པ་ཡིན་ནོ། །གཉིས་པ་ཡུལ་ལྔ་ཤེས་རབ་དུ་བཞག་ནས་མཆོད་བྱར་བསྟན་པ་ནི། སྤྲོས་བཅས་ཀྱི་སྤྱོད་པ་ལ་གནས་པའི་སྔགས་པ་ཡིས་གཟུགས་སྒྲ་དྲི་རོ་སོགས་ཡུལ་ལྔ། སངས་རྒྱས་སྤྱན་ལ་སོགས་པ་བཞི་དང༌། རེག་རྡོ་རྗེ་མའི་ལྷ་ཉིད་དུ་རྟག་ཏུ་བསྒོམ་ཞིང་ཤེས་པར་བྱས་ནས་མཆོད་པར་བྱའོ། །ཡང་ན་ཡུལ་ལྔ་པོ་དེ་ལ་རྡོ་རྗེ་མ་ལྔ་རིགས་ལྔའི་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞིང་ཤེས་པར་བྱས་ནས་མཆོད་པར་བྱའོ། །བསྐྱེད་རིམ་སྤྲོས་བཅས་ཀྱི་བསྒོམ་བསམ་བསྟན་ཟིན་ཏོ། །གཉིས་པ་སྒྱུ་ལུས་པའི་བསྒོམ་བསམ་སྤྲོས་མེད་དུ་བསྟན་པ་ནི། རྡོ་རྗེའི་ཚིག་གིས་སྦས་དོན་དུ་བཤད་པ་སྟོན། མཆོད་པར་བྱ། གང་གིས་ན། གཟུགས་ཡིད་དུ་འོང་མི་འོང་བར་མ་རྣམ་པ་གསུམ་གོ་རིམ་བཞིན། སྣང་མཆེད་ཐོབ་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སེམས་གསུམ་དེས་མཆོད་པར་བྱའོ། །གང་ལ་ན། རྣལ་འབྱོར་པ་དེ་ཉིད་བརྟན་གཡོ་སྣ་ཚོགས་པའི་བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཐིམ་པའི་གཞི་སེམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་དེ་ཉིད་ལའོ། །སྒྲ་རྣམ་པ་གསུམ་སེམས་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སེམས་ཀྱི་རང་བཞིན་རིན་འབྱུང་གི་ལྷ་རྣམས་ལ་འབུལ་བར་བྱའོ། །དེ་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་གཙོ་བོ་སེམས་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའོ། །དྲི་རྣམ་པ་གསུམ་སེམས་གསུམ་གྱི་བདག་ཉིད་དུ་ཤེས་པར་བྱས་ནས། སངས་རྒྱས་སོགས་ཏེ་སེམས་གསུམ་གྱི་རང་བཞིན་འོད་དཔག་མེད་ཀྱི་ལྷ་རྣམས་ལ་འབུལ་བར་བྱའོ། །དེ་ཉིད་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་འདོད་ཆགས་ཆོས་ཀྱི་འབྱུང་གནས་འོད་དཔག་ཏུ་མེད་པའི་གཙོ་བོ་སེམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའོ། །རོ་རྣམ་པ་གསུམ་སེམས་གསུམ་གྱི་བདག་ཉིད་དུ་ཤེས་པར་བྱས་ནས། སེམས་གསུམ་གྱི་རང་བཞིན་དོན་ཡོད་གྲུབ་པའི་ལྷ་རྣམས་ལ་འབུལ་བར་བྱའོ། །དེ་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་དོན་ཡོད་རྡོ་རྗེ་འཛིན་སེམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ། རེག་བྱ་རྣམ་པ་གསུམ་སེམས་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སེམས་གསུམ་གྱི་བདག་ཉིད་མི་བསྐྱོད་པའི་ལྷ་རྣམས་ལ་འབུལ་བར་བྱའོ། །དེ་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་མི་བསྐྱོད་པའི་ཚུལ་བརྙེས་པ་སྟེ། མི་བསྐྱོད་པ་བསྐྱེད་པར་བྱེད་པའི་སེམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ངོ༌། །དོན་ཉེ་བར་བསྡུ་བ་ནི། གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་པོ་དེ་ཉིད་རྟག་ཏུ་སྣང་མཆེད་ཐོབ་གསུམ་གྱི་ངོ་བོར་སྦྱར་ཞིང་ཤེས་པར་བྱའོ། །ཡུལ་ལྔ་སེམས་གསུམ་དུ་ཤེས་པ་འདི་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བསྟན་པར་བྱ་ཡི། ཙན་དན་ལྟ་བུ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས། སངས་རྒྱས་ཐམས་ཅད་ཀྱི་གསང་བའོ། །དེ་ཉིད་ཀྱི་ཕྱིར་སྙིང་པོ་བསྡུས་པའོ། །སྔགས་ཀྱི་ཡན་ལག་མ་ཉམས་པར་ཟློ་བའི་སྔགས་པ་ཡིས་ཡུལ་རྣམས་ལྷ་ཉིད་དུ་ཏེ། ཡེ་ཤེས་ཀྱི་ངོ་བོར་རྟག་ཏུ་བསྒོམ་ཞིང་ཤེས་པར་བྱའོ། །ཡེ་ཤེས་གསུམ་ལ་དུ་ཡོད་ཅེ་ན། གཟུགས་ལ་སོགས་པའི་ཡུལ་དེ་ལ་རིགས་ཀྱི་ཚུལ་དུ་སྟེ། འདོད་ཆགས་དང༌། ཆགས་བྲལ་དང་ཆགས་པ་བར་མ་ལ་སོགས་པའི་དབྱེ་བས་རང་བཞིན་བརྒྱད་ཅུའོ། །རྣལ་འབྱོར་བསྒོམ་ཞིང་ཞེས་པ་ནི། དེ་དག་རྗེས་སུ་མྱོང་བ་ཤེས་པར་བྱའོ། །ཞེས་པའོ། །འདིས་ནི་མཆོད་པ་དང༌། མཆོད་ཡུལ་དང༌། མཆོད་པ་པོ་རྣམས་སེམས་གསུམ་གྱི་ངོ་བོར་བསྒོམས་པས་སྤྲོས་པ་མེད་པ་ཞེས་བྱའོ། །གསུམ་པ་ཟུང་འཇུག་པའི་བསྒོམ་བསམ་ཤིན་ཏུ་སྤྲོས་མེད་ནི། རྡོ་རྗེའི་ཚིག་དེ་ཉིད་མཐར་ཐུག་གི་བཤད་པ་སྟོན་ཏེ། གཟུགས་རྣམ་པ་གསུམ་སེམས་གསུམ་དུ་ཤེས་པར་བྱས་ནས་མཆོད་པར་བྱ་བ་ནི། འོད་གསལ་དུ་ཐིམ་པར་བྱ་བའོ། །སུ་ཞིག་གིས་ན། གཟུགས་གསུམ་སེམས་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། དེ་ཡང་སྟོང་པ་ཉིད་དུ་ཤེས་པའི་སྔགས་པས་སོ། །འོད་གསལ་དེ་ཉིད་ནི་རྣམ་པར་སྣང་མཛད་ཀྱི་གཞི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། རྣམ་པར་སྣང་མཛད་བསྐྱེད་བྱེད་ཡིན་པའི་ཕྱིར་རོ། །སྒྲ་རྣམ་པ་གསུམ་སེམས་གསུམ་དུ་ཤེས་པར་བྱས་ནས་འོད་གསལ་དུ་བསྟིམ་པར་བྱའོ། །དགོངས་པ་ལུང་སྟོན་ལས། ནང་དང་ཕྱི་རོལ་དེ་བཞིན་དང༌། །གཉིས་ཀར་རྗེས་སུ་མི་དམིགས་པ། །གཟུགས་སོགས་རྣམ་གསུམ་དེ་ཡིན་ཏེ། །ལྷ་རྣམས་ལ་ནི་འབུལ་བར་བྱ། །ཞེས་སོ། །སྔ་མའི་རིགས་པས་འོག་མ་རྣམས་ཀྱང་རྗེས་སུ་དཔག་པར་བྱའོ། །སེམས་ཙམ་དུ་བསྒོམས་པས་སྤྲོས་པ་མེད་པས་ན་ཤིན་ཏུ་སྤྲོས་མེད་དོ། །སྤྱོད་པའི་ངོ་བོ་བསྟན་ཟིན་ཏོ། །གཉིས་པ་རྗེས་དྲན་དྲུག་བསྟན་པ་ལ་གཉིས་ཏེ། རྗེས་དྲན་དངོས་བསྟན་པ་དང༌། ཞར་ལ་སྙོམས་འཇུག་གི་ཆོ་ག་བསྟན་པའོ། །དང་པོ་ལ་བསྡུས་དོན་ནི། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་དྲན་དྲུག་གིས་སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཟུང་འཇུག་གི་སྐུར་བཞེངས་པ་སྟོན་ནོ། །ཡན་ལག་གི་དོན་ནི། སྐུ་དང་གསུང་དང་ཐུགས་རྣམ་པར་བསྒོམ་ཞེས་པ་ནི་དབེན་པ་གསུམ་མདོར་བསྟན་པ་ཡིན་ལ། དེ་ལ་སྐུ་བསྒོམ་པ་རྒྱས་པར་སྟོན་པ་ནི། སངས་རྒྱས་རྗེས་སུ་དྲན་པར་སྦྱོར། །ཞེས་བྱའོ། །གསུང་བསྒོམ་པ་བསྟན་པ་ནི། ཆོས་རྗེས་སུ་དྲན་པ་བསྒོམ་ཞེས་པ་སྟེ། རྡོ་རྗེའི་བཟླས་པ་བསྟན་ནོ། །ཐུགས་བསྒོམ་པ་བསྟན་པ་ནི། རྡོ་རྗེ་རྗེས་སུ་དྲན་པ་བསྒོམ། །ཞེས་པ་སྟེ། སེམས་དབེན་ནོ། །ཁྲོ་བོ་རྗེས་སུ་དྲན་པ་བསྒོམ་ཞེས་པ་ནི། སེམས་དབེན་གྱི་སྒྲུབ་པ་བསྟན་ཏེ། ཁྲོ་བོ་ནི་ཐབས་ཀྱི་ཡེ་ཤེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེས་བགེགས་ཟིལ་གྱིས་མནན་པས་ན་ཁྲོ་བོའོ། །དེ་རྗེས་སུ་དྲན་པ་ནི་བར་མ་ཆད་དུ་བསྒོམ་པའོ། །རིགས་ནི་རྗེས་སུ་དྲན་པ་སྦྱོར་ཞེས་པས་ནི་སྒྱུ་ལུས་བསྟན་ཏེ། རིགས་ནི་ལུས་ངག་ཡིད་གསུམ་ཡིན་ལ། དེ་རྗེས་སུ་དྲན་པ་ནི་ཡེ་ཤེས་གསུམ་གྱིས་སོ་སོར་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི། སེམས་གསུམ་རླུང་དང་བཅས་པ་སྦྱར་ན་སྒྱུ་ལུས་བསྐྱེད་པའོ། །ལྷ་ནི་རྗེས་སུ་དྲན་པ་སྦྱོར། །ཞེས་པས་ནི་འོད་གསལ་བསྟན་ཏེ། ལྷ་ནི་ཕྱག་རྒྱ་ཆེན་པོའི་སྐུའོ། །རྗེས་སུ་དྲན་པ་ནི་ཆུ་ཟླ་ལ་སོགས་པའི་དཔེའི་ངོ་བོ་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་སྟེ་འོད་གསལ་དུ་བཅུག་པའོ། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པས་ནི་ཟུང་འཇུག་བསྟན་ཏེ། འོད་གསལ་བསྒོམས་ན་ཟུང་འཇུག་ཐོབ། །ཅེས་པའོ། །སྒྱུ་ལུས་འོད་གསལ་དུ་བཅུག་པས་ཟུང་འཇུག་སྐྱེ་བ་ཡང༌། དགོངས་པ་ལུང་སྟོན་ལས། ཉམས་དགའ་སངས་རྒྱས་ཀུན་གྱིས་བསྟེན། །བྷ་ག་ཞི་བ་གཅིག་པུའི་མིང༌། །ཡང་དག་དེ་ཉིད་གཉིས་མེད་བྱུང༌། །རྡོ་རྗེ་དེ་ཉིད་དུ་སྦྱར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་བ་ནི། །བྷ་གར་ལིངྒ་རབ་ཏུ་བསྒྲགས། །གཞུག་པ་གཉིས་མེད་སྦྱོར་བ་སྟེ། །སངས་རྒྱས་གཟུགས་སུ་བསྒོམ་པའོ། །དེ་ནས་བློ་དང་ལྡན་པ་ཡིས། །བ་སྤུའི་བུ་གའི་རྩེར་གནས་པའི། །སངས་རྒྱས་སྤྲིན་རྣམས་རྣམ་སྤྲོ་དེར། །གཞལ་མེད་ཁྱད་པར་དུ་ཡང་སྤྲོ། །ཞེས་གསུངས་སོ། །རྩ་རྒྱུད་དུ་སངས་རྒྱས་རྗེས་དྲན་གྱི་དོན། བྷ་ག་ལ་ནི་ལིང་ག་བཞག །ཅེས་པ་ལ། བྷ་ག་ནི་འོད་གསལ་ལོ། །དེ་ཉོན་མོངས་པས་རྣམ་པར་དག་པས་ན། བཤད་རྒྱུད་ལས། ཉམས་དགའ་ཞེས་པས་བསྟན་ནོ། །ཡང་བྷ་ག་ཞེས་པ། བཤད་རྒྱུད་ལས། སངས་རྒྱས་ཀུན་གྱིས་བསྟེན་ཞེས་པས་བསྟན་ནོ། །སྤྲོས་པ་དང་བྲལ་བས་ཞི། ཟླ་མེད་པས་གཅིག་པུ། རྡོ་རྗེ་ནི་ཡང་དག་དེ་ཉིད་གཉིས་མེད་བྱུང་ཞེས་པ་སྒྱུ་ལུས་སོ། །གཞུག་པ་ཞེས་པ་ནི། གཞུག་པ་གཉིས་མེད་སྦྱོར་བ་སྟེ། །ཞེས་པ་སྟེ། སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །སངས་རྒྱས་གཟུགས་སུ་བསྒོམ་པའོ། །ཞེས་པ་ནི། འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པའོ། །དེ་ཉིད་སྤྲུལ་སྐུར་བསྒྱུར་བ་ནི། །དེ་ནས་བློ་དང་ལྡན་པ་ཡིས། །ཞེས་སོགས་ཀྱིས་བསྟན་ནོ། །གཉིས་པ་ཞར་ལ་སྙོམས་འཇུག་གི་ཆོ་ག་བསྟན་པ་ལ་གཉིས་ཏེ། བསྐྱེད་རྫོགས་གཉིས་ཀའི་སྙོམས་འཇུག་གི་ཆོ་ག་དང༌། སྔགས་ལ་མཆོག་ཏུ་གཞོལ་བའི་ཆོ་གའི་ཁྱད་པར་རོ། །དང་པོ་ལ། རྡོ་རྗེ་འཆང་གི་ཟློ་བ་པོའི་སྙོམས་འཇུག་གི་ཆོ་ག་ནི། མཆོད་པ་རབ་ཏུ་བརྩམ་པར་བྱ། །ཞེས་དྲང་ངོ༌། །གང་ལ་ན། རྣལ་འབྱོར་པ་བདག་ཉིད་ལའོ། །གནས་གང་དུ་ན། རབ་ཏུ་དབེན་ཞིང་ཡིད་དང་མཐུན་པའོ། །ཚུལ་ཇི་ལྟར་ན། བུད་མེད་ཡན་ལག་མ་ཉམས་པའི་གཟུགས་དང་ལྡན་ཞིང༌། མདངས་བཟང་བ་དང༌། ན་ཚོད་ལོ་གྲངས་བཅུ་དྲུག་ལོན་པ་རྙེད་ནས་རེག་རྡོ་རྗེ་མར་བསྐྱེད་དེ། བྱིན་གྱིས་བརླབས་པ་སྟེ། གནས་གསུམ་ཡུལ་ཡིད་དུ་འོང་བ་རྣམ་པ་གསུམ་པོ་དག་གིས་བདག་ཉིད་མཆོད་པའི་ཚུལ་གྱིས་སོ། །རྣམ་སྣང་ལ་སོགས་པའི། ཟློ་བ་པོ་གཞན་གྱི་ཆོ་ག་བསྟན་པ་ནི། རྣམ་སྣང་གི་ཟློ་བ་པོས་ནི། རང་གི་རིགས་ཀྱི་ཕྱག་རྒྱ་དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་སངས་རྒྱས་སྤྱན་དུ་བསྒོམ་པར་བྱ་ཞིང༌། རིན་འབྱུང་གི་རིགས་ཀྱིས་མཱ་མ་ཀི་དང༌། འོད་དཔག་མེད་ཀྱིས་གོས་དཀར་མོ་དང༌། དོན་གྲུབ་ཀྱིས་སྒྲོལ་མ་ལ་སོགས་པར་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་ཅི་ཞིག་བྱ་ཞེ་ན། རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། དབང་པོ་གཉིས་མཉམ་པར་སྦྱར་བའི་སྙོམས་འཇུག་བྱས་པས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། བསྐྱེད་རིམ་པས་རང་དང་ཕྱག་རྒྱ་ལྷར་བསྐྱེད་པ་སྔོན་དུ་སོང་བས། ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང༌། རྡོ་རྗེ་ནོར་བུའི་ཆ་ཨོཾ་གྱིས་མཚན་པ་བསམས། ཨ་ལས་ཕྱག་རྒྱའི་པདྨ་ཨས་མཚན་པ་བསམས་ཏེ། རིན་འབྱུང་གི་ང་རྒྱལ་གྱིས་ཧཱུྃ་གླུར་བླང་ཞིང་སྙོམས་པར་ཞུགས་པས། ཡི་གེ་ཕཊ་ཀྱིས་བྱང་སེམས་དབབ་པར་བྱའོ། །ཨ་ལས་པདྨ་བསྐྱེད་པ་ཆོས་སྐུ། ཨོཾ་ལས་ནོར་བུ་བྱིན་གྱིས་བརློབ་པ་ལོངས་སྐུ། ཧཱུྃ་ལས་རྡོ་རྗེ་བསྐྱེད་པ་སྤྲུལ་སྐུར་བསྒོམ་པར་བྱའོ། །སྙོམས་པར་འཇུག་པའི་ཚེ། འོད་ཟེར་ལྔ་རྡོ་རྗེ་དང་པདྨའི་ནང་ཁྱབ་པར་བསྒོམ་པར་བྱའོ། །སྔར་བཤད་པའི་སྤྱན་མ་ནི། ཟླ་བའི་འོད་ཟེར་བཞིན་དུ་འབར་བ་དང་བཅས་པའི་འོད་ཟེར་དཀར་པོ་དང་ལྡན་པ་ཡིད་དུ་འོང་བ་བསྒོམ་པར་བྱའོ། །འདིས་མཚོན་ནས་མཱ་མ་ཀི་སྔོན་མོ། གོས་དཀར་མོ་ལ་སོགས་པ་བསྒོམ་པའང་ཤེས་པར་བྱའོ། །གསུམ་པ་རྗེས་དྲན་བཅུ་དྲུག་སྟོན་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། སངས་རྒྱས་རྗེས་དྲན་སོགས་ཞེས་སོགས་རྐང་པ་གཉིས་སོ། །དེ་ལ་རྗེས་དྲན་བཅུ་དྲུག་གིས་དོན་གཉིས་སྟོན་ཏེ་སྤྱོད་པའི་རྒྱུ་ཏིང་ངེ་འཛིན་དང༌། སྤྱོད་པའི་ངོ་བོ་བསྟན་ནོ། །དང་པོ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ནི། སྐུ་རྗེས་སུ་དྲན་པ་སོགས་གསུམ་གྱིས་སྟོན་ནོ། །ལྷག་མས་ནི་རྫོགས་པའི་རིམ་པ་སྟོན་ནོ། །དེ་ལ་ཡང་དམ་ཚིག་རྗེས་དྲན་འོག་མས་ནི་བར་དོར་འཚང་རྒྱ་བ་སྟོན་ནོ། །ལྷག་མས་ནི་ཚེ་འདིར་སངས་རྒྱ་བ་བསྟན་ནོ། །དེ་ལ་ཡང་དམ་ཚིག་རྗེས་དྲན་འོག་མས་ནི་རྫོགས་རིམ་གྱི་ལུས་བརྟན་པ་སྟོན་ནོ། །ཤེར་ཕྱིན་རྗེས་སུ་དྲན་པས་ནི་འོད་གསལ་དང༌། མ་སྐྱེས་པ་རྗེས་སུ་དྲན་པས་ནི་ཟུང་འཇུག་ཏུ་ལྡང་བ་དང༌། སངས་རྒྱས་རྗེས་སུ་དྲན་པ་སོགས་ལྔས་མཚན་མེད་ཀྱི་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྗེས་དྲན་གྱིས་མཚན་མེད་ཀྱི་དཀྱིལ་འཁོར་རྒྱལ་མཆོག་དང༌། སེམས་ཅན་དང་སྔགས་རྗེས་སུ་དྲན་པ་གཉིས་ཀྱིས་ཟུང་འཇུག་གི་མཚན་ཉིད་བསྟན་ནོ། །ཐ་མ་ཞེ་སྡང་གི་རིགས་རྗེས་སུ་དྲན་པས་ནི་སྤྱོད་པ་བསྟན་ནོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། ཡེ་ཤེས་ཀྱི་སྐུ་བསྐྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ཐུན་མོང་དུ་དོན་དམ་དུ་གཞུག་པ་དང༌། འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བ་དང༌། སྤྲུལ་སྐུའི་གཞི་འགོད་པ་དང་ལྔའོ། །དང་པོ་ལ། རིགས་སོ་སོའི་རྗེས་སུ་དྲན་པ་དང༌། ལུས་རྟས་པའི་སྦྱོར་བ་དང༌། ཕྱུང་བའི་དཀྱིལ་འཁོར་བསྟན་པ་དང༌། ལས་རྒྱལ་པོ་མཆོག་བསྟན་པའོ། །དང་པོ་ལ་རྣམ་སྣང་གི་བཟློ་བ་པོས་དེ་ལ་སྔར་གྱི་རྗེས་དྲན་དྲུག་བསྒོམ་པའི་ཚུལ། སངས་རྒྱས་རྣམ་པར་སྣང་མཛད་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་ག་དོན་དམ་པའི་བདེན་པ་ལ། ལིང་ག་སྒྱུ་ལུས། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བསམ་གཏན་གཉིས་ཀྱིས་བཤིག་སྟེ་འོད་གསལ་དུ་གཞུག་པ་སྟེ་བཅུག་ནས། སླར་ཡང་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ལོངས་སྐུར་བཞེངས་པ་ནི། སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་པའོ། །དེ་ནས་སྤྲུལ་སྐུར་བསྒྱུར་བ་ནི། ངོ་བོ་ཉིད་ཤེས་པའི་མཁས་པ་རྣལ་འབྱོར་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བུ་སྤུའི་བུ་ག་དང༌། རྩེ་མོ་གཉིས་ཀྱི་བར་ནས། སངས་རྒྱས་ཀྱི་སྤྲིན་རྣམ་སྣང་གི་ཚོགས་རྣམས་སྤྲོས་ཏེ། གཏི་མུག་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས། བདག་ཉིད་ལ་རྗེས་སུ་ཞུགས་ཏེ་སྤྲུལ་སྐུར་བསྒྱུར་བའོ། །འོད་དཔག་མེད་ཀྱི་རྣལ་འབྱོར་པས་རྗེས་དྲན་བསྒོམ་ཚུལ་ནི། དེ་ལ་ཞེས་སོགས་སོ། །བྷ་ག་ལིང་ག་བཞག་པ་ཞེས་སོགས་སྔ་མ་བཞིན་ནོ། །ཆོས་འོད་དཔག་ཏུ་མེད་པ་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཆོས་ཀྱི་སྤྲིན་འོད་དཔག་ཏུ་མེད་པ་སྤྲོས་པས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱས་ནས། བདག་ཉིད་ལ་ཞུགས་པས་འོད་དཔག་ཏུ་མེད་པར་བསྒྱུར་བའོ། །ལྷག་མ་སྔ་མ་བཞིན་ནོ། །མི་བསྐྱོད་པའི་རྣལ་འབྱོར་པས་རྗེས་དྲན་བསྒོམ་ཚུལ་ནི། དེ་ལ་ཞེས་སོགས་སོ། །རྡོ་རྗེ་མི་བསྐྱོད་པ་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། །རྡོ་རྗེའི་སྤྲིན་མི་བསྐྱོད་པ་རྣམ་པར་སྤྲོས་པས་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱས་ནས། བདག་ཉིད་ལ་རྗེས་སུ་ཞུགས་པ་མི་བསྐྱོད་པར་བསྒྱུར་བའོ། །རིན་འབྱུང་གི་རྣལ་འབྱོར་རྗེས་དྲན་བསྒོམ་ཚུལ་ནི། དྲི་བ་བཀོད་ནས། རིགས་ཏེ་རིན་ཆེན་འབྱུང་ལྡན་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། །རིགས་ཀྱི་སྤྲིན་རིན་ཆེན་འབྱུང་ལྡན་རྣམ་པར་སྤྲོས་པས། སེར་སྣ་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱས་ཏེ། བདག་ལ་ཞུགས་ནས་རིན་འབྱུང་དུ་བསྒྱུར་བའོ། །དོན་གྲུབ་ཀྱི་རྣལ་འབྱོར་པས་རྗེས་དྲན་བསྒོམ་ཚུལ་ནི། དྲི་བ་བཀོད་ནས། ཁྲོ་བོ་དོན་ཡོད་པ་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། །ཁྲོ་བོའི་སྤྲིན་དོན་ཡོད་གྲུབ་པ་རྣམ་པར་སྤྲོས་པས། ཕྲག་དོག་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱས་ཏེ། བདག་ལ་ཞུགས་ཏེ་དོན་ཡོད་གྲུབ་པར་བསྒྱུར་བའོ། །རྫོགས་རིམ་པའི་དང་པོའི་སྦྱོར་བ་བསྟན་ཟིན་ཏོ། །གཉིས་པ་ལུས་རྟས་པའི་སྦྱོར་བ་ནི། དམ་ཚིག་རྗེས་དྲན་གང་ལས་བསྟན་ཏེ། དམ་ཚིག་ནི་ཟུང་འཇུག་གི་སྐུ། རྗེས་སུ་དྲན་པ་ནི་སྤྲུལ་སྐུར་བསྒྱུར་བའོ། །རྣལ་འབྱོར་པ་བདག་གིས་ལྕེའི་རྡོ་རྗེ་གྱེན་དུ་བཟློག་སྟེ། རྐན་གྱི་པདྨར་ལྡན་པ་སྟེ་བཅུག་ནས་དབང་པོ་གཉིས་སྦྱར་གྱི་ཚུལ་དུ་ལྕེ་ཆུང་འཇིབས་པས། རང་གི་ཀླད་རྒྱས་ཀྱི་བདུད་རྩིའི་ཁུ་བའི་ཐིགས་པས། སངས་རྒྱས་ཏེ་གཟུགས་ཀྱི་ཕུང་པོ་དང༌། རྡོ་རྗེ་སེམས་དཔའ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་མཆོད་པ་སྟེ། ཚིམ་པར་བྱའོ་ཞེས་པའི་དོན་ནོ། །གསུམ་པ་ཕྱུང་བའི་དཀྱིལ་འཁོར་བསྟན་པ་ནི་དཀྱིལ་འཁོར་རྗེས་སུ་དྲན་པས་བསྟན་ཏེ། མཆོག་སྒྲུབ་པ་ལ་མཁས་པའི་རྣལ་འབྱོར་པས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་དབང་པོ་གཉིས་མཉམ་པར་སྦྱར་བ་ལས་བྱུང་བའི་རང་གི་ཁུ་བ་དག རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་དབྱུང་བར་བྱའོ། །དེས་ཅི་ཞིག་བྱ་ཞེ་ན། དཀྱིལ་འཁོར་གྱི་འཁོར་ལོ་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡིན་ལ། ཚུལ་དུ་བྱ་བ་ནི་དེའི་རྒྱུར་བྱས་ནས་ཕྱུང་ངོ་ཞེས་པའོ། །དོན་ནི། དེ་བཞིན་གཤེགས་པའི་དང་པོའི་སྦྱོར་བ་ལྔ་བསྐྱེད་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བདེ་བའི་སྣང་བ་ཙམ་ལས། ཡུམ་གྱི་ཆོས་འབྱུང་དུ་ལྷའི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྐྱེད་དེ། འབྱིན་སྔགས་ཀྱིས་སྤྲོས་ནས། སླར་རང་གི་གནས་སུ་བཀོད་པའི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །བཞི་པ་ལས་རྒྱལ་མཆོག་ནི་དངོས་གཞི་བདེན་གཉིས་དབྱེར་མེད་ལ་བསླབ་པ་དང༌། སྤྱོད་པ་བྱ་བ་དང༌། སེམས་ཅན་གྱི་དོན་བྱ་བའོ། །གཉིས་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། གཙོ་བོར་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཞར་ལ་རྫོགས་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དང་པོ་ལ་བསྡུས་པའི་དོན་ནི། སྦྱོར་བ་དང༌། རྗེས་སུ་སྦྱོར་བ་དང༌། ཤིན་ཏུ་རྣལ་འབྱོར་བྱས་ཟིན་ནས། རྣལ་འབྱོར་ཆེན་པོའི་སྐབས་སུ་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ། སྤྱན་ལ་སོགས་པའི་ལྷ་མོ་གསུམ་སྤྲོས་ནས། སྐུ་རྡོ་རྗེ་ལ་སོགས་གསུམ་ནམ་མཁར་སྤྱན་དྲང་ནས། ལེའུ་བཅུ་གཉིས་པ་ནས་བཤད་པའི་ཚིགས་བཅད་གཉིས་ཀྱིས་གསོལ་བ་གདབ་སྟེ། སླར་ཡང་ཨོཾ་ལ་སོགས་པ་ལ་བཅུག་པ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་དོན་ནོ། །ཡན་ལག་གི་དོན་ནི་དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་སྐུ་གང་ཡིན་པ་རྣམ་པར་སྣང་མཛད་དང༌། དེ་དང་འབྲེལ་བའི་ཟག་མེད་ཀྱི་ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས་ཤིང་གང་བ་དེ་བཞིན་དུ། སངས་རྒྱས་ཀྱི་སྐུ་རྡོ་རྗེའི་ངོ་བོ་འཁོར་དང་བཅས་པ་སྤྱི་བོར་བཅུག་པ་ཡིས། བདག་གི་ལུས་ཀྱང་སྐུ་དེ་དང་འདྲ་བར་གྱུར་ཅིག་པ་ནི་སྐུ་བྱིན་གྱིས་བརླབས་པའོ། །དེ་ལ་གསུང་འོད་དཔག་མེད་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་ཆོས་འོད་དཔག་མེད་པའི་གསུང་གང་ཞིག ངེས་པའི་ཚིག་ལ་སོགས་པ་སོ་སོ་ཡང་དག་རིགས་བཞི་དང་ལྡན་པ་དེ་དང་འདྲ་བར། བདག་གི་ཚིག་ཀྱང་ཆོས་འཛིན་པ་འོད་དཔག་ཏུ་མེད་པ་དང་འདྲ་བར་གྱུར་ཅིག་ཅེས་པའོ། །དེ་ལ་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཐུགས་ནི་མི་བསྐྱོད་པའོ། །རྗེས་སུ་དྲན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་སྟོན་པ་ལ་དབང་བས་ན་གསང་བའི་བདག་པོའོ། །རེག་རྡོ་རྗེ་མ་དང་ལྡན་པས་ན་བློ་ལྡན་ནོ། །འཁོར་འདས་ཀུན་ཏུ་དགེ་བས་ན། ཀུན་ཏུ་བཟང་པོ་མི་བསྐྱོད་པའི་ཐུགས་གང་ཡིན་པ་དེ་དང༌། བདག་གི་སེམས་ཀྱང་རྡོ་རྗེ་འཛིན་པ་དེ་དང་འདྲ་བ་གྱུར་ཅིག །ཅེས་པའོ། །གཉིས་པ་ཞར་ལ་རྫོགས་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྐྱེས་གནས་བཞིས་བསྡུས་པའི་སེམས་ཅན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། མངལ་སྐྱེས་སོགས་སེམས་ཅན་ཀུན་གྱི་སེམས་གང་ཡིན་པ་འདི་ནི་སྐུའོ། །འདི་ནི་གསུང་ངོ༌། །འདི་ནི་ཐུགས་སོ་ཞེས་བརྟག་པའི་གཞིར་གྱུར་པ་དེ་དག་དང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་བདག་གི་སེམས་གཉིས་སུ་མེད་པ་ནམ་མཁའ་དང་འདྲ་བར་བསྒོམ་པ་ནི་ཐུགས་བྱིན་གྱིས་བརླབས་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཚིག་གཅིག་གིས་སྟོན་པ་ནི། དེ་ལ་སྔགས་ཀྱི་གཟུགས་ཞེས་པ་ནས། ཇི་ལྟར་བསྒོམ་ཞེས་པའི་དྲི་བ་བཀོད་པ་ནི། ༼དེ་ལ་སྔགས་ཀྱི་གཟུགས་ཞེས་པ་ནས། ཇི་ལྟར་བསྒོམ་ཞེས་པའི་དྲི་བ་བཀོད་པ་ནི།༽ དེ་ལ་སྔགས་ཀྱི་གཟུགས་ནི་ངག་གི་ཚོགས་སོ། །སྐུ་གསུང་ཐུགས་ནི་སྔར་བརྗོད་པ་རྣམས་སོ། །སྔགས་ཀྱི་རྡོ་རྗེ་ནི་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་གྱི་ངག་གི་ཚོགས་དང༌། སྐུ་ནི་ལུས་ཏེ་སྔགས་འཛིན་པ་རྡོ་རྗེ་འཆང་ཆེན་པོའི་གསུང་གི་སྐུ་ནི་རྣམ་པར་བསྒོམ་ཞེས་པར་སྟེ། སྐུ་དང་གསུང་དང་བདག་སྒྲུབ་པ་པོའི་ལུས་དང་ངག་ཀྱང་དེ་དང་འདྲ་བར། ནམ་མཁའ་དང་འདྲ་བར་མཉམ་པ་ཉིད་དུ་རོ་གཅིག་པར་བསྒོམ་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །གསུམ་པ་ཐུན་མོང་དུ་དོན་དམ་པར་གཞུག་པ་ནི། དེ་ལ་དམ་ཚིག་ནི་འོད་གསལ་ལོ། །སངས་རྒྱས་ཀྱི་སྐུ་བསྐྱེད་པའི་རྗེས་ཐོགས་ལ་དོན་དམ་ལ་རྟོག་པ་དམ་ཚིག་རྗེས་སུ་དྲན་པའོ། །འདི་བསྒོམ་པའི་ཚུལ་གྱིས་ནི་བར་དོར་འཚང་རྒྱ་ཚུལ་སྟོན་ཏེ། དམ་ཚིག་ནི་ཕ་མ་གཉིས་དབང་པོ་སྦྱོར་བའོ། །ཁུ་བ་ཕྱུང་བ་ནི་ས་བོན་ཕྱུང་བ་སྟེ། ས་བོན་དེ་དང་བར་དོའི་རྣམ་ཤེས་མངལ་དུ་འདྲེས་པ་ལས། མངལ་གྱི་གནས་སྐབས་ལྔ་དང༌། སྐྱེས་པའི་གནས་སྐབས་ལྔ་ཐོབ་པ། རྡོ་རྗེ་ཐེག་པ་ལ་ཞུགས་ཏེ། བསྐྱེད་རིམ་ནས་སྒྱུ་ལུས་མན་ཆད་མཐར་ཕྱིན་ཡང་བདེན་པ་མཐོང་བ་གོམས་པར་མ་བྱས་པ་ཞིག འཆི་བ་ལ་བབ་པ་ན། འབྲས་བུ་བར་དོར་ཕྱག་རྒྱ་ཆེན་པོ་འདོད་པས། ཆོ་ག་བཞིན་དུ་བཏུང་བར་བྱ། །ཞེས་པའི་དོན། འཆི་ཁའི་ཕུང་པོ་སོགས་རྡོ་རྗེ་ཕྲེང་བ་ལས། གཟུགས་སོགས་ཕུང་པོ་རྟོགས་པ་ཞེས་སོགས་ཀྱི་ཆོ་ག་བཞིན་འཆི་བ་འོད་གསལ་དུ་གཞུག་པ་ནི་བཏུང་བར་བྱའོ། །དེ་ལས་ཅི་འགྱུར་ཞེ་ན། དེ་བཞིན་གཤེགས་པ་རྣམ་སྣང་ལ་སོགས་པའི་རང་བཞིན་གྱི་གཟུགས་ལ་སོགས་པའི་ཕུང་པོའི་ཚོགས་གསད་པ་སྟེ་དེ་འཆི་བ་འོད་གསལ་དུ་བཅུག་ནས། བར་དོར་ཟུང་འཇུག་ཏུ་ལངས་ཏེ། དངོས་གྲུབ་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་རོ། །དགོངས་པ་ལུང་སྟོན་ལས། དམ་ཚིག་རྗེས་དྲན་རྣམས་ཀྱིས་ནི། །དེ་ཕྱིར་ཚངས་པ་ཐིག་ལེ་དབྱུང༌། །དངོས་མེད་གཅིག་ཏུ་སྦྱོར་བ་ཡིས། །མཁས་པས་ཆོ་ག་བཞིན་ཏུ་བཏུང༌། །དེ་བཞིན་གཤེགས་ཚོགས་ཆེ་བ་ནི། །དངོས་མེད་ཅེས་བྱ་གསད་པ་སྟེ། །བློ་དང་ལྡན་པས་འདི་གསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པ་དང༌། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་དུ་ཡང༌། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །སྐྱེ་བ་ཤེས་རབ་ཕ་རོལ་ཕྱིན། །དྲན་པ་ཤེས་རབ་ཕ་རོལ་ཕྱིན། །བྱང་ཆུབ་ཤེས་རབ་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་པ་བཞི། །གྲོལ་བ་ཤེས་རབ་ཕ་རོལ་ཕྱིན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ཞེས་གསུངས་སོ། །དེ་ལ་ཤེས་རབ་ནི་སྣང་བ་གསུམ་མོ། །ཕ་རོལ་ནི་འོད་གསལ་ལོ། །དེ་ཉིད་མི་འདའ་བར་བྱ་བས་ན་དམ་ཚིག་གོ །རྗེས་སུ་དྲན་པ་ནི་རིལ་འཛིན་རྗེས་ཞིག་གཉིས་ཀྱི་སྒོ་ནས་སོ། །འཆི་བའི་འོད་གསལ་གང་ཞེ་ན། རང་བཞིན་གྱིས་རྣམ་པར་དག་པས་ན་འོད་གསལ་བ། རང་བཞིན་བརྒྱད་ཅུ་ཐམས་ཅད་འགགས་པས་ན་ཟག་པ་མེད་པ། ལས་ཉོན་གྱིས་སྐྱེ་བ་མི་ལེན་པས་ན་མ་སྐྱེས་པའོ། །འབྲས་བུ་བྱང་ཆུབ་མེད་ཅིང་རྒྱུ་མངོན་པར་རྟོགས་པ་ཡང་མེད་ལ། གནས་པ་མེད་པས་ཁམས་ཀྱང་མེད་ཅིང་གནས་པ་མེད་པས་འབྱུང་བ་ཡང་མེད་པའོ། །མ་སྐྱེས་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། འཆི་བ་འོད་གསལ་ཟུང་འཇུག་ཏུ་ལྡང་བ་སྟོན་ཏེ། མ་སྐྱེས་པ་ནི་འཛིན་པའི་ཡན་ལག་འོད་གསལ་ལོ། །རྗེས་སུ་དྲན་པ་ནི་རྗེས་དྲན་གྱི་ཡན་ལག་འོད་གསལ་ལས་ལྡང་བའི་ཟུང་འཇུག་གི་སྐུའོ། །བསྒོམ་པ་ནི་དེ་ལས་སློབ་པའི་ཏིང་ངེ་འཛིན་ནོ། །འཆི་བ་འོད་གསལ་གྱི་རྗེས་དེ་ནས་རང་བཞིན་སྒྱུ་ལུས་དང༌། འོད་གསལ་དོན་དམ་གཉིས་དབྱེར་མེད་པའི་ཟུང་འཇུག་གི་སྐུར་ལྡང་ངོ༌། །སྐུ་ཇི་ལྟ་བུ་ཞེ་ན། རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་མཚན་མ་མེད་པ། འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པས་ན་མི་འགྱུར་བའོ། །ནམ་མཁའ་ལ་གནས་པའི་འཇའ་ཚོན་ལྟར་འོད་ཟེར་ལྔ་དང་ལྡན་པ་དང༌། བདེན་གཉིས་རོ་གཅིག་པས་ན་གཉིས་སུ་མེད་པ་དང༌། ཟུང་འཇུག་ཡིན་པས་ན་གཉིས་སུ་མེད་པ་ཡིན་པ་དང༌། སྡུག་བསྔལ་ཞི་བ་དང༌། ཟག་པ་མེད་པས་དྲི་མ་མེད་པ་དང༌། རེག་བྱའི་ཡུལ་མིན་པས་ནམ་མཁའ་བཞིན་ནོ། །ལྔ་པ་སྤྲུལ་སྐུའི་གཞི་འགོད་པ་ནི། ཞེ་སྡང་ནི་མི་བསྐྱོད་པའོ། །དེའི་རིགས་ཀྱི་མཆོད་པ་ནི། ཐུགས་རྡོ་རྗེའི་རང་རིགས་ཀྱི་བུད་མེད་ཀྱི་གཟུགས་སྤྲུལ་ནས་མཆོད་པ་བྱེད་པའོ། །རྗེས་སུ་དྲན་པ་ནི། ཆགས་པ་ལ་སོགས་པ་ཉམས་སུ་མྱོང་བའོ། །ཡང་མཆོད་པ་བསྟན་པ་ནི། རྙེད་ནས་མཆོད་པར་བྱའོ། །གང་ལ་ན། རྣལ་འབྱོར་པ་བདག་ཉིད་ལའོ། །གང་གིས་ན། ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཁུ་བའི་རབ་ཏུ་དགའ་བས་སོ། །ཕྱག་རྒྱ་ཇི་ལྟ་བུ་ཞེ་ན། བུད་མེད་སེམས་རབ་ཏུ་བརྟན་པ། ལོ་གྲངས་བཅུ་གཉིས་ལོན་པའོ། །ཚུལ་ཇི་ལྟར་ན། པདྨ་ཅན་ལ་སོགས་པའི་རིགས་བཞི་ལ། བྱེད་བཅིངས་ལ་སོགས་པའི་ལས་ཀྱི་རབ་ཏུ་དབྱེ་བས་དེ་དང་སྦྱོར་བའོ། །གཉིས་པ་ཕན་ཡོན་ནི། རྗེས་དྲན་སྒོམ་པའི་རྣལ་འབྱོར་པ་འདིས་ནི་དེ་བཞིན་གཤེགས་པ་རྣམ་སྣང་ལ་སོགས་པའི་རྫུ་འཕྲུལ་ཐོབ་པས་ན། སྐུའི་དབང་ཕྱུག་དང༌། རྡོ་རྗེ་འཛིན་པ་མི་བསྐྱོད་པ་དང་འབྲེལ་བའི་གང་འདོད་པ་འགྲུབ་པ་ཐུགས་ཀྱི་དབང་ཕྱུག་དང༌། སྒྲ་ཐམས་ཅད་སྒྲ་བརྙན་དང་འདྲ་བར་ཤེས་པའི་སྒོ་ནས། ངག་སྨྲ་བ་ལ་འབྱོར་པ་ཆོས་འཛིན་པའི་མཆོག འོད་དཔག་མེད་དང་འདྲ་བའི་གསུང་གི་དབང་ཕྱུག་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །གཞན་ཡང་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོ་ཡང་དག་པར་འགྲུབ་པར་འགྱུར་རོ། །འཇིག་རྟེན་པའི་དངོས་གྲུབ་ཀྱང་ཐོབ་པར་བསྟན་པ་ནི། ཟུང་འཇུག་ལ་གནས་པས། དམན་པ་སྔགས་ལ་གཞོལ་བ་དང་འབྲེལ་བ་གཞན་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་གང་བཤད་པ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །རྒྱུ་གང་ལས་འགྲུབ་ཅེ་ན། རྡོ་རྗེ་གསུམ་སྟེ་ཁམས་གསུམ་པོ་མི་ཕྱེད་པ་ནི་སྟོང་པ་ཉིད་དུ་དབྱེར་མི་ཕྱེད་པ་བསྒོམས་ཏེ་སྔགས་ཀྱི་ཡན་ལག་མ་ཉམས་པ་ཟུང་འཇུག་ཐ་མི་དད་པའི་དོན། བཟླས་པ་སྟེ་མཐོང་བས་འགྲུབ་བོ། །བདེ་མཆོག་ལས། ཐམས་ཅད་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ཁམས་གསུམ་པ་ནི་མ་ལུས་པ། །ཐམས་ཅད་དེའི་ལོངས་སྤྱོད་དོ། །ཞེས་གསུངས་སོ། ལེའུའི་མཚན་དོན་ནི། སྤྱོད་པ་ནི་སྤྲོས་མེད་ལ་སློབ་པའི་ངོ་བོ་ཡིན་ལ། སྤྱོད་པ་དེ་ཉིད། ཕུལ་དུ་བྱུང་བས་ན་མཆོག་གོ །སྤྱོད་པ་དེ་ཉིད་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི། སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་སྟེ་བདུན་པའོ། །ལེའུ་བདུན་པའི་རྣམ་བཤད་དོ།། ༈ །ལེའུ་བརྒྱད་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བླ་ན་མེད་པའི་མཆོད་པ་དང༌། སྨད་ནས་གསང་བའི་དབང་བསྐུར་བ་སྟོན་ནོ། དང་པོས་ནི། སྔོན་བྱུང་རིན་འབྱུང་གིས་གསོལ་བ་གདབ་པ་དང༌། རྗེས་འཇུག་སློབ་མས་གསོལ་བ་གདབ་པའོ། གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། བསྟོད་ཅིང་གསོལ་བ་གདབ་པ་དང༌། བླ་ན་མེད་པའི་མཆོད་པ་དང༌། གསང་བའི་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གསོལ་བ་གདབ་བོ། །གང་གིས་ན། རྡོ་རྗེ་རིན་ཆེན་ཏོག་སྟེ། རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ལ་ཏོག་ཅེས་ཀྱང་བྱའོ། །ཅིའི་ཕྱིར་དེ་ལ་རིན་ཆེན་ཏོག་ཞེས་བརྗོད་ན། འདིས་དབང་བསྐུར་བར་བྱེད་དགོས་པའི་ཕྱིར། དེའི་མིང་གིས་བཏགས་སོ། །གང་ལ་གསོལ་བ་བཏབ་ཅེ་ན། གནས་ཕུན་སུམ་ཚོགས་པ་བཙུན་མོའི་བྷ་ག་ལ་བཞུགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིགས་ལྔའི་ཐམས་ཅད་ཀྱི་བདག་པོ་ལྷ་མོ་རྣམས་ཀྱི་གཙོ་བོ་གྱུར་པས་དབང་ཕྱུག་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་ལའོ། གང་གི་སྒོ་ནས་ཤེ་ན། འོག་ནས་འབྱུང་བའི་བསྟོད་པ་རྒྱལ་པོ་འདིས་གསོལ་བ་གདབ་བོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱོད་པ་དང་ཕྲིན་ལས་ཀྱི་སྒོ་ནས་བསྟོད་ཅིང་གསོལ་བ་བཏབ་པ་དང༌། དེ་ཁོ་ན་ཉིད་ཀྱི་སྒོ་ནས་བསྟོད་ཅིང་གསོལ་བ་གདབ་པའོ། །དང་པོ་ནི། བཤད་དུ་གསོལ་ཞེས་དྲང་ངོ༌། །གང་ན། སེམས་ཅན་གྱི་དོན་རྫོགས་པར་བྱེད་པའི་མཆོད་པའོ། །གང་གིས་ན། རྡོ་རྗེ་ལྟར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན། རྡོ་རྗེ་རྒྱལ་པོའོ། །སེམས་ཅན་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པས། ཐེག་པ་ཆེན་པོའོ། །འོད་གསལ་གྱིས་རྣལ་འབྱོར་པའི་རྒྱུད་སྦྱོང་བར་མཛད་པས་ན། ནམ་མཁའི་སྤྱོད་པ་རྣམ་སྦྱོང་བའོ། །སྤྲོས་པ་དང་བྲལ་བའི་སྤྱོད་པ་ལ་གནས་པས་ན། ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག་གོ །ཉན་རང་ལས་མཆོག་ཏུ་གྱུར་པས་ན་རྒྱལ་མཆོག་སྟེ། ཁྱད་པར་ལྔ་ལྡན་གྱི་རྡོ་རྗེ་འཆང་ཆེན་པོས་སོ། །གཉིས་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་ནི། མཆོད་པ་བཤད་དུ་གསོལ། ཞེས་དྲང་ངོ༌། །གང་གིས་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཆེ་བ་རྣམས་ཀྱང་སྦྱོང་བར་བྱེད་པའི་རྡོ་རྗེའི་ཐེག་པ་རབ་ཏུ་སྟོན་པ་དང༌། ཆོས་ཐམས་ཅད་ནམ་མཁའི་དབྱིངས་དང་མཚུངས་པར་སྟོན་པས་མཆོག་གོ །དུས་གསུམ་གྱི་རྒྱལ་བ་རྣམས་བསྐྱེད་པར་མཛད་པས་ན་རྒྱལ་གཞི་སྟེ་རྡོ་རྗེ་འཆང་ཆེན་པོས་སོ། །ཡང་མཆོད་པ་བཤད་དུ་གསོལ་ཞེས་དྲང་ངོ༌། །གང་གིས་ན། གདུལ་བྱ་ཐེག་པ་གསུམ་གྱི་ལམ་ལ་འཇུག་པར་མཛད་པ་དང༌། ཐར་པའི་ལམ་རབ་ཏུ་སྟོན་པར་མཛད་པ་དང༌། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན། སངས་རྒྱས་སྐལ་མཆོག་གོ །དེ་ཉིད་ཀྱི་ཕྱིར་དག་པའི་བདག་ཉིད་ཅན་ཡིན་པས། མི་མཆོག་སྟེ་རྡོ་རྗེ་འཆང་ཆེན་པོས་སོ། །ཡང་ཕྱག་འཚལ་ཞེས་དྲང་ངོ༌། །གང་ལ་ན། རྡོ་རྗེ་ཐེག་པའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ལའོ། །དེ་ཇི་ལྟ་བུ་ཞེ་ན། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྒྱས་པའི་སྤྱན་དང་ལྡན་ཞིང༌། རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང༌། རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་པས། སྐུ་གསུང་ཐུགས་ཤིན་ཏུ་དག་པའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་པ་ནི། ཡེ་ཤེས་གསུམ་ལ་བྱས་ནས་དེའི་སྒོ་ནས་བཤད་དུ་གསོལ། །ཞེས་སྦྱར་རོ། །འདོད་ཆགས་ནི་སྣང་བ། ཞེ་སྡང་ནི་སྣང་བ་མཆེད་པ། གཏི་མུག་ནི་ཉེར་ཐོབ་ཀྱི་ཡེ་ཤེས་སོ། །གང་ཞིག་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་མཆོད་པའོ། །རྡོ་རྗེ་ནི་འོད་གསལ་ལོ། །རང་བཞིན་བརྒྱད་ཅུ་དང་སྣང་བ་གསུམ་སྦྱོར་བར་མཛད་པས་ན་ཐེག་པའོ། །དེ་རབ་ཏུ་སྟོན་པས་ན་རྡོ་རྗེ་ཐེག་པ་སྟོན་པའོ། །དབང་པོ་མཆོག་ས་བཅུ་པས་བཟུང་བར་བྱ་བ་ཡིན་པས་ནམ་མཁའི་དབྱིངས་དང་མཚུངས་པའོ། །སྤྲུལ་སྐུ་ཐམས་ཅད་ཀྱི་དང་པོའི་རྩ་བར་གྱུར་པས་མཆོག་གོ །རྣམ་སྣང་ལ་སོགས་པའི་རྒྱལ་བ་རྣམས་ཀྱི་གཞིའི་མཆོད་པ་འོད་གསལ་བཤད་དུ་གསོལ། ཞེས་པའོ། །ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཆོད་པ་བཤད་དུ་གསོལ། ཞེས་སྦྱར་རོ། །སུ་ཞིག་གིས་ཤེ་ན། རྡོ་རྗེའི་སྐུ་ཉིད་ཀྱིས་ཚད་མེད་པའི་ལྷ་མོ་དང་སྙོམས་པར་ཞུགས་པས། ལྷ་དང་མི་ལས་འདས་པའི་ཡོན་ཏན་བརྒྱད་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་ཐར་པ་ཡིན་ལ། དེ་ཐོབ་པའི་ཐབས་སྟོན་པས་ཐར་པའི་ལམ་རབ་ཏུ་སྟོན་པ་དང༌། སྣང་མཆེད་ཐོབ་གསུམ་གྱི་སྒོ་ནས་གདུལ་བྱ་དོན་དམ་པ་ལ་འཇུག་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་འཇུག་པར་མཛད་པའོ། །བདེ་བ་ཐམས་ཅད་ཀྱི་བདག་ཉིད་སྒྲུབ་པར་མཛད་པས་ན་སངས་རྒྱས་སྐལ་མཆོག་གོ །སྒྱུ་ལུས་དང་འོད་གསལ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་དག་པའི་བདག་གོ །དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ན། མི་མཆོག་རྡོ་རྗེ་འཆང་ཁྱོད་ཀྱིས་སོ། །ཕྱག་འཚལ་ཞེས་དྲང་ངོ༌། །གང་ལ་ན། མི་འཇིགས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཐེག་པ་གསུང་བ་པོའི་ཁྱད་པར་ནི། རྡོ་རྗེ་འཆང་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཡངས་པའི་སྤྱན་དང་ལྡན་པས་ན་རྒྱས་པའི་སྤྱན་ནོ། །བདེན་པ་གཉིས་ཀྱི་ཆོས་སྟོན་པར་མཛད་པས་ན་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཡང་དག་པའི་མཐའ་རྣམ་པར་དག་པའི་སྐུ་གསུང་ཐུགས་མངའ་བས་ན། སྐུ་གསུང་ཐུགས་ཤིན་ཏུ་དག་པས་ན་རྡོ་རྗེ་འཆང་ངོ༌། །གཉིས་པ་བླ་ན་མེད་པའི་མཆོད་ལ་གསུམ་སྟེ། རྫོགས་པའི་རིམ་པའི་མཆོད་པ་དང༌། བསྐྱེད་རིམ་པའི་མཆོད་པ་དང༌། གཉིས་ཀའི་ཐུན་མོང་གི་མཆོད་པའོ། །དང་པོ་ལ་མདོར་བསྟན་པ་ནི། བསྟོད་ཅིང་གསོལ་བ་བཏབ་པ་དེ་ནས་བཤད་དོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་གིས་སོ། །དེའི་ཁྱད་པར་ནི། ཐམས་ཅད་འོད་གསལ་གྱིས་རྣམ་པར་དག་པའི་བདག་ཉིད་ཡིན་པས་ན། ཐམས་ཅད་ནམ་མཁའོ། །མི་འཇིག་པ་དང་ཆེན་པོ་ཡིན་པས་ན། མི་འགྱུར་ཆེའོ། །ཐམས་ཅད་ཀྱི་དབང་བསྐུར་བས་ན་དབང་བསྐུར་བའོ། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་རྫོགས་པར་མཛད་པས་ན་ཀུན་གྱི་དོན་ནོ། །འཇིག་རྟེན་གསུམ་ལ་དབང་བྱེད་པས་ན་ཀུན་གྱི་དབང་པོའོ། །བདེན་གཉིས་དབྱེར་མེད་ཀྱི་མཚན་ཉིད་འཛིན་པས་ན། རྡོ་རྗེ་རིན་ཆེན་འཛིན་ནོ། །དེས་ཅི་ཞིག་བཤད་ཅེ་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་འབྲེལ་བའི་མཆོད་པའོ། །དེ་ནི་བསྐྱེད་རིམ་པ་རྣམས་དང་ཐུན་མོང་མ་ཡིན་པས་ན་མཆོག་གོ །ཅིའི་ཕྱིར་ཐུན་མོང་མ་ཡིན་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་གནས་ཏེ། མ་བཅོས་པའི་མཆོད་པ་ཡིན་པས་སོ། །ཁམས་གསུམ་པའི་ཡོན་ཏན་རྣམས་སྐུ་གསུང་ཐུགས་སུ་འདུས་པར་མཛད་པས་ན། སྐུ་གསུང་ཐུགས་སྐལ་བ་མཆོག་གོ །རྒྱལ་བ་རྣམས་འདི་ལས་འབྱུང་བས་ན། །རྒྱལ་བ་འབྱུང་བའོ། །གཉིས་པ་རྒྱས་པར་བཤད་པ་ནི། ཟུང་འཇུག་པའི་རྣལ་འབྱོར་པས་དབེན་གསུམ་སྔོན་དུ་སོང་བའི་ཀུན་རྫོབ་འོད་གསལ་དུ་བཅུག་པ་ལས། ལོངས་སྐུར་བཞེངས་ནས་སྤྲུལ་སྐུར་བསྒྱུར་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོས་འབྱུང་དུ་སྐད་ཅིག་གིས་ལྷ་བསྐྱེད་དེ་འབྱིན་སྔགས་ཀྱིས་ཕྱིར་སྤྲོས་ནས། སེམས་ཅན་གྱི་དོན་བྱས་ཏེ། གནས་སུ་བཀོད་པ་ནི། ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་ཡིན་ལ། དེ་ཉིད་ལ་མཆོད་པ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་མཛད་པ་ནི་སངས་རྒྱས་མཉེས་བྱེད་ཡིན་པའི་ཕྱིར་རོ། །ཟུང་འཇུག་གི་མཚན་ཉིད་སྟོན་པ་ནི། ན་ཆུང་གཞོན་ནུ་ཞེས་སོགས་ཏེ། ཟུང་འཇུག་དེ་ཉིད་ཡིད་དུ་འོང་བས་ན། ན་ཆུང་གཞོན་ནུའོ། །བདེན་གཉིས་དབྱེར་མེད་ཀྱི་མིག་དང་ལྡན་པས་ན་མིག་ཡངས་པའོ། །ཡན་ལག་ཐམས་ཅད་རྫོགས་པས་ན་གཟུགས་བཟང་བའོ། །རྡོ་རྗེ་སེམས་དཔའི་ལང་ཚོ་དང་ལྡན་པས་ན་གཞོན་པས་བརྒྱན་པའོ། །བསྡུས་པའི་དཀྱིལ་འཁོར་བཅུ་གསུམ་དང༌། གླེང་གཞིའི་བྱང་ཆུབ་སེམས་དཔའ་བརྒྱད་དང༌། ལྷ་མོ་བཞི་དང་བཅས་པའི་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ཡིན་པས། ལོ་གྲངས་ཉི་ཤུ་རྩ་ལྔ་ལོན་པ་ཞེས་བྱ་སྟེ། ལྷ་དེ་དག་གི་བདག་ཉིད་ཅན་གྱི་དག་པའི་སྒྱུ་ལུས། བླ་མའི་ཞལ་ནས་རྙེད་ཅིང་ཐོབ་པའི་ཟུང་འཇུག་གི་མཆོད་པ་བྱའོ། །བྱོལ་སོང་གི་སྒྲ་ནི་ལོགས་ན་ཡོད་པ་ལ་བྱ་སྟེ། རྩ་བའི་རྡོ་རྗེ་འཆང་ལས་གཞན་དུ་སྣང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བཟུང་ཞིང་བརྟག་པར་བྱ་སྟེ། གཙོ་བོའི་རྣམ་འཕྲུལ་ཡིན་པས་སོ། །བསྐྱེད་རིམ་པའི་མཆོད་པ་ལ་གསུམ་སྟེ། གནས་སྦྱང་ཞིང་མཆོད་པའི་ཡོ་བྱད་སྒྲུབ་པ་དང༌། ཕྱག་རྒྱ་འདུ་བྱ་ཞིང་རང་ཉིད་ལྷར་བསྒྲུབ་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའོ། །དང་པོ་ནི། ས་ཕྱོགས་གཙང་ཞིང་སྐྱེ་བོ་དུ་མ་འདུ་བ་དང་བྲལ་བའི་རྣམ་པར་དབེན་པ་དང༌། འམ་གྱི་སྒྲས་ནི་གནས་གཞན་གཙུག་ལག་ཁང་སོགས་སྟོན་པའོ། །རྒྱལ་བ་ཉིད་སྐྱེས་ནི། སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་སྲས་བསྔགས་པའོ། །ཞི་བའི་གནས་ནི་སྐྱེས་བུ་དམ་པའི་ཁྱིམ་མོ། །གནས་དེར་གཤང་བ་བ་ལང་གི་གཅི་བ་དང༌། དེའི་གཅིན་དང༌། ཆུ་དང་དྲི་བཟང་པོ་ལ་སོགས་པས་ས་ཕྱོགས་བྱུགས་ཤིང་དཀྱིལ་འཁོར་བྱས་ཏེ། མཆོད་པའི་ཡོ་བྱད་རྣམས་རྒྱལ་བ་མཆོད་པའི་ཕྱིར། ཉི་མ་རེ་ཞིང་བརྟག་པར་བྱའོ། །གཉིས་པ་ནི། མཆོད་པའི་ཡོ་བྱད་བསྒྲུབས་ནས་སྒྲུབ་ཐབས་ལས་གསུངས་པའི་རིམ་གྱིས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ནས། ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་ཆོ་ག་ཤེས་པའི་སྔགས་པས་རང་དང་ཕྱག་རྒྱའི་ནུ་མའི་དབུས་ཏེ་སྙིང་ཁའི་གནས་སུ། ཧཱུྃ་དུ་སྐྱེས་པའི་མི་བསྐྱོད་པ་འགོད་དེ། སྤྱི་གཙུག་གི་མཐའ་སྟེ་སྐྲ་མཚམས་སུ། ཨོཾ་དུ་བྱུང་བའི་རྣམ་པར་སྣང་མཛད་འགོད་དོ། །དེ་གཉིས་ཀྱི་བར་དུ་དབུས་ལྐོག་མའི་ཕྱོགས་སུ་ཨར་སྣང་བའི་འོད་དཔག་མེད་དོ། །རྐང་པ་གཉིས་དང་བརླའི་རྩ་བའི་བར་ལ་ཡི་གེ་ཧར་བྱུང་བའི་དོན་ཡོད་གྲུབ་པའོ། །ལྟེ་བ་རོ་སྨད་ཀྱི་གནས་དག་ཏུ་ཡི་གེ་སྭར་བྱུང་བའི་རིན་འབྱུང་འགོད་དོ། །རྒྱལ་བའི་སྲས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ལྷ་མོ་ལ་སོགས་པ་རིགས་ལྔའི་བདག་ཉིད་ཀྱི་ལྷ་རྣམས་སྒྲུབ་ཐབས་ལས་བཤད་པའི་ཆོ་གས་དེ་དང་དེར་ཅི་རིགས་པ་འགོད་པར་བྱའོ། །འདིར་ཧཱུྃ་ལས་སྐྱེས་པ་ལ་སོགས་པའི་སྐད་དོད། ཧཱུྃ་ཀ་ར་ཛ་ཞེས་པ་ལ་སོགས་པ་ལ་ཧཱུྃ་ལས་ཞེས་པ་ལྔ་པའི་སྒྲ་མེད་ཅིང༌། དོན་ཡི་གེ་སྒོམ་པ་ཡིན་པས། ཧཱུྃ་གི་རྣམ་པར་བྱུང་ཞེས་སྦྱར་དགོས་སོ། །འགའ་ཞིག་ལུས་ལ་ལྷ་སུམ་ཅུ་སོ་གཉིས་ཡོད་པ་ལྟར། ཕྱུང་བའི་དཀྱིལ་འཁོར་ལའང་སུམ་ཅུ་སོ་གཉིས་ཡོད་ཅེས་པ་དང་འགལ་ལོ་ཞེས་ཟེར་རོ། །ལུས་ལ་བཀོད་པའི་ལྷ་ཉིད་ཡི་གེའི་རྣམ་པར་སྣང་བར་འདོད་ཀྱི། ལུས་ལ་ལྷ་མེད་པར་མི་འདོད་པས་སྐྱོན་མེད་དོ། །དེ་ལྟར་བདག་དང་ཕྱག་རྒྱའི་ལུས་ལ། ལྷ་བཀོད་པས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ཏེ། ནམ་མཁའི་དབྱིངས་ཏེ། ཆོས་འབྱུང་གི་དབུས་སུ་ཡེ་ཤེས་རྒྱ་མཚོ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བ་སྟེ་དབྱུང་བར་བྱའོ། །དེ་ནས་བདག་ཉིད་ཆོས་འབྱུང་གི་ནང་གི་ཟླ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དབུས་ན་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་ངོ་བོར་གནས་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་མཁས་པས། ཆོས་འབྱུང་གི་དབུས་ཀྱི་དེ་བཞིན་གཤེགས་པ་ཕྱིར་སྤྲོས་ལ། གང་གིས་ན། ཞི་བ་ནི་སེམས་རྩེ་གཅིག་པ་ཡིན་ལ། དེ་ཉིད་རྡོ་རྗེ་ཞེས་བྱ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་པའོ། །སླར་ཡང་སྤྲོ་བ་དང་བསྡུ་བ་གང་ཞིག་འདོད་པར་གྱུར་པའི་ཚེ་ན། སྙིང་ཁར་བསྡུ་བ་དག་ཀྱང་བྱའོ། །གསུམ་པ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྐྱེད་པ་ནི། དེ་ལྟར་བདག་ཉིད་གཙོ་བོར་བསྐྱེད་ནས། རྣལ་འབྱོར་པ་རང་གི་ལུས་རིན་ཆེན་སྣ་བཞིའི་མཆོད་རྟེན་གྱི་རང་བཞིན་དུ་བསམ་པར་བྱའོ། །མཆོད་བྱ་ནི་ལྷ་རྣམས་ཡིན་ལ། དེའི་རྟེན་ཡིན་པས་རང་གི་ལུས་ལ་མཆོད་རྟེན་བརྗོད་དོ། །བཞིའི་རང་བཞིན་ཞེས་པ་ནི་སྤྱན་ལ་སོགས་པའི་རང་བཞིན་འབྱུང་བ་བཞིའོ། །དེ་ཉིད་ལྷའི་གནས་སུ་གྱུར་པར་རྣམ་པར་བསམ་པར་བྱའོ། །གང་གི་གནས་ཡིན་ཞེ་ན། དུས་གསུམ་གྱི་ཡེ་ཤེས་རྒྱ་མཚོ་སྟེ་དེ་བཞིན་གཤེགས་པའི་ཚོགས་སོ། །དེའི་ཁྱད་པར་ནི་འོད་ཟེར་ཕྲེང་བས་བརྒྱན་པ་ཞེས་སྦྱར་རོ། །རྒྱུད་ཕྱི་མ་ལས་མཆོད་རྟེན་ཇི་ལྟ་བུ་ལགས། །མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་བཞུགས་གནས་ཡིན་པར་བཤད། །ཅེས་སོ། །དེའི་འོག་ཏུ་བསྐྱེད་པའི་རིམ་པ་ལ་མཁས་པས་བདག་གི་བ་སྤུའི་བུ་ག་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི། ཕྱག་རྒྱའི་ཆོས་འབྱུང་དུ་གནས་པ་ལས་བསྐྱེད་པའི་ལྷའི་ཚོགས་ལ་མཆོད་པའི་སྤྲིན་ཞེས་བརྗོད་ལ། དེ་རྣམས་དབྱུང་ཞིང་སྤྲོ་བར་བྱའོ། །ཞེས་པ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ནོ། །གསུམ་པ་གཉིས་ཀའི་ཐུན་མོང་གི་མཆོད་པ་ལ་གཉིས་ཏེ་དྲང་དོན་དུ་བཤད་པ་ནི། རྣམ་དབྱེ་ཤེས་པའི་མཁས་པས། ཨུཏྤལ་དཀར་པོ་ལ་སོགས་པ་རིགས་ལྔའི་དབྱེ་བས་རྣམ་པ་ལྔ་ཡོད་པར་ཤེས་པར་བྱས་ཤིང༌། པདྨ་ཡང་ཁ་དོག་ལྔའི་དབྱེ་བས། ལྔར་ཤེས་པར་བྱའོ། །ཛཱ་ཏི་ལ་ཡང་རིགས་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། རིགས་ལྔ་དང་རིགས་གསུམ་གྱི་ལྷ་རྣམས་ལ་འབུལ་བར་བྱའོ། །དེ་བཞིན་མེ་ཏོག་ཀར་ནི་ཀ་དང༌། མ་ལི་ཀ་དང༌། ཡུག་ཏི་ཀ་དང༌། ཀ་ར་ཝི་ར་ཡང་བསམ་གཏན་གྱི་སྟོབས་ཀྱིས་བསམས་ནས། མཆོད་པ་རབ་ཏུ་བརྟག །ཅེས་བྱའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། དགོངས་པ་ལུང་སྟོན་ལས། གང་ཞིག་རླུང་ནི་བཅུར་གྲགས་པ། །དེ་ནི་པདྨ་ཨུཏྤལ་མིང༌། །དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། །ཛཱ་ཏི་གཅིག་པུ་གསུམ་དུ་འདོད། །ཀར་ཎི་ཀ་ར་མ་ལི་ཀ །ཡུག་ཏི་ཀ་ཀ་ར་བི་ར། །གོས་དཀར་རིམ་བཞིན་སྤྱན་སོགས་ཏེ། །དབང་ཆེན་སོགས་པར་འདིར་སྦྱར་རོ། །དངོས་མེད་གོ་འཕང་ལ་འགོད་པས། །ལྷ་རྣམས་ཀྱི་ནི་སྐུར་སྦྱོར་བ། །སངས་རྒྱས་ཐམས་ཅད་དགའ་མཉེས་པའི། །མཆོད་པ་ཆེན་པོ་དེ་འགྱུར་རོ། །དེ་ཉིད་མེ་ཏོག་ཡིན་དགོངས་ན། །ཕྱི་དུས་སྐྱེ་བོས་མི་ཤེས་སོ། །མ་རྟོགས་པས་ན་དེ་རྣམས་ཀྱི། །དངོས་གྲུབ་རིང་དུ་གནས་པར་འགྱུར། །ད་ནི་བདག་ཉིད་སྐལ་མིན་ཞེས། །སྨྲ་ཞིང་བདག་ཉིད་སྨོད་པར་བྱེད། །དེ་བཞིན་བདག་ཉིད་སྨད་པས་ན། །སངས་རྒྱས་ཐམས་ཅད་སྨད་པར་འགྱུར། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །མྱ་ངན་འདས་ལས་གཞན་དུ་འགྲོ། །ཞེས་གསུངས་སོ། །པདྨ་ལྔ?་ནི་རྩ་བའི་རླུང་ལྔ་བསྟན་ལ། ཨུཏྤལ་ལྔས་ནི་ཡན་ལག་གི་རླུང་ལྔ་བསྟན་ནོ། །མེ་ཏོག་ཀ་ནི་ཀ་སོགས་བཞིས་ནི་རླུང་བཅུ་པོ་དེ་དག་རླུང་གི་དཀྱིལ་འཁོར་བཞིས་བསྡུས་པར་བསྟན་ནོ། །ཛཱ་ཏི་གསུམ་ནི་སྣང་བ་གསུམ་མོ། །དངོས་མེད་གོ་འཕང་ལ་འགོད་པ་ཞེས་སོགས་ཚིག་རྐང་ལྔས་ནི། སྒྱུ་ལུས་འོད་གསལ་དུ་བཅུག་ནས། དེ་ལས་བཞེངས་ཏེ་ཟུང་འཇུག་གི་སྐུ་སྒོམ་པ་ཉིད་ལ་མཆོད་པར་བཤད་དོ། །དེ་ནི་རླུང་བཅུ་ལ་རྡོ་རྗེ་བཟླས་པ་བྱས་ཏེ། སེམས་གསུམ་རིམ་གྱིས་རྟོགས་ནས་སྒྱུ་ལུས་ཐོབ་ཅིང༌། དེ་ཉིད་འོད་གསལ་དུ་བཅུག་ནས། ཟུང་འཇུག་ཏུ་ལྡང་བ་ལ་སློབ་པ་ནི་མཆོད་པའོ། །ཞེས་པའོ། །ཕྱི་དུས་སྐྱེ་བོས་མི་ཤེས་ཞེས་སོགས་ཀྱིས་ནི། ལུང་གི་དགོངས་པ་མི་ཤེས་པའི་ཉེས་དམིགས་བསྟན་ནོ། །གསུམ་པ་གསང་བའི་དབང་བསྐུར་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། བླ་མའི་བྱ་བ་དང༌། སློབ་མའི་བྱ་བ་དང༌། གསང་བའི་དབང་བསྐུར་དངོས་སོ། །དང་པོ་ནི། བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ། །གང་ན། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ཇི་ལྟ་བུ་ཞེ་ན། ངོས་རེ་ཞིང་དཔག་ཚད་ཉི་ཤུ་རྩ་ལྔ་རྩ་ལྔ་པའི་དཔག་ཚད་རྒྱའི་ཁྱོན་ཙམ་དུ་ཆེ་བའོ། །འདིས་ནི་ཆེ་བ་ཙམ་གྱི་མཚོན་བྱེད་དོ། །གྲུ་བཞི་སྒོ་བཞི་པ་ལ་སོགས་ཡོན་ཏན་དང་ལྡན་པའོ། །གང་གིས་བསྒོམ་པར་བྱ་ན། རྣམ་སྣང་གི་རྣལ་འབྱོར་པས་སོ། །ཚུལ་ནི་རྟེན་གཞལ་ཡས་ཁང་བསྐྱེད་པའི་འོག་ཏུ་བག་ཡོད་དང་ལྡན་པའི་མཁས་པས། དུས་རྟག་ཏུ་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔའི་བདག་ཉིད་ཀྱི་ལྷ་རྣམས་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྣམ་བུ་རྣམས་སུ་ཅི་རིགས་པར་འགོད་པར་བྱའོ། །འཁོར་ལོའི་སྒྲས་རྣམ་སྣང་གི་དཀྱིལ་འཁོར་བསྟན་པ་དེ་བཞིན་དུ། པདྨ་དང༌། རྡོ་རྗེ་དང༌། རལ་གྲི་དང༌། ཨུཏྤལ་གྱི་དཀྱིལ་འཁོར་ཏེ། པདྨའི་དཀྱིལ་འཁོར་ནི་འོད་དཔག་མེད་ཀྱིའོ། །རྡོ་རྗེའི་ནི་མི་བསྐྱོད་པའིའོ། །རལ་གྲི་ནི་དོན་ཡོད་གྲུབ་པ་ཡིའོ། །ཨུཏྤལ་གྱི་དཀྱིལ་འཁོར་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ། །འདི་དག་མཁས་པས་བསྒོམ་ཞིང་ཤེས་པར་བྱའོ། །ཚད་ནི་དཔག་ཚད་བྱེ་བའི་ཁྱོན་ཙམ་སྟེ་ཆེ་བ་མཚོན་ནོ། །དབྱིབས་ནི་གྲུ་བཞི་ཤིན་ཏུ་མཛེས་པའོ། །ཁ་དོག་བཞི་དང་ལྡན་པས་རིན་ཆེན་སྣ་བཞིའི་རང་བཞིན་ནོ། །མཆོད་རྟེན་དང་འདྲ་བས་ན་མཆོད་རྟེན་ནོ། །དྭངས་པའི་ཚད་ནི་ཤེལ་ལྟར་ཁ་དོག་དཀར་བས་ན། གསལ་ཞིང་ཞེས་འབྱུང་ཡང༌། གསལ་བ་ཁོ་ན་འཛིན་པར་རིགས་སོ། །སྐྱོན་དང་བྲལ་བས་ན། རང་བཞིན་གྱིས་དྲི་མ་མེད་པའི་ཁྱད་པར་དང་ལྡན་པའོ། །འདི་དག་ནི་རིགས་ལྔའི་གནས་ཀྱི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །གང་གིས་ན། གསང་བའི་དབང་བསྐུར་ཤེས་པའི་རྣལ་འབྱོར་པ་ཤེས་རབ་ཅན་གྱིས་སོ། །དགོས་པ་ནི། མཆོད་པའི་ཕྱིར་ཏེ། གསང་བའི་དབང་བསྐུར་གྱི་ཆེད་དུའོ། །དེ་ལས་སྤྱིར་བུམ་པའི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསྐུར། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཚོགས་ཀྱི་དཀྱིལ་འཁོར་དུ་བསྐུར་བར་ཀླུ་སྒྲུབ་ཀྱིས་དཀྱིལ་ཆོག་ཉི་ཤུ་པ་ལས་བཤད། འགྲེལ་པར། ཡིད་ཀྱིས་སམ་བྲིས་པས་བསྐྱེད་པར་བྱ། །ཞེས་པ་ལ། ཡིད་ཀྱིས་ཞེས་པས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན། བྲི་བས་བསྐྱེད་ཅེས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་ནོ། །གཉིས་པ་སློབ་མའི་བྱ་བ་བསྟན་པ་ལ་གཉིས་ཏེ། ལྷ་དང་བླ་མ་ཐུན་མོང་དུ་མཆོད་པ། བླ་མ་ལ་ཁྱད་པར་གྱི་མཆོད་པ་འབུལ་བའོ། །དང་པོ་ནི། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་མཆོད་པ་སྣ་ཚོགས་པ། དཔག་ཏུ་མེད་པ་བརྩམས་པར་བྱའོ། །གང་ལ་ན། ལྷ་དང་བླ་མ་དེ་ལའོ། །འདོད་པའི་ཡོན་ཏན་ནི་རིན་པོ་ཆེ་དང༌། ན་བཟའ་དང༌། དུང་ལ་སོགས་པའི་སྒྲ་དང༌། ཙནྡན་ལ་སོགས་པའི་དྲི་རྣམས་སོ། །སུ་ཞིག་གིས་མཆོད་པར་བརྩམ་ཞེ་ན། བྱང་ཆུབ་ནི་གསང་དབང་ཡིན་ལ། དེ་འདོད་པས་སོ། །དགོས་པ་ནི། དྲི་མ་འཁྲུད་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །དུས་ནི་རྟག་ཏུ་སྟེ་ཉིན་རེ་ཞིང་མཆོད་པ་བརྩམ་པར་བྱའོ། །གཞན་ཡང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་མཆོག་ཏུ་གྱུར་པ་རྣམས་ཀྱིས་ཀྱང་རྟག་ཏུ་ལྷ་རྣམས་དང༌། བླ་མ་མཉེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ལེགས་པར་བསླབ་པའི་ཕྱག་རྒྱ་འབུལ་བ་དང༌། ཡོངས་སུ་བཟུང་བ་མེད་པའི་དངོས་པོ་ཁྱད་པར་ཅན་འབུལ་བའོ། །དང་པོ་ནི། འབྲལ་བར་བྱ་ཞེས་དྲང་ངོ༌། །གང་ལ་ན། སངས་རྒྱས་ཀུན་གྱི་བདག་ཉིད་བླ་མ་ལའོ། །གང་ན་ཟག་མེད་ཀྱི་བདེ་བ་བསྐྱེད་པས་ན་རིན་ཆེན་འབྱུང་གནས་དང༌། ལང་ཚོ་མ་ཉམས་པས་ན། ན་ཆུང་དང༌། བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་མཆོག་ཏུ་གྱུར་པ་པདྨ་ཅན་ནོ། །དེ་མཚོན་བྱེད་དོ། །དེའི་ཁྱད་པར་ནི་རིན་ཆེན་སྣ་ཚོགས་པ་དང༌། གོས་ལ་སོགས་པས་བརྒྱན་ཞིང་སྤྲས་པའོ། །དགོས་པ་ནི། འབད་པས་སྒྲུབ་པ་ཐུན་མོང་གི་དངོས་གྲུབ་དང༌། རབ་ཏུ་སྒྲུབ་པ་ཁྱད་པར་གྱི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱ་བའི་ཕྱིར་དུའོ། །གཉིས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཞིང་འདི། པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་དང༌། བཻ་ཌཱུརྻ་དང༌། མརྒད་དང༌། རྡོ་རྗེ་དང༌། མུ་ཏིག་དང༌། བྱུ་རུ་ཞེས་བྱ་བའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་མཁས་པས་ཉིན་རེ་ཞིང་འབུལ་བར་བྱའོ། །སློབ་མ་ཇི་ལྟ་བུ་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་འདོད་ཅིང༌། མཆོག་གི་དངོས་གྲུབ་འདོད་པའི་ཤེས་རབ་ཅན་གྱིས་སོ། །གསུམ་པ་གསང་བའི་དབང་བསྐུར་བ་ལ་གསུམ་སྟེ། ལྷ་བསྐྱེད་པ་སྔོན་དུ་འགྲོ་བའི་མཆོད་པ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པ་དང༌། དབང་བསྐུར་དངོས་བསྟན་པའོ། །དང་པོ་ནི། སློབ་མས་མཆོད་པ་ཕུལ་ནས། བླ་མས་ཅི་ཞིག་བྱ་ཞེ་ན། འབུལ་བར་བྱའོ། །གང་ན། རེག་བྱའི་སྦྱོར་བ་སྟེ། སྦྱོར་བ་ལས་བྱུང་བའི་རེག་བྱའི་བདེ་བའོ། །གང་ལ་ན། འདོད་ཆགས་ཀྱི་བློ་ཅན་གྱི་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལའོ། །གང་དུ་ན། སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་དག་ཏུའོ། །ཏིང་ངེ་འཛིན་ཇི་ལྟ་བུས་ཤེ་ན། བདག་པོའི་ཕྱག་རྒྱ་སྟེ་གཙོ་བོའི་དཀྱིལ་འཁོར་གྱི་ཕྱག་རྒྱ་མཉམ་པར་བཞག་ཅིང་བསྐྱེད་པར་བྱའོ། །གཉིས་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པའི་ལྷའི་དཀྱིལ་འཁོར་གྱི་བཀོད་པ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ནས་གཟུགས་ཀྱི་ཕུང་པོའི་རང་བཞིན་རྣམ་སྣང་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ། གཞན་ངོར་སྤྲུལ་པའི་སྐུར་འཛིན་པར་བྱ་བའི་ཕྱིར། བདག་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་རང་གི་ལུས་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པར་བསྐྱེད་ནས། བླ་མ་ལ་གཤང་བ་ཡུལ་དང་གཅི་བ་དབང་པོས་མཆོད་པར་བྱའོ། །མཆོད་པ་དེ་ཇི་ལྟ་བུ་ཞེ་ན། སློབ་མས་བསྟབས་པའི་བཞིན་བཟང་མཛེས་ཤིང་ཤིན་ཏུ་ཡིད་དུ་འོང་བའི་ན་ཆུང༌། རྡོ་རྗེ་ཐེག་པའི་སྣོད་དུ་རུང་བས་ན་སྐལ་བ་མཆོག་དང་ལྡན་པ་དེ་ཉིད། བྱིན་གྱིས་བརླབས་པའི་གནས་དེ། རྣམ་སྣང་ལ་སོགས་པའི་ས་བོན་ཨོཾ་ལ་སོགས་པ་གནས་ཇི་ལྟར་བ་བཞིན་དུ་བསམས་ཤིང་བཀོད་པས། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྙོམས་འཇུག་རབ་ཏུ་བརྟག་པ་སྟེ། དེ་ལ་གནས་པར་བྱའོ། །འདི་ནི་ཕྱིའི་མཆོད་པ་ལ་ལྟོས་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་བྱ་སྟེ། སྣང་གསུམ་གྱི་ཡེ་ཤེས་ཀྱི་རིམ་གྱིས་ཉོན་མོངས་པ་དག་པའི་གནས་དོན་དམ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར་རོ། །གསུམ་པ་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཆོད་པའི་འོག་ཏུ། མིག་ཡངས་ཏེ་བུད་མེད་དོ། །དེའི་པདྨ་ལ་གནས་པའི་བྱང་ཆུབ་སེམས་ཀྱི་ཁུ་བ་བླངས་ནས། བྱང་ཆུབ་ལས་མི་གཡོ་བའི་བསམ་པ་དང་ལྡན་པས་བརྟན་པའི་བློ་ལྡན་རྡོ་རྗེ་བླ་མས་བྱིན་པའི་བྱང་ཆུབ་ཀྱི་སེམས་འདིས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་སྙམ་པའི་བསམ་པས་བླངས་ནས་བཟའ་བར་བྱའོ། །བླ་མས་ཀྱང༌། བྱང་ཆུབ་ཀྱི་སེམས་དུང་ཕོར་སོགས་སུ་གཞུག་པ་དྲི་ཆུ་དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་སོགས་སྔོན་དུ་འགྲོ་བས། སློབ་མ་ལ་དབང་བསྐུར་བར་བྱའོ། །ཟླ་གསང་ཐིག་ལེ་ལས། པདྨའི་དབུས་ནས་རིན་ཆེན་འབར་བ་ཕྱུང་ནས་ནི། །མ་ལུས་རྒྱལ་བའི་སྐུ་ནི་ཀུན་ཏུ་སྙོམས་པ་ལ། །རྣམ་པར་དག་པའི་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །རིན་ཆེན་འབར་བའི་ཆར་གྱིས་སྤྱི་བོར་དབང་བསྐུར་རོ། །ཞེས་སོ། །གསང་བའི་དབང་བསྐུར་བ་འདི་ནི་ཐམས་ཅད་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། རྡོ་རྗེའི་རང་བཞིན་གྱི་སྐུ་གསུང་ཐུགས་བསྐྱེད་པས་སོ། །བྱ་རྒྱུད་ལ་སོགས་པ་རྣམས་ལ་སྦ་བར་བྱ་བས་ན་གསང་བའོ། །ཡེ་ཤེས་རྡོ་རྗེ་ཅན་ནི། སློབ་བཞིན་པའི་རྣལ་འབྱོར་པའོ། །སྔགས་ནི་འཇིག་རྟེན་པའི་དངོས་གྲུབ་སྟེར་བར་བྱེད་པའི་སྦྲུལ་ལ་སོགས་པའི་སྔགས་སོ། །དེས་ན་རྐང་པ་དང་པོ་གཉིས་ཀྱིས་མཆོག་གི་དངོས་གྲུབ། ཐ་མ་གཉིས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་བསྟན་ནོ། །ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །དབང་བསྐུར་བ་རྫོགས་པས་རྨད་དུ་བྱུང་བའི་བྱ་བས་ཀྱང༌། བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ལེའུ་དགུ་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། ལེའུའི་སྟོད་ནས་འདའ་བར་མི་བྱ་བའི་དམ་ཚིག་བསྟན་པ་དང༌། བར་ནས་གདུལ་བྱའི་ཐེ་ཚོམ་སེལ་བ་དང༌། སྨད་ནས་ངོ་མཚར་བའི་ཆེད་དུ་བརྗོད་པ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ལེའུ་བརྒྱད་པ་རྫོགས་པའི་རྗེས་དེ་ནས། རབ་ཏུ་བཤད་པར་བྱའོ། །སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ། རྡོ་རྗེ་འཆང་གིས་སོ། །དེའི་ཁྱད་པར་ནི། སྟོང་པ་བཞིའི་བདག་ཉིད་ཡིན་པས་ན། ནམ་མཁའོ། །དེ་ཉིད་ཀྱིས་ན་མི་འགྱུར་ཆེ་ཞེས་བྱའོ། །བྱ་རྒྱུད་སོགས་ཀྱི་དབང་བསྐུར་གྱི་སྤྱོད་པ་ལས་ལྷག་པས་ན་དབང་བསྐུར་སྤྱོད་པའི་མཆོག་གོ །ཀུན་དོན་ནི། རྣམ་པར་སྣང་མཛད་སོགས་ཀྱི་དེ་བཞིན་གཤེགས་པ་སྟེ། དངོས་གྲུབ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར། དབང་ཕྱུག་དམ་པ་ནི། དེ་རྣམས་ཀྱི་དབང་ཕྱུག་དྲུག་པ་རྡོ་རྗེ་འཆང་ངོ༌། །དེས་གང་ཞིག་བཤད་ཅེ་ན། རྡོ་རྗེ་མི་ཕྱེད་གསུམ་གྱི་དཀྱིལ་འཁོར་བཤད་ཅེས་སྦྱར་རོ། །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ཅེས་པ་ནི། རྣམ་སྣང་སོགས་རིགས་གསུམ་གྱི་དཀྱིལ་འཁོར་གང་དུ་སྤྱོད་པར་བྱ་བའི་དམ་ཚིག་ནི་ལོངས་སྤྱོད་དོ། །རྡོ་རྗེ་མི་ཕྱེད་པ་གསུམ་ནི། རྣམ་པར་སྣང་མཛད་ལ་སོགས་པ་རིགས་གསུམ་མོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་རྨད་དུ་བྱུང་བའོ། །ཉམས་དགའ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་ཁོ་ནའི་ཡུལ་ཡིན་པའི་ཕྱིར་རོ། །མཆོག་ནི་བྱང་ཆུབ་ཐོབ་པའི་ཐབས་ཡིན་པས་ཕུལ་དུ་བྱུང་བའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་མི་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྨད་དུ་བྱུང་བའི་དམ་ཚིག་གི་སྤྱོད་པ་དང༌། གདུལ་བྱའི་ཐེ་ཚོམ་བཟློག་པ་དང༌། ངོ་མཚར་བའི་ཆེད་དུ་བརྗོད་པའོ། །དང་པོ་ལ་ཡང་གཉིས་ཏེ། དྲང་དོན་དང༌། ངེས་དོན་ནོ། །དང་པོ་ལ་ཡང་ལྔ་ཡོད་པའི། མི་བསྐྱོད་པའི་དམ་ཚིག་གི་བསྒྲུབ་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་རྟེན་གྱི་ཁྱད་པར་ནི། ཕྲ་མོའི་རྣལ་འབྱོར་གྱི་སེམས་སྦྱངས་ཏེ། ཟླ་བ་དྲུག་ཏུ་བརྟུལ་ཞུགས་ཀྱི་སྤྱད་པའོ། །འདིས་འོག་མ་རྣམས་ཀྱི་རྟེན་ཀྱང་དེ་ཉིད་དོ། །གང་ལ་བྱ་བའི་ཡུལ་གྱི་ཁྱད་པར་ནི། དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་ལ་གནོད་པ་བྱེད་པ་སྟེ། འོག་ནས། མ་དད་སྨྲ་བའི་སེམས་ཅན་དང༌། །ཞེས་གསུངས་པ་ལྟར་རོ། །གནས་ཀྱི་ཁྱད་པར་ནི། ལེའུ་བཅུ་བཞི་པ་ལས། མ་མོའི་གནས་སམ་དུར་ཁྲོད་དམ། ཁང་སྟོང་དང་ནི་བཞི་མདོ་དང༌། །མཚན་གཅིག་དང་ནི་ཤིང་གཅིག་དྲུང༌། །མངོན་པར་སྤྱོད་པ་བརྩམ་པར་བྱ། །ཞེས་སོ། །དུས་ཀྱི་ཁྱད་པར་ནི་གཉིས་ཏེ། ཟླ་བའི་དུས་དང༌། ཉིན་ཞག་གི་དུས་སོ། །ཟླ་བའི་དུས་ནི་མར་ངོའོ། །ཉིན་ཞག་གི་དུས་ནི། ཉི་མའི་གུང་དང༌། མཚན་ཕྱེད་དོ། །བཤད་རྒྱུད་ལས། དབང་དང་མངོན་སྤྱོད་ལ་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མའི་གུང་དང་མཚན་ཕྱེད་དོ། །ཕྱོགས་ཀྱི་ཁྱད་པར་ནི། མེའི་ཕྱོགས་ཏེ། གསོད་པ་ཉིད་ལ་མེའི་ཕྱོགས། །ཞེས་སོ། །ཁ་དོག་གི་ཁྱད་པར་ནི། སྒྲུབ་པ་པོའི་ཆས་གོས་དང་མཆོད་རྫས་དང༌། ལྷའི་ཁ་དོག་རྣམས་ནག་པོར་བྱ་སྟེ། ནག་པོ་གསོད་པའི་ལས་ལའོ། །ཞེས་སོ། །བསམ་པའི་ཁྱད་པར་ནི། ཁྲོས་པའི་སེམས་ཀྱིས་བྱ་སྟེ། ཁྲོས་པའི་སེམས་ཀྱིས་གསོད་པ་ལ། །ཞེས་སོ། །ཁ་ཟས་ཀྱི་ཁྱད་པར་ནི། ལེའུ་དྲུག་པར། མངོན་སྤྱོད་ཀྱི་དུས་སུ་ཤ་ཆེན་ལ་སྤྱོད་པར་བཤད། ཆོ་གའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་བཞིའམ། གང་འབྱོར་གཅིག་དང་ལྷན་གཅིག་ཏུ་གནས་ཤིང༌། བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་གཞལ་ཡས་ཁང་བསྐྱེད་པའི་དབུས་སུ་རཾ་ལས་མེའི་དཀྱིལ་འཁོར་བསྐྱེད་ནས། དེར་ལྷག་མོས་བསྒོམ་ཞིང་བསྡུས་ནས། རྣལ་འབྱོར་བཞིའི་སྒོ་ནས་གཙོ་བོ་མི་བསྐྱོད་པ་བསྐྱེད། །ཟླ་བ་ལས་བྱང་ཆུབ་པའི་དོད་ཉི་མ་ལ་བྱས་ལ། ཡིག་འབྲུ་ལས་བྱང་ཆུབ་པ་ཧཱུྃ་རིང་པོ་དང༌། མཚན་མ་ལས་བྱང་ཆུབ་པ་རྡོ་རྗེ་རྩེ་དགུ་པ་རྩེ་མོ་གྱེས་པའོ། །དེ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་ཞལ་བཞི་པ། ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ་ཁ་གྱེས་པ་བསྣམས་པ་དང༌། སེམས་དཔའ་སུམ་རྩེག་བསྒོམས་པའི་ཏིང་ངེ་འཛིན་གྱི་འོད་ཟེར་གྱིས། མ་རུང་པ་འདུལ་བའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་པ་བསྡུས་ཏེ། བདག་ལ་བཅུག་པ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཆོས་འབྱུང་དུ་ལྷ་ཐམས་ཅད་ཀྱང་ཁ་དོག་ནག་པོ་ཁྲོ་ཞིང་འཁྲུགས་པའི་ཆ་ལུགས་དང་ལྡན་པར་བསྐྱེད་ལ། འབྱིན་སྔགས་ཀྱིས་ཕྱི་རོལ་ཏུ་སྤྲོ་བའི་དུས་སུ། ལྷ་ཕོ་ཐམས་ཅད་གཙོ་བོའི་གཡས་ཕྱོགས་སུ་འགོད། མོ་ཐམས་ཅད་གཡོན་ཕྱོགས་སུ་འགོད། གཞན་ཡང་འཇིག་རྟེན་པ་གནོད་སྦྱིན་དང༌། ཝ་དང་བྱ་རོག་དང༌། ལྕེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་གྱི་ཕྱི་རོལ་གང་བར་བསམས་ཏེ། ལེའུ་བཅུ་གསུམ་པ་ལས། ནམ་མཁའ་རྡོ་རྗེ་སྲིན་པོ་ནི། །དྲག་ཅིང་ཁྲོ་ལ་རབ་གཏུམ་དང༌། །ཝ་དང་བྱ་རོག་སྣ་ཚོགས་དང༌། །བྱ་རྒོད་ཁྱི་ཡིས་གང་བ་བསྒོམ། །ཞེས་གསུངས་སོ། །དེ་ནས་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས། མ་རུང་པ་འདུལ་བའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ནུས་པ་བསྡུས་ནས། སྔར་ལས་ཀྱང་ཁྲོས་པར་བསམ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་ཡང་རྡོ་རྗེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ཞེ་སྡང་གི་ཆ་ཤས་ཐམས་ཅད་འོད་ཟེར་ནག་པོའི་ཚུལ་དུ་བསྡུས་ནས། དེ་ལས་འབྱུང་པོའི་གཟུགས་བསམ་ལ། དགྲ་བོའི་ལུས་ལ་བསྟིམས་པས། དགྲ་བོ་རྡོ་རྗེ་གནོད་སྦྱིན་སྲིན་པོའི་གཟུགས་སུ་གྱུར་ཏེ། ཞལ་བཞི་པ། ཕྱག་བཞི་པ། སྟྭ་རེ་དང༌། ཐོ་བ་བསྣམས་པ་སྟེ། ལེའུ་བཅོ་ལྔ་པ་ལས། རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །རྣམ་པར་བསྒྲད་པ་འཇིགས་འཇིགས་ལྟ། །ཞེས་སོ། །ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔས་གང་བར་བསམས་ཏེ། དེ་ཐམས་ཅད་རྡོ་རྗེ་གནོད་སྦྱིན་དེས་གསད་དེ། གསད་པ་ཙམ་གྱིས་ལུས་འདར་བ་དང༌། ཏིལ་མར་གྱིས་བཀུས་པ་དང༌། སྲོག་བྱེ་བ། སྐྱབས་མེད་པ། སྐྲ་གྲོལ་བ། འགྱོད་པ་སྐྱེས་པར་བསམ། དེ་ནས་མདུན་ན་གནས་པའི་གནོད་མཛེས་ལ། སུམ་བྷ་ནི་སོགས་ཀྱི་སྒོ་ནས་བཀའ་བསྒོས་ཏེ། དེས་ཀྱང་བསྒྲུབ་བྱ་དེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན། མགྲིན་པ་ཞགས་པས་བཅིངས། སྙིང་ལྕགས་ཀྱུས་དྲངས་ཏེ་མདུན་དུ་བཞག་ལ། དེ་ལ་འདིས་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གསོད་དོ་ཞེས་པའི་དྲིལ་བསྒྲགས་ལ། དེ་ནས་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡིས་འཁོར་ལོ་རབ་སྦྱོར་བས། །ཞེས་སོགས་བརྗོད་པས། དགྲ་བོ་གཏུབས་པ་དང༌། འཇིག་རྟེན་པའི་ལྷ་དང༌། བྱ་རོག་དང༌། འུག་པ་ལ་སོགས་པས་ཀྱང༌། ཁྲག་དང་རྒྱུ་མ་ལ་སོགས་པའི་བར་འཐུངས་ཤིང་ཟོས་པར་བསམ་མོ། །དེ་ནས་དེའི་རྣམ་པར་ཤེས་པ་ཨ་དུམ་གྱི་གཟུགས་ཅན་ཟ་མ་ཏོག་ཏུ་བཅུག་སྟེ། གནོད་མཛེས་ཀྱིས་མི་བསྐྱོད་པའི་ཞིང་ཁམས་སུ་བསྐྱལ་ནས་བྱང་ཆུབ་སེམས་དཔར་སྐྱེ་བར་བསམ་མོ། །དེས་དགྲ་བོ་འཆི་ཞིང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡན་ལག་གི་དོན་ལ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པས་ནི། ཡེ་ཤེས་ཀྱི་ས་དང་གཞལ་ཡས་ཁང་བསྐྱེད་པ་བསྟན་ནོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པས་ནི། ལྷག་མོས་བསྒོམ་པ་བསྟན་ནོ། །མི་བསྐྱོད་རྡོ་རྗེ་རབ་བསྒོམས་ནས། །ཞེས་པས་ནི། དེ་ནས་རྣལ་འབྱོར་བཞིས་གཙོ་བོ་མི་བསྐྱོད་པ་བསྟན་ནོ། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ་ཞེས་པས་ནི། ཕྱག་མཚན་གྱི་གཙོ་བོ་བསྟན་ནོ། །རྡོ་རྗེའི་ཁྱད་པར་ནི། འོད་ཟེར་མང་པོ་འཕྲོ་ཞིང་འབར་བ་དང༌། འོད་ཟེར་སྣ་ལྔས་གང་བ་བསྒོམ་མོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་གི་དུས་སུ། དགྲ་བོ་གནོད་སྦྱིན་སྲིན་པོའི་གཟུགས་སུ་བསྐྱེད་ནས། རྗེས་ཐོགས་སུ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དང༌། དེ་བཞིན་གཤེགས་པས་གང་བར་བསྒོམ་པ་ནི། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་ཞེས་པས་བསྟན་ནོ། །དེ་དག་རྡོ་རྗེ་གནོད་སྦྱིན་གྱིས་གསད་ནས། སྟོང་པ་ཉིད་དུ་ཐིམ་པར་བསྒོམ་པ་ནི། རྡོ་རྗེས་ཕྱེ་མར་བརླགས་ཞེས་སོགས་རྐང་པ་གསུམ་མོ། །འགྲེལ་པ་ལྟར་ན། རང་མི་བསྐྱོད་པར་བསྐྱེད་ནས་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བྱས་ལ། རང་གི་རྡོ་རྗེ་འོད་ཟེར་སྣ་ལྔ་རབ་ཏུ་འབར་བས། དང་པོར་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཕྱེ་མར་བྱ་བ་སྟེ། སྟོང་པ་ཉིད་དུ་བྱས་པར་བསྒོམ་ཞིང༌། དེ་ནས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང༌། དེའི་ལོངས་སྤྱོད་ཀྱི་ཚོགས་ཕྱེ་མར་བྱས་ཏེ། སྟོང་པ་ཉིད་དུ་བསྒོམ་མོ། །ཞེས་བཞེད་དོ། །དེ་སྐད་དུ་ཡང༌། རྡོ་རྗེ་གསང་བ་འདི་ཡིས་ནི། །སེམས་ཅན་ཐམས་ཅད་གསད་ཅིང་སྟོང་པར་བྱས་ན་ཞེས་སོ། །འདིས་ཕན་ཡོན་ཅི་འཐོབ་ཅེ་ན། བསམ་གཏན་མཆོག་ཞེས་སོགས་ཚིག་རྐང་པ་དྲུག་སྟེ། ཐུགས་ཀྱི་དངོས་གྲུབ་ནི་མི་བསྐྱོད་པའོ། །གསད་ན་ནི་ཞེས་པ་ནི། སྟོང་པ་ཉིད་དུ་བྱས་ན་ནི་ཞེས་པའོ། །ཡང་ན་སྒྲུབ་པ་པོའི་ཕན་ཡོན་ནི། ཐུགས་ཀྱི་དངོས་གྲུབ་ཅེས་སྦྱར་རོ། །བསྒྲུབ་བྱའི་ཕན་ཡོན་ནི། རྡོ་རྗེ་གསང་བ་འདི་ལྟ་བུ། །ཞེས་སོགས་སོ། །གཞུང་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །གལ་ཏེ་གཅིག་པུའི་གསད་པ་ལ། །མང་པོ་ཉེ་བར་འདས་གྱུར་ན། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །བསོད་ནམས་ཕུང་པོ་འཕེལ་འགྱུར་གྱིས། །གཞན་ནི་སྡིག་པའི་ཕུལ་ཡིན་ནོ། །ཞེས་སོ། །གཏི་མུག་གི་རིགས་ཀྱི་དམ་ཚིག་ལ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། རྣམ་སྣང་གི་ཟློ་བ་པོས་ནོར་བླངས་པའི་སྒོ་ནས་སེར་སྣ་ཅན་གྱི་དོན་བྱ་བར་འདོད་ན། རྟེན་དང་དུས་སྔ་མ་བཞིན་ཡིན་ལ། ཡུལ་གྱི་ཁྱད་པར་སེར་སྣ་ཅན་ནོ། །གནས་ཀྱི་ཁྱད་པར་དགོན་པ་སོགས་ཡིད་དུ་འོང་བའོ། །ཕྱོགས་ཀྱི་ཁྱད་པར་གདུལ་བྱ་གང་ཡོད་པར་དེར་བལྟ་བའོ། །ཁ་དོག་གི་ཁྱད་པར་ནི། ནོར་གྱི་ཁ་དོག་དང་མཐུན་པའོ། །བསམ་པའི་ཁྱད་པར་ནི། སེར་སྣ་དང་བྲལ་བའི་བསམ་པའོ། །ཆོ་གའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་བཞིའམ། གང་ཡང་རུང་བ་དང་ལྷན་ཅིག་གནས་ཏེ། བསྲུང་བའི་འཁོར་ལོ་སྔར་དང་འདྲ་ལ། ཡིག་འབྲུ་ནི་ཨོཾ་མོ། །ཕྱག་མཚན་ནི་འཁོར་ལོའོ། །དེ་ལ་རྣམ་པར་སྣང་མཛད་སེམས་དཔའ་སུམ་རྩེག་རྣལ་འབྱོར་བཞིས་བསྐྱེད་པ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོ་ག་གསུམ་གྱིས་ལྷ་ནོར་གྱི་ཁ་དོག་དང་མཐུན་པར་བསྐྱེད་ནས། རང་རང་གི་གནས་སུ་བཀོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི་རྟེན་དེ་ལ་གནས་ཏེ། ལྷ་ཐམས་ཅད་ཀྱི་བ་སྤུའི་བུ་ག་ནས་འོད་ཟེར་ནོར་དང་ཁ་དོག་མཐུན་པ་ཞགས་པ་ལྟ་བུས་ནོར་བཅིངས་ཏེ། རང་གི་ལྕེའི་པདྨའི་སྟེང་དུ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་འདྲ་བ་འཕྲོས་པས་ནོར་དྲངས་ཏེ་བང་མཛོད་གང་བར་བསམ་མོ། །དེས་མཆོད་སྦྱིན་ཆེན་པོ་བྱས་ཏེ། བསྒྲུབ་བྱ་དང་སྒྲུབ་པ་པོ་གཉིས་ཀས་བསོད་ནམས་འཐོབ་བོ། །གཉིས་པ་ཡན་ལག་གི་དོན་ལ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་བཀའ་བསྩལ་ཏོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི། མི་ཤེས་པ་ནི་གཏི་མུག་ཅན་ནོ། །ཡང་དག་པའི་མཐའ་ཐོབ་པར་མཛད་པས་ན་ཐར་པ་རབ་ཏུ་བསྒྲུབ་པའོ། །ངོ་བོ་ཉིད་ཀྱིས་དག་པ་དང༌། དགེ་མི་དགེ་ལ་བླང་དོར་དུ་འཛིན་པ་མེད་པས། གོས་པ་མེད་པ་དང༌། སེར་སྣའི་དྲི་མ་སྦྱོང་བའི་བྱང་ཆུབ་ཀྱི་སྤྱོད་པ་རབ་ཏུ་སྟོན་པས་སོ། །གང་ན་ཐབས་ཕྱིན་ཅི་མ་ལོག་པས་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་ཅིང༌། ཡང་དག་པའི་རྫས་འགུགས་པའི་དམ་ཚིག་གོ །ལས་སྦྱོར་དངོས་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་ཞེས་པ་ནི། བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པའོ། ལྷག་མོས་བསྒོམ་པ་ནི། འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པས་བསྟན་ནོ། །རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པ་ནི། རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །ཞེས་པའོ། །དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་བ་ནི། །སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །ཞེས་པའོ། རིན་ཆེན་ཀུན་ནི་དཀར་བོ་ལ་སོགས་པའི་མདོག་དང་ལྡན་པའི་རིན་པོ་ཆེའི་རྫས་སོ། །དེ་ལེན་པའི་ཐབས་ནི་དེའི་སྦྱོར་བའོ། སྦྱོར་བ་དེ་གང་ཞེ་ན། བླང་བྱའི་རིན་པོ་ཆེ་དེའི་ཁ་དོག་དང་མཐུན་པའི་རྡོ་རྗེའི་གཟུགས་ཏེ་མི་བསྐྱོད་པ་ལ་སོགས་པ་རབ་ཏུ་བརྟག་པ་སྟེ་སྤྲོའོ། ལས་རྒྱལ་མཆོག་ནི། ནོར་རྣམས་ཐམས་ཅད་འཕྲོགས་ནས་སུ། །ཞེས་སོགས་ཏེ། ཇི་ལྟར་འགུགས་པར་བྱ་ཞེ་ན། རྡོ་རྗེ་གསུམ་སྒོམ་པ་ཉིད་ཀྱིས་སོ། །སྐུ་རྡོ་རྗེས་དགུགས་པ་ནི། བ་སྤུ་ནས་འོད་ཟེར་ནོར་གྱི་ཁ་དོག་དང་མཐུན་པར་སྤྲོས་ཏེ། རིན་པོ་ཆེའི་རྫས་བཅིངས་པའོ། །གསུང་རྡོ་རྗེས་འགུགས་པ་ནི། ལྕེའི་དབུས་སུ་ཡི་གེ་ཧྲཱིཿབཀོད་པའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་སོ། །ཐུགས་རྡོ་རྗེས་འགུགས་པ་ནི། དྲངས་པ་དེ་ཉིད་ཁྱིམ་དུ་བཞག་པར་ཡིད་ཀྱིས་བསྒོམ་པའོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། གནས་སྐབས་ཀྱི་འབྲས་བུས་རང་གི་ཁྱིམ་མི་ཟད་པའི་ནོར་གྱི་རྒྱ་མཚོས་རབ་ཏུ་གང་བར་འགྱུར་བའོ། མཐར་ཐུག་གི་འབྲས་བུས་སངས་རྒྱས་ཀུན་གྱི་སྲས་རྣམས་ཀྱི་གཙོ་བོ་དང༌། ཕྱིས་ཐུབ་པའི་སྐྱེས་བུ་རྣམས་སུ་འགྱུར་རོ། །ཉེ་བར་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ལ་གཉིས་ཏེ། སྤྱིའི་དོན་ནི། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས། འདོད་ཆགས་ཀྱི་དམ་ཚིག་སྙོམས་འཇུག་གི་སྒོ་ནས་གཞན་དོན་བྱ་བར་འདོད་ན། ཡུལ་གྱི་ཁྱད་པར་འདོད་ཆགས་ཅན་ནོ། །དུས་དང་གནས་སྐབས་དང་ཕྱོགས་ཀྱི་ཁྱད་པར་བརྗོད་ཟིན་ཏོ། །ཁ་དོག་གི་ཁྱད་པར་དམར་པོར་བྱའོ། །བསམ་པའི་ཁྱད་པར་ནི་ཆགས་སེམས་ཀྱིས་སོ། །ཆོ་གའི་ཁྱད་པར་ནི། བསྲུང་འཁོར་དང་ཕྱག་རྒྱ་སོགས་སྔར་ལྟར་ཡིན་ལ། ཁྱད་པར་ནི་མངོན་བྱང་ལྔས་འོད་དཔག་ཏུ་མེད་པ་བསྐྱེད་དེ། ཡི་གེ་ཨཱཿདང་ཕྱག་མཚན་པདྨ་ནི་ཁྱད་པར་རོ། །དེ་ནས་རྣལ་འབྱོར་བཞིས་སེམས་དཔའ་སུམ་རྩེག་གི་བར་བསྐྱེད་པ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོ་ག་གསུམ་གྱིས་ལྷ་རྣམས་ཁ་དོག་དམར་པོར་བསྐྱེད་པ་སོགས་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི། བསྒྲུབ་བྱ་མདུན་དུ་བཞག་སྟེ། རྣལ་འབྱོར་བཞིས་གོས་དཀར་མོ་བསྐྱེད་ནས། ཀ་ར་ནའི་སྦྱོར་བ་སྔོན་དུ་འགྲོ་བས་སྙོམས་འཇུག་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཆུད་པ་ལ་སོགས་པར་འགྱུར་རོ། །ཡན་ལག་གི་དོན་ལ་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་བཀའ་བསྩལ་ཏོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །གང་ན། ཆགས་ཅན་འདུལ་བའི་དོན་དུ་ཆགས་བཅས་ལྟ་བུའི་གཟུགས་སུ་བསྐྱེད་ནས། གཞན་ལ་སྡུག་བསྔལ་དང་བྲལ་བའི་ཐར་པ་སྒྲུབ་པར་མཛད་པས་ན། འདོད་ཆགས་ཐར་པ་རབ་སྒྲུབ་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས། གསང་བ་དག་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པས་ན། དམིགས་པ་མེད་པ་འོད་དཔག་མེད་ཀྱི་དམ་ཚིག་དཀྱིལ་འཁོར་རོ། །ལས་སྦྱོར་དངོས་ནི། གཞལ་ཡས་ཁང་དང་བཅས་པ་བསྐྱེད་པའི་བར་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་པའོ། །ལྷག་མོས་ནི། པདྨའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོ། །རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པ་ནི། འོད་དཔག་མེད་ནི་རབ་བསྒོམས་ཏེ། །ཞེས་སོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། སངས་རྒྱས་རྣམས་ཀྱིས་ཐམས་ཅད་ནི་དགང་ཞིང་ཞེས་པའོ། །བསྒྲུབ་བྱ་རྣལ་འབྱོར་བཞིས་གོས་དཀར་མོར་བསྐྱེད་པ་ནི། བུད་མེད་ལྟ་བུར་ཞེས་པ་རྐང་པ་གསུམ་མོ། །དེ་ཉིད་ལ་སྙོམས་པར་འཇུག་པ་ནི། འདི་ནི་རྡོ་རྗེ་ཞེས་སོགས་རྐང་པ་གསུམ་མོ། །ཕན་ཡོན་ནི་ཅི་ཐོབ་ཅེ་ན། བཤད་མ་ཐག་པའི་སྦྱོར་བ་འདི་ནི། སྔགས་རྣམས་སྒྲུབ་པ་པོ་ཐམས་ཅད་ཀྱིས་མི་ཕྱེད་པའི་ཆོས་སྐུ་སོགས་སྐུ་གསུམ་སྒྲུབ་ཅིང༌། བསྐྱེད་པར་བྱེད་པའི་བསམ་གཏན་ནོ། །གཞུང་ཉེ་བར་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ལ། སྤྱི་དོན་ནི། དོན་ཡོད་གྲུབ་པའི་རྣལ་འབྱོར་པས། ལས་ཀྱི་རིགས་ཀྱི་དམ་ཚིག རྫུན་སྨྲ་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་འདོད་ན། ཡུལ་གྱི་ཁྱད་པར་རྫུན་སྨྲས་འདུལ་བའི་སེམས་ཅན་ནོ། །དུས་དང་གནས་དང་ཕྱོགས་ནི་སྔ་མ་ལྟར་རོ། །ཁ་དོག་གི་ཁྱད་པར་བསྙེན་པའི་དུས་བཞིན་ནོ། །བསམ་པའི་ཁྱད་པར་ནི་རྫུན་དུ་སྨྲ་བས་སེམས་ཅན་ལ་ཕན་འདོགས་པར་འདོད་པས་སོ། །ཆོ་གའི་ཁྱད་པར་ནི། ཕྱག་རྒྱ་དང་བསྲུང་འཁོར་སོགས་སྔ་མ་ལྟར་ཡིན་ལ། ཁྱད་པར་མངོན་བྱང་ལྔས་དོན་ཡོད་གྲུབ་པར་བསྐྱེད་དེ། ཡི་གེ་ཧ་དང་ཕྱག་མཚན་རལ་གྲིའོ། །དེ་ནས་རྣལ་འབྱོར་བཞིས་སེམས་དཔའ་སུམ་རྩེག་བསྐྱེད་པ་ནི་དང་པོའི་སྦྱོར་བའོ། །དཀྱིལ་འཁོར་རྒྱལ་མཆོག་སྔ་མ་བཞིན་ནོ། །ལས་རྒྱལ་མཆོག་ལ་གཉིས་ཏེ། རྫུན་པའི་དོན་ཅན་སྒོམ་པ་ལ་སྦྱོར་བ་དང༌། དངོས་སུ་རྫུན་སྨྲ་བ་ལ་སྦྱར་བའོ། །དང་པོ་ནི། སེམས་ཅན་ཐམས་ཅད་མདུན་དུ་བསྒོམས་ལ། ཆོས་ཐམས་ཅད་ནི་རྫུན་པ་སླུ་བའི་ཆོས་ཅན། སྒྱུ་མ་ལྟ་བུ་ཞེས་ཚིག་ཏུ་བརྗོད་ཅིང་ཡིད་ལ་བསྒོམ་མོ། །མདོ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་རྫུན་པ་སྒྱུ་མ་ལྟ་བུའོ། །ང་ཡང་དེ་བཞིན་དུ་སྟོན་པར་བྱེད། དེས་ན་ང་ནི་རྫུན་དུ་སྨྲའོ། །གཉིས་པ་ནི། གཞན་དག་སྡིག་པ་ལས་ལྡོག་པ་དང༌། སྡུག་བསྔལ་ལས་སྐྱོབ་པའི་ཕྱིར། དགོས་པ་ཡོད་ན། ཡང་དང་ཡང་དུ་རྫུན་དུ་སྨྲ་བར་བྱ་སྟེ། གཞན་རྣམས་བདེ་བར་བྱ་ཕྱིར་དང༌། །སློབ་དཔོན་བདེ་བའི་རྒྱུ་དང་ནི། །དཀོན་མཆོག་གསུམ་ལ་གནོད་པ་ལ། །རྟག་པར་རྫུན་དུ་སྨྲ་བར་བྱ། །ཞེས་པ་ལྟར་རོ། །ཡན་ལག་གི་དོན་ལ། དང་པོ་ལ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས། བཀའ་བསྩལ་ཏོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེ་ཉིད་ལ་རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པ་ཞེས་བྱ་སྟེ། རྡོ་རྗེ་བཟླས་པ་སྟོན་པས་གདུལ་བྱའི་དོན་སྒྲུབ་པར་མཛད་པས་སོ། །སྒྱུ་མ་ལྟ་བུའི་སྐུ་དང་ལྡན་པས་ན་བདག་མེད་པའོ། །ཆོས་ཀྱི་སྐུ་ལས་བྱུང་བས་ན། །ཡེ་ཤེས་ལས་བྱུང་བའོ། །གང་བཀའ་བསྩལ་ན། འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །ལས་སྦྱོར་དངོས་ནི། གཞལ་ཡས་ཁང་དང་བཅས་པའི་བར་བསྒོམ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་རོ། །ལྷག་མོས་བསྒོམ་པ་ནི། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའོ། །རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པ་ནི། རྡོ་རྗེ་དོན་ཡོད་རབ་བསྒོམ་པ། །ཞེས་སོ། །དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་ནི། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའོ། །ལས་རྒྱལ་མཆོག་ནི། ཚིག་རྐང་པ་དྲུག་སྟེ། ཆོས་ཐམས་ཅད་རྫུན་པར་སྟོན་པའི་ངག་ནི། རྡོ་རྗེའི་གནས་ཏེ། དེ་ལ་གནས་ནས། ཆོས་ཐམས་ཅད་གཟུགས་ཏེ། སྒྱུ་མ་ལྟ་བུའི་རྣམ་པར་བསྒོམ་པར་བྱའོ། །དེས་ཅི་ཞིག་བྱ་ཞེ་ན། རྒྱལ་བའི་གནས་ནི་སེམས་ཅན་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་སོ། །རྒྱལ་བ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་སོ། །བསླུ་བར་བྱ་ཞེས་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བརྗོད་ཅིང༌། ངོ་བོ་ཉིད་མེད་པར་བསྒོམ་པར་བྱ། །ཞེས་པའི་དོན་ནོ། །བཤད་མ་ཐག་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་འདིས་ནི། ནམ་མཁའ་དང་འདྲ་བར་དངོས་པོ་མེད་ཅིང་དྲི་མ་མེད་པའོ། །ཕན་ཡོན་ནི། ཡེ་ཤེས་ཞེས་སོགས་རྐང་པ་གཉིས་སོ། །གཞུང་ཉེ་བར་བསྡུ་བ་ནི། འདི་ནི་ཞེས་སོགས་ཏེ། དམ་ཚིག་འགུགས་པའི་རིགས་ནི་དོན་ཡོད་གྲུབ་པའོ། །དེའི་དམ་ཚིག་ནི། གཞན་ངོར་རྫུན་སྨྲ་བ་ལ་སོགས་པའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་བསྟན་པ་ལ་གཉིས་ལས། དང་པོ་སྤྱིའི་དོན་ནི། རིན་འབྱུང་གི་རྣལ་འབྱོར་པས། དེའི་རིགས་ཀྱི་དམ་ཚིག ཚིག་རྩུབ་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པས་ན། གཞན་སྔ་མ་བཞིན་ཡིན་ལ། ཡུལ་གྱི་ཁྱད་པར་ནི། ཚིག་རྩུབ་ཀྱིས་འདུལ་བའི་གང་ཟག་གོ། དུས་དང་གནས་དང་ཕྱོགས་སྔ་མ་ལྟར་ཡིན་ནོ། །ཁ་དོག་ནི་བསྙེན་པའི་དུས་བཞིན་ནོ། །བསམ་པའི་ཁྱད་པར་ནི། ཚིག་རྩུབ་སྨྲས་པས་དོན་བྱ་བར་འདོད་པས་སོ། །ཆོ་གའི་ཁྱད་པར་ནི་གཞན་སྔར་ལྟར་ཡིན་ལ། མངོན་བྱང་ལྔས་རིན་འབྱུང་བསྐྱེད་ལ། ཡི་གེ་སྭ་དང་ཕྱག་མཚན་རིན་པོ་ཆེའོ། །རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པ་ནི་དང་པོའི་སྦྱོར་བའོ། །དཀྱིལ་འཁོར་རྒྱལ་མཆོག་ཡང་སྔ་མ་ལྟར་རོ། །ལས་རྒྱལ་མཆོག་ནི། ཚིག་རྩུབ་སྨྲས་པས་འདུལ་ན་དངོས་སུ་སྨྲ་བར་བྱའོ། །ཕན་ཕོན་ནི། རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱས་ནས་ཟུང་འཇུག་ཐོབ་པའོ། །ཡན་ལག་གི་དོན་ལ་གསུམ་ལས། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་བཀའ་སྩལ་ཏོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེ་ཉིད་རྡོ་རྗེ་གསུམ་མི་ཕྱེད་པ་ཡང་ཡིན་ལ། རྒྱལ་བ་ཐམས་ཅད་བསྐྱེད་པའི་གནས་ཡིན་པས་ན། རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས་སོ། །རྡོ་རྗེ་འཆང་གིས་དངོས་གྲུབ་སྟོན་པས་ན་རྡོ་རྗེ་དངོས་གྲུབ་སྟོན་པས་སོ། །གང་ན། འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །ལས་སྦྱོར་དངོས་ནི། གཞལ་ཡས་ཁང་གི་བར་དུ་བསྐྱེད་པ་ནི། ནམ་མཁའི་དབྱིངས་ཞེས་སོགས་སོ། །ལྷག་མོས་བསྒོམ་པ་ནི། དམ་ཚིག་དཀྱིལ་འཁོར་ཞེས་སོགས་སོ། །གཙོ་བོ་བསྐྱེད་པ་ནི། དཀོན་མཆོག་དཔལ་ཞེས་སོགས་སོ། །དཀྱིལ་འཁོར་རྒྱལ་མཆོག་ནི། གཟུགས་རྣམས་ཀུན་གྱི་ཅེས་པའོ། །ལས་རྒྱལ་མཆོག་ཕན་ཡོན་དང་བཅས་པ་ནི། རྩུབ་པའི་ངག་ཞེས་སོགས་ཞེས་སོ། །གཞུང་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ཞེས་སོགས་སོ། །རྡོ་རྗེ་བཀོད་པ་ནི་རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེའི་ཚིག་དེ་དག་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། འཁོར་གྱིས་གསོལ་བ་བཏབ་པ་དང༌། སྟོན་པས་ཞལ་གྱིས་བཞེས་པ་དང༌། ལན་དངོས་བསྟན་པའོ། །དང་པོ་ནི། དགོངས་པ་ལུང་སྟོན་ལས། དེ་ནས་དགོངས་པའི་ཆོས་གཅིག་པུ། །དམ་ཚིག་དེ་ཉིད་དོན་གསུང་བ། །གཙོ་བོ་ཀུན་མཁྱེན་ཐམས་ཅད་རིག །མགོན་ལ་ཕྱག་ན་རྡོ་རྗེས་གསོལ། །དེ་བཞིན་ཉིད་དང་དངོས་གཅིག་པའི། །དུས་གསུམ་འབྱུང་བའི་སངས་རྒྱས་གང༌། །ཆོས་སྐུ་གཅིག་པུ་ལས་འཁྲུངས་པ། །ཇི་ལྟར་རྡོ་རྗེས་ཕྱེ་མ་བརླག །དེ་རྣམས་ཕྱེ་མར་བརླགས་ནས་ནི། ཇི་ལྟར་ཡན་ལག་སེམས་འགྲུབ་འགྱུར། །འདས་པ་ཡི་ནི་སྟོན་པ་དང༌། །ད་ལྟར་རྗེས་སུ་སྟོན་མཛད་དང༌། །མཉེས་བྱ་མ་བྱོན་སངས་རྒྱས་རྣམས། །རྫོགས་པའི་བྱང་ཆུབ་རྩོལ་བ་པོ། །མི་བསྐྱོད་གཟུགས་ཅན་རྡོ་རྗེ་ཡིས། །མགོན་པོ་དེ་རྣམས་ཇི་ལྟར་གཞོམ། །སྣ་ཚོགས་དོན་ལྡན་ཚིག་དེ་ཡི། །དེ་ཉིད་ཇི་ལྟར་རྟོགས་པར་འགྱུར། །གང་ཞིག་ཤེས་པས་རྒྱལ་སྲས་རྣམས། །དགོངས་དོན་ལ་རྟོག་མེད་འགྱུར་བ། །མ་འོངས་སྐྱེ་བོའི་དོན་དུ་ནི། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །ཞེས་སོ། །དོན་ནི། རྩ་རྒྱུད་དུ། དུས་གསུམ་པའི་སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྡོ་རྗེས་བཅོམ་པས་ཐུགས་ཀྱི་དངོས་གྲུབ་ཐོབ་ཅེས་བཤད་པ་ན། སངས་རྒྱས་ནི་རྡོ་རྗེས་གཞོམ་པར་མི་ནུས་ཤིང༌། བཅོམ་ནའང་དངོས་གྲུབ་ཐོབ་པར་མི་རིགས་ལ། མི་བསྐྱོད་པ་ཡང་སངས་རྒྱས་ལ་ཕན་འདོགས་བྱེད་ཀྱི་བྱེད་པ་པོ་ཡིན་པས། དེ་དག་འཇོམས་པར་མི་རིགས་པས། དེ་དག་འཇོམས་པའི་དགོངས་པ་ཅི་ལགས་ཞེས་དྲིས་པའོ། །དེས་མཚོན་ནས། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང༌། ཚིག་རྩུབ་སོགས་སྨྲ་བའི་དོན་གང་ལགས་ཞུས་ཞེས་པའང་དོན་གྱིས་བསྟན་ནོ། །གཉིས་པ་ནི། དགོངས་པས་བཤད་པའི་དོན་འདི་ནི། ཁྱེད་ཀྱིས་ང་ལ་གང་དྲིས་པ། །གསུང་དོན་ཇི་ལྟ་ཇི་ལྟར་བར། །དེ་ནི་ང་ཡིས་བཤད་པར་བྱ། །ཞེས་པའོ། །གསུམ་པ་ལན་དངོས་ཀྱིས་ལས་སྦྱོར་ངེས་དོན་དུ་བསྟན་པ་ནི། རིགས་ལྔའི་ཟློ་བ་པོས་རང་རང་གི་སྒྱུ་མ་ལྟ་བུའི་སྐུ། འོད་གསལ་དུ་བཅུག་ནས། སླར་ཡང་ཟུང་འཇུག་གི་སྐུར་བཞེངས་ཏེ། རང་རང་གི་རིགས་ལྔ་གང་ཡང་རུང་བ་ཞིག་ཏུ་བསྒྱུར་ནས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། ལས་རྒྱལ་པོ་མཆོག་ལ་སློབ་པའི་ཏིང་ངེ་འཛིན་དེ་ཉིད་ལ་ལྡོག་པའི་དབྱེ་བས། སྲོག་གཅོད་པ་ལ་སོགས་པའི་ཐ་སྙད་བྱས་ཏེ། ཏིང་ངེ་འཛིན་དེ་ཉིད་ཀྱིས་ཐ་མལ་པའི་ཕུང་པོ་སོགས་འོད་གསལ་དུ་བཅུག་པས་མི་སྣང་བར་བྱས་པ་ལ། སྲོག་གཅོད་སོགས་དང་སངས་རྒྱས་ཀྱི་ཡོན་ཏན་ལེན་པ་ལ་རྫས་འཕྲོག་པ་དང༌། བདེན་གཉིས་དབྱེར་མེད་དུ་སྦྱོར་བ་ལ་དབང་པོ་གཉིས་སྦྱོར་དང༌། ཆོས་ཐམས་ཅད་རྫུན་པའི་དོན་ཅན་དུ་སྟོན་པས་ན་རྫུན་དུ་སྨྲ་བ་དང༌། དེ་ཉིད་དངོས་པོར་སྨྲ་བའི་རྣ་བར་མི་འོང་བས་ཚིག་རྩུབ་དུ་བཏགས་སོ། །དེ་ལ་ཞེ་སྡང་གི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། མི་བསྐྱོད་འདི་ནི་སྤྲུལ་པ་སྟེ། །མི་ཕྱེད་པ་དེ་རྡོ་རྗེ་འགྱུར། །དེ་ཡི་ལག་པ་མ་རིག་ཡིན། །དེར་ནི་རྡོ་རྗེ་འོད་གསལ་བའོ། །དེ་ལས་ཡེ་ཤེས་རང་བཞིན་སྐུ། །འོད་ཟེར་སྣ་ལྔ་ཡང་དག་འབར། །ཕུང་སོགས་གང་བཤད་སངས་རྒྱས་ཏེ། །རྡོ་རྗེ་གསུམ་སྐྱེས་དུས་གསུམ་འབྱུང༌། །སྐུ་ནི་རྡོ་རྗེས་ཕྱེར་བརླག་པ། །རང་བཞིན་ཕུང་པོ་བཤིག་པའོ། །འདི་ནི་ཞེ་སྡང་རིགས་ཡིད་འོང༌། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་སྐྱེས། །དེའི་ཞིང་དུ་སྐྱེ་བ་མཆོག །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །མི་བསྐྱོད་རྡོ་རྗེ་རབ་བསྒོམ་ཞེས་པ་ལ། མི་བསྐྱོད་སྤྲུལ་པ་ནི། ལོངས་སྐུ་རང་གི་ལྷག་པའི་ལྷར་བསྒྱུར་བའི་སྤྲུལ་སྐུ་ཡིན་ལ། དེ་ལོངས་སྐུ་དང་དབྱེར་མི་ཕྱེད་པ་ནི་རྡོ་རྗེའོ། །ལག་ཏུ་རྡོ་རྗེ་བསྒོམས་ཞེས་པ་ལ། ལག་པ་ནི་སྒྱུ་ལུས་འཇུག་པའི་ཐ་མ་མ་རིག་པ་ཡིན་ལ། རྡོ་རྗེ་ནི་འོད་གསལ་ལོ། །འོད་འཕྲོ་མང་པོ་ནི། འོད་གསལ་ལས་བཞེངས་པའི་ཡེ་ཤེས་ཀྱི་སྐུ་འོད་ཟེར་འབར་བའོ། །དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེས་ཕྱེ་མར་བརླག་ཅེས་པ་ལ། སངས་རྒྱས་ནི་སྒྱུ་ལུས་ཀྱི་ཕུང་པོ་སོགས་དང༌། སྐུ་གསུང་ཐུགས་རྡོ་རྗེ་ནི་དེའི་ལུས་ངག་ཡིད་གསུམ་མོ། །རྡོ་རྗེས་ཕྱེ་མར་བརླག་པ་ནི་སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །ཞེ་སྡང་གི་རིགས་ཡིད་དུ་འོང་བ་ནི་འོད་གསལ་ལོ། །མི་བསྐྱོད་ཡེ་ཤེས་ནི་ཟུང་འཇུག་གོ །གཏི་མུག་གི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། དེ་ནི་དཔལ་ལྡན་བདེ་ཆེན་པོ། །ཡེ་ཤེས་ཐར་པ་སྒྲུབ་པ་པོ། །རང་བཞིན་དག་ཅིང་གོས་མེད་པ། །བྱང་ཆུབ་སྤྱོད་པ་རབ་བསྒྲུབས་པས། །ཕྱག་ན་རྡོ་རྗེ་འོད་ཆེམས་པོ། །གསང་བ་ཀུན་གྱི་གཙོ་བོ་ལ། །བོས་ནས་རྫོགས་པའི་སངས་རྒྱས་ཀྱི། །སྒྲུབ་པ་དམ་ཚིག་དེ་ཉིད་གསུམ། །ཆོས་ནི་རིན་ཆེན་རབ་འཇུག་པས། །རྡོ་རྗེ་སེམས་དཔའ་རྣམས་བསྒོམས་ཏེ། །ལུས་དེ་ཡི་ནི་རྣམ་ཀུན་ཏུ། །རྣམ་སྨིན་ཅན་རྣམས་ཕྲོགས་པ་ནི། །རྫོགས་པའི་བྱང་ཆུབ་རབ་སྒྲུབ་པ། །གཞན་གྱི་རྫས་རྣམས་ཕྲོགས་པའོ། །དེས་ནི་ཡིད་བཞིན་ནོར་མཉམ་པའི། །ནོར་གྱི་རྒྱ་མཚོས་རབ་ཏུ་འགེངས། །འདི་ནི་གཏི་མུག་རིགས་དག་གི །དམ་ཚིག་དེ་ཉིད་ཡིན་པར་བསྒྲགས། །དེ་ལ་སྒྲུབ་པའི་དམ་ཚིག་གསུམ་ནི་དབེན་པ་གསུམ་མོ། །རིན་པོ་ཆེའི་ཆོས་ནི་སྒྱུ་ལུས་སོ། །རབ་འཇུག་ནི་དེ་འོད་གསལ་དུ་བཅུག་པའོ། །རྡོ་རྗེ་སེམས་དཔའ་རབ་ཏུ་སྒོམ་པ་ནི། འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པའོ། །རྫས་ཕྲོགས་པ་ནི། མ་དག་པའི་ཕུང་པོ་བཅོམ་ནས་སངས་རྒྱས་ཀྱི་ཡོན་ཏན་ལེན་པའོ། །སྤྲུལ་སྐུར་བསྒྱུར་བ་ནི། དེས་ནི་ཡིད་བཞིན་ནོར་མཉམ་པའི་ཞེས་སོགས་ཀྱི་རྐང་པ་གཉིས་སོ། །གཏི་མུག་གི་རིགས་དག་པ་ནི་འོད་གསལ་ལོ། །དམ་ཚིག་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་ནི་ཟུང་འཇུག་གོ །འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། དཔག་མེད་ཚེ་ནི་སྒྱུ་མའི་སྐུ། །དེར་ནི་ཕུང་པོ་ལ་སོགས་དགང༌། །ཤེས་རབ་ཕ་རོལ་ཕྱིན་ལྡན་པའི། །ཕུང་པོ་ལ་སོགས་དེར་བྱའོ། །སྟོང་པ་བཞིའི་མཉམ་སྦྱར་ལས། །བྱང་ཆུབ་ཀྱི་ནི་ཚུལ་མཆོག་བྱ། །ཀུན་རྫོབ་དང་ནི་དོན་དམ་དག །འདི་ནི་དབང་པོ་གཉིས་སྦྱར་ལས། །ཟུང་དུ་འཇུག་པར་གྲགས་པ་ནི། །དེ་དག་གཉིས་མེད་དེའི་སྦྱོར་བ། །དེ་ལ་མཉམ་བཞག་གི་སྦྱོར་བ་ཡིས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོའི་ཚུལ་མཆོག་གོ །དཔག་མེད་ཚེ་ནི་ཞེས་པ་ནི་སྒྱུ་ལུས་སོ། །ཕུང་པོ་ལ་སོགས་དགང༌། །ཞེས་པ་ནི་ཕུང་པོ་སྒྱུ་ལུས་སུ་བྱ་བའོ། །ཤེར་ཕྱིན་འོད་གསལ་ཡིན་ལ། དེར་བྱ་བ་ནི་སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །སྟོང་པ་བཞི་དང་འོད་གསལ་མཉམ་པར་སྦྱོར་བ་ལས་བྱང་ཆུབ་ནི། དེ་ལས་བྱུང་བའི་མི་སློབ་པའི་ཟུང་འཇུག་གོ །ཚུལ་མཆོག་ནི། དེ་ཐོབ་པའི་ཐབས་སློབ་པའི་ཟུང་འཇུག་གོ །དབང་པོ་གཉིས་ནི་བདེན་གཉིས་ཡིན་ལ། སྦྱོར་བ་ནི། བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་གོ །མཉམ་བཞག་སྦྱོར་བ་ནི། བདེན་པ་གཉིས་ལ་མཉམ་པར་སྦྱོར་བའི་ཡེ་ཤེས་ཉེ་བར་སྤྱད་ཅེས་སྦྱར་རོ། །གང་ན། ཕུང་པོ་དེ་དག་ཐམས་ཅད་དོ། །བདེན་གཉིས་མཉམ་པར་སྦྱོར་བ་འདི་ནི་འདོད་ཆགས་ཆེན་པོའི་ཚུལ་མཆོག་སྟེ། རྡོ་རྗེ་འཆང་ངོ༌། །ལས་ཀྱི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། གང་ཞིག་ཕྱི་ནང་བདག་ཉིད་ཆེ། །འདི་དག་ཐམས་ཅད་རྫུན་པར་བརྗོད། །རྣམ་རྟོག་འཆིང་ལས་གྲོལ་བྱང་ཆུབ། །འདི་ནི་དོན་ཡོད་དམ་ཚིག་གོ །ཕྱི་ནང་ཞེས་སོགས་ཀྱིས་ནི། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་རྫུན་པའི་དོན་ཅན་སྒྱུ་ལུས་སུ་བསྟན་ནོ། །རྣམ་རྟོག་འཆིང་ལས་གྲོལ་ཞེས་པ་ནི་འོད་གསལ་ལོ། །བྱང་ཆུབ་ནི་ཟུང་འཇུག་གོ །དོན་ཡོད་དམ་ཚིག་ནི་སྤྲུལ་སྐུར་བསྒྱུར་བའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། ཕུང་སོགས་དངོས་མེད་སྟོན་པའི་ཚིག །སྙན་མིན་གང་ཡིན་རྩུབ་ངག་སོགས། །དེ་དོན་རྣལ་འབྱོར་པས་བསླབས་ནས། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་ཏེ། ཕུང་སོགས་ནི་སྒྱུ་ལུས་སོ། །དངོས་མེད་ནི་འོད་གསལ་ལོ། །ཕུང་སོགས་འོད་གསལ་དུ་བཅུག་པའི་ཚིག་ནི་དངོས་སྨྲའི་ངོར་སྙན་པ་མིན་པས་རྩུབ་པའི་ངག་གོ །དེའི་དོན་ལ་བསླབས་ན་ཟུང་འཇུག་གི་བྱང་ཆུབ་ཐོབ་ཅེས་བསྟན་ནོ། །རྨད་དུ་བྱུང་བའི་དམ་ཚིག་སྤྱོད་པ་བསྟན་ཟིན་ཏོ། །གཉིས་པ་གདུལ་བྱའི་ཐེ་ཚོམ་བཟློག་པ་ལ་གཉིས་ཏེ། འཁོར་གྱི་དྲི་བ་བཀོད་པ་དང༌། སྟོན་པས་ལན་བསྟན་པའོ། །དང་པོ་ནི། དམ་ཚིག་ལྔའི་རྡོ་རྗེའི་ཚིག་གི་ངེས་དོན་མི་ཤེས་པ་རྣམས་ཀྱི་ཐེ་ཚོམ་གསལ་བའི་དོན་དུ། ཐེ་ཚོམ་སྐྱེས་པ་ལྟར་བཅོས་ནས་ཞུས་པ་སྟེ། དམ་ཚིག་ལྔ་བསྟན་པའི་རྗེས་ཐོགས་དེ་ནས། རིན་ཆེན་ཏོག་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ན་སྨད་པའི་ཚིག་གིས་ཏིང་ངེ་འཛིན་ཁྱད་པར་ཅན་སྟོན་པ་ཐོས་པས། ངོ་མཚར་ཞིང་རྨད་དུ་བྱུང་བར་གྱུར་ནས་འོག་ནས་འབྱུང་བ་འདི་སྨྲས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། །རྡོ་རྗེའི་གནས་འདི་ཅིའི་སླད་དུ་གསུང༌། །ཞེས་སྦྱར་རོ། །གང་དུ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་གསུངས། གང་ན། སྲོག་གཅོད་སོགས་འཇིག་རྟེན་ན་སྨད་པའི་ལས་ཀྱིས་དངོས་གྲུབ་ཐོབ་བོ་ཞེས་པ་འདི་ལྟ་བུ། རྨད་དུ་བྱུང་བའི་ཚིག་གི་ལམ་རྟོགས་པ། རྡོ་རྗེའི་ཚིག་འདི་གསུང་ངོ༌། །གསུང་བར་མི་རིགས་པའི་དོན་ནི། རྡོ་རྗེ་འཆང་ནི། དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང༌། ཁམས་གསུམ་ནི་ཐོས་བསམ་སྒོམ་གསུམ་མོ། །དེའི་སྒོ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་ཤིང་རྒལ་བས་སོ། །གཉིས་པ་ལན་བསྟན་པ་ལ་གཉིས་ཏེ། དམ་ཚིག་དང་སྤྱོད་པའི་སྒོ་ནས་བསྔགས་པ་དང༌། བདེན་པ་གཉིས་ཀྱི་སྒོ་ནས་བསྔགས་པའོ། །དང་པོ་ནི། དེ་ལྟར་ཐེ་ཚོམ་དྲིས་པའི་རྗེས་ཐོགས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ། །གང་ལ་ན། རྡོ་རྗེ་ཏོག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལའོ། །རིགས་ཀྱི་བུ་ཞེས་བོས་ནས། ཐེ་ཚོམ་སྐྱེས་པའི་སྒོ་ནས་དམན་པའི་འདུ་ཤེས་དང༌། འཇིག་རྟེན་གྱི་སྨད་པའི་འདུ་ཤེས་འདི་ལྟ་བུ་མ་བསྐྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་སྟེ། སྔགས་ཀྱི་དམ་ཚིག་ལྔ་དྲང་དོན་དུ་བཤད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ལ། དེ་ཡང་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལ་ལྟོས་ནས་མཆོག་གི་སྤྱོད་པའོ། །སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །ཞེས་པའི་དོན་ནོ། །བླ་མ་གང་གིས་དེ་ཁོ་ན་ཉིད་ཟློ་བ་ནི་སྔགས་ཡིན་ལ། བླ་མ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དེ་རྣམས་ཀྱི་སྤྱོད་པ་ནི་དམ་ཚིག་ལྔའི་ངེས་དོན་སྒྱུ་ལུས་འོད་གསལ་དུ་བཅུག་ནས། ཟུང་འཇུག་ཏུ་བཞེངས་ཏེ་སྤྲུལ་སྐུར་བསྒྱུར་བ་ལ། མཉམ་པར་བཞག་པའི་སྦྱོར་བས་སྤྱོད་པ་སྟེ། ཚེ་འདི་ལ་ཐ་མལ་པའི་ཕུང་པོ་སྤངས་ནས། ངོ་བོ་ཉིད་ཡོངས་སུ་བརྗེ་བའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་འཆང་གིས་བདེན་གཉིས་ཐུགས་སུ་ཆུད་པར་བསྟན་པ་སྟེ། ནམ་མཁའ་ནི་དོན་དམ་ཡིན་ལ། རྗེས་སུ་སོང་བ་ནི་ཁྱབ་པ་སྟེ། རྟེན་འབྱུང་གི་ཆོས་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཕུང་པོ་སོགས་ཀྱི་ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའི་འོད་གསལ་གྱི་ཁོངས་སུ་གཏོགས་པའི་ཕྱིར་ཏེ། བདེན་གཉིས་དབྱེར་མེད་པའི་ཕྱིར་རོ། །ཆོས་ཉིད་དེ་ཡང་རྒྱལ་ཆེན་རིགས་བཞི་ལ་སོགས་འདོད་པའི་ཁམས་ན་ཡང་མི་གནས། གཟུགས་ཀྱི་ཁམས་ན་ཡང་མི་གནས། གཟུགས་མེད་པའི་ཁམས་ན་ཡང་མི་གནས། འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་ཏེ། ཐམས་ཅད་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ནི་ཚུལ་དེ་ལྟར་གང་དུ་ཡང་མི་གནས་པར་རིག་པར་བྱའོ། །སྔ་མས་ནི་དོན་དམ་བཟུང་ལ། ཕྱི་མས་ནི་ཐམས་ཅད་དེ་བཞིན་དུ་རིག་པར་བྱའོ་ཞེས་གདམས་སོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཕྱི་ནང་གི་ཆོས་དོན་དམ་པར་སྟོང་པ་ཉིད་ཡིན་པའི་དོན་གྱི་དབང་འདི་མཁྱེན་ནས། ཡང་ཀུན་རྫོབ་ཀྱི་རབ་དབྱེ་སེམས་ཅན་གྱི་བསམ་པའི་དབྱེ་བ་ཡང་མཁྱེན་ནས། སེམས་ཅན་གྱི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་འཆད་པ་མཛད་དོ། །བཤད་མ་ཐག་པའི་ཚུལ་དེ་ལྟར། ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་པའི་ཚིག་ངེས་པར་བརྗོད་པས། དེ་བཞིན་གཤེགས་པ་ལྔའི་དམ་ཚིག་གི་ངེས་དོན། འོད་གསལ་དང་ཟུང་འཇུག་རྗེས་སུ་རིག་པར་བྱའོ། །དོན་དམ་པའི་བདེན་པ་བསྟན་ནས། ཐུན་མོང་མིན་པའི་རྡོ་རྗེའི་སྐུ་བསྐྱེད་པའི་ཐབས་སྟོན་པ་ནི། དཔེར་ན་གཙུབ་ཤིང་དང༌། གཙུབ་སྟན་དང༌། མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས། དང་པོར་དུ་བ་འབྱུང་ཞིང་དེ་ནས་མེ་འབྱུང་བར་འགྱུར་མོད་ཀྱི། མེ་དེ་ཡང་དཔྱད་ན་གཙུབ་ཤིང་ལ་སོགས་པ་རེ་རེ་ལ་མི་གནས་ཤིང༌། དེ་དག་མེད་པར་ཡང་མི་འབྱུང་ངོ༌། །དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྟོང་པ་འོད་གསལ་ཡིན་ལ། རྡོ་རྗེ་ནི་ཆེན་པོ་སྟོང་པ། དམ་ཚིག་ནི་ཤིན་ཏུ་སྟོང་པ། རྗེས་སུ་ནི་སྟོང་པ་སྟེ། སྣང་བ་གསུམ་ཡིན་ལ། ཟུང་འཇུག་གི་སྐུ་དེ་ཡང་སྟོང་པ་བཞི་པོ་རེ་རེ་ལས་མི་འབྱུང་ཞིང༌། དེ་དག་མེད་པར་མི་འབྱུང་ལ་བརྟེན་ནས་འབྱུང་བར་རིགས་པར་བྱའོ། །འདིས་ནི་ཟུང་འཇུག་ལས་འབྱུང་བའི་རྒྱུ་བསྟན་པ་ཡིན་ནོ། །སྟོང་པ་བཞི་པོ་དེ་ལ་བརྟེན་ནས་ཟུང་འཇུག་ཇི་ལྟར་འབྱུང་ཞེ་ན་འགྲོ་བ་དང་འོང་བ་ལ་སོགས་པ་སྟེ། འགྲོ་ཞེས་པ་ནི། སྒྱུ་ལུས་འོད་གསལ་དུ་འགྲོ་བ་ཡིན་ལ། འོང་བ་ནི། ཆེན་པོ་སྟོང་པ་སོགས་ཀྱིས་བསྟན་པའི་ལུགས་ལྡོག་གི་སྣང་བ་གསུམ་ལས། ཟུང་འཇུག་གི་སྐུར་ལྡང་བའོ། །སོགས་པའི་སྒྲས་ནི། འོད་གསལ་ལས་ཟུང་འཇུག་དོན་དམ་འགྲོ་འོང་མེད་པར་བསྟན་ནོ། །གསུམ་པ་ངོ་མཚར་བའི་ཆེད་དུ་བརྗོད་པ་ནི། འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བ་བསྟན་པའི་རྗེས་ཐོགས་དེ་ནས། བྱང་ཆུབ་སེམས་དཔའ་དེ་དག་སྣང་བ་གསུམ་དང་སྒྱུ་མ་ལྟ་བུར་རྟོགས་པས་ངོ་མཚར་དུ་གྱུར། ཆོས་ཉིད་རྟོགས་པས་རྨད་དུ་གྱུར། ཐབས་ཀྱི་ཡེ་ཤེས་སྐྱེས་པས་རྔམས་ཤིང་མིག་གདངས་ཏེ། འོག་ནས་འབྱུང་བའི་ཚིག་འདི་སྐད་ཅེས་སྨྲས་སོ། །བཤད་པ་མཚར་ཞེས་དྲང་ངོ༌། །གང་ན། རྨད་བྱུང་ཆེན་པོ་དོན་དམ་པའི་ཆོས་ཐམས་ཅད་ལ་རྗེས་སུ་སོང་བ་ནམ་མཁའ་དང་མཚུངས་པ་རྟོག་གེས་བརྟག་བྱ་མིན་པས་རྣམ་པར་མི་རྟོག་པ། ཆོས་ཐམས་ཅད་རྣམ་པར་དག་པ་ལ། ཀུན་རྫོབ་དག་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་འབྱུང་བ་གང་ཡིན་པ་དེའོ། །སྣང་མེད་འོད་གསལ་ལས། ཟུང་འཇུག་སྣང་བཅས་ལྡང་བ་ངོ་མཚར་ཆེ། །ཞེས་པའོ། །ལེའུ་མཚན་དོན་ནི། འོད་གསལ་གྱིས་དག་པར་བྱས་པའི་ཟུང་འཇུག་ནི་དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཡིན་ལ། དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་སྟོན་པའི་གཞུང་གི་ཚོགས་ལའང་དེ་སྐད་ཅེས་བྱའོ། །ལེའུ་དགུ་པའི་རྣམ་བཤད་དོ།། ༈ །རིམ་པ་གཉིས་ལ་གནས་ཤིང༌། སྤྱོད་པ་གསུམ་བྱེད་པའི་ནུས་པ་ཐོབ་ཀྱང༌། དངོས་གྲུབ་རྙེད་པར་མ་གྱུར་ན་རང་གི་ལྷ་ལ་སྙིང་པོ་བསྐུལ་བར་བྱའོ་ཞེས་བསྟན་པའི་དོན་དུ། ལེའུ་བཅུ་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་ནས་མཚམས་སྦྱར་བ་དང༌། བར་ནས་སྟོན་པའི་གསུང་གིས་རིམ་གཉིས་ཀྱི་ལྷའི་སྙིང་པོ་བསྐུལ་བ་བསྟན། སྨད་ནས་སྙིང་པོ་བསྐུལ་བའི་འབྲས་བུ་བསྟན་ནོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། འཁོར་གྱིས་སྟོན་པ་ལ་གསོལ་བ་བཏབ་པ་དང༌། སྟོན་པས་སྙིང་པོ་བསྐུལ་བའི་ཆོ་ག་བསྟན་པའོ། །དང་པོ་ནི། ལེའུ་དགུ་པ་རྫོགས་པའི་རྗེས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད། ལེའུ་དང་པོར་བཤད་པའི་རྡོ་རྗེ་འཆང་ལ་མཆོད་དོ་ཕྱག་འཚལ་བའི་རིམ་པས་ཡང་གཅིག་ཏུ་འདུས་ཏེ་འདི་སྐད་ཅེས་གསོལ་ཏོ། །ཞེས་སྦྱར་རོ། །གང་ལ་ན། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ། རྡོ་རྗེ་འཆང་ལའོ། །དེ་ཉིད་བདེན་གཉིས་དབྱེར་མེད་ཀྱི་མཚན་ཉིད་ཅན་ཡིན་པས། དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པར་མཛད་པའི་དེ་བཞིན་གཤེགས་པའོ། །ཅི་ཞིག་བྱས་ནས་གསོལ་ཞེ་ན། ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཞེས་བོས་ནས་བཤད་དུ་གསོལ་ཞེས་སྦྱར་རོ། །གང་ན། དངོས་གྲུབ་སྒྲུབ་པ་ལ་མི་སླུ་བའི་དེ་ཉིད་ཀྱི་སྔགས་ནི། ཨོཾ་ལ་སོགས་པའི་ཡི་གེ་འབྲུ་གསུམ་མོ། །དེ་ནི་སྦྲུལ་ལ་སོགས་པའི་སྔགས་རྣམས་ཀྱི་སྙིང་པོ་བཏུས་པའོ། །འབྲུ་གསུམ་དེ་ཉིད་ཀྱི་ཁྱད་པར་ནི། སྐུ་དང་གསུང་ཐུགས་ཏེ། དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱིས་གསང་བར་བསྒྲགས་པ་ཞི་བ་ལ་སོགས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཚུལ་མཆོག་ཏུ་གྱུར་པ་མི་སླུ་བས་ན་ཡང་དག་པའོ། །གསོལ་བ་བཏབ་པའི་རྗེས་དེ་ནས་བཀའ་བསྩལ་ཏོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་གིས་སོ། །དེའི་ཁྱད་པར་ནི། ཆགས་སོགས་ཉོན་མོངས་པ་ཤིན་ཏུ་མང་པོ་དང་ལྡན་པ་རྒྱ་མཚོ་ལྟ་བུ་རྣམས་ཀྱི་སྡུག་བསྔལ་སོགས་ཟིལ་གྱིས་མནན་ནས། མཆོག་ཏུ་དགའ་བ་ལ་རོལ་བས་ན་གཙོ་བོའོ། །སྡུག་བསྔལ་བསྲེག་པས་ན་འབར་བ་དྲག་པོའོ། །རབ་ཏུ་རྒྱས་པའི་སྤྱན་མངའ་བས་ན། སྤྱན་ཡངས་པའོ། །ཁྱད་པར་འདི་དག་དང་ལྡན་པས་ཅི་ཞིག་བཀའ་བསྩལ་ཞེ་ན། འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །གཉིས་པ་ལ་གཉིས་ཏེ། བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་དང༌། རྫོགས་རིམ་པའི་སྙིང་པོ་བསྐུལ་བའོ། །དང་པོ་ལ་ལྔ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་མི་དམིགས་པ་བསྒོམ་པ་དང༌། སྙིང་པོ་བསྐུལ་བའི་གཞི་འགོད་པ་དང༌། སྙིང་པོ་བསྐུལ་བའི་ཆོ་ག་དངོས་དང༌། སྙིང་པོ་བསྐུལ་བའི་དུས་ཀྱི་ཚད་དང༌། བསྐུལ་མ་བསྐུལ་གྱི་སྐྱོན་ཡོན་བསྟན་པའོ། །དང་པོ་ནི། ལུས་དང་ངག་དང་ཡིད་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ཚུལ་གྱིས་དབྱེར་མེད་པ་སྒོམ་མོ། །ཚུལ་ཇི་ལྟར་ན། ལུས་ངག་ཡིད་གསུམ་ཐ་དད་རྣམ་པར་མ་རྟོག་པར་དབྱེར་མེད་པ་དང༌། གཅིག་ལ་གཅིག་རྟེན་པའི་ཚུལ་དུ་མི་དམིགས་པ་དང༌། གསུམ་པོ་སྟོང་པ་ཉིད་དུ་རོ་གཅིག་པས་གང་ནའང་མི་གནས་ཤིང་མཉམ་པ་ཉིད་ཀྱི་ཚུལ་དུའོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་བསྩལ་ཏོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་ཡོངས་སུ་དག་པའི་ཕ་རོལ་ཏུ་ཕྱིན་པ་སྤྱན་ལ་སོགས་པ་དང༌། སྔགས་རྣམ་སྣང་ལ་སོགས་པ་ཡབ་ཡུམ་ཕན་ཚུན་རྗེས་སུ་ཆགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །མི་འཇིགས་པས་ན་རྡོ་རྗེའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བོས་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད། མཱ་མ་ཀི་ལ་སོགས་པ་དང་ལྷན་གཅིག་སྤྱོད་པ་དང༌། རྗེས་སུ་སྤྱོད་པའི་དབྱེ་བས། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ་ཡུལ་ཉེ་བར་སྤྱད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་ལ། གདུལ་བྱའི་བསམ་པ་དང་མཐུན་པར་གར་གྱིས་རོལ་པའི་ཚུལ་དུ་གཅིག་ཉིད་དུ་མར་སྟོན་པར་མཛད། ཚུལ་ཇི་ལྟར་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཀླས་པར། གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། རོལ་ཅིང་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་དགྱེས་པར་བཞུགས་ཞིང༌། སླར་ཡང་མཆོད་པ་མཛད་པའི་སྒོ་ནས་ཡོངས་སུ་སྤྱད་པ་ཡོད་ཀྱང༌། དེ་བཞིན་གཤེགས་པ་དེ་དག་སྔགས་སྨྲ་བ་རྣམ་པ་བཞིའི་སྒོ་ནས་ཞི་བ་ལ་སོགས་པའི་ལས་ལ་འཇུག་པའི་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་སྤྱན་རས་ཀྱིས་མི་འཚོ་སྟེ། དེ་རྒྱུ་གང་གི་ཕྱིར་ཞེ་ན། ཀྱེ་མ་སྔགས་ལ་གཞོལ་བ་འདི་དག་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་སྤྱོད་པའི་ཚུལ་རྣམ་པ་བདུན་རྫོགས་རིམ་པས་ཡོངས་སུ་བཟུང་བར་བྱ་བའི་ཆོས་ཐོན་པ་སྟེ། ཕྱི་རོལ་དུ་ཐོན་པའི་ཚུལ་གྱིས་སྤྱོད་པའི་ཕྱིར། ཚུལ་བདུན་ནི། དཀྱིལ་འཁོར་ཚོགས་དང་ཐབས་དང་ནི། །གཏོར་མ་འདུས་དང་རིམ་པ་དང༌། །དེ་ཉིད་རྣམ་པ་བདུན་དུ་གྲགས། །དེ་ནི་སྔགས་ཀྱི་ཚུལ་ཞེས་བཤད། །ཞེས་སོ། །ངག་ཏུ་ཕྱིར་མི་བཟླ་བའི་དོན་ཡང་རྡོ་རྗེ་ཕྲེང་བ་ལས། སྔགས་ནི་ཚིག་ཏུ་བརྗོད་མི་བྱ། །མཆུ་འགུལ་བར་ཡང་མི་མངོན་ཞིང༌། །ཅུང་ཟད་མགྲིན་པ་བརྗོད་སྒྲ་ཡིས། །སྔགས་ཀྱི་རྒྱལ་པོ་དེ་ལྟར་བཟླ། །ཞེས་སོ། །གཞན་གྱིས་ནི་མ་རྟོགས་སོ། །གསུམ་པ་སྙིང་པོ་བསྐུལ་བའི་ཆོ་ག་དངོས་ལ་གསུམ་སྟེ། འབྲུ་གསུམ་བཟླས་པ་ཕན་ཡོན་དང་བཅས་པ་དང༌། ལྷའི་རྣལ་འབྱོར་དང་ཐུགས་བསྐུལ་བ། བཟློ་བ་པོའི་སོ་སོའི་བྱེ་བྲག་དང་བཅས་པའོ། །དང་པོ་ནི། སྔགས་ལ་གཞོལ་བ་ལ། དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་མི་འཚོ་བར་གཟིགས་ནས། སྤྱན་རས་ཀྱིས་འཚོ་བའི་ཐབས་འབྲུ་གསུམ་ཕན་ཡོན་དང་བཅས་པ་སྟོན་ཏེ། སྔགས་ལ་གཞོལ་བ་ཙམ་ལ། དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་མི་འཚོ་བ་དེ་བས་ན། སྐྱེས་བུ་དམ་པ་ཆེན་པོ་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བཙལ་བའི་ཕྱིར་འོག་ནས་འབྱུང་བ་འདི་གསུངས་སོ། །འགའ་ཞིག་སྐྱེས་བུ་དམ་པ་ཞེས་སོགས་བཙལ་བ་ཡུལ་ལ་འདོད་པ་ནི་ནོར་རོ། །གསུངས་པ་དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བར་གྱུར་པ། སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ཐུགས་བསྐུལ་བར་བྱེད་པ་སྣོད་མ་ཡིན་པ་ལ་རབ་ཏུ་གསང་བ། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྔགས་པ་རྣམས་ཀྱིས་ཡིད་ལ་བྱ་བའི་དམིགས་པ་ཡི་གེ་ཨོཾ་དང༌། ཞེ་སྡང་གི་རིགས་ཅན་གྱི་རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྔགས་པས་ཡི་གེ་ཧཱུྃ་དང༌། འདོད་ཆགས་ཀྱི་རང་བཞིན་ཅན་གྱི་ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག སྔགས་པས་དམིགས་པ་ཡི་གེ་ཨ་འོག་ནས་འབྱུང་བ་འདི་དག་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་རྡོ་རྗེ་ལས་ཨོཾ་དང༌། གསུང་རྡོ་རྗེ་ལས་ཨཱ་དང༌། ཐུགས་རྡོ་རྗེ་ལས་ཧཱུྃ་རྣམས་ཕྱུང་ངོ༌། །གང་གིས་ན། ཚིག་གི་ལམ་ཞལ་ནས་ངེས་པར་བརྗོད་པས་སོ། །ཇི་ལྟར་གསུང་ན། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གི་ངོ་བོ་ཉིད་ཀྱི་ཡི་གེ་རྣམས་བསྡུས་པར་གྱུར་པའི་སྔགས་བསྡུས་པ་ཡི་གེ་གསུམ་པོ་འདི་ལྟ་བུ་གསུངས་སོ། །སྔགས་བསྡུས་པ་གསུངས་པའི་འོག་དེ་ནས། ཡི་གེ་གསུམ་པོ་འདི་ནི་གསུངས་པ་ཙམ་གྱིས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་དང༌། སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ། རྡོ་རྗེ་འཆང་ཆེན་པོ་བཟུང་བར་འོས་པའི་སེམས་ཅན་རྣམས་ལ་གཟིགས་པས། དགའ་བ་རྒྱ་ཆེན་པོ་ཐོབ་པས། འདར་ཞིང་བརྒྱལ་བར་གྱུར་ནས། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ། སེམས་ཅན་ཐམས་ཅད་རྗེས་སུ་འཛིན་བྱེད་དུ་རྗེས་སུ་དྲན་པའོ། །གཉིས་པ་ལྷའི་རྣལ་འབྱོར་ལ་གཉིས་ཏེ། སྤྱིའི་དོན་ནི། རྫོགས་རིམ་པ་དང༌། སྔགས་ལ་མཆོག་ཏུ་གཞོལ་བའི་བསྐྱེད་རིམ་པ་དང༌། འབྲུ་གསུམ་ངག་ཏུ་བཟློ་བ་པོའི་རྡོ་རྗེ་བཟླས་པ་རྣམས་ལ། དངོས་གྲུབ་འབྱུང་བ་སྙིང་པོ་བསྐུལ་བ་ལ་ལྟོས་པས། ཕྲེང་སྔགས་དང༌། མཚན་སྔགས། ཟློ་བ་པོའི་དབང་དུ་བྱས་ནས་སྙིང་པོ་བསྐུལ་བ་གསུངས་ལ། དེ་ལ་ཐུན་མོང་གི་བསྙེན་པ་མཐར་ཕྱིན་ཞིང༌། བརྟུལ་ཞུགས་ཀྱི་སྤྱོད་པ་མ་བྱས་པ་ཞིག ཕྲེང་སྔགས་དང་མཚན་སྔགས་ཀྱི་སྒོ་ནས་ཞི་སོགས་ཀྱི་ལས་མ་གྲུབ་ན། ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་འཆང་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་མོས་པ་ཙམ་གྱིས་བསྒོམ་པ་དང༌། སྔགས་ཀྱི་རྒྱལ་པོ་འབྲུ་གསུམ་བཟླ་བའི་སྒོ་ནས་རང་གི་ལྷ་ལ་སྙིང་པོ་བསྐུལ་བར་བྱའོ། །དེ་ཡང་རྣལ་འབྱོར་བཞིས་རྡོ་རྗེ་འཆང་བསྐྱེད་ལ། ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་ནུས་པ་བསྡུས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་བསྐྱེད་ལ། རྨེ་ཤ་ཅན་གྱི་བུ་མོ་རེག་བྱ་རྡོ་རྗེ་མར་བསྐྱེད་དེ། སྙོམས་པར་ཞུགས་པ་ལས་ཆོས་འབྱུང་དུ་ལྷ་ཐམས་ཅད་བསྐྱེད་ནས། ལྷ་རང་རང་གི་ངོ་བོ་ཉིད་དུ་སྤྲོས་ཏེ། རང་རང་གི་གནས་སུ་བཀོད་ཅིང་སེམས་དཔའ་སུམ་རྩེག་ཏུ་བྱའོ། །དེ་ནས་སྒྱུ་མ་ལྟ་བུའི་དོན་བསྒོམས་ལ། ལྷ་རྣམས་ཀྱི་ཏིང་འཛིན་སེམས་དཔའ་འོད་ཟེར་གྱིས། རྣམ་སྣང་ལ་སོགས་པའི་རིག་པ་ཁྲག་ཁྲིག་ཏུ་མ་དང་བཅས་པའི་ཐུགས་བསྐུལ་ནས། སྒྲུབ་པ་པོ་ལ་ཐུགས་དགོངས་པ་བསྐྱེད་པའི་འོག་ཏུ་གནོད་མཛེས་ལ། སུམྦྷ་ནི་ལ་སོགས་པའི་སྔགས་ཀྱིས་བཀའ་བསྒོས་པས། གནོད་མཛེས་ཀྱིས་ལྷ་རྣམས་ཀྱི་ཐུགས་བསྐུལ་བས། སྒྲུབ་པ་པོ་ལ་ཐུགས་དགོངས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པ་ཞག་དུ་མར་བཟླས་པ་ལས། ལས་འགྲུབ་པར་འགྱུར་རོ། །ཡན་ལག་གི་དོན་ལ་གསུམ་སྟེ། རྡོ་རྗེ་འཆང་བསྐྱེད་པ་དང༌། དཀྱིལ་འཁོར་པ་བསྐྱེད་པ་དང༌། སེམས་དཔའ་སུམ་རྩེག་ཏུ་སྐྱེད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ། སྟོང་པ་ཉིད་བསྒོམས་ནས། བཀོད་པའི་དཀྱིལ་འཁོར་རྣལ་འབྱོར་བཞིས་དམ་ཚིག་སེམས་དཔའ་བསྒོམ་པར་བྱའོ། །དེའི་དབུས་སྙིང་ཁར་གནས་པའི་རང་འདྲའི་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དེའི་དབུས་ན་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་བསྒོམ་མོ། །གསུམ་པོ་དེ་དག་རང་རང་གི་གཟུགས་ཏེ་ངོ་བོ་ཉིད་དུ་བརྟག་ཅིང་བསྒོམ་པར་བྱའོ། །ཏིང་འཛིན་སེམས་དཔའ་ལས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་དཀར་པོ་ལ་སོགས་པའི་འོད་ཟེར་ཆེར་འབར་བ་ཕྱོགས་བཅུར་རྣམ་པར་འཕྲོ་བ་བསྒོམ་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་པ། ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་གྱིས་དྲང་ནས། དེ་ལ་བཅུག་པར་སྒྲུབ་པ་པོ་དེའི་རྣམ་པར་བསྒོམ་མོ། །འདིར་རྫོགས་མ་རྫོགས་ཀྱི་སངས་རྒྱས་ཞེས་འཆད་པ་ནི་ནོར་པའོ། །དེ་ལྟར་བསྒོམས་ན་དེ་མ་ཐག་ཉིད་དུ་སྒྲུབ་པ་པོ་དེ་རྡོ་རྗེ་འཆང་ཉིད་དུ་འགྱུར་བ་ཡིན་ནོ། །ཇི་ལྟ་བུའི་རྡོ་རྗེ་འཆང་དུ་འགྱུར་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་མཛད་པས་ན། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་པའོ། །འཇིག་རྟེན་གྱི་གཙོ་བོ་ཚངས་པ་ལ་སོགས་པ་རྣམས་ཀྱང་ཚར་གཅོད་པ་དང་རྗེས་སུ་འཛིན་པས་ན། ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག་གོ །དེ་ལྟར་རང་གི་ལུས་ཀྱི་དཀྱིལ་འཁོར་རྡོ་རྗེ་འཆང་གི་ངོ་བོར། རང་རྡོ་རྗེས་ཏེ་རང་གི་སེམས་ཀྱིས་བསྐྱེད་པའི་ཚུལ་ནི་འདི་ཡིན་ནོ། །བཤད་མ་ཐག་པའི་ཆོ་ག་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་སྟེ། ཐུགས་ཀྱི་ནུས་པའི་སྙིང་པོ་བསྡུས་པའམ་བསྡུ་བར་བྱེད་པ་ནི་འདི་ཡིན་ནོ། །གཉིས་པ་འཁོར་གྱི་དཀྱིལ་འཁོར་པ་བསྐྱེད་པ་ནི། རབ་ཏུ་བསྒོམ་ཞེས་དྲང་ངོ༌། །གང་ན། སྔགས་ཀྱི་སྐྱེས་བུ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་རྣམས་སོ། །གནས་གང་དུ་ན། གཙོ་བོ་རང་གི་ཤར་ལ་སོགས་པའི་གནས་བཞི་རྣམས་སུའོ། །ཚུལ་ནི། ཇི་སྐད་བཤད་པའི་སྐུ་མདོག་དང་ཕྱག་མཚན་དང་གཟུགས་ཀྱི་ཚུལ་དུའོ། །ཞལ་གྱི་ཁྱད་པར་ནི། སྣང་གསུམ་གྱི་མཚོན་པ་དཀར་ནག་དམར་བ་ལ་སོགས་པ་ཞལ་གསུམ་གྱི་རྣམ་པའི་སྦྱོར་བ་ཡིས་བསྒོམ་མོ། །རྒྱུ་གང་ལས་ན། ཁ་དོག་གསུམ་གྱིས་ཏེ། ཡི་གེ་གསུམ་གྱི་རྒྱུ་ལས་སོ། །རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་འཆང་ངོ༌། །གསུམ་པ་སེམས་དཔའ་སུམ་རྩེག་ཏུ་བྱ་བ་ནི། དེ་བཞིན་གཤེགས་པའི་ཐུགས་ཡང་དག་པར་བསྐུལ་བ་དེ་ལ། འོག་ནས་བཤད་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་ཡིན་པས། མཆོག་རྡོ་རྗེའི་གསང་བ་བསམ་མོ་ཞེས་དྲང་ངོ༌། །གང་ན། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཕྲ་མོ་སྟེ། རང་འདྲའི་ཡེ་ཤེས་སེམས་དཔའོ། །གང་དུ་ན། དཀྱིལ་འཁོར་པ་རྣམས་རེ་རེའི་སྙིང་ཁའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུའོ། །ཡེ་ཤེས་སེམས་དཔའ་དེའི་སྙིང་ཁའི་དབུས་སུ་ཟླ་བའི་སྟེང་དུ་བསམ་པར་བྱའོ། །ཞེས་དྲང་ངོ༌། །གང་ན། མི་ཤིགས་པ་ལས་བྱུང་བའི་ཡི་གེ་མཆོག་ཏུ་གྱུར་པའི་ཚིག་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་ངོ༌། །སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བས་ན་སྦྱོར་བ་སྟེ། ཏིང་ངེ་འཛིན་སེམས་དཔའ་དེ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ། ཁ་ཅུང་ཟད་གྱེས་པ་རྟག་ཏུ་བསྒོམ་པར་བྱའོ། །གསུམ་པ་ཐུགས་བསྐུལ་བའི་དོན་དུ་བཟློ་བ་པོ་སོ་སོའི་བྱེ་བྲག་ནི། ཏིང་འཛིན་སེམས་དཔའ་འོད་ཟེར་གྱི་ལྕགས་ཀྱུས་གླང་པོ་ཆེ་དབང་དུ་བྱེད་པ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་འགུགས་པར་བྱེད་པས་ན་རྡོ་རྗེ་ལྕགས་ཀྱུའོ། །དེ་ཡི་སྦྱོར་བ་ཡིས། རྡོ་རྗེ་གསུམ་སྟེ་སེམས་དཔའ་གསུམ་པོ་རྣམས་བསྒོམ་པར་བྱའོ། །སྦྱོར་བ་དེ་གང་ཞེ་ན། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལྷ་རྣམས་གཅིག་ཏུ་གྱུར་པའི་ཏིང་འཛིན་སེམས་དཔའི་འོད་ཟེར་གྱི་ལྕགས་ཀྱུ་དེ་ཡིས་བསྒྲུབ་བྱའི་ལྷ་རྣམས་ཀྱི་ཐུགས་ཀར་གཟིར་བར་བྱས་ཏེ། དེའི་སྒོ་ནས་བསྒྲུབ་བྱའི་ལྷ་རྣམས་ཀྱི་སེམས་དཔའ་གསུམ་རབ་ཏུ་བསྐུལ་ཞིང་བསྐྱེད་པར་བྱའོ། །ཡང་གི་སྒྲ་ནི་མ་བཤད་པ་བསྡུ་བའོ། །རྡོ་རྗེ་ལྕགས་ཀྱུས་སྒྲུབ་པ་པོ་ལ་དྲན་པ་བསྐྱེད་པའི་འོག་ཏུ་གནོད་མཛེས་མདུན་དུ་བཀུག་སྟེ་བཀའ་ནོད་པར་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དངོས་གྲུབ་སྦྱིན་པར་བསྐུལ་ཅིག་ཅེས་བཀའ་བསྒོའོ། །ཐུགས་བསྐུལ་བའི་ཆོ་ག་འདི་ནི། རྡོ་རྗེ་སྟེ་སྒྲུབ་པོ་ཐམས་ཅད་ཀྱི་སང་རྒྱས་རྣམས་ཀྱི་བྱང་ཆུབ་སེམས་རབ་ཏུ་སྒྲུབ་པའོ། །རྡོ་རྗེ་ལ་སོགས་པ་བཤད་མ་ཐག་གི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་འོད་ཟེར་གྱི་ལྕགས་ཀྱུའི་སྦྱོར་བ་སྒོམ་པ་འདི་ནི་དེ་བཞིན་གཤེགས་པར་དང༌། རིན་པོ་ཆེ་དང༌། ལས་ཀྱི་རིགས་ཀྱི་སྒྲུབ་པ་པོས་ཀྱང་ཉམས་སུ་བླང་ངོ༌། །ཚུལ་ཇི་ལྟར་རོལ་མོ་མཁན་གཅིག་ཉིད་ཆ་ལུགས་བསྒྱུར་བས་གཟུགས་སྣ་ཚོགས་སུ་འགྱུར་བ་བཞིན་དུ། འདིར་ཡང་ཐུགས་རྡོ་རྗེ་གཅིག་ཏུ་སྒྲུབ་པར་བྱ་བ་དང༌། སྒྲུབ་པ་པོ་དང་སྒྲུབ་པའི་ཚུལ་དུ་བརྟག་པར་བྱ་བ་ཡིན་པས། ཐུགས་བསྐུལ་བ་འདི་ནི་རོལ་མོ་ལྟར་འབྱུང་བས། རོལ་མོ་འབྱུང་བ་ཞེས་བྱའོ། །བཞི་པ་སྙིང་པོ་བསྐུལ་བའི་དུས་ཚོད་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་ཆོ་ག་གང་གིས་འཁྲིད་པར་བྱེད་པ་དེ་ནི། རྡོ་རྗེ་ཚུལ་མཆོག་སྟེ། བཤད་མ་ཐག་པའི་སྙིང་པོ་བསྐུལ་བའི་ཆོ་གའོ། །ཆོ་ག་འདི་བརྩམས་པའི་ཉི་མ་ནས་བཟུང་སྟེ། ཞག་བདུན་གྱི་བར་དུ་བྱའོ། །ལྔ་པ་སྙིང་པོ་བསྐུལ་མ་བསྐུལ་གྱི་སྐྱོན་ཡོན་བསྟན་པ་ལ་གཉིས་ཏེ། དང་པོ་ཕན་ཡོན་བསྟན་པ་ནི། ཡེ་ཤེས་རྡོ་རྗེ་ཅན་སྒྲུབ་པ་པོས། བླ་མའི་མན་ངག་ལས་རྙེད་པས་ན་གསང་བའོ། །སྙིང་པོ་བསྐུལ་བའི་ཆོ་ག་འདི་ཞག་བདུན་གྱི་བར་དུ་བྱས་ན། བསྒྲུབ་བྱའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །མི་འདའ་བའི་དམ་ཚིག་ལ་འདའ་བའི་ཉེས་པས་ཡིད་འཇིགས་ཤིང༌། སྐྲག་པར་གྱུར་པ་ནི། ཐུགས་རྗེའི་དབང་དུ་གྱུར་པ་སྟེ། དེའི་དབང་དུ་གྱུར་ནས་བར་ཆད་མེད་པར་ཐུགས་ཀྱི་སྒྲུབ་པ་ལ་མཆོག རྩོལ་བས་རྣམ་པར་གཟིགས་པ་སྟེ་རྗེས་སུ་འཛིན་ནོ། །རྗེས་སུ་བཟུང་ནས་ཅི་ཞིག་བྱེད་པར་འགྱུར་ཞེ་ན། ཡིད་མངོན་པར་འགུ་བས་དགའ་བར་འགྱུར་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་ཐུན་མོང་གི་དངོས་གྲུབ་རྒྱ་ཆེན་པོ་སྟེར་བར་འགྱུར་རོ། །སུ་ཞིག་ལ་ཞེ་ན། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྔགས་ཀྱི་སྤྱོད་པ་མཆོག་ལ་སློབ་པའི་སྒྲུབ་པའི་སྐྱེས་བུ་རྣམས་ལའོ། །གཉིས་པ་སྙིང་པོ་མ་བསྐུལ་བའི་ཉེས་དམིགས་ནི། སྙིང་པོ་བསྐུལ་བ་ལ་ནན་ཏན་མི་བྱེད་པ་ལ་ཅིར་འགྱུར་ཞེ་ན། བསྒྲུབ་བྱ་དང༌། སྒྲུབ་པ་པོ་དང༌། སྒྲུབ་པ་རྣམས་དབྱེར་མེད་པའི་ཚུལ་ལ་རྨོངས་པའི་བདག་ཉིད། འདི་ནི་དེ་བཞིན་གཤེགས་པའོ། །བདག་ནི་ཐ་མལ་པའོ་ཞེས་ཐ་དད་དུ་འཛིན་པའི་སྒྲུབ་པ་པོ་རྣམས་ཀྱི་སྲོག་ནི། ལས་གང་གི་དངོས་གྲུབ་འདོད་པའི་ལས་དེས་ཟད་པར་བྱེད་པར་འགྱུར་གྱི། དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། སྙིང་པོ་བསྐུལ་བ་དང་བྲལ་བའི་ཕྱིར་རོ། །གཉིས་པ་རྫོགས་རིམ་པའི་སྙིང་པོ་བསྐུལ་བའི་ཆོ་ག་ལ་གཉིས་ཏེ། སྙིང་པོ་བསྐུལ་བའི་ཐབས་འབྲས་བུ་དང་བཅས་པ། གསང་བའི་མཆོད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར། ཐབས་འབྲས་བུ་དང་བཅས་པའི་སྙིང་པོ་བསྐུལ་བའོ། །དང་པོ་ནི། བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་བཤད་པའི་རྗེས་ཐོགས་དེ་ནས། བཀའ་བསྩལ་ཏོ། །སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི་ཚིག་རྐང་པ་གཉིས་ཏེ། ལེའུ་བཞི་པར་བཤད་ཟིན་ཏོ། །གཉིས་པ་དངོས་གྲུབ་ཐོབ་པའི་ཐབས་འབྲས་བུ་དང་བཅས་པ་ནི། རྫོགས་པའི་རིམ་པའི་རྣལ་འབྱོར་པས། སྙིང་པོ་བསྐུལ་བའི་གཞི་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པ་སྟེ། དེ་ཡང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཟུང་འཇུག་ཡིན་པས། དེ་བསྒོམ་པར་བྱ་ཞེས་བསྟན་པ་ནི། སྔགས་ཀྱི་གསང་བ་རྫོགས་རིམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྐྱེས་བུ་ཇི་སྙེད་པ། རྡོ་རྗེ་གསུམ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་རྫོགས་པར་ཐོབ་པ་ནི། དབང་པོ་གཉིས་བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བ་ཡིས་འགྲུབ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་པས། བདེན་གཉིས་དབྱེར་མེད་ཀྱི་སྦྱོར་བས་ཐུན་མོང་དང་ཐུན་མོང་མིན་པའི་དངོས་གྲུབ་ཀྱི་དངོས་པོ་ཐམས་ཅད་བརྟག་པར་བྱ་བ་སྟེ་བསྐྱེད་པར་བྱའོ། །བདེན་གཉིས་དབྱེར་མེད་ཀྱི་སྦྱོར་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་ཟུང་འཇུག་གི་སྐུ་སྒྲུབ་པའི་ཐབས་སོ། །བདེན་གཉིས་དབྱེར་མེད་ཀྱི་སྦྱོར་བས་ཟུང་འཇུག་ཇི་ལྟར་བསྐྱེད་ཅེ་ན། རིག་མའི་དབང་ཕྱུག་ནི་འོད་གསལ་ཡིན་ལ། འོད་གསལ་ལ་ཞུགས་ནས་སྒྱུ་ལུས་མི་སྣང་བར་བྱས་ཏེ། སླར་ཡང་རྗེས་དྲན་གྱི་ཡན་ལག་གིས་རྡོ་རྗེ་སྟེ་བདེན་གཉིས་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ། །ཟུང་འཇུག་ལ་གནས་པ་དེས་ཅི་ཞིག་བྱ་ཞེ་ན། བྱང་ཆུབ་ཀྱི་སྐུར་བཞེངས་ནས་ཁམས་གསུམ་གྱི་སེམས་ཅན་མི་གཏོང་བའི་སྙིང་རྗེས་ཆགས་ཤིང་ཕན་པར་བསྒྲུབ་པར་འདོད་པའི་ཆགས་པའི་བལྟ་བས་ཡང་དང་ཡང་དུ་བལྟ་བར་བྱའོ། །བཤད་མ་ཐག་པའི་བདེན་གཉིས་ཀྱི་སྦྱོར་བ་འདི་ནི་དམ་ཚིག་གི་དཀྱིལ་འཁོར་རྡོ་རྗེ་འཆང་ཐོབ་བྱེད་དོ། །གཉིས་པ་གྲུབ་པ་དང་མཐུན་པའི་སྤྱོད་པའི་ཚུལ་བསྟན་པ་ནི། དེ་ནས། བཀའ་བསྩལ་ཏོ། །གང་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་ཕུང་པོའི་ངོ་བོ་ཉིད་འོད་གསལ་ལས་སྐྱེས་པའི་རྡོ་རྗེ་འཆང་ངོ༌། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ། བདག་ཉིད་དེ་ཉིད་ཀྱི་གནས་སངས་རྒྱས་ཀྱི་གཙོ་བོར་གྱུར་པ་དེས་བཀའ་བསྩལ་ཏོ། །གང་ན། འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །ཉེ་བར་སྤྱད་ཞེས་དྲང་ངོ༌། །གང་ན། འཇིག་རྟེན་གྱི་ཁམས་ན་ཐ་མ་དང༌། འབྲིང་དང༌། མཆོག་གི་དབྱེ་བས་ཕྱེ་བའི་བུད་མེད་ཇི་སྙེད་བརྗོད་པ་ཀུན་ནོ། །སུ་ཞིག་གིས་ན། ཟུང་འཇུག་རྟོགས་པའི་རྣལ་འབྱོར་པས་སོ། །ཐབས་གང་གིས་ཤེ་ན། ཡེ་ཤེས་ཀྱི་སྐུ་དང༌། སྔགས་ཀྱི་སྐུའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ཀྱིས་སོ། །གཞན་ཡང་སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པ་གཉིས་ཀྱི་སྔོན་གྱི་སྦྱོར་བ་དེ་བཞིན་ཉིད་བསྒོམས་ནས། གཟུགས་ལ་སོགས་པའི་ཡུལ་དེ་དག་ཐམས་ཅད་ལ་ཉེ་བར་སྤྱད་པར་བྱའོ། །དེ་ནས་ཅི་བྱ་ཞེ་ན། ཕྱག་རྒྱ་ཆེན་པོ་གཉིས་ཀྱི་སྔོན་གྱི་སྦྱོར་བ་དེ་བཞིན་ཉིད་སྒོམ་པ་དེར་གནས་ནས། སངས་རྒྱས་ཀྱི་སྤྲུལ་པ་བྱེ་བ་གྲངས་མེད། ཚད་མེད་པའི་རྡོ་རྗེ་ཅན་སྤྲོ་བར་བྱའོ། །བྱང་ཆུབ་ཀྱི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །སྙིང་པོ་བསྐུལ་བའི་འབྲས་བུ་ནི། ཐོབ་པར་འགྱུར་རོ། །གང་ན། སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་པོ་ནམ་མཁའ་དང་འདྲ་བར་རང་བཞིན་མེད་པར་རྟོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་བོ། །གང་གིས་ན། བཤད་མ་ཐག་པའི་སྦྱོར་བ་འདི་ཡིས་སོ། །སྦྱོར་བ་ལ་སློབ་པའི་རྣལ་འབྱོར་པས་ཕན་ཡོན་ཅི་ཐོབ་ཅེ་ན། འཐོབ་ཅེས་དྲངས་སོ། །གང་ན། རྡོ་རྗེ་སེམས་དཔའི་བདེ་བ་དམ་པ་དང༌། ནད་མེད་པ་དང༌། ཚེ་རིང་བ་ལ་སོགས་པའི་རྡོ་རྗེ་སེམས་དཔའི་ཚེའོ། །གང་གིས་ན། སྦྱོར་བ་ལ་སློབ་བཞིན་པའི་བྱང་ཆུབ་སེམས་དེ་ཡིས་སོ། །བྱང་ཆུབ་སེམས་དཔའ་དེ་ནི་རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་ཡིན་པ་དེ་བཞིན་དུ། རྒྱལ་བ་ནི་རྡོ་རྗེ་སེམས་དཔའ་ཡིན་ལ། དེའི་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་གྱུར་པས་ན། རྒྱ་མཚོའོ། །ལེའུའི་མཚན་དོན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པའི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་ལེའུ་སྟེ། བཅུ་པའི་རྣམ་བཤད་དོ།། ༈ །དེ་ལྟར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་པ་གཉིས་ཀྱིས་ཐུགས་བསྐུལ་བ་རྣམ་པ་གཉིས་བཤད་ནས། སྔར་ལེའུའི་དང་པོར་སྔགས་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་གཉིས་གསལ་བར་བྱ་བའི་ཕྱིར། ལེའུ་བཅུ་གཅིག་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ནི། ལེའུ་འདིའི་སྟོད་ནས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན། བར་ནས་མངོན་པར་ཤེས་པ་སྒྲུབ་པ་སྟོན། སྨད་ནས་རྫོགས་པའི་རིམ་པའི་ཁྱད་པར་སྟོན་ནོ། །གཉིས་པ་ལ། སྡུད་པ་པོའི་ཚིག་གིས་མདོར་བསྟན། སྟོན་པའི་གསུང་གིས་རྒྱས་པར་བཤད་པའོ། །དང་པོ་ནི། ལེའུ་བཅུ་པ་གསུངས་པའི་རྗེས་དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཨོཾ་ལ་སོགས་པའི་ཡི་གེ་གསུམ་ཡིན་ལ། ཡི་གེ་དེ་དག་གིས་བསྐྱེད་པའི་སྐྱེས་བུ་མཆོག་ནི་རྡོ་རྗེ་འཆང་ལ་སོགས་པའི་ལྷ་རྣམས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་སོ། །གསུངས་པ་དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་ནི་ཡི་གེ་གསུམ་མོ། །རིག་པའི་སྐྱེས་བུ་ནི་ཡི་གེ་གསུམ་གྱིས་བསྐྱེད་པའི་ལྷ་སྟེ། དེ་སྟོན་པའི་ལེའུ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ལྷའི་སྐུ་བསྐྱེད་པ་དང༌། མངོན་ཤེས་སྒྲུབ་པ་དང༌། རྫོགས་པའི་རིམ་པ་གཞན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྔགས་ཀྱི་སྐུ་བསྐྱེད་པ་དང༌། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །དང་པོ་ལ་བཞི་སྟེ། རྡོ་རྗེ་འཆང་གི་སྐུར་བསྐྱེད་པ་དང༌། རྣམ་སྣང་གི་སྐུ་བསྐྱེད་པ་དང༌། འོད་དཔག་ཏུ་མེད་པའི་སྐུ་བསྐྱེད་པ་དང༌། མི་བསྐྱོད་པའི་སྐུ་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་གྱི་རིམ་པ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་པར་བསྒོམ་ཞེས་དྲོང་ངོ༌། །གང་ན། ལྷའི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཆེན་པོ་ནི། འཇིག་རྟེན་གསུམ་ན་མཆོད་བྱ་ཡིན་པས་སོ། །ཕྱག་རྒྱའི་སྒྲ་ནི་མུ་དྲ་ཏེ། སྒྲ་བཤད་ན། མུ་དཾ་ནི་དགའ་བའོ། །དྲ་བ་ཏི་ནི་སོང་བ་སྟེ། སོན་པའམ་ཕྱིན་པའོ། །དོན་ནི། སེམས་མགུ་བར་ཕྱིན་པ་ཆོས་ཀྱི་སྐུའོ། །ཉེ་བར་བསྡུ་བའི་དོན། སྒྲུབ་པ་པོ་གཉིས་ཀྱིས་སྐུ་གཉིས་དབྱེར་མེད་རྡོ་རྗེ་འཆང་མངོན་བྱང་ལྔས་བསྒོམ་པའོ། །ཞེས་སྟོན་ནོ། །རྒྱུ་གང་ལས་བྱུང་བ་བསྒོམ་ཞེ་ན། རྡོ་རྗེ་གསུམ་ཡི་གེ་ཨོཾ་ལ་སོགས་པ་སྔགས་ཀྱི་མཆོག་ཡི་གེ་གསུམ་ལས་སོ། །འདིས་ཡིག་འབྲུ་ལས་བྱང་ཆུབ་པ་བསྟན་ནོ། །ཅིའི་ཕྱིར་རྡོ་རྗེ་གསུམ་ཡིག་ཅེས་བརྗོད་ཅེ་ན། གསུམ་ནི་ཡི་གེ་གསུམ་ཡིན་ལ། འདིས་མི་ཕྱེད་པའི་རྡོ་རྗེ་སྐུ་ཐོབ་པར་བྱེད་པས་སོ། །དགོས་པ་ཅིའི་དོན་དུ་ན། བྱང་ཆུབ་ནི་མངོན་པར་རྫོགས་པ་བྱང་ཆུབ་པ་ལྔ་སྟེ། དེ་ཐམས་ཅད་ཐོབ་པའི་དོན་དུའོ། །སུ་ཞིག་གིས་ན། ཡེ་ཤེས་རྡོ་རྗེས་ཏེ་སྒྲུབ་པ་པོ་དག་གིས་སོ། །རྡོ་རྗེའི་གསུམ་ཡིག་བྱ་བ་གང་ཞེ་ན། ཡི་གེ་ཨོཾ་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། འདིས་རྣལ་འབྱོར་པའི་ལུས་རྡོ་རྗེའི་སྐུ་ཐོབ་པར་བྱེད་པས་སོ། །བྱང་ཆུབ་ནི་འོད་གསལ་ཡིན་ལ། དེ་ལས་བྱུང་བ་ནི། བྱང་ཆུབ་སྤྲུལ་པའི་བདག་སྟེ། འོད་དཔག་མེད་དོ། །དེ་དང་དབྱེར་མེད་པའི་བདག་ནི་ཡི་གེ་ཨཱ་སྟེ། རྡོ་རྗེའི་གསུང་ཐོབ་པར་བྱེད་པའོ། །སྐུ་དང་གསུང་གི་རྟེན་དུ་གྱུར་པའི་ཐུགས་ནི་སྐུ་གསུང་ཐུགས་ཏེ། མི་བསྐྱོད་པ་ཡིན་ལ། དེའི་རང་བཞིན་གྱི་ཡི་གེ་ཧཱུྃ་ནི་རྣལ་འབྱོར་པའི་རྒྱུད་ལ་རྡོ་རྗེ་གསུམ་མི་ཕྱེད་པའི་མི་བསྐྱོད་པ་ཐོབ་པར་བྱེད་པའོ། །སྔགས་ཀྱི་སྐྱེས་བུ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །གཉིས་པ་དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པ་དང༌། གནས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་ཡེ་ཤེས་ཀྱི་ས་བསྐྱེད་པ་ནི། ནམ་མཁའི་རྡོ་རྗེའི་དབུས་གནས་པར། །ཞེས་པའོ། །དེར་རྡོ་རྗེའི་ས་བསྐྱེད་པ་ནི། རྡོ་རྗེ་ཀུན་སྐྱེས་དཀྱིལ་འཁོར་བསམ། །ཞེས་པ་སྟེ། རྡོ་རྗེ་ཀུན་ནི་སྤྱན་ལ་སོགས་པའི་ལྷ་མོ་བཞི་སྟེ་འབྱུང་བ་བཞིའོ། །དེ་རྣམས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་བསམ་པར་བྱའོ། །ཞེས་པའི་དོན་ནོ། །བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པ་ནི། དེ་རྒྱུ་ཡི་གེ་བྷྲཱུྃ་བསམས་ཏེ། །ཞེས་པ་སྟེ། གཞལ་ཡས་ཁང་བསྐྱེད་པའི་རྒྱུ་བྷྲཱུྃ་བསམས་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་ལྷག་མོས་སྒོམ་པ་ནི་འོག་གི་བསྐྱེད་ཅེས་པ་འདིར་དྲངས་ནས། བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་ཅེས་པའོ། །རྡོ་རྗེའི་སྤྲིན་འཕྲོ་བ་ནི། དེར་དེ་བཞིན་གཤེགས་པའི་ཚོགས་ལྷག་པར་མོས་པས་གནས་ཇི་ལྟ་བ་བཞིན་དུ་སྤྲོ་བའོ། །དེ་ལ་འདི་ནི་ཡེ་ཤེས་རྡོ་རྗེ་རྣམ་སྣང་གི་སྙིང་པོའོ། །དེ་གང་ཞེ་ན། འོག་ཏུ་བཤད་པའི་བྷྲཱུྃ་མོ། །མངོན་བྱང་ལྔས་སྔགས་ཀྱི་སྐུ་བསྐྱེད་པ་ལ། དང་པོར་གདན་ལས་བྱང་ཆུབ་པ་ནི། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཞེས་པ་ནས། སྐུ་གསུང་ཐུགས་ནི་མཉེས་བྱེད་པ། །ཞེས་པའི་བར་གྱིས་བསྟན་ཏེ། དང་པོར་ཧཱུྃ་ལས་ཉི་མ་སྒོམ་པ་ནི། རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མ་སྟེ། དེའི་དབུས་སུ་ཡི་གེ་ཧཱུྃ་གནས་པར་བསྒོམ་ཞེས་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བ་སྟེ། དེའི་དབུས་སུ་ཡི་གེ་ཨོཾ་ནི་གནས་པར་རྣམ་པར་བསམ། ཞེས་པའོ། །ཆོས་ཀྱི་དཀྱིལ་འཁོར་ནི་པདྨ་སྟེ། དེའི་དབུས་སུ་ཡི་གེ་ཨ་ཉིད་གནས་པར་རྣམ་པར་བསྒོམ། དེ་ལྟར་ཡི་གེ་གསུམ་ལས་དཀྱིལ་འཁོར་གསུམ་པོ་བསྐྱེད་ནས། པདྨའི་ལྟེ་བའི་སྟེང་དུ་ས་བོན་གསུམ་པོ་རྣམ་པར་འགོད་པ་ནི་མན་ངག་གོ །ཡི་གེ་ཧཱུྃ་འགོད་པ་ནི་མན་ངག་གོ་ཞེས་ཟེར་བ་ནི་ནོར་བའོ། །མཚན་མ་གསུམ་པོ་གང་དུ་བསྒོམ་ཞེ་ན། གཞལ་ཡས་ཁང་གང་དུ་བསམས་པ་ཉིད་དུ་བསྒོམ་པར་བྱ་ཡི། གནས་གཞན་དུ་ནི་མ་ཡིན་ནོ། །དེ་ནས་འབྲུ་གསུམ་པདྨ་དང་བཅས་པ་ཡས་ཐིམ། ཉི་མའི་དཀྱིལ་འཁོར་གཅིག་ཏུ་མས་ཐིམ་པས་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི་ཟླ་བ་ལས་བྱང་ཆུབ་པའོ། །རང་གི་སེམས་ཟླ་བའི་རྣམ་པར་གྱུར་པ་དེ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྙིང་པོ་ཡིན་ཏེ། ཐུགས་ཀྱི་མཚན་མར་གྱུར་པའི་ཕྱིར་རོ། །ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གྱུར་པས་ཟླ་བའི་དབུས་སུ་དེ་བསྒོམ་པ་ནི་སྐུ་གསུང་ཐུགས་མཉེས་པར་བྱེད་པའོ། །དེས་ན་ཟླ་བ་དང་མཚན་མ་གསུམ་བསྲེས་པ་བསྒོམ་པར་བྱའོ། །དེ་ནས་ཅི་ཞིག་བསྒོམ་ཞེ་ན། ཡིག་འབྲུ་ལས་བྱང་ཆུབ་པ་སྟོན་པ་ནི། ཟླ་བའི་སྟེང་དུ་སངས་རྒྱས་སྐུ་ཡི་མཆོག་ཨོཾ་ཡིག་དང༌། གསུང་གི་མཆོག་ཨཱཿཡིག་དང༌། ཐུགས་ཀྱི་ཡེ་ཤེས་ནི་ཐུགས་ཀྱི་རང་བཞིན་བརྒྱད་ཅུ་རྣམས་ཏེ། དེའི་འཇིངས་སམ་ཚོགས་གང་ལ་ཡོད་པ་དེ་ནི་ཡེ་ཤེས་འཇིངས་ཏེ་ཐུགས་སོ། །དེའི་ངོ་བོ་ཉིད་ནི་ཡི་གེ་ཧཱུྃ་ངོ༌། །ཕྱག་མཚན་ལས་བྱང་ཆུབ་པ་སྟོན་པ་ནི། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་བྱུང་བའི་མངོན་བྱང་ལྔ་སྟོན་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། །ཡི་གེ་གསུམ་པོ་འདི་ནི་བྱང་ཆུབ་ཀྱི་ཚུལ་ཏེ། ཡི་གེ་གསུམ་པོ་ཡོངས་སུ་གྱུར་པ་ལས། མངོན་པར་བྱང་ཆུབ་པ་ལྔ་མཚོན་པའི་རྡོ་རྗེ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། རྡོ་རྗེ་དེ་ཉིད་མཆོག་སྟེ་དང་པོའི་མགོན་པོའི་བདག་ཉིད་ཡིན་པས། རིགས་ཐམས་ཅད་ཀྱི་དམ་པ་ཡིན་པའི་ཕྱིར་རོ། །འདི་ཞེས་པ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་ནི། བསྐྱེད་རིམ་པ་ལ། སངས་རྒྱས་ཀྱི་བྱང་ཆུབ་ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་པའོ། །སུ་ཞིག་གིས་ཤེ་ན། སངས་རྒྱས་ཐམས་ཅད་ཀྱིས་ཏེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་བྱང་ཆུབ་བསྒྲུབ་བོ། །དོན་ནི་མངོན་བྱང་ལྔས་དང་པོའི་མགོན་པོ་བསྐྱེད་པ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བསྟན་ལ། དེ་སྤྲུལ་སྐུར་བསྒྱུར་བ་དང༌། ས་བོན་ལུས་ལ་འགོད་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང༌། སེམས་དཔའ་སུམ་རྩེག་སྒོམ་པའི་བར་ནི་རྣལ་འབྱོར་ཆེན་པོའོ། །དོན་འདི་དག་གང་གིས་གསུངས་ཤེ་ན། ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པ་སྟེ་བསྟན་པའོ། །དགོས་པ་ཅིའི་དོན་དུ་ཞེ་ན། སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ། རྒྱུ་ཀུན་རྫོབ་བདེན་པ་སྒྱུ་ལུས་དང༌། འབྲས་བུ་འོད་གསལ་ལ་བརྟེན་ནས། ཟུང་འཇུག་གི་སྐུ་འབྱུང་བའི་དོན་དུའོ། །གཞན་ཡང་སྔགས་དང་རིག་པ་ཞེས་རྟོག་པའི་རྒྱུད་ལ་སོགས་པར་བསྒྲགས་པའི་ཞི་བ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡི་དོན་དུ་ཡང་བསྟན་ནོ། །འདི་ཡང་སངས་རྒྱས་སྐྱེས་བུ་ཉིད་དེ། སྔོན་བྱུང་མི་བསྐྱོད་པ་དང༌། རྗེས་འཇུག་གི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བསྟན་གྱི་གཞན་ལ་མིན་ནོ། །དངོས་གྲུབ་འདི་དག་ཐབས་གང་གིས་ཐོབ་ཅེ་ན། ལྷ་བསྐྱེད་པའི་བསྙེན་པ་དང༌། བཟའ་བ་དང༌། བསྲུང་བའི་དམ་ཚིག་ལ་སོགས་པ་དག་གིས་ཐོབ་པར་འགྱུར་རོ། །འདི་དག་སུ་ལ་གསུངས་ཤེ་ན། སངས་རྒྱས་སྐྱེས་བུ་ཉིད་དེ། སྔོན་བྱུང་མི་བསྐྱོད་པ་དང༌། རྗེས་འཇུག་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་གསུངས་སོ། །གང་གིས་ཤེ་ན། རྡོ་རྗེ་མི་ཕྱེད་གསུམ་སྒོམ་པའི་དེ་བཞིན་གཤེགས་པས་སོ། །དེ་དག་གི་མཚན་དོན་བསྡུ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །དམ་ཚིག་ནི། དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་སོགས་པ་གསུམ་མོ། །དེ་ཁོ་ན་ཉིད་ནི། པདྨའི་སྟེང་གི་ཡི་གེ་གསུམ་མོ། །ཡེ་ཤེས་ནི་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་ཟླ་བའི་སྟེང་གི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའོ། །བྱིན་གྱིས་བརླབས་པ་ནི་དེ་དག་ཡོངས་སུ་གྱུར་པ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེ་བསྐྱེད་པར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གནས་ཕན་ཡོན་དང་བཅས་པ་བསྟན་པ་ནི། གནས་གང་དུ་ཏིང་ངེ་འཛིན་དེ་དག་བསྒོམ་པར་བྱ་ཞེ་ན། འདུ་འཛིས་རྣམ་པར་དབེན་ཞིང་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་ཉམས་དགའ་བའི་གནས་དེར། བཤད་མ་ཐག་པའི་ལྷའི་རྣལ་འབྱོར་གྱི་སྦྱོར་བ་འདི་ནི་ཀུན་ཏུ་བརྩམས་པར་བྱའོ། །ཐབས་གང་གིས་འགྲུབ་ཅེ་ན། ལྷ་དང་བླ་མ་རྣམས་ལ་ཕྱོགས་གཅིག་གིས་ཏེ། མཐའ་གཅིག་ཏུ་ཡིད་ཆེས་པས་རྡོ་རྗེའི་སྐུ་གསུང་ཐུགས་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །དཔེ་ཁ་ཅིག་ཏུ་ཟླ་བ་ཕྱེད་ཀྱིས་ཞེས་པ་ནི་མ་དག་སྟེ། པཀྵ་ཨོ་ཀོ་ན་ཞེས་པ་ལ། པཀྵ་ཕྱོགས་དང༌། ཨོ་ཀོ་ན་གཅིག་གིས་སོ། །འོག་ཏུ་ཕྱོགས་ཀྱི་སྒྲ་ཟླ་ཕྱེད་དུ་བསྒྱུར་བ་ཡང་མ་དག་གོ །གཉིས་པ་རྣམ་སྣང་གི་སྐུ་བསྐྱེད་པ་ལ་གསུམ་སྟེ། ཏིང་ངེ་འཛིན་དངོས་བསྟན་པ་དང༌། ཕན་ཡོན་བསྟན་པ་དང༌། མཚན་དོན་ཉེ་བར་བསྡུ་བའོ། །དང་པོ་ལ། དཔེ་ཁ་ཅིག་ལས། གསལ་བའི་དཀྱིལ་འཁོར་དམ་པ་བསམ། །ཞེས་པ་གོང་དུ་དྲངས་ནས། ནམ་མཁའ་རྡོ་རྗེའི་དབུས་གནས་པ། །ཞེས་འོག་ཏུ་འཆད་པ་ནི་རྒྱ་དཔེ་དང་མི་མཐུན་ཞིང༌། དོན་ཡང་མ་དག་གོ །དེས་ན་ཐོག་མར་སྟོང་པ་ཉིད་བསྒོམ་པ་དང༌། གཞལ་ཡས་ཁང་གི་དབུས་སུ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ཚིག་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ནོ། །སྟོང་པ་ཉིད་ལ་ཆོས་འབྱུང་གི་དབུས་སུ་སའི་ཆ་དང༌། གཞལ་ཡས་ཁང་བསྐྱེད་པ་རྣམས་ནི་འགྲེལ་པ་ལས་ཤུགས་ལ་འདོན་པར་མཛད་དོ། །དེས་ན་ཐོག་མར་སྟོང་ཉིད་བསྒོམ་ཞིང༌། དེ་ནས་ཆོས་འབྱུང་དང༌། སའི་ཆའི་རིམ་གྱིས་གཞལ་ཡས་ཁང་དུ་ལྷ་སོ་གཉིས་ལྷག་པར་མོས་པས་བསྒོམས་ནས། ཤུ་ནྱ་སོགས་ཀྱི་སྔགས་ཀྱིས་ལྷག་མོས་ཀྱི་ལྷ་སྣང་བ་མཆོད་པར་བྱས་ཏེ། ཡི་གེ་གསུམ་གྱིས་ཟླ་ཉི་དང་པདྨ་བསྐྱེད་ལ། པདྨའི་དབུས་ཡི་གེ་གསུམ་བསམས་ནས་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསམ་མོ། །ཞེས་བསྟན་ནོ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད་པ་ནི། ཟླ་བའི་སྟེང་དུ་ཡི་གེ་གསུམ་བཀོད་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དང༌། དེ་ལས་རྣམ་སྣང་གི་དམ་ཚིག་སེམས་དཔའ་བསྒོམ་པར་བྱའོ། །དེའི་ཐུགས་ཡེ་ཤེས་སེམས་དཔའ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཨོཾ་འོད་ཟེར་ལྔ་དང་ལྡན་པ་འགོད་དོ། །དེ་ལས་མཆོག་རྣམ་པར་སྣང་མཛད་སྒོམ་པའི་རྣལ་འབྱོར་པས་ཨོཾ་ལས་རྣམ་པར་སྣང་མཛད་ཀྱི་སྤྲིན་གྱི་ཚོགས་ཆེན་པོ་སྤྲོ་བར་བྱའོ། །དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོར་འགྱུར་རོ། །གཉིས་པ་ཕན་ཡོན་བསྟན་པ་ནི། ཏིང་ངེ་འཛིན་འདི་ཡིས་སངས་རྒྱས་ཀྱི་སྐུ་བསྐྱེད་པའི་རིམ་པ་ཤེས་པའི་རྣལ་འབྱོར་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་སྐུའི་རྒྱ་མཚོ་འགྲུབ་པར་འགྱུར་རོ། །གཞན་ཡང༌། ཡེ་ཤེས་ལྔ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་རྣམས་ཡིན་ལ། དེ་དག་ལྡན་པའི་གཟུགས་ལ་སོགས་པའི་ཡུལ་ལྔ་རྟེན་ཅིང་ཉམས་སུ་མྱོང་བས་འཁོར་བ་ཇི་སྲིད་པར་གནས་པ་དང༌། མཚན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་དང་འདྲ་བའི་འོད་དེ། རྫུ་འཕྲུལ་འགྲུབ་བོ། །རྡོ་རྗེ་གསུམ་གྱི་སྐལ་པ་ནི། སྐུ་གསུང་ཐུགས་དབྱེར་མེད་པའི་རྡོ་རྗེ་འཆང་ཉིད་དོ། །སྐལ་པ་ནི་རྒྱ་སྐད་སོར་བཞག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་གཞན་དོན་རྒྱུན་མི་ཆད་པར་རྟོག་པ་སྟེ་རྫོགས་པར་མཛད་པའོ། །རྡོ་རྗེ་སྐལ་པ་གསུམ་དུ་གནས་ཞེས་འདོན་པ་ནི་མ་དག་གོ །ཕན་ཡོན་འདི་དག་བྱ་བའི་སྤྲོས་པ་ལ་ལྟོས་པ་མེད་པར། ཕྱོགས་ཙམ་གྱིས་ཏེ། ཏིང་ངེ་འཛིན་ལ་མཐའ་གཅིག་ཏུ་གཞོལ་པས་འགྲུབ་ཅེས་དགོངས་སོ། །གསུམ་པ་མཚན་དོན་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་སྐུ་རྡོ་རྗེ་གསང་བ་རྡོ་རྗེ་འཆང་ཆེན་པོ་དེ་སྐད་ཅེས་བཀའ་བསྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་ཡིག་འབྲུ་གསུམ་ལས་གྱུར་པའི་འཁོར་ལོའོ། །འོད་ཟེར་བཀོད་པ་ནི། དེ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་བསྐྱེད་པ་ལ་གསུམ་སྟེ། ཏིང་ངེ་འཛིན་དངོས་བསྟན་པ་དང༌། ཕན་ཡོན་བསྟན་པ་དང༌། ཏིང་ངེ་འཛིན་གྱི་མཚན་དོན་བསྡུ་བའོ། །དང་པོ་ནི། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཞེས་པས་ནི། ཐོག་མར་སྟོང་ཉིད་བསྒོམ་པ་དང༌། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་ཡི་གེ་གསུམ་བསྒོམ་པ་ལ་སོགས་པ་ཁ་བསྐང་ལ། ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །ཞེས་པ་ནི། ཟླ་བའི་སྟེང་དུ་ཡི་གེ་གསུམ་གྱུར་པ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམ་པའོ། །དེ་ལས་འོད་དཔག་མེད་ཀྱི་དམ་ཚིག་སེམས་དཔའ་བསྐྱེད་པ་ནི། རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད། །ཅེས་པའོ། །དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་བསྒོམས་ནས། ངག་གི་ལམ་ཡེ་ཤེས་སེམས་དཔའ་ལ། ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཨ་བཞག་ཅིང་འགོད་དོ། །དེ་ལྟར་ཁ་དོག་ལྔ་དང་ལྡན་པའི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་པས། སེམས་དཔའ་གསུམ་ཀ་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་འཇུག་པས་འགོད་དོ། །དེ་ལ་དམ་ཚིག་ནི་དམ་ཚིག་སེམས་དཔའ་འོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའ་འོ། །ཚིག་གི་དམ་ཚིག་ནི་ཏིང་ངེ་འཛིན་སེམས་དཔའ་འོ། །སེམས་དཔའ་གསུམ་པོ་དེ་དག་འོད་དཔག་མེད་ཀྱི་ངོ་བོ་གཅིག་ཏུ་བྱས་ནས་སྒོམ་པ་ནི་རྫོགས་པར་བྱས་པའི་དོན་ནོ། །ཚུལ་འདི་ཉིད་ཀྱིས་མཆོག་དེ་བཞིན་གཤེགས་པ་ལྔ་ཆར་སེམས་དཔའ་སུམ་རྩེག་ཏུ་བསྒོམ་མོ། །གཉིས་པ་ཕན་ཡོན་བསྟན་པ་ནི། ཆོས་ཀྱི་ཚིག་ལམ་ནི། འོད་དཔག་མེད་པའི་ཏིང་ངེ་འཛིན་ནོ། །གནས་པ་ནི་ཐོབ་པའོ། །རྡོ་རྗེ་ནི་སྒྱུ་ལུས་སོ། །ཆོས་ནི་འོད་གསལ་ལོ། །བདེན་གཉིས་ཟུང་འཇུག་དང་ལྡན་པའི་ཆོས་ནི་རྡོ་རྗེ་ཆོས་ཏེ། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུར་བའོ། །རྡོ་རྗེ་གསུམ་གྱི་སྐལ་བ་ནི། །ཞེས་སོགས་ཀྱི་དོན་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་སེམས་དཔའ་འོ། །གསུང་རྡོ་རྗེ་ནི་ཏིང་འཛིན་སེམས་དཔའ་འོ། །དམ་ཚིག་ནི་དམ་ཚིག་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་འོད་དཔག་མེད་ཀྱི་སེམས་དཔའ་སུམ་རྩེག་གི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །མི་བསྐྱོད་པ་བསྐྱེད་པའི་ཏིང་ངེ་འཛིན་བསྟན་པ་ལ་གསུམ་སྟེ། ཏིང་ངེ་འཛིན་དངོས་བསྟན་པ་དང༌། ཏིང་ངེ་འཛིན་གྱི་ཕན་ཡོན་བསྟན་པ་དང༌། ཏིང་ངེ་འཛིན་གྱི་མཚན་དོན་བསྡུ་བའོ། །དང་པོ་ནི་དེ་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའ་རྡོ་རྗེའི་དབུས་གནས་པའི། །ཞེས་པའོ། །གདན་ལས་བྱང་ཆུབ་པ་ནི། རྡོ་རྗེ་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །གསུང་ཡིག་འབྲུ་དང༌། ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་ནི། སྔར་བསྟན་པའི་རིགས་པས་ཁོང་ནས་འབྱིན་ནོ། །སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་ནི། རང་སྔགས་སྐྱེས་བུ་བསྐྱེད་ནས་ནི། །ཞེས་པ་སྟེ། དམ་ཚིག་སེམས་དཔའ་བསྟན་ནོ། །ཐུགས་ལ་ཞེས་པ་ནི། ཡེ་ཤེས་སེམས་དཔའ་འོ། །གནས་པའི་ཡི་གེ་ཧཱུྃ་ཞེས་པ་ནི། ཏིང་ངེ་འཛིན་སེམས་དཔའ་འོ། །དེ་ལྟར་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མི་བསྐྱོད་པ་ཁ་དོག་སྣ་ལྔ་པའི་འོད་ཟེར་དང་ལྡན་པ་རྣམ་པར་བསྒོམ་པར་བྱའོ། །གཉིས་པ་ཕན་ཡོན་བསྟན་པ་ནི། ཡེ་ཤེས་དག་གིས་ཏེ། མི་བསྐྱོད་པའི་རྣལ་འབྱོར་པས་བསྐྱེད་པར་བྱའོ། །གང་ཞེ་ན། རྡོ་རྗེ་ཀུན་དང་རྒྱལ་བ་ནི་མི་བསྐྱོད་པའོ། །དེའི་གནས་ནི་ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམ་པའོ། །དེ་ལྟར་ཐུན་བཞིར་བསླབས་པས། དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟུང་འཇུག་མངོན་པར་རྟོགས་ནས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་སྟོན་པ་ནི། སྟོན་པ་རྡོ་རྗེ་ཞེས་སོགས་ཏེ། སྟོན་པ་ནི་ལྷ་དང་མི་རྣམས་ལ་གདམས་ངག་རྗེས་སུ་སྟོན་པར་མཛད་པའོ། །རྡོ་རྗེ་ནི་དོན་དམ་མོ། །ཐུགས་ནི་ཀུན་རྫོབ་བོ། །བདེན་གཉིས་ཟུང་འཇུག་ལས་བྱུང་བའི་སྐུ་ནི་རྡོ་རྗེ་ཐུགས་ལས་བྱུང་ཞེས་བྱའོ། །དོན་ཉེ་བར་བསྡུ་བ་ནི། སྟོན་པ་ཞེས་པ། བདེན་གཉིས་ཟུང་འཇུག་རྟོགས་པ་ལས་བྱུང་བ་ཡིན་ལ། དེ་དག་གི་ཡོན་ཏན་ནི། ཡེ་ཤེས་ཡོན་ཏན་རྒྱ་མཚོར་འགྱུར། །ཞེས་པས་གསུངས་ཏེ། ཡེ་ཤེས་ཀྱི་ཡོན་ཏན་ནི་སྐུའི་དབང་ཕྱུག་ལ་སོགས་པ་བརྒྱད་དོ། །དེ་རྣམས་ཀྱི་འབྱུང་གནས་ཡིན་པས་རྒྱ་མཚོ་ཞེས་བརྗོད་དོ། །རྡོ་རྗེ་གསུམ་གྱི་སྐལ་པ་ནི། ཞེས་སོགས་བརྗོད་ཟིན་ཏོ། །རྡོ་རྗེ་ནི་དམ་ཚིག་སེམས་དཔའ་འོ། །ཐུགས་ནི་ཡེ་ཤེས་སེམས་དཔའ་འོ། །གསང་བ་ནི་ཏིང་ངེ་འཛིན་སེམས་དཔའ་སྟེ། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །རྡོ་རྗེ་ཐུགས་གསང་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཞེས་སྦྱར་རོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུང་ཐུགས་ནི་རྣམ་སྣང་སོགས་གསུམ་མོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་རྣམས་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །དོན་གྲུབ་དང་རིན་འབྱུང་གི་ཏིང་ངེ་འཛིན་རྒྱས་པར་བསྟན་པ་མེད་ཀྱང༌། གཞུང་ཉེར་བསྡུའི་ཚིག་འདི་ཟིན་པས་ན། བསྐྱེད་ཚུལ་ཕལ་ཆེར་སྔ་མ་བཞིན་ཡིན་ལ། ཁྱད་པར་ནི་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ཡིག་འབྲུ་གསུམ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་དོན་གྲུབ་ཏུ་བསྒོམ་པར་བྱའོ། །རིན་འབྱུང་གི་རྣལ་འབྱོར་པས་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ། དེ་ལས་རིན་འབྱུང་གི་སྐུ་བསྐྱེད་པར་བྱའོ། །སྔགས་ཀྱི་སྐུ་བསྐྱེད་པ་བསྟན་ཟིན་ཏོ། །གཉིས་པ་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི། སྔགས་ཀྱི་སྐུ་ཡི་འབྲས་བུའི་ཚུལ་དུ་སྟོན་ཏེ། དེ་ལས་འོད་གསལ་ལ་འཇུག་པའི་རིམ་པ་དང༌། འོད་གསལ་ལས་ལྡང་བའི་རིམ་པ་དང༌། རྡོ་རྗེ་བཟླས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་དང༌། ཏིང་ངེ་འཛིན་གྱི་མཚན་གྱི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ནི། རྗེས་ཞིག་གིས་སྒྱུ་ལུས་འོད་གསལ་དུ་ཞུགས་པའི་ཚུལ་བསྟན་པ་སྟེ། བསྒོམ་པར་བྱའོ་ཞེས་དྲང་ངོ༌། །གང་ཞིག་ན། རྡོ་རྗེ་འཆང་ཆེན་པོ་སྒྱུ་ལུས་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །ཚུལ་ཇི་ལྟར་ན། ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། བརྟན་གཡོའི་ཚོགས་འཇིག་རྟེན་གསུམ་སྟེ། ཡུལ་ཅན་གྱི་མིང་ཡུལ་ལ་བཏགས་པའོ། །དབུས་སུ་ཞེས་པ་ནི། དེ་དག་ཐམས་ཅད་རྡོ་རྗེ་འཆང་གཅིག་ཏུ་འདུས་པའི་ཚུལ་གྱིས་སོ། །འདིས་སྒྱུ་ལུས་བསྒོམ་ཚུལ་བསྟན་ནས། དེ་འོད་གསལ་དུ་གཞུག་པ་ནི། ལུས་རྣམས་ཀུན་ལ་ཞེས་པ་ནི། རྒྱུ་བ་དང་མི་རྒྱུ་བ་ཀུན་ཡིན་ལ། ཡི་གེ་ཁང་གི་དོན་ནི། དང་པོ་མི་རྒྱུ་བ་སྣོད་འོད་གསལ་དུ་གཞུག་ཅིང༌། དེ་ནས། རྒྱུ་བ་བཅུད་འོད་གསལ་དུ་བསྒོམ་མོ། །དེ་ནས་རྡོ་རྗེ་ཡེ་ཤེས་མཁའ་མཉམ་འགྱུར་ཞེས་པའི་དོན། རང་གཞན་ཐམས་ཅད་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་སེམས་དཔའ་སུམ་རྩེག་གི་ཚུལ་དུ་ནམ་མཁའ་ལྟར་རོ་གཅིག་པ་ཉིད་དུ་འགྱུར་རོ། །ཁཾ་གི་དོན་ནི་འོད་གསལ་ལོ། །དེ་ནས་སངས་རྒྱས་ཀྱི་སྒྲའི་དོན་ཕུང་པོ་དང༌། བྱང་ཆུབ་སེམས་དཔའི་སྒྲའི་དོན་སྐྱེ་མཆེད་རྣམས། རྡོ་རྗེ་ཕྲེང་བར་གསུངས་པའི་རིམ་པ་ཡིས་ཡང་དང་ཡང་དུ་མཆོད་པ་སྟེ། སྐད་ཅིག་རེ་རེ་ཞིང་སྐལ་པ་གསུམ་གྱི་སྒྲས་གསུངས་པའི་ཡེ་ཤེས་གསུམ་དུ་གཞུག་གོ །དེ་ནས་དམ་ཚིག་ཞེས་པ་སྐལ་པ་གསུམ་སྟེ། དེ་ཡང་འོད་གསལ་དུ་གཞུག་པའི་ཚུལ་གྱིས་གནས་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་གཟིགས་པར་མི་འགྱུར་ཏེ། འོད་གསལ་ལ་ཐིམ་པའི་ཕྱིར་རོ། །གཞན་དག་གིས་ནི་ཇི་ལྟ་བ་བཞིན་མ་བཤད་དོ། །ནམ་མཁའ་རྡོ་རྗེ་ནི་འོད་གསལ་ལོ། །དེ་ལས་བྱུང་བས་ན་ནམ་མཁའ་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ། །གཉིས་པ་འོད་གསལ་ལས་ལྡང་བའི་རིམ་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་ནི། སྒྱུ་ལུས་ཕྱག་རྒྱ་ཆེན་པོའོ། །མི་སྣང་བ་ནི་འོད་གསལ་ལོ། །དེ་ལས་འབྱུང་བས་ན་འབྱུང་བའོ། །བཀོད་པ་ནི། བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་ཟུང་འཇུག་གི་སྐུའོ། །དེའི་ཕྲེང་བ་ནི། རྣམ་སྣང་ལ་སོགས་པའི་སྤྲུལ་སྐུ་སྟོན་པའོ། །དེ་དག་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་དོན་གསལ་བར་མཛད་པ་ནི། ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པས། རྡོ་རྗེའི་དཀྱིལ་འཁོར་ཏེ་འོད་གསལ་ལོ། །འོད་གསལ་ཆོས་ཀྱི་སྐུ་དབུས་ལས་བཞེངས་པའི། རང་སྔགས་ཀྱི་སྐྱེས་བུ་ཟུང་འཇུག་གི་སྐུ་རབ་ཏུ་བསྒོམས་ལ། དེ་ནས་ཐ་མལ་པའི་ཡུལ་དུ་གྱུར་པའི་སྐུ་བཟུང་སྟེ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དོ། །གསུམ་པ་རྡོ་རྗེ་བཟླས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་ཅི་བྱེད་ཅེ་ན། སྲོག་རྩོལ་གྱི་ཡན་ལག་ཏུ་གྱུར་པ། མི་ཤིགས་པ་རྡོ་རྗེ་ཧཾ་ཞེས་པ་སྙིང་ཁར་བཞག་སྟེ།         རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*