དཔལ་གསང་བ་འདུས་པའི་རྣམ་བཤད། ཉ༽

 རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་རྣལ་འབྱོར་པའམ་རིགས་གཞན་གྱི་རྣལ་འབྱོར་པ་ཡང་རུང༌། གལ་ཏེ་རྨོངས་པས་འདས་ནས་ནི། །ཞེས་པ་སྟེ། བཤད་མ་ཐག་པའི་གནོད་པ་འདི་གཅོད་པར་འདོད་ན། དེའི་ཚེ་སྒྲུབ་པ་པོ་ཚེ་ཟད་ཅིང་འཆི་བར་འགྱུར་རོ། །གཉིས་པ་སྔགས་ཀྱིས་ནོར་བླང་བ་ནི། ཞེ་སྡང་རྡོ་རྗེ་ཁྲོ་བོ་གཞན་རྣམས་གང་རུང་གི་ཏིང་ངེ་འཛིན་ནི་གཉིས་ལ་གནས་ནས། ལས་རྒྱལ་མཆོག་ལ་མར་ངོའི་ཚེས་བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ་མཚོན་གྱིས་གསད་པའི་སྐྱེས་པའི་རོ་བསྲེགས་པའི་དུར་ཁྲོད་ཀྱི་སོལ་བ་བླངས་ནས། ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ་སྔགས་སྟོང་རྩ་བརྒྱད་བཟླས་པ་བྱས་ལ། དུར་ཁྲོད་ཀྱི་རས་ལ་གཤིན་རྗེ་གཤེད་ཀྱི་གཟུགས་བྲིས་ལ། སྙིང་ཁར་ལག་པས་རེག་སྟེ། བཤད་མ་ཐག་པའི་ཆོ་ག་བཞིན་དུ་སྔགས་བཏབ་ནས། ཕཊ་ཀྱི་འོག་ཏུ་ཆེ་གེ་མོ་ཨི་དྷཾ་ཏ་པ་ཡ་ཧྲི་སྭཱཧཱ། ཞེས་པའི་སྔགས་མཚན་ཕྱེད་དང་ཉི་མ་གུང་ལ་བརྒྱ་རྩ་བརྒྱད་བཟླས་ན། སྒྲུབ་པ་པོ་དེ་ལ་ནི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྟག་ཏུ་སྟེར་བར་འགྱུར་རོ། །གསུམ་པ་སྔགས་ཀྱིས་གསད་པའི་སྦྱོར་བ་བསྟན་པ་ནི། སྔགས་ཤེས་པའི་རྣལ་འབྱོར་པ་ཡིས། སྔགས་སྔ་མ་བཞིན་དུ་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ་དགྲ་གང་ཡང་རུང་བའི་གཟུགས་བརྙན་བྲིས་པའི་སྙིང་ཁར་མིང་སྔགས་དང་སྤེལ་བ་བྲིས་ལ། ཟླ་བ་མར་ངོའི་ཉི་མ་མངོན་སྤྱོད་ཀྱི་དུས་སུ། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས། ཨོཾ་ཧྲི་ཀྲི་ཝིཥྚི་ཏཱ་ན་ན་ཆེ་གེ་མོ་ཧྲི་ད་ཡཾ་ཞེས་སོགས་སྔགས་ལྷག་མ་དང་བཅས་པ་བཟླས་ཏེ། དགྲ་བོ་བསམ་གཏན་དག་གིས་ཏེ། སོལ་བ་དང་མཚོན་ཆའི་རྣམ་པར་བསམས་ལ་གཟུགས་བརྙན་གྱི་སྤྱི་བོ་ནས་བརྩམས་ཏེ། དབུས་སུ་རི་མོ་བྲིས་པ་ཙམ་གྱི་མོད་ལ་སྙིང་གས་ནས་འཆི་བར་འགྱུར་བ་གདོན་མི་ཟའོ། །བཞི་པ་གསང་སྔགས་ཕཊ་ཀྱི་ཐོ་བ་སྒྲུབ་པ་ནི། གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གཉིས་ཀྱི་བསམ་གཏན་གྱི་སྦྱོར་བ་ལ་གནས་པ་ཡིས། ཆུ་ངོགས་ཀྱི་ས་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་བསྲེས་ནས་དགྲ་བོའི་གཟུགས་བརྙན་བྱས་ནས་རྣམ་ཤེས་བཀུག་སྟེ་ནང་དུ་བཅུག་ནས་ཁྲོས་པས་ཕཊ་ཅེས་བརྗོད་ཅིང་རྡོ་རྗེ་ཐོ་བས་སྤྱི་བོར་བསྣུན་པ་དེ་ལྟར་བྱས་ན་ངེས་པར་བསྒྲུབ་བྱའི་མགོ་ལ་ཐོ་བ་ལྷུང་བ་སྟེ་མངོན་སུམ་དུ་འབབ་པར་འགྱུར་རོ། །ལྔ་པ་རྡོ་རྗེ་དང་སྟྭ་རེའི་སྒྲུབ་པ་ལ། རྡོ་རྗེའི་སྒྲུབ་པ་ནི། གནོད་མཛེས་ཀྱི་སྦྱོར་བ་ལ་གནས་ནས་སྔགས་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། སྙིང་ཁར་མིང་སྤེལ་སྔགས་དང་བཅས་པ་བྲིས་ཏེ་རྣམ་ཤེས་བཅུག་ནས། རང་གི་ལག་ན་གནས་པའི་རྡོ་རྗེ་ཁ་གྱེས་པ་ཧཱུྃ་རིང་པོ་ལས་བྱུང་བ་ཧཱུྃ་ཡིག་རབ་ཏུ་འབར་བ་དང་བཅས་པ། འོད་ཟེར་འབར་བ་ནག་པོས་ཀུན་ནས་ཁྱབ་པ་བསྒྲུབ་བྱའི་མགོ་ལ་ལྷུང་བར་རབ་ཏུ་བསྒོམ་མོ། །དེ་ལྟར་བྱས་ན་གདུག་པ་ཐམས་ཅད་རབ་ཏུ་འཇིགས་པར་འགྱུར་རོ། །ལས་འདི་སྦྱོར་བ་གང་ལ་གནས་པས་བྱ་ཞེ་ན། ཕྱག་ན་རྡོ་རྗེའི་རིགས་གནོད་མཛེས་རབ་ཏུ་དྲན་པའི་སྦྱོར་བ་དང་ལྡན་པས་སོ། །སྟྭ་རེའི་སྒྲུབ་པ་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ལ་གནས་ནས་རྡོ་རྒྱུས་དང་སོལ་བ་ལ་སོགས་པའི་ཚོན་རྩི་གང་ཡང་རུང་བས། དུར་ཁྲོད་ཀྱི་རས་ལ་སྐྱེས་པའམ་བུད་མེད་ཀྱི་གཟུགས་བྲིས་ལ། རང་གི་ལག་པར་ཧཱུྃ་རིང་པོ་ལས་གྱུར་བའི་སྟྭ་རེ་བསམས་ནས། ཕཊ་ཅེས་བརྗོད་ཅིང༌། མགྲིན་པ་བཅད་པར་རྣམ་པར་བསྒོམ། ཆོ་ག་འདིས་སངས་རྒྱས་ཏེ་རང་བསྒྲུབ་བྱའི་གནས་སུ་ཤེས་པ་དང༌། སྐུ་གསུམ་ནི་ལུས་ངག་ཡིད་གསུམ་ཡིན་ལ། རིན་ཆེན་མཆོག་ནི་ཁྱད་པར་ཅན་ཏེ། ལུས་ངག་ཡིད་གསུམ་ཁྱད་པར་ཅན་གྱི་བདག་ཉིད་ཅན་དང༌། སེམས་ཅན་རབ་འབྲིང་ཐ་མ་ཀུན་ལ་ཕན་པར་འདོད་པ་རྒྱལ་པོའོ། །འདི་དག་སྦྱོར་བ་འདི་ཡིས་བསྣུན་ན་གནད་པར་འགྱུར་བའམ་འཆི་བར་འགྱུར་བ་གདོན་མི་ཟའོ། །དྲུག་པ་ཆར་གཅོད་པའི་ཆོ་ག་ནི། བདུད་རྩི་ཐབས་སྦྱོར་གྱི་སྦྱོར་བ་ལ་གནས་པས། ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་སེར་པོ་རབ་ཏུ་འབར་བ་ཆེན་པོ་ནམ་མཁའི་ཕྱོགས་སུ་བསམས་ལ། དེའི་དབུས་སུ་མེ་སྟག་མང་པོ་འཁྲིགས་པ་ཁ་གྱེས་ཤིང་རྩེ་མོ་གྱེན་ལ་བསྟན་པ་ཅན་བསྒོམས་ནས་དེའི་འོད་ཟེར་གྱིས་ཆར་གྱི་རྒྱུན་རེངས་པར་བསམ་པ་ཆར་པའི་ཆུ་རྣམས་གནོན་པའི་ཆོ་ག་མཆོག་ཡིན་ནོ། །ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་དག་བྲི་བ་ན། རླུང་དང་ཆར་པ་ལ་སོགས་པ་བྱུང་ན་ནི་མཆེ་བ་ནི་ནོར་རྒྱས་ལ་སོགས་པའི་ཀླུའོ། །ཕྱག་རྒྱ་ནི་དེ་ཚར་གཅོད་པའི་བྱ་བའོ། །བཅིངས་ནས་ཏེ་དེ་བྱས་ནས་སུ་གདུག་པའི་བགེགས་ཀྱི་དགྲ་རྟ་མགྲིན་རྗེས་སུ་དྲན་པ་སྟེ་བསྒོམ་པར་བྱ་ཞིང༌། ལག་ན་གནས་པའི་མཚོན་གྱིས་བགེགས་རྣམས་བཟློག་པར་བྱའོ། །དེ་ལྟར་བྱས་ནས་སངས་རྒྱས་ཏེ། རང་གི་སྡེ་པའི་སྔགས་པ་དང༌། བྱང་ཆུབ་སེམས་པའམ་སྟེ་གཞན་གྱི་སྡེ་པས་ཀྱང་སྤྲུལ་པའི་བགེགས་གང་ཞིག་བྱུང་བར་གྱུར་པ་ནི་ཕྱག་རྒྱ་མཐོང་བ་ཙམ་གྱིས་འགག་པ་སྟེ་མི་སྣང་བར་འགྱུར་རོ། །རྟ་མགྲིན་གྱི་སྦྱོར་བ་བྱས་པ་ལས་གཞན་དུ་མ་བྱས་ན། འདོད་པའི་དོན་འཇིག་པར་འགྱུར་པ་སྟེ་མི་འགྲུབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ་རང་གཞན་གྱི་སྡེ་པའི་སྔགས་པ་དང༌། སྐྱེ་བོ་གདུག་པ་ཐ་མལ་པ་གཞན་དག་ཀྱང༌། སྔགས་ཀྱི་རྣམ་འཕྲུལ་རྟ་མགྲིན་གྱི་ཏིང་ངེ་འཛིན་འདིས་སྐྲག་པར་བྱས་ཤིང་བསྡིགས་ན་ནི། འཆི་བར་འགྱུར་བ་གདོན་མི་ཟ། དེ་ལ་དྲག་པོའི་ལས་བཤད་པ་འདི་ནི་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའོ། །སྙིང་པོ་ནི་དྲག་པོའི་སྔགས་རྣམས་ཀྱི་སྲོག་གོ །དེ་གང་ཞེ་ན་ཕཊ་ཏེ་གསོད་པའོ། །གཉིས་པ་རྫོགས་རིམ་པའི་སྤྱོད་པ་ལ་ལྔ་སྟེ། ཕྱག་རྒྱ་ལྔ་དང་སྤྱོད་པ་བྱ་བ་དང༌། གཅིག་དང་སྤྱོད་པ་བྱ་བ་དང༌། ཁ་ཟས་ཀྱི་ཁྱད་པར་བསྟན་པ་དང༌། རི་ལུའི་སྒྲུབ་པ་བསྟན་པ་དང༌། ཞི་སོགས་ཀྱི་ལས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ཡེ་ཤེས་ཀྱི་རིམ་པས་རྫོགས་རིམ་པའི་སེམས་དཔའ་ནི། ཡེ་ཤེས་སེམས་དཔའ་སྟེ། འོད་གསལ་ལས་སྐད་ཅིག་གིས་སྒོམ་པའི་སྦྱོར་བ་ཡིས། ཕྱོགས་ཀྱི་གདན་བཞིའི་དབུས་སུ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གདན་ལ། གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །ལས་རྒྱལ་མཆོག་ལ་གནས་པས་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ཡིས་མཚམས་ཀྱི་སྤྱན་ལ་སོགས་པའི་གནས་བཞི་རུ་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པའི་བཙུན་མོ་བཞི་ཉིན་མཚན་རྟག་ཏུ་བཞག་པར་བྱའོ། །བཙུན་མོ་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། གཟུགས་མཛེས་པ་སོགས་བུད་མེད་ཀྱི་མཚན་མ་ཐམས་ཅད་ཀྱིས་མཚན་པའོ། །དེ་ནས་ལྷ་ཐམས་ཅད་བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་བཅུག་པ་ལ། ལྷ་མོའི་གླུས་བསྐུལ་ནས་སྐད་ཅིག་གིས་ཡེ་ཤེས་ཀྱིས་སྐུར་བཞེངས་ཏེ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་བྱས་ནས། སྙིང་ཁའི་པདྨོ་སྟེ་རླུང་འབྱུང་བའི་ཁོག་སྟོང་དང༌། བཞིན་གྱི་པདྨོ་སྟེ་རླུང་འབྱུང་བའི་སྒོ་མིག་སོགས་དབང་པོ་རབ་ཏུ་རྒྱས་ཤིང་བྱེ་བར་བྱས་ནས། སྔགས་ཡི་གེ་ཧཱུྃ་འདི་ཡན་ལག་གི་རླུང་ལྡང་བའི་བདག་ཉིད་ཅན་དུ་བསྒོམ་པར་བྱ་ཞིང་དེ་སེམས་ཙམ་དུ་ཤེས་པར་བྱའོ། །སེམས་དེ་ཡང་རྡོ་རྗེ་ཅན་གྱི་སྦྱོར་བ་སྟེ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་བསྒོམ་མོ། །འོད་ཟེར་ལྔ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔའོ། །འོད་ནི་གཟུགས་སོགས་ཡུལ་རབ་འབྲིང་རྣམ་པ་གསུམ་མོ། །རབ་ཏུ་འབར་བ་ནི་རྣམ་ཤེས་ལྔ་དང་ཡུལ་ལྔ་ལ་ལོངས་སྤྱོད་པའི་ཚུལ་ལོ། །གསལ་བར་བསྒོམ་ཞིང་བསླབ་པའོ། །དེ་ལྟར་བསླབས་ནས་སྒྲུབ་པ་པོ་རང་གི་ལུས་ངག་སེམས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལ་ཡུལ་འདོད་པའི་ཡོན་ཏན་ལྔ་ལོངས་སྤྱད་བྱར་ཕབ་ནས་སྤྱོད་ན། བྱང་ཆུབ་སྟེ་མཆོག་ཏུ་དགའ་བ་ཐོབ་པར་འགྱུར་རོ། །འདིར་ཐམས་ཅད་ཀྱིས་དོན་མ་རྟོགས་པར་སྣང་ངོ༌། །དེ་ལྟར་སྤྱོད་པ་དེ་ནི་དེ་མ་ཐག་ཉིད་དུ་རིང་པོར་མི་ཐོགས་པར་རྣམ་པར་སྣང་མཛད་འོད་འདྲ་སྟེ་སྐུ་རྡོ་རྗེ་དང་འདྲ་བར་འགྱུར་ཞིང༌། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང༌། རྒྱལ་པོ་ཆེ་སྟེ་རིན་ཆེན་འབྱུང་ལྡན་དང༌། སངས་རྒྱས་འོད་དཔག་མེད་དང༌། སྐུ་གསུམ་རྡོ་རྗེ་འཛིན་དོན་ཡོད་གྲུབ་པ་དང་མཉམ་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་བསྐྱེད་ཅིང་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དང་ལྷན་ཅིག་སྤྱོད་པ་བྱ་བ་ལ། ཕྱི་ནང་གི་མཆོད་པ་སྔོན་དུ་སོང་ནས། གསང་བའི་མཆོད་པ་ནི། བཞིན་རབ་ཏུ་དང་བས་བཟང་ཞིང༌། སྒྲུབ་པ་པོ་ལ་ཕན་པར་འདོད་པའི་རིགས་གང་རུང་བའི་བུད་མེད་རྙེད་ན། འདི་ནས་འབྱུང་བའི་ཆོ་ག་བཞིན་གནས་དབེན་པར་སྙོམས་འཇུག་གི་མཆོད་པ་བརྩམ་པར་བྱའོ། །དེས་ཅི་བྱ་ཞེ་ན། གསང་བ་ནི་འདོད་ཆགས་དང་ཆགས་བྲལ་སོགས་གསུམ་སྟེ། དེ་དག་བླངས་ན་སྟེ་རིམ་གྱིས་ངེས་པར་བྱས་ནས་བཟའ་བར་བྱ་བ་སྟེ་འོད་གསལ་གྱིས་སྦྱང་བར་བྱའོ། །དེས་ཕན་ཡོན་ཅི་འཐོབ་ཅེ་ན། དེ་ལྟར་སྦྱངས་པའི་རྣལ་འབྱོར་པ་དེ་ནི། དེ་མ་ཐག་ཏུ་སྟེ་རིང་པོར་མི་ཐོགས་པར་འཇམ་དཔལ་ཏེ་རྡོ་རྗེ་འཆང་ཆེན་པོ་དང་གཟི་བརྗིད་མཉམ་པར་འགྱུར་ཞིང༌། མི་སྣང་བ་སྟེ་ཐ་མལ་གྱི་ལུས་སྤངས་ནས། དེའི་འོག་ཏུ་བདག་པོ་སྟེ་གཙོ་བོའོ། །ཕྱག་རྒྱ་དང་བཅས་པ་ཉིད་དངོས་གྲུབ་ཐོབ་པས་དཔལ་ལྡན་ནོ། །འཛམ་བུ་ཆུ་བོའི་གསེར་གྱི་མདངས་དང་འདྲ་བ་རིན་ཆེན་ཏོག་དང་འདྲ་བར་འགྱུར་ཏེ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་རྫོགས་པར་བྱེད་པས་སོ། །གསུམ་པ་ཁ་ཟས་ཀྱི་ཁྱད་པར་སྟོན་པ་ནི། བཤང་བ་ནི་བ་གླང་གི་ལྕི་བ་ལ་སོགས་པ། བཟའ་བ་ནི་ཐུན་མོང་གི་འབྲས་ཆན་ལ་སོགས་པའོ། །ཤ་ནི་སེམས་ཅན་གང་ཡང་རུང་བའི་ཤའོ། །ཡང་ན་ཞེས་པ་ནི། རྩ་བ་དང་འབྲས་བུ་སོགས་གཞན་ཡང་རུང་བའོ། །ཆོ་ག་སྒྲུབ་ཐབས་ལས་འབྱུང་བ་བཞིན་དུ་མངོན་པར་བསྔགས་པ་སྟེ། སྦྱང་བ་ལ་སོགས་པའི་རིམ་པས་སྙིང་ཁ་དང་ལྐོག་མ་སྦྱངས་ནས་ཁར་གཞུག་པར་བྱ་ཞིང་ཟོས་ན། མངོན་པར་འདོད་པའི་དོན་ཐོབ་བོ། །རིམ་པ་འདི་ནི་སྒྲ་ཚད་ལ་མཁས་པ་རྣམས་ཀྱིས་ཀྱང་མི་མཐོང་ཞིང་མི་ཤེས་སོ། །བཅོམ་ལྡན་འདས་ཞེས་སོགས་ནི་རྟོགས་པར་སླའོ། །བཞི་པ་མི་སྣང་བ་སྒྲུབ་པའི་ཆོ་ག་ལ་བསྡུས་དོན་ནི། ལྷག་པའི་ལྷ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས། རི་ལུ་གསེར་ལ་སོགས་པས་དཀྲིས་ལ་ཟླ་བ་གཟས་ཟིན་གྱི་དུས་སུ་ཡུམ་གྱི་ཆོས་འབྱུང་དུ་བཅུག་ལ། ཟླ་བ་གཟས་མ་བཏང་གི་བར་དུ་སྙོམས་འཇུག་བྱས་ལ། བཏོན་ནས་ཁར་བཅུག་ན་སུས་ཀྱང་མི་མཐོང་ངོ༌། །ཚིག་དོན་ནི། བཤང་བ་ནི་ཉིན་ཞག་གཅིག་ལས་སྐྱེས་པའི་བུ་ཆུང་གིའོ། །ཆོ་ག་བཞིན་ས་ལ་མ་རེག་པ་བླངས་ཏེ། ཁམ་ཕོར་ཏེ་ཐོད་པ་ཁ་སྦྱར་མར་བྱས་ནས་དེའི་ནང་དུ་བཞག་པར་བྱ། འབྲུ་གསུམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཤིང་བསྐུལ་ནས་རི་ལུ་བྱས་ནས་ཁར་བཅུག་ན་སངས་རྒྱས་ཉི་མ་སྟེ་རིག་འཛིན་རྣམས་ཀྱིས་ཀྱང་མི་མཐོང་ངོ༌། །ཁྱིའི་ཤ་དང༌། རྟ་ཤ་དང་མི་ཤི་བའི་ཤ་ཆེན་དག་བཤད་མ་ཐག་པའི་ཆོ་ག་བཞིན་དུ་བླངས་ནས་ཐོད་པ་ཁ་སྦྱར་དུ་བཞག་སྟེ། རི་ལུ་བྱས་པ་ལ་འབྲུ་གསུམ་བཟླས་པའི་སྦྱོར་བ་ཡིས་ཟོས་ན། གྲུབ་པ་ཐོབ་པ་ཡིས་ཀྱང་མི་མཐོང་ངོ༌། །བཤང་བ་དང་ལྷན་ཅིག་བདུད་རྩི་བཞི་པོ་སྦྱར་ནས་རི་ལུ་གསེར་ལ་སོགས་པ་ལྕགས་གསུམ་གྱིས་དཀྲིས་པ། ཆོས་འབྱུང་དུ་བཅུག་ནས། ཟླ་བ་གཟས་ཟིན་པའི་དུས་སུ་དབང་པོ་གཉིས་ཀྱི་སྦྱོར་བ་བྱས་པ་ཡིས། རི་ལུ་བཏོན་ནས་ཁར་བཅུག་ན་སངས་རྒྱས་ཀུན་གྱིས་མི་མཐོང་ངོ༌། །སྔ་མ་གཉིས་ལ་སྙོམས་འཇུག་གི་ཆོ་ག་མེད་དོ། །ཁྱི་ཤ་བདུད་རྩི་ལྔ་དང་སྦྱར་བའི་རི་ལུ་ནི་བཞི་པའོ། །དེ་ནས་ཤ་ཆེན་དང་བདུད་རྩི་ལྔ་སྦྱར་བའི་རི་ལུའི་སྦྱོར་བ་ནི་ལྔ་པའོ། །བ་གླང་གི་ཤ་དང་ཤ་ཆེན་སྦྱར་བའི་རི་ལུའི་སྦྱོར་བ་ནི་དྲུག་པའོ། །བཤང་བ་དང་ལྷན་ཅིག་བྱུང་བའི་སྲོག་ཆགས་བདུད་རྩི་ལྔ་སྦྱར་བའི་རི་ལུའི་སྦྱོར་བ་ནི་བདུན་པའོ། །ཙནྡན་དམར་པོ་དང་ག་པུར་དང་བདུད་རྩི་ལྔ་སྦྱར་བའི་རི་ལུའི་སྦྱོར་བ་ནི་བརྒྱད་པའོ། །གྷི་ཝང་དང་ཨ་རུ་ར་ནག་པོ་གཉིས་དང་བདུད་རྩི་ལྔ་སྦྱར་བའི་རི་ལུའི་སྦྱོར་བ་ནི་དགུ་པའོ། །?་པུར་དང་གུར་གུམ་དང་བདུད་རྩི་སྦྱར་བའི་རི་ལུའི་སྦྱོར་བ་ནི་བཅུ་པའོ། །ཆོ་ག་ནི་སྔ་མ་བཞིན་ནོ། །ལྕགས་གསུམ་ནི། གསེར་དང༌། དངུལ་དང༌། ལྕགས་གསུམ་ལ་བཤད་དོ། །ལྔ་པ་ཞི་སོགས་ཀྱི་ལས་ཕན་ཡོན་དང་བཅས་པ་ནི། ཟུང་འཇུག་གི་རྣལ་འབྱོར་པས་རྡོ་རྗེ་ཅན་ཏེ་ལྷག་པའི་ལྷ་རྣམས་ཀྱི་དབུས་སུ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཤིང་བསྐྱེད་ནས། རྡོ་རྗེའི་བཟླས་པའི་སྒོ་ནས་ཞི་སོགས་ཀྱི་ལས་བསྒྲུབས་ན་འགྲུབ་པར་འགྱུར་ཞིང༌། དེར་མ་ཟད་རྣལ་འབྱོར་པ་དེ་རྡོ་རྗེ་འཆང་ཅི་འདྲ་བ་དེ་འདྲར་འགྱུར་ཞིང་དབང་ཕྱུག་བརྒྱད་དང་ལྡན་པས་ན་དཔལ་དང་ལྡན་པར་འགྱུར་རོ། །ས་འོག་ས་སྟེང་སོགས་འཇིག་རྟེན་གསུམ་འདུལ་བས། སྟོབས་ཆེན་ཕ་རོལ་གནོན་པའོ། །ཞེས་བརྗོད་དོ། །སྐད་ཅིག་གིས་དཔག་ཚད་བྱེ་བ་རྫོགས་པའི་ཚད་ཀྱི་སའི་སྟེང་དུ་འགྲོ་བ་དང༌། འོག་ཏུ་ཡང་དེ་སྲིད་ཀྱི་ཚད་དུ་རྡོ་རྗེའི་གནམ་ལྕགས་ལྟ་བུར་ཐོགས་མེད་དུ་འགྲོ་བར་འགྱུར་བ་དང༌། སྐད་ཅིག་གིས་སྟོང་གསུམ་བགྲོད་པ་དང༌། ཕྱག་རྒྱའི་ཚོགས་དུ་མ་དང་ལྡན་པས་ན་དཔལ་ལྡན་ནོ། །སངས་རྒྱས་འོད་དང་འདྲ་བ་སྟེ་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་དང་མཚུངས་པར་འགྱུར་རོ་ཞེས་པའི་དོན་ནོ། །རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་འདོད་པའི་ཁམས་ན་གནས་པའི་ལྷ་མོ་རྣམས་དང༌། ལྷའི་ལོངས་སྤྱོད་དང་འདྲ་བ་འཁོར་ལོས་སྒྱུར་བ་ལ་སོགས་པའི་བུ་མོ་འགུགས་པ་དང༌། རིགས་ཏེ་ཀླུ་དང་ལྷ་མ་ཡིན་ལ་སོགས་པའོ། །བརྟུལ་ཞུགས་ནི་དེ་རྣམས་ཀྱི་བུ་མོ་དང༌། ཡང་ན་གཟུགས་ཁམས་ན་གནས་པའི་བུ་མོ་ཡོད་ནའང་དེ་ལའང་ལོངས་སྤྱོད་དོ། །ཞེས་ཧ་ཅང་ཐལ་བས་ཕུལ་དུ་བྱུང་བ་བཤད་དེ། དེ་དག་རྣམས་ལ་སྟོབས་ཆེན་གྱིས་ནི་འདོད་པ་སྤྱོད་ཅེས་སྦྱར་རོ། །བཅོམ་ལྡན་འདས་དམ་ཚིག་སྟེ་ཐ་མལ་པའི་ལུས་མི་སྣང་བར་བྱས་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་སོགས་སྦྱར་རོ། །གཉིས་པ་ངོ་མཚར་བའི་སྒོ་ནས་གཞུང་ཉེ་བར་བསྡུ་བ་ནི། དེ་ནས་སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དང་པོ་ཐོས་པ་ཙམ་གྱིས་སེམས་འཁྲུལ་བ་སྟེ། དོན་ལ་ཤིན་ཏུ་ངོ་མཚར་ཞིང༌། ཕྱིས་ནས་བསམ་པ་དང་བསྒོམས་པ་ལས་བྱུང་བས་རྟོགས་པས་ཡིད་ལ་དབང་བ་སྟེ་ཡེ་ཤེས་ཤར་བའོ། །དེའི་འོག་ཏུ་སྟོན་པའི་དྲིན་གྱིས་རབ་ཏུ་དགྱེས་པའི་བདག་ཉིད་ཅན་དུ་གནས་པར་བྱས་ནས། ངོ་མཚར་དུ་གྱུར་ཅིང་སྤྱན་གདངས་ནས། ཀུན་ནས་མཉེས་པ་སྟོན་པའི་གསུང་འོག་ནས་འབྱུང་བ་འདི་སྐད་བཀའ་བསྩལ་ཏོ་སྟེ་གསུངས་སོ། །ཨེ་མ་ཧོ་ནི་ངོ་མཚར་བ་སྟེ། ཧྲི་ཥྚི་དང་ཕཊ་ཅེས་པའི་སྔགས་གཅིག་གིས་ལས་དུ་མ་སྒྲུབ་པ་འདི་རབ་ཏུ་ངོ་མཚར་ཆེའོ། །གསང་བའི་གནས་བུད་མེད་དང་ལྷན་ཅིག་རོལ་པས་ཀྱང༌། འཇིག་རྟེན་དང་མི་འགྱུར་བའི་མཆོག་གི་དངོས་གྲུབ་ཐོབ་པ་ཡང་ངོ་མཚར་ཆེའོ། །བདུད་རྩི་དང་ཤ་ལ་སོགས་པའི་རི་ལུ་རྣམས་ཀྱིས་ཀྱང༌། ངོ་བོ་ཉིད་ཀྱིས་དག་པའི་དངོས་གྲུབ་ཕུན་སུམ་ཚོགས་པ་ཐོབ་པ་ཡང་ངོ་མཚར་ཆེའོ། །ཕྱག་རྒྱ་ཆེན་པོ་གང་རུང་ལ་དམིགས་ནས་ལས་བསྒྲུབས་ན། མ་གོས་ཤིང་ཤིན་ཏུ་དྲི་མ་མེད་པའི་ཆོས། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ཡང་ངོ་མཚར་ཆེའོ། །གསུམ་པ་རིགས་ཀྱི་དབྱེ་བས་ལྷ་དབང་བསྐུར་བ་ལ་གསུམ་སྟེ། སྟོན་པའི་ཁྱད་པར་བསྟན་པ་དང༌། དབང་བསྐུར་བ་དངོས་དང༌། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་ཆེན་པོས། འོག་ནས་འབྱུང་བ་རྡོ་རྗེའི་གསུང་བཀའ་བསྩལ་ཏོ། །སྟོན་པ་ཇི་ལྟ་བུ་ཞེ་ན། གདུག་པ་འདུལ་བས་སྟོན་པ། རྣམ་སྣང་སོགས་འབྱིན་པས་ན་བསྐྱེད་པ་པོ། དངོས་གྲུབ་བསྐྱེད་པར་མཛད་པས་ན་བྱེད་པ་པོ། རིགས་དྲུག་པའི་ངོ་བོ་ཡིན་པས་ན་མི་འགྱུར་ཆེའོ། །སངས་རྒྱས་ནི་རྣམ་སྣང༌། ཆོས་ནི་འོད་དཔག་མེད། རྡོ་རྗེ་ནི་མི་བསྐྱོད་པ་སྟེ་གསུམ་པོའི་བདག་ཉིད་ཅན་ནོ། །གཉིས་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་རིགས་སོ་སོར་ངོས་བཟུང་བ་ནི། ཕྱག་ན་རྡོ་རྗེ་དང༌། འཇམ་དབྱངས་དང༌། ཀུན་ཏུ་བཟང་པོ་དང༌། ཁྲོ་བོ་བཅུ་ལས་མཚམས་བཞི་དང༌། སྟེང་འོག་གཉིས་ཀྱི་ཁྲོ་བོ་གཉིས། རྡོ་རྗེའི་རིགས་སོ། །ལྷག་མ་རྣམས་ཕྱོགས་ཀྱི་དབྱེ་བས་སོ་སོར་རྟོགས་སོ་ཞེས་ཆག་ལོ་དང༌། རྗེ་བཙུན་ཉི་མའི་དབང་པོ་ལ་སོགས་པ་འཆད་དེ། ཟླ་གྲགས་ཀྱི་འགྲེལ་པ་དང་མཐུན་ནོ། །བསྡུས་རིམ་ལྟར་ན། མི་བསྐྱོད་པ་དང༌། རེག་བྱ་རྡོ་རྗེ་མ་དང༌། སྟེང་འོག་གི་ཁྲོ་བོ་གཉིས་རྣམས་རྡོ་རྗེའི་རིགས་སུ་ངེས་ལ། མཱ་མ་ཀི་དང༌། སྒྲ་རྡོ་རྗེ་མ་གཉིས་རྡོ་རྗེ་དང༌། རིན་པོ་ཆེའི་རིགས་གཉིས་ཀའོ། །ལྷག་མ་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་ངེས་པར་གསུངས་སོ། །རྒྱས་བཏབ་ཀྱི་ཚུལ་ལ། རྡོ་རྗེ་འཆང་དང་ཞེ་སྡང་རྡོ་རྗེ་རྒྱུ་ཡིན་ལ། རིགས་གཞན་ལྔ་པོ་འབྲས་བུ་ཡིན་པས། རིགས་ལྔ་པོ་ལ་མི་བསྐྱོད་པས་དབུ་རྒྱན་པ་ནི། འབྲས་བུ་ལ་རྒྱུས་རྒྱས་གདབ་པའོ། །རྡོ་རྗེ་སེམས་དཔའ་དང༌། དང་པོའི་མགོན་པོ་ལ། རྡོ་རྗེ་མགོན་པོས་རྒྱས་གདབ་པ་ནི། འབྲས་བུས་རྒྱུ་ལ་རྒྱས་གདབ་པའོ། །འཁོར་རྣམས་ལ་རང་རང་གི་རིགས་ཀྱིས་རྒྱས་གདབ་པ་ནི། རྒྱུས་འབྲས་བུ་ལ་རྒྱས་གདབ་པའོ། །རྒྱུད་ཕྱི་མ་ལས། འབྲས་བུས་རྒྱུ་ནི་རྒྱས་གདབ་ཅིང༌། །རྒྱུ་ཡིས་འབྲས་བུ་རྒྱས་གདབ་པར། །བསྒོམ་ཞིང་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །ཞེས་སོ། །རྣམ་དག་ནི། འབྲས་བུ་དོན་དམ་པའི་བདེན་པས་རྒྱུ་ཀུན་རྫོབ་ཀྱི་བདེན་པ་ལ་རྒྱས་གདབ་ཅིང༌། རྒྱུ་ཀུན་རྫོབ་ཀྱི་བདེན་པས་འབྲས་བུ་དོན་དམ་པའི་བདེན་པ་ལ་རྒྱས་གདབ་སྟེ། བདེན་གཉིས་དབྱེར་མེད་ཟུང་འཇུག་ཏུ་ཤེས་པར་བྱ་བའོ། །འདིར་གནོད་སྦྱིན་མོ་ལ་གཤིན་རྗེ་གཤེད་དང༌། ཁྲོ་བོ་གང་ཡང་རུང་བས་རྒྱས་བཏབ་པ་ནི། འདུལ་བྱེད་ཀྱིས་འདུལ་བྱ་ལ་རྒྱས་གདབ་པའོ། །གཉིས་པ་ཚིག་དོན་ནི། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་སྤྱི་བོར་འཛིན་པའི་སྦྱོར་བ་ཡིས། རྡོ་རྗེ་འཛིན་པ་སྟེ་མི་བསྐྱོད་པའི་རིགས་ཅན་རྣམས་མཉེས་པར་བྱ་བ་སྟེ་སྤྱི་བོར་དབང་བསྐུར་བའོ། །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་དོ། །རབ་དབྱེ་བས་ཞེས་པ་ནི། རིགས་ཅན་རྣམས་ཀྱི་སྤྱི་བོར་སོ་སོར་བཞུགས་པས། སངས་རྒྱས་རྡོ་རྗེ་ཅན་ཏེ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་མཉེས་པ་སྟེ་སྤྱི་བོར་དབང་བསྐུར་བར་འགྱུར་རོ། །རྡོ་རྗེ་སྤྱན་དང་ལ་སོགས་པ་གཟུགས་རྡོ་རྗེ་མ་དང༌། བྱམས་པ་དང༌། ས་སྙིང་དང་གཤིན་རྗེ་གཤེད་རྣམས་ལ་གཟུགས་ཏེ་རྣམ་པར་སྣང་མཛད་ཀྱིས་གཙུག་ཏོར་མཉེས་པ་སྟེ་དབུ་རྒྱན་དུ་འཇོག་པར་དྲན་ཅིང་བསྒོམ་མོ། །སོགས་ཀྱི་སྒྲས་རིགས་ཅན་གཞན་རྣམས་ལ་ཡང་རང་རང་གི་རིགས་བདག་གིས་རྒྱས་གདབ་པ་སྟོན་ནོ། །ཁྲོ་བོ་རྣམས་ལ་ཡང་རིགས་ཀྱི་དབྱེ་བས་སངས་རྒྱས་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་སོགས་དབུ་རྒྱན་དུ་རབ་ཏུ་བསྒོམ་པར་བྱའོ། །མཆོག་ནི་གཅེས་པའི་དོན་ནོ། །རིག་པ་ནི་མཱ་མ་ཀིའོ། །དེའི་རྒྱལ་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །ཆོས་ནི་རིན་པོ་ཆེའི་རིགས་ཅན་རྣམས་སོ། །མཆོག་རིགས་བདག་རིན་ཆེན་ཏོག་གིས་དབུ་རྒྱན་པར་རྣམ་པར་བསྒོམ། རིག་པའི་རྒྱལ་མོ་ནི་གོས་དཀར་མོའོ། །སྦྱོར་བ་ནི་དེ་དང་རིགས་གཅིག་པའི་པདྨའི་རིགས་རྣམས་ཏེ། དེ་རྣམས་ལ་ཚེ་དཔག་མེད་པ་རབ་ཏུ་བསྒོམ་མོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ནི་ལས་ཀྱི་རིགས་རྣམས་ཏེ། དེ་དག་ལ་གདོན་མི་ཟ་བའི་ཡེ་ཤེས་དོན་ཡོད་གྲུབ་པ་དབུ་རྒྱན་དུ་བསྒོམ་མོ། །སྔགས་རྣམས་ཐམས་ཅད་དེ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་ནི། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་རྣམ་པར་བསྒོམ་མོ། །རྡོ་རྗེ་རོ་ལངས་མོ་ལ་སོགས་པའི་གནོད་སྦྱིན་མོའི་སྔགས་ཏེ་དེ་དག་བསྐྱེད་པའི་ས་བོན་ནོ། །རྒྱུད་ནི་ས་བོན་ལས་བྱུང་བའི་གནོད་སྦྱིན་མོའི་གཟུགས་སོ། །དེ་དག་རྣམས་ཀྱི་དབུ་རྒྱན་དུ་གཤིན་རྗེ་གཤེད་བརྟག་པར་བྱའོ། །བཤད་མ་ཐག་པའི་ལྷ་ཐམས་ཅད་དབང་བསྐུར་བ་ལ་སྦྱོར་བའི་དུས་སུ་སྦྱོར་བའི་སྔགས་ཏེ། རིགས་ཀྱི་བདག་པོ་རྣམས་སྤྱི་བོ་རུ་དབང་བསྐུར་བ་སྟེ་རང་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བདུད་རྩིས་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱེད་པ་ནི་ཤིས་ཞེས་པའི་དོན་ནོ། །ཞེས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །གསུམ་པ་ཕན་ཡོན་ནི། དམ་ཚིག་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་པའི་བསམ་གཏན་འདི་ནི་སྒྲུབ་པ་པོ་རྣམས་ལ་ཕན་པ་བྱེད་པར་གསུངས་སོ། །བསམ་གཏན་གང་ཞེ་ན། བཤད་མ་ཐག་པའི་དབང་བསྐུར་བའི་བསམ་གཏན་གྱི་འཁོར་ལོ་འདི་ཡིས་རྒྱས་བཏབ་པའི་སྔགས་ཏེ་ལྷ་རྣམས་སོ། །མཉེས་པར་བྱེད་པའི་དཀྱིལ་ནི་སྙིང་པོ་སྟེ་ཕྱག་རྒྱ་ཆེན་པོ། འཁོར་ནི་དེ་ལེན་ཅིང་འཛིན་པར་བྱེད་པ་དག་སྟེ། རྒྱས་བཏབ་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པའི་དོན་ནོ། །བཞི་པ་ལས་ཀྱི་ཆོ་ག་དུ་མ་བསྟན་པ་ལ་གཉིས་ཏེ། པྲ་སེན་དབབ་པའི་ལས་ཀྱི་ཆོ་ག་དང༌། དངོས་གྲུབ་ཀྱི་ཕྱོགས་སུ་གཏོགས་པའི་ལས་ཚོགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྐབས་ཀྱི་དོན་རྣམ་པར་དབྱེ་བའོ། །དང་པོ་ནི། དེ་ནས་རྡོ་རྗེ་འཛིན་གྱིས་བཀའ་བསྩལ་ཏེ་ཞེས་སྦྱར་རོ། །དེ་ཇི་ལྟ་བུ་ཞེ་ན། བགེགས་ཞི་བར་མཛད་པས་སྟོན་པའོ། །ཁམས་གསུམ་གྱི་བདག་པོར་གྱུར་པས་གཙོ་བོའོ། །གཟུགས་ལ་སོགས་པའི་ཆོས་རྣམས་རྣམ་པར་དག་པའི་བདག་ཉིད་རིགས་ལྔའི་གཙོ་བོ་ཡིན་པས་ཀུན་གྱི་དབང་ཕྱུག རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཡིན་པས་སྐུ་གསུང་ཐུགས་ཡོངས་སུ་དག་པའོ། །འདས་པ་ལ་སོགས་པ་མཁྱེན་པས་ཡེ་ཤེས་སེམས་དཔའ་བཀའ་བསྩལ་ཏོ། །གང་ན། འདས་པ་ལ་སོགས་པ་ཡོངས་སུ་ཤེས་པའི་ཆོ་ག་འོག་ནས་འབྱུང་བ་འདིའོ། །གཉིས་པ་ལ་གསུམ་སྟེ། གང་དུ་གནས་སྦྱོར་བ་དང་བཅས་པ་དང༌། སྣོད་སྦྱང་བའི་ཐབས་དང༌། དབབ་པའི་ཆོ་ག་དངོས་སོ། །དང་པོ་ནི། རི་རྩེ་དང་འདྲ་བའི་ཁང་པ་རྩེགས་མའི་སྟེང་དང༌། དེ་ལས་གཞན་པ་ཉམས་དགའ་བའི་གནས་དང༌། ནགས་ཚལ་རབ་ཏུ་དབེན་པར་ཡང་རུང་ངོ༌། །གནས་དེ་རྣམས་སུ་སྒྲུབ་པ་པོས་ནུས་པ་སྒྲུབ་པའི་ཕྱིར། བསམ་གཏན་རྡོ་རྗེ་སྟེ་ཕྱག་རྒྱ་ཆེན་པོ་གཉིས་རབ་ཏུ་བསྒོམ་པར་བྱའོ། །དེ་ནས་ངག་ཏུ་བརྗོད་པའི་སྔགས་དང་རྡོ་རྗེ་བཟླས་པ་དང་གཉིས་པོ་ཉམས་སུ་བླངས་པའི་སྦྱོར་བ་ཡིས་ཆོ་ག་བྱའོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་དང༌། སོགས་པ་རྣམ་སྣང་དང་འོད་དཔག་མེད་ཀུན་རང་རང་གི་སྔགས་དང་ལྷ་ལ་དམིགས་པའི་བསམ་གཏན་གྱིས་བསྐུལ་བས་གསུང་གི་ལས་ཏེ། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་བཀའ་བཞིན་དུ་ལས་ཀྱི་ལམ་རྣམ་པ་སྣ་ཚོགས་པ་རྣམས་བྱེད་པར་འགྱུར་རོ། །གཉིས་པ་ནི། ཁྱེའུ་འམ་བུ་མོ་གཙང་མ་མངོན་བྱང་ལྔའི་རིམ་གྱིས་རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པ་གཟུགས་ཆེན་པོ་ཁ་དོག་པདྨ་རཱ་གའི་འོད་དང་འདྲ་བ་བསམས་ལ། དེའི་མགོ་དང་ལྐོག་མ་དང་སྙིང་ཁའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་གསུམ་བརྟག་པ་སྟེ་བསྟིམ་མོ། །གསུམ་པ་དབབ་པའི་ཆོ་ག་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྣོད་ལ་དབབ་པའི་ཆོ་ག་ཐམས་ཅད་བྱས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དེ་ལ་བསྐུལ་བ་ནི། ཏིང་ངེ་འཛིན་གྱི་མཐུས་འཕགས་པ་དང་འདར་བ་དང་གཡོ་བའོ། །རེངས་པ་ནི་སྣོད་རྡོ་རྗེ་ཆོས་སུ་བསྐྱེད་པས་ཐ་མལ་པའི་ང་རྒྱལ་བསལ་ན་མི་གཡོ་བར་གནས་པའོ། །ཤིང་ལྟར་མི་གཡོ་བར་བྱས་པའོ། །རྡོ་རྗེ་སེམས་དཔའ་སོགས་འཇིག་རྟེན་ལས་འདས་པའི་ལྷ་རྣམས་སྐད་ཅིག་གིས་ཞུགས་པ་ནི་ལྷ་ཆེན་པོའོ། །འཕགས་པའི་ས་ནི་ལྷ་ཆེན་པོ་ཞུགས་པས་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་སྟོན་པའོ། །གནས་སྐབས་བཞི་པོ་དེ་དག་ནི་རྡོ་རྗེ་གྲུབ་པའི་ངོ་བོ་ཉིད་དོ། །དེ་གང་གིས་བྱ་ཞེ་ན། སྤྱོད་པ་བྱང་བར་གྱུར་པ་དག་གིས་བྱའོ། །དེ་ལྟར་བྱས་ན་སྣོད་ལ་དབབ་པའི་ཆོ་ག་རྟག་ཏུ་འགྲུབ་པར་འགྱུར་རོ། །སྣོད་གང་ལ་དབབ་ཅེ་ན། སྣོད་ནི། བུ་མོ་ལོ་གྲངས་ཞེས་པ་ནས། དབབ་པ་རབ་ཏུ་བརྟག་ཅེས་པའི་བར་ཏེ། དེ་དག་ལ་དབབ་པ་བཞི་པོ་རབ་ཏུ་བརྟག་པར་བྱའོ། །ཇི་ལྟར་བྱ་ཞེ་ན། དང་པོར་བྱ་བའི་ཆོ་ག་ཐམས་ཅད་རྫོགས་པར་བྱས་ནས་དེའི་འོག་ཏུ་དབབ་པའི་ལས་རབ་ཏུ་སྒྲུབ་པར་བྱའོ། །ཇི་ལྟར་བྱ་ཞེ་ན། དང་པོར་བྱ་བའི་ཆོ་ག་ཐམས་ཅད་རྫོགས་པར་བྱས་ནས་དེའི་འོག་ཏུ་དབབ་པའི་ལས་རབ་ཏུ་བསྒྲུབ་པར་བྱའོ། །དེ་ལས་རྣམ་པ་གཞན་དུ་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་མ་བྱས་ན། ཁམས་གསུམ་སྟེ་ཐ་མ་དང་འབྲིང་དང་མཆོག་གི་སྐྱེ་བོས་དཔྱས་ཤིང་སྨད་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་གཉིས་དང་ལྡན་པས། སྣོད་གཙང་མ་ཁྱེའུ་དང་བུ་མོ་གང་ཡང་རུང་བ་མངོན་བྱང་ལྔས་འོད་དཔག་མེད་དུ་བསྐྱེད་པའི་སྤྱི་བོར་ཟླ་བའི་སྟེང་དུ་ཧ། ལྐོག་མར་པདྨའི་སྟེང་དུ་ཨཱཿ སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་བཀོད་ནས། སྐུ་གསུང་ཐུགས་ཀྱི་ལྷ་རྣམས་བསྟིམ་མོ། །དེ་ནས་རྐང་པའི་འོག་ཏུ་རླུང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཛྷཻ་དམར་པོ་བསམ། རླུང་གིས་མེ་སྤར་ནས་ཛྷཻ་བསྐུལ་ཏེ་འོད་ཟེར་དམར་པོ་རྐང་གི་མཐིལ་ནས་ཞུགས་ཏེ། ལུས་ཐམས་ཅད་སྦྱངས་ནས། ཡེ་ཤེས་སེམས་དཔའ་འོད་གསལ་དུ་ཞུགས་པས་རེངས་པར་འགྱུར་རོ། །དེ་ནས་འོད་གསལ་ལས་ལངས་ནས་སྣོད་ཀྱི་སྙིང་ཁའི་པདྨའི་སྟེང་དུ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཡབ་ཡུམ་དང༌། མགོ་བོར་ཧ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཡབ་ཡུམ་དང༌། མགྲིན་པར་ཨཱཿཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཡབ་ཡུམ་དང་བཅས་པའི་དམ་ཚིག་པ་བསྒོམས་ནས། སྐུ་གསུང་ཐུགས་ཀྱི་ལྷ་ནམ་མཁར་བཞུགས་པ་ལ་ཛྷཻའི་འོད་ཀྱིས་བསྐུལ་ནས། སྐུ་གསུམ་པོ་རང་རང་གི་དམ་ཚིག་པ་ལ་བསྟིམ་ནས་སྣོད་ལ་ལྷ་བབས་པ་ནི་ལྷ་ཆེན་པོའི་གནས་སྐབས་སོ། །སྣོད་ལ་དབབ་པར་ཤེས་ནས་བསྐུལ་བ་ནི། ཧཱུྃ་ཧཿཨཱཿཛྷཻ་ཞེས་པའི་ས་བོན་བརྗོད་ཅིང༌། དྲིལ་བུ་བཀྲོལ་བ་སོགས་བྱས་པས། སྣོད་ནམ་མཁའ་ལ་འཕགས་པ་དང༌། གཡོ་བ་སོགས་སོ། །དེ་ནས་མགྲིན་པའི་ཕྱོགས་ན་གནས་པའི་གསུང་རྡོ་རྗེ་ལ་ཛྷཻ་འོད་ཟེར་གྱེན་དུ་སོང་བས་བསྐུལ་བའོ། །དེ་ནས་འཕགས་པ་ནི་བྷྲུ་ཧི་བཛྲ་ཞེས་བརྗོད་པས་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་སྟོན་པའོ། །ཡི་གེ་བཞི་སྨོས་པ་ནི་རེངས་པ་སོགས་བཞིའི་དོན་ནོ། །དེ་ནས་སློབ་མ་ལ་མེ་ཏོག་དོར་ནས་ཧཱུྃ་ཧ་ཨ་ཡུ་མ་ཞེས་པ་གཤེགས་སུ་གསོལ་ལོ། །གཉིས་པ་ཚིག་དོན་ནི། དབབ་པའི་ཆོ་ག་ལ། སྙིང་པོའི་སྔགས་ཀྱི་ཡི་གེའི་གནས་ནི། འོག་ནས་འབྱུང་བའི་ཡི་གེ་བཞི་པོ་འདི་རྣམས་སོ། །དེ་ལ་སྙིང་པོ་ནི་ཐུགས་ལས་བྱུང་བས་སོ། །གསང་བས་ན་སྔགས་སོ། །ཡི་གེ་ཧཱུྃ་ལ་སོགས་པ་བཞིའོ། །འདི་དག་ལ་གནས་ཞེས་བརྗོད་དོ། །དབབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །རེངས་པ་ནི་སྒྲུབ་པ་པོས་རིམ་པ་འདིས་ཕབ་ན། སྣོད་ནམ་མཁའི་ཁམས་ལྟར་ཐ་མལ་པའི་སེམས་མེད་ཅིང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས། སྣོད་ལ་རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་དབབ་པའི་ཆོ་ག་འདི་ཡིས་ཕབ་ན་མངོན་སུམ་དུ་འབབ་པར་འགྱུར་རོ། །ལྷ་ཆེན་པོ་ནི་སྙིང་ཁའི་ཧཱུྃ་ཡིག་ལ་རྡོ་རྗེ་སེམས་དཔའི་བདག་ཉིད་ཐུགས་རྡོ་རྗེ་བཞུགས་སོ། །ཧ་ཡིག་སྐུ་རྡོ་རྗེ་ཅན་དང༌། ཨ་ཡིག་ལ་ཆོས་འཛིན་རྒྱལ་པོ་འོད་དཔག་མེད་བཞུགས་ཏེ། ཡི་གེ་གསུམ་པོ་འདིས་ནི་གསང་ཚིག་བསྟན་པ་སྟེ། སྐུ་རྡོ་རྗེ་སོགས་དབབ་པའི་ཡུལ་ལོ། །དེ་དག་ལ་ལྷ་ཕབ་པ་ནི་ལྷ་ཆེན་པོའོ། །བསྐུལ་བ་ནི་ཡི་གེ་ཛྷཻ་ཡིས་བསྐུལ་བར་བཤད་དེ། འདིས་སྣོད་འཁོར་ལོ་བཞིན་དུ་འཁོར་བ་དང༌། གཡོ་ཞིང་འགུལ་བར་བྱེད་པ་ཡིན་ནོ། །ཛྷཻ་འདི་ནི་བསྐུལ་བ་ཐམས་ཅད་དེ་རེངས་པ་དང༌། ལྷ་ཆེན་པོ་དང༌། འཕགས་པ་གསུམ་གྱིའང་གསང་བའི་སྙིང་པོ་ཡིན་པར་རབ་ཏུ་བཤད་དོ། །དེ་ལྟར་བཤད་པའི་ཆོ་གས་བབས་པར་གྱུར་ན་འཕར་བར་འགྱུར་རོ། །ཐབས་གང་གིས་ན། རྡོ་རྗེ་རྒྱལ་པོ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་དང་ཡི་གེ་ཧཱུྃ་གིས་རབ་ཏུ་བསྐུལ་ན་རྡོ་རྗེ་སེམས་དཔའི་བཀའ་ལས་འདས་པའི་འཇིགས་ཤིང་སྐྲག་ནས་སོ། །ཇི་ཙམ་གྱི་བར་དུ་ཞེ་ན། ས་ཞིག་ལས་ཁྲུ་གང་ཙམ་ལ་སོགས་པར་རོ། །ས་བོན་ཐ་མ་ཛྷཻ་ཞེས་པ་འདི་ནི་ཇི་ལྟར་ཏེ་རྣམ་པ་གང་གིས་གསང་བ་སྟེ། སྔར་བཤད་པའི་དབབ་པ་བཞི་པོ་ཐོབ་པར་བྱེད་པ་དེ་བཞིན་དུ། ས་བོན་ལྷག་མ་གསུམ་པོ་ཐམས་ཅད་ཀྱང་དབབ་པ་བཞི་པོ་ཐོབ་པར་བྱེད་པའོ། །འདིས་ནི་གཙོ་བོ་འཕགས་པའི་ས་བཤད་དོ། །གཉིས་པ་དངོས་གྲུབ་ཀྱི་ཕྱོགས་སུ་གཏོགས་པའི་ལས་ཚོགས་དུ་མ་བསྟན་པ་ལ་གཉིས་ཏེ། གདུག་པ་འདུལ་བའི་ལས་སྦྱོར་དང༌། ཞི་བའི་ལས་སྦྱོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྒྲུབ་པ་པོའི་རྣལ་འབྱོར་གྱི་ངེས་པ་དང༌། ལས་སྦྱོར་དངོས་བཤད་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་པས། འོག་ནས་འབྱུང་བའི་གསུང་འདི་སྐད་བཀའ་བསྩལ་ཏོ། །རྡོ་རྗེ་འཛིན་གྱི་ཁྱད་པར་ནི་དེ་བཞིན་གཤེགས་པ་སྟེ་སྤྱན་མ་སོགས་ཀུན་གྱི་བདག་པོ་དང༌། སྐུ་གསུམ་སྐུ་གསུང་ཐུགས་ཀྱི་གནས་འོད་གསལ་ཡོངས་སུ་དག་པའོ། །གཉིས་པ་ནི། དང་པོར་དྲན་པ་གཅིག་པའི་རྣལ་འབྱོར་མཐར་ཕྱིན་པར་བྱས་ནས། ཕྱིས་ཞིང་ལས་ལ་སོགས་པས་གཡེངས་པ་རྩེ་གཅིག་ཏུ་མ་གྱུར་པ་དགྲ་བོ་ཚར་གཅོད་པའི་བརྟུལ་ཞུགས་བརྟན་པའི་སྒྲུབ་པོ་ཡིས་ཀྱང༌། འོག་ནས་འབྱུང་བའི་ལས་འདི་དག་བྱའོ། །སྦྱོར་བ་གང་གིས་ཤེ་ན། སྦྱོར་བ་གཞན་རྣམ་སྣང་ནས་གནོད་མཛེས་ལ་ཐུག་པའི་བར་གྱི་སྦྱོར་བ་མིན་པ། མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པའི་སྦྱོར་བ་ཡིས། གདུག་པ་རྣམས་གཞིག་པའི་ལས་འདི་བྱའོ། །གསུམ་པ་ལས་སྦྱོར་དངོས་ལ་གསུམ་སྟེ། བསྐྱེད་རིམ་གྱི་སྦྱོར་བས་གདུག་པ་འདུལ་བ་དང༌། རྫོགས་རིམ་གྱི་སྦྱོར་བས་འདུལ་བ་དང༌། ལས་ཕྲན་ཚོགས་ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས་སྟེ། གསད་པའི་ཆོ་ག་དང༌། གཞན་གྱི་རིག་པ་བཟློག་པའོ། །དང་པོ་ལ་གཉིས་ཏེ། རྫས་ལ་བརྟེན་པའི་སྒྲུབ་པ་དང༌། བསམ་གཏན་ལ་བརྟེན་པའི་སྒྲུབ་པའོ། །དང་པོ་ལ་ལྔ་སྟེ། རྫས་ཀྱི་ལས་སྦྱོར་དང༌། སྦྱིན་སྲེག་གི་ལས་སྦྱོར་དང༌། རྫས་ཀྱི་སྦྱོར་བའི་ལྷག་མ་བསྟན་པ་དང༌། ལས་ཀྱི་ཕྲེང་སྔགས་དང༌། ཕྱི་ནང་གཉིས་ཀའི་ལས་བྱ་ཚུལ་ལོ། །དང་པོ་ནི། མི་བསྐྱོད་པའི་ཏིང་ངེ་འཛིན་གཉིས་ལ་གནས་ནས། ལས་རྒྱལ་མཆོག་ལ་རྫས་སྦྱོར་གཉིས་ལས། དང་པོ་ནི། དུར་ཁྲོད་ཀྱི་སོལ་བ་ཕུབ་མ་དང༌། དུག་དང་ད་དྷུ་ར་ལ་སོགས་པ་དགྲའི་གཟུགས་བརྙན་བྱས་ནས། མངོན་སྤྱོད་ཀྱི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་བྲིས་ཏེ། གཟུགས་བརྙན་གྱི་སྙིང་ཁར་རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས་བཅུག་སྟེ། སྒྲུབ་པ་པོ་ཁ་ལྷོ་ཕྱོགས་སུ་བལྟས་ལ། སྐྲ་བཤིག་གཅེར་བུར་བྱུང་བ་ཡིས། ནམ་ཕྱེད་དམ་ཉི་མ་ཕྱེད་ན་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་གང་ཡང་རུང་བའི་སྔགས་བཏོན་ན། ཁམས་གསུམ་དག་ནི་འཇིགས་པར་བྱེད། །ཅེས་པ་ནི་ཧ་ཅང་ཐལ་བ་ལས་ཁྱད་པར་ཅན་དུ་གསུངས་སོ། །རྫས་ཀྱི་སྦྱོར་བ་གཉིས་པ་ནི། དུར་ཁྲོད་དུ་རོ་བསྲེགས་པའི་ཐལ་བ་ཉུངས་དམར་དང་སྦྲུས་པ་ཡིས་དགྲའི་གཟུགས་བརྙན་བྱས་ནས། སྔ་མ་བཞིན་དུ་བྱས་ཏེ། ཁྲོ་བོའི་སྔགས་སྟོང་ངམ་བརྒྱ་རྩ་བརྒྱད་བཟླས་པས་ཀྱང་དགྲ་བོ་འཆི་བར་འགྱུར་བ་གདོན་མི་ཟའོ། །གཉིས་པ་སྦྱིན་སྲེག་གི་ལས་སྦྱོར་ནི། ལྷའི་རྣལ་འབྱོར་སྔ་མ་དང་འདྲ་ལ། ལས་རྒྱལ་མཆོག་ལ། རོ་བསྲེགས་པའི་ཐལ་བས་དཀྱིལ་འཁོར་ཏེ་ཐབས་ཁུང་གྲུ་གསུམ་བྱས་ལ། དེར་ཚེར་མ་ཅན་གྱི་ཤིང་ལས་མེ་སྦར་ལ། ཐབ་ཀྱི་ནང་དུ་ཞེ་སྡང་རྡོ་རྗེ་བསྐྱེད་ཅིང༌། བ་གླང་གི་ཤ་ལ་སོགས་པ་ཤ་སྣ་ཚོགས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ཏེ། སྙིང་ཁར་རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས་སྔགས་སྔ་མ་བཞིན་དུ་བཟླས་ལ། གཟུགས་བརྙན་གཏུབ་ཅིང་མེ་ལ་སྦྱིན་སྲེག་བྱའོ། །དེ་ལྟར་བྱས་ན་སྲ་བའི་རྡོ་རྗེའང་འཇིག་པར་གདོན་མི་ཟ་སྟེ་ལས་ཀྱི་ཆེ་བ་བསྟན་ནོ། །སྦྱིན་སྲེག་གི་ལས་སྦྱོར་གཉིས་པ་ནི། ཡང་ན་ཤ་ཆེན་པོ་ལས་དགྲ་བོའི་གཟུགས་བརྙན་བྱས་ནས། སྔ་མ་བཞིན་དུ་སྦྱིན་སྲེག་བྱས་ན། དགྲ་འཇིག་པའི་ལས་སྦྱོར་ཐམས་ཅད་ཀྱི་ནང་ནས། རྡོ་རྗེ་སྟེ་ཤ་ཆེན་ལས་བྱུང་བའི་ལས་སྦྱོར་འདི་ནི་དགྲ་རྣམས་ཐམས་ཅད་ཀྱིས་འཇིགས་པ་ཤིན་ཏུ་མི་བཟད་པ་དྲན་ནོ། །སྦྱིན་སྲེག་གི་ལས་སྦྱོར་གསུམ་པ་ནི། ཆོས་མཆོག་བནྡྷེ་རྨེ་ཤ་ཅན་གྱི་གཤང་བ་དང་གཅི་བ་ཡིས་དགྲའི་གཟུགས་བརྙན་བྱས་ནས། རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས་སྔགས་བཟླས་ཏེ་ཐབ་ཁུང་གྲུ་གསུམ་པའི་ནང་དུ་གཏུབ་ཅིང་ཚེར་མའི་མེ་ལ་བསྲེགས་ན། སངས་རྒྱས་ཏེ་ལས་ཚོགས་ལ་མཁས་པ་རྣམས་ཀྱང་ངེས་པར་འཇིག་གོ །སྦྱིན་སྲེག་གི་ལས་སྦྱོར་བཞི་པ་ནི། ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབ་པའི་ཆུ་བོའི་འགྲམ་གཉིས་ཀྱི་ས་ཡིས་དགྲ་བོའི་གཟུགས་བརྙན་བྱས་ཏེ། ཤིང་གི་སྟེ་དུག་དམར་པོ་དང༌། གཞན་དུག་ཤིང་ལས་བྱུང་བའི་སོལ་བའི་ཚེར་མ་སོགས་ཏིལ་གྱི་འབྲས་བུ་ཙམ་གྱིས་ཡན་ལག་ཀུན་དགང་ཞིང༌། མིང་ལ་རྣམ་ཤེས་བཀུག་སྟེ། ཆེ་གེ་མོ་མ་ར་ཡ་ཕཊ་ཅེས་པས་བསྐུལ་ནས། སྤེལ་ཚིག་དང་བཅས་པས་སྦྱིན་སྲེག་བྱས་ན་སངས་རྒྱས་ཏེ་ལས་ཚོགས་ལ་མཁས་པ་རྣམས་ཀྱང་ངེས་པར་འཇིག་གོ །སྦྱིན་སྲེག་གི་ལས་སྦྱོར་ལྔ་པ་ནི། སྐེ་ཚེ་སོགས་ལ་དགྲའི་གཟུགས་བརྙན་དག་བྱས་ཏེ། ཆོ་ག་གཞན་སྔ་མ་བཞིན་བྱས་ཤིང༌། ཁྱད་པར་ཚེར་མ་ཅན་གྱི་མེས་སྦྱིན་སྲེག་བྱས་ནས། འདུལ་བྱེད་ཀྱི་མིང་འདུལ་བྱ་ལ་བཏགས་ན། སངས་རྒྱས་ཏེ་བསྒྲུབ་བྱ་ཐམས་ཅད་གསད་པ་ལ་ལས་སྦྱོར་འདི་དག་ནི་རབ་དང་མཆོག་ཏུ་གྱུར་པར་བཤད་དོ། །གསུམ་པ་རྫས་ཀྱི་སྦྱོར་བའི་ལྷག་མ་བསྟན་པ་ནི། མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པས། མི་རུས་ཀྱི་ཕྱེ་མ་དང༌། ཁྲག་དང་དུག་རྣམས་ཀྱིས་དགྲའི་གཟུགས་བརྙན་བྱས་ཏེ་རྣམ་ཤེས་བཀུག་པ་སོགས་བྱས་ཏེ་སྒྲུབ་པ་པོས་དུར་ཁྲོད་ཀྱི་སོལ་ཁུས་གཤེར་བར་བྱས་པའི་གོས་གྱོན་ཏེ་ཁྲོས་ནས་རྐང་པས་ལིངྒ་མནན་ཅིང༌། ཆེ་གེ་མོ་སྲིན་པོས་ཁྱེར་ཅིག་ཅེས་བསྐུལ་ཚིག་དང་བཅས་ཏེ། གནོད་མཛེས་ཀྱི་སྔགས་བཟླས་ན་སྲིན་པོས་འཁྱེར་བར་གདོན་མི་ཟའོ། །ཆོ་གའི་ཆེ་བ་ནི། རྡོ་རྗེ་འཛིན་པ་དྲག་པོ་ཡང༌། །མྱུར་བ་དག་ཏུ་འཛིན་པར་འགྱུར། །ཞེས་པའོ། །ཡང་ལྷའི་རྣལ་འབྱོར་སྔ་མ་བཞིན་བྱས་པ་ལ་གནས་ནས། སྐེ་ཚེ་དང༌། ཡང་དག་ལྡན་པ་སྟེ་ལྷན་ཅིག་སྦྱར་བའི་བཤང་གཅི་དག་གིས་དགྲ་བོའི་གཟུགས་བརྙན་ཡན་ལག་སོགས་རྫོགས་པའི་ལིངྒ་རྐང་པས་མནན་ནས་ཆེ་གེ་མོ་རབ་ཏུ་ཚ་བས་འཛིན་དུ་ཆུག་ཅིག་ཅེས་པའི་བསྐུལ་ཚིག་དང༌། བདུད་རྩི་ཐབས་སྦྱོར་གྱི་སྔགས་བརྗོད་ན། བསྒྲུབ་བྱ་ཚ་བའི་རིམས་ཆེན་པོ་འཛིན་པར་འགྱུར་རོ། །བཞི་པ་ལས་ཀྱི་ཕྲེང་སྔགས་ནི། ཇི་སྐད་བཤད་པའི་དྲག་པོའི་ལས་དེ་རྣམས་ལ། འོག་ནས་འཆད་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་སྙིང་པོའོ། །སྙིང་པོ་ནི། ན་མ་ཞེས་པ་ནས་ཧཱུྃ་ཕཊ་ཅེས་པའི་བར་ཏེ། འདི་ནི་གསོད་པའི་སྔགས་དམ་པའོ། །ལྔ་པ་ཕྱི་ནང་གཉིས་ཀའི་ཐུན་མོང་གི་ལས་སྦྱོར་བྱ་ཚུལ་ནི། བཤད་མ་ཐག་པའི་སྦྱིན་སྲེག་གི་ལས་དང༌། སླར་ཡང་འཆད་པར་འགྱུར་བའི་བསམ་གཏན་དག་ནི། དགྲ་བོའི་ལུས་དང་ངག་སེམས་ཐམས་ཅད་འཇིག་པར་བྱེད་པ་སྟེ། གསོད་པའི་ལས་ཀྱི་མཆོག་འདི་ནི་མ་ཡེངས་པའི་སེམས་ཀྱིས་བྱའོ། །གཉིས་པ་བསམ་གཏན་ལ་བརྟེན་པའི་སྒྲུབ་པ་ལ་གཉིས་ཏེ། ཐུན་མོང་གི་ཁ་སྦྱར་གྱི་དབྱེ་བ་དང༌། གསད་པའི་སྦྱོར་བ་དངོས་སོ། །དང་པོ་ནི། རང་ཉིད་ཞེ་སྡང་རྡོ་རྗེར་བསྐྱེད་པའི་ཕྱག་གཡས་ཀྱི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་རྣམས་ཀྱི་ཞེ་སྡང་འོད་ཟེར་ནག་པོའི་ཚུལ་དུ་རྣམ་པར་བསྡུས་ནས་འབྱུང་པོ་ནག་པོའི་གཟུགས་སུ་གྱུར་པར་བསམས་ནས་བསྒྲུབ་བྱ་ལ་བསྟིམ་པས། བསྒྲུབ་བྱ་དེ་རྡོ་རྗེ་སེམས་དཔའ་སྟོབས་ཆེ་ཞིང༌། ཕ་རོལ་གནོན་པའི་ཞལ་རྣམ་པར་བསྒྲད་པ། འཇིགས་འཇིགས་ལྟ་བུ་སྨིན་མ་བསྐྱོད་པ་སོགས་དང་ལྡན་པ། ཕྱག་ན་སྟྭ་རེ་དང་ཐོ་བ་བསྣམས་པའི་ཁྲོ་བོ་ཆེན་པོ་བསམས་ནས། འཆད་པར་འགྱུར་བའི་བསམ་གཏན་འདི་རབ་ཏུ་བརྟག་གོ །བསམ་གཏན་ཇི་ལྟ་བུ་ཞེ་ན། གསོད་པའི་ལས་དེ་ལ་འོག་ནས་འབྱུང་བ་འདི་ནི་དྲག་པོ་ཆེན་པོའི་ཁྲོ་བོ་མི་བསྐྱོད་པའི་དམ་ཚིག་སྟེ་དེ་བསྒོམ་པའི་བསམ་གཏན་ནོ། །དེ་ནས་བསྒྲུབ་བྱ་དེ་ཉེས་པ་ཆེར་གཞུག་པའི་ཕྱིར། ནམ་མཁའི་དབྱིངས་ཐམས་ཅད་ཉན་ཐོས་དང༌། རང་སངས་རྒྱས་དང༌། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསྒོམས་ལ། གདུག་པ་ཅན་གྱི་བསྒྲུབ་བྱ་དེ་ཡིས་ཐོ་བས་མནན་ཅིང་སྟྭ་རེས་བཅད་དེ་གསད་པར་བསམས་ནས། སྔར་བཤད་པ་དང༌། འཆད་པར་འགྱུར་བའི་ལས་རྣམས་བྱས་ན་དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །སངས་རྒྱས་ཀྱི་བསྟན་པ་ལ་གནས་ཤིང་ཚུལ་ཁྲིམས་དང་ལྡན་པ་དང༌། བྱང་ཆུབ་སེམས་དཔའ་སྟེ་བསླབ་པ་ལྔ་ལ་སོགས་པ་དང་ལྡན་པའི་དགེ་བསྙེན་སོགས་ཀྱིས་མིའི་འཇིག་རྟེན་ཡོངས་སུ་གང་བར་བསྒོམས་ནས། དེ་རྣམས་གདུག་པའི་བསམ་པ་དང་ལྡན་པའི་བསྒྲུབ་བྱས་གསད་པར་བསམས་ནས་གསད་པའི་ལས་བྱའོ། །དེ་ལྟར་བྱས་ན། རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། །ཞེས་ཧ་ཅང་ཐལ་བས་གསུངས་སོ། །བཤད་མ་ཐག་པའི་རྣམ་པས་སངས་རྒྱས་ལ་གནོད་པར་བྱེད་པའི་དགྲ་བོ་རྣམས་སྡིག་པ་བསགས་པ་ལ་འགྱོད་པས་སྐྲག་ཅིང་འཇིགས་པས་དཀྲུགས་ལ་སྐྱབས་མེད་པར་གྱུར་པ་དེ་སྔགས་མཁན་གྱི་མདུན་དུ་བསམས་ནས་ལས་བྱས་ན་འཆི་བར་འགྱུར་བར་གདོན་མི་ཟའོ། །གཉིས་པ་གསད་པའི་སྦྱོར་བ་ལ་གསུམ་སྟེ། ཕོ་ཉ་སྣ་ཚོགས་ཀྱིས་གསད་པ། ནད་སྣ་ཚོགས་ཀྱིས་གསད་པ། མཚོན་ཆ་སྣ་ཚོགས་ཀྱིས་གསད་པའོ། །དང་པོ་ནི། སྲིན་པོ་ཁྲོ་ཞིང་འཚེ་བའི་བདག་ཉིད་ཅན། ཤ་དང་ཁྲག་ལ་སོགས་པ་ཟ་བ། རྣམ་པ་སྣ་ཚོགས་པ་གཏུམ་ཞིང་ཁྲོ་བ་མི་བཟད་པས་བསྒྲུབ་བྱ་སྐྲག་པར་གྱུར་པ་བསམ་མོ། །བསམ་གཏན་དེས་ནི་རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། ཞེས་ཧ་ཅང་ཐལ་བས་གསུངས་སོ། །འུག་པ་དང༌། ཁྭ་དང༌། བྱ་རྒོད་དང༌། མཆུ་རིངས་ཏེ་བྱ་ཀང་ཀ་དང༌། ཝ་རྣམས་ཀྱིས་དགྲ་བོ་ཟོས་པར་བསམས་ན་ཞེས་སོགས་སོ། །དུག་དང་ལྡན་པས་སྦྲུལ་ནག་སྟེ་རབ་ཏུ་ཁྲོ་བ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ། གདེངས་ཀ་ལྔ་དང་ལྕེ་གཉིས་ཡོད་པའི་མཆེ་བ་གཙིགས་པ་བྲིས་པའི་སྦྲུལ་གྱི་གཟུགས་བརྙན་བྱས་ལ། རང་གི་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧྲཱིཿལས་འོད་ཟེར་འཕྲོས་པས། དུག་གི་མཆོག་གི་དམ་ཚིག་སྟེ། རྒྱུ་བ་བཅུད་དང༌། མི་རྒྱུ་བ་ཕྱི་རོལ་གྱི་དུག་རྣམས་དྲངས་ཏེ། སྦྲུལ་གྱི་དཔྲལ་བར་ཡི་གེ་ཁཾ། ཁར་ཡི་གེ་ཧྲཱིཿབསམས་ནས། ནོར་རྒྱས་ལ་སོགས་པའི་ཀླུ་གང་ཡང་རུང་བའི་རྣམ་ཤེས་ཧྲཱིའི་འོད་ཟེར་གྱིས་བཀུག་ནས་གཟུགས་བརྙན་དེ་ལ་བཅུག་པས། དེ་ནས་སྦྲུལ་གྱི་གཟུགས་བརྙན་འདི་ཁྱད་པར་དུ་འཕགས་པ་སྟེ་འགྲོ་བར་འགྱུར་རོ། །དེ་ནས་དེ་ལ་ཆེ་གེ་མོ་ཟོ་ཞིག་ཅེས་བསྐུལ་བས། དེ་ནས་སྦྲུལ་དེས་བསྒྲུབ་བྱ་ཟོས་པར་གྱུར་པའི་ཆོ་ག་འདིས། བསྒྲུབ་བྱ་དག་ཀྱང་ངེས་པར་འཇིག །ཅེས་བྱའོ། །སྡིག་པ་དང༌། རུས་སྦལ་སོགས་རྦད་པའི་ཆོ་ག་ཡང་དེ་བཞིན་ནོ། །གཉིས་པ་ནད་སྣ་ཚོགས་ཀྱིས་གསད་པའི་ཆོ་ག་ནི། ཕྱོགས་བཅུའི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བའི་ཡམས་སམ། སྦྲུལ་དང་དུག་ལ་སོགས་པས་བྱས་པའི་ཉེ་བར་འཚེ་བ་རྣམས་སེམས་ཅན་དེ་རྣམས་ལས་དྲངས་ལ། འབྱུང་པོ་ནག་པོའི་གཟུགས་སུ་བསམས་ནས། དགྲ་བོའི་རྒྱུད་ལ་དབབ་པའི་ཆོ་ག་འདི་ནི་བསྐུལ་བ་སྟེ་བསྒོམ་པའོ། །མཆོག་ནི་གདུག་པ་འདུལ་བའི་ལས་མཆོག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་མཚོན་ཆ་སྣ་ཚོགས་ཀྱིས་གསད་པ་ནི། བརྟུལ་ཞུགས་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱིས་སྡིག་པ་དུ་མ་བསགས་པའི་བསྒྲུབ་བྱ་མདུན་དུ་བསམས་ལ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་ལ་གནས་པས་ཐོ་བ་རབ་ཏུ་དྲག་པོས་སྙིང་ཁར་བརྡེག་པར་བསམ་པ་ཡིས། རྡོ་རྗེ་འཛིན་པ་ཆེན་པོས་གསུངས་པའི་བཀའ་བཞིན་དུ། དགྲའི་སྲོག་ནི་མེད་པར་འགྱུར་རོ། །རྡོ་རྗེ་ཅན་ཏེ་སྒྲུབ་པ་པོས་བསྒྲུབ་བྱ་དེ་ལ་སྟྭ་རེ་དང༌། ཐག་མདུང་ལ་སོགས་པས་བཤིག་ཅིང་གཏུབ་པར་བསམས་ནས། སྐུ་གསུམ་གྱི་ནི་ཞེས་པ་སེམས་ཅན་རབ་འབྲིང་ཐ་མ་གསུམ་ལ་འདོད་པའི་མཆོག་སྦྱིན་པ་དང༌། རྡོ་རྗེ་སེམས་དཔའ་སྟེ་བརྩོན་འགྲུས་བརྟན་པ་དང༌། དྲག་པོ་སྟེ་སྡིག་པ་བསགས་པའི་བསྒྲུབ་བྱ་འཆི་བར་འགྱུར་རོ། །གཉིས་པ་གཞན་གྱི་རིག་པ་བཟློག་པ་ནི། བསྒྲུབ་བྱས་མཐུ་བཟློག་གི་སྦྱོར་བ་བྱས་པ་ཐམས་ཅད་འདི་ཉིད་དུ་གསུངས་པའི་སྦྱོར་བས་མནན་པ་བྱས་ལ་གསད་པའི་ལས་བྱའོ་ཞེས་སྟོན་པ་སྟེ། དང་པོ་མཐུ་བཟློག་བྱེད་པའི་སྔགས་པ། གཞན་གྱི་བསྲུང་བ་ལ་སོགས་པ་བྱེད་པའི་ཕྲེང་སྔགས་དང༌། དེས་བསྟེན་པའི་ལྷ་རྣམས་ཀྱང་སྔར་བཤད་པའི་ཚུལ་གྱིས་བསམ་གཏན་གྱི་ཕུར་བུས་གདབ་པར་བྱའོ། །བཤད་མ་ཐག་པའི་རིམ་པ་འདི་ནི་གཞན་གྱི་རིག་པ་གཅོད་པ་དང༌། གསོད་པར་བྱེད་པའི་ལས་ཀྱི་མཆོག་གི་མཆོག་སྟེ་ཁྱད་པར་དུ་འཕགས་པའོ། །ཤིན་ཏུ་འདའ་བར་དཀའ་བ་སྟེ་འདའ་བྱ་མིན་པའི་དམ་ཚིག་འདི་ནི་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གཉིས་པ་རྫོགས་རིམ་པས་འདུལ་བའི་ལས་བསྟན་པ་ནི། རང་ཞེ་སྡང་རྡོ་རྗེ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པས། ཏིང་ངེ་འཛིན་གྱིས་བསྒྲུབ་བྱའི་སེམས་ཅན། སྐུ་གསུང་ཐུགས་རྡོ་རྗེ་སྒྱུ་མ་ལྟ་བུའི་རྣམ་པར་གནས་པ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས། རང་ཡང་འོད་གསལ་དུ་བསམ་ཞེས་སྟོན་པ་སྟེ། ཕུང་པོ་རྡོ་རྗེ་སྟེ་སྒྱུ་མ་ལྟ་བུའི་ཕུང་པོ་ལྔའི་ངོ་བོ་ཉིད་ཀྱི་འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་དུ་གཏོགས་པའི་སེམས་ཅན་སྒོང་སྐྱེས་སོགས་ཇི་སྙེད་གནས་པ་རིལ་འཛིན་རྗེས་ཞིག་གི་བསམ་གཏན་གཉིས་ཀྱིས་གསད་ཅིང་གཞོམ་ནས། དེའི་རྣམ་ཤེས་བདག་ཉིད་གཏོགས་པ་སྟེ་རང་སྒྱུ་ལུས་སུ་སྒོམ་པ་ལ་ཐིམ་ནས་འོད་གསལ་དུ་གཞུག་པར་བསམས་ན། སྔགས་པས་བཤད་མ་ཐག་པའི་རྣམ་པ་འདི་ལྟ་བུས་འོད་གསལ་ཆོས་སྐུར་བསྒྲུབས་ན་མི་བསྐྱོད་པའི་ཞིང་ཁམས་སུ་སྐྱེས་པའི་སྒོ་ནས་མཉེས་པར་འགྱུར་གྱི། གཞན་མཚོན་ཆ་སོགས་ཀྱིས་གསད་པ་ནི་དེ་དག་ཏུ་འགྱུར་བ་མ་ཡིན་ནོ། །རྣམ་པར་དག་པ་དེ་ཉིད་བསྟན་པ་ནི། སྟོན་པ་རྡོ་རྗེ་ཅན་ཞེས་སྦྱར་བ་ནི་བསྒྲུབ་བྱའོ། །སངས་རྒྱས་ནི་སྐུ་རྡོ་རྗེ། རྡོ་རྗེ་འཛིན་ནི་ཐུགས་རྡོ་རྗེ། ཆོས་ནི་གསུང་རྡོ་རྗེ་སྟེ་དེའི་ལུས་ངག་ཡིད་གསུམ་མོ། །དེ་དག་རིལ་འཛིན་རྗེས་ཞིག་གི་བསམ་གཏན་གྱི་སྦྱོར་བས་འོད་གསལ་དུ་བཅུག་པས་འཆི་བ་སྟེ་འཇིག་པར་འགྱུར་རོ། །རྫོགས་པའི་རིམ་པ་ལ་གནས་པའི་གསད་པའི་ཆོ་ག་འདི་ནི་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་འཆང་གི་བཀའ་ཇི་བཞིན་ནོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་གྱུར་པའི་ཁྲོ་བོ་རྡོ་རྗེ་སྟེ། ཞེ་སྡང་རྡོ་རྗེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །གསུམ་པ་ལས་ཕྲན་ཚེགས་བསྟན་པ་ལ་གསུམ་སྟེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྟོན་པའི་གསུང་གིས་ཆེད་དུ་བརྗོད་པ་དང༌། ལས་སྦྱོར་དངོས་སྟོན་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཏེ་ཞེ་སྡང་རྡོ་རྗེ་ནི། ནམ་མཁའ་ལྟ་བུའི་ཐམས་ཅད་སྟོང་པ་འོད་གསལ་གྱི་བདག་ཉིད་ཡིན་པས་ཐུབ་པ་ཆེན་པོའོ། །ཐམས་ཅད་དབང་བསྐུར་ནི། ཨ་བྷིཤྩ། ཞེས་པ་དབང་བསྐུར་ཡིན་ཡང་འདི་ཥི་ཙར་བཤད་དེ། དེའི་དོན་ཀྵ་ར་ཎ་ཞེས་པ་འགྱུར་བ་ལ་འཇུག་སྟེ། ཆེ་གེའི་གོང་དུ་སྨོས་པའི་ཨ་བྷི་ནི་མངོན་པ་སྟེ་མངོན་པར་འགྱུར་བའི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ཤེས་པས་རྫོགས་སངས་རྒྱས་ཏེ། དགོངས་པ་ལུང་སྟོན་ལས། ཕུང་པོ་ལ་སོགས་ཆོས་རྣམས་ཀུན། །སྟོང་ཞིང་རྟེན་འབྲེལ་ལས་བྱུང་བ། །མཐོང་ཞིང་དེ་བཞིན་སྦྱོར་བ་ལས། །ཆོས་ཀྱི་སྐུར་ནི་དེ་ནས་འགྱུར། །ཞེས་སོ། །དགོས་འདོད་སྟེར་བས་ཡེ་ཤེས་རྡོ་རྗེ་སྟེ་དེས་ཚིགས་སུ་བཅད་པས་བཀའ་བསྩལ་པའོ། །གཉིས་པ་ནི། ཟིན་པ་དང་མ་ཟིན་པའི་རྟེན་འབྲེལ་གྱི་ཆོས་རྣམས་ལ་དོན་དམ་པར་རྒྱུ་དང་བྲལ་བས་མ་སྐྱེས་པ་ལ། རྒྱལ་བ་རྣམས་ཀྱིས་ཞི་སོགས་ཀྱི་ལས་སྐྱེ་བར་བསྟན་པ་ཨེ་མ་ངོ་མཚར་རོ་ཞེས་སྦྱར་རོ། །ཐབས་གང་ལས་སྐྱེ་ཞེ་ན། རྡོ་རྗེ་ཐེག་པའི་སྒོ་ནས་ངོ་བོ་ཉིད་ཀྱིས་དག་པའི་བླ་ན་མེད་པའི་འོད་གསལ་བསྒོམས་པ་ལས་སོ། །གསུམ་པ་ལས་སྦྱོར་དངོས་བསྟན་པ་ལ་གཉིས་ཏེ། དྲག་པོའི་ལས་སྦྱོར་དང༌། ཞི་བའི་ལས་སྦྱོར་རོ། །དང་པོ་ལ་གཉིས་ཏེ། དྲང་བའི་དུག་གིས་གསད་པ་དང༌། སྤོ་བའི་དུག་གིས་གསད་པའོ། །དང་པོ་ནི། ཆོས་བདག་མེད་པར་བཤད་པ་འདི་ལ་འོག་ནས་འབྱུང་བ་འདི་ནི། ཡོ་བྱད་ཉུང་ངུ་ཙམ་གྱིས་འགྲུབ་པར་འགྱུར་བས་ན་ལས་ཕྲན་ཚེགས། སྙིང་པོར་གྱུར་པས་ན་རྡོ་རྗེ། སྦ་བར་བྱ་བས་ན་གསང་བའོ། །ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གཉིས་ལ་གནས་ནས། ལས་རྒྱལ་མཆོག་ལ་སྦྲུལ་གདེངས་ཀ་གཅིག་དང་གསུམ་ལ་སོགས་པ་དང་ལྡན་པས་མི་སྡུག་ཅིང་འཇིགས་པར་བྱེད་པ། འོད་ཁ་དོག་ནག་པོ་འབར་བ། འཁྲུགས་ཤིང་ཁྲོ་བ་ལྕེ་གཉིས་ཀུན་ཏུ་བསྐྱོད་ཅིང་ཁ་རེ་རེ་ལ་མཆེ་བའི་ཕྲེང་བ་ཅན་རྡོ་རྒྱུས་དག་གམ་སོལ་བས་བྲིས་ཤིང་བསམས་ལ། དེ་ལ་འོག་ནས་བཤད་པ་འདི་ནི་ཀླུ་ཁྲོ་བོ་བསྐུལ་བའི་སྙིང་པོ་སྟེ་ས་བོན་བསམ་པར་བྱའོ། །ས་བོན་ནི་ཁཾ་སྟེ་ཀླུའི་ཁའི་ནང་དུ་ཁཾ་ནག་པོ་བསམས་ཤིང༌། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དུག་ཧ་ལ་ཧ་ལ་དང་འདྲ་བ་གནག་པ་ཁ་དོག་དམར་བའི་མེ་ལྟར་སྲེག་ཅིང་བཟོད་པར་དཀའ་བར་བསྒོམས་ལ། ནོར་རྒྱས་ལ་སོགས་པ་ཀླུ་གང་ཡང་རུང་བའི་རྣམ་ཤེས་ཧྲི་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཏེ་བཅུག་པས་སྦྲུལ་རྣམས་གཡོ་བར་བསམས་ན་འགུལ་བར་འགྱུར་བ་གདོན་མི་ཟའོ། །འོག་ནས་འབྱུང་བ་འདི་ནི་སྦྲུལ་དེ་ལ། རྒྱུ་བ་དང་མི་རྒྱུ་བའི་དུག་ཐམས་ཅད་འགུགས་པའི་སྙིང་པོ་ཧྲིའོ། །རྒྱུ་བ་དང་མི་རྒྱུ་བ་རྣམ་པ་སྣ་ཚོགས་ལས་བྱུང་བའི་དུག ཁམས་གསུམ་མཆོག་དང་འབྲིང་དང་ཐ་མའི་སྣོད་ན་གནས་པ་ཀུན་ཧྲིའི་འོད་ཟེར་དེ་ཡིས་ཁྱེར་ཞིང་དྲངས་པར་བསྒོམས་ནས་སྦྲུལ་གྱི་ལུས་ལ་བབ་པར་བསམས་ན། སྦྲུལ་དེ་ནི་དེ་མ་ཐག་ཉིད་དུ་སྟེ་བསམས་པ་ཙམ་གྱིས་དུག་གི་རྒྱ་མཚོ་ལྟར་ཤིན་ཏུ་མི་བཟད་པར་འགྱུར་རོ། །ཁཾ་ཧྲི་ཞེས་པའི་སྔགས་འདིས་བསྐུལ་བས་སྦྲུལ་དེས་རེག་མ་ཐག་ཏུ་འགྲོ་བ་ཀུན་དུག་གིས་ཕོག་པས་འཇིག་པ་སྟེ་འཆི་བར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་བཞིན་དུ་སྡིག་པ་སྦལ་བ་ལ་སོགས་པ་དང༌། སྦྲུལ་རྣམ་པ་སྣ་ཚོགས་པ་དག་ལའང་དུག་དབབ་པའི་ཆོ་ག་སྔ་མ་བཞིན་དུ་རབ་ཏུ་སྦྱར་བར་བྱའོ། །གང་གིས་ཤེ་ན། སྦྱོར་བ་ནི་དུག་གོ །དེ་འབྱུང་བའི་ཐབས་སྡིག་པ་སོགས་བྲི་བའི་མཚན་ཉིད་ལ་མཁས་པ་ཉིད་ཀྱིས་སོ། །གཉིས་པ་སྤོ་བའི་དུག་གིས་གསད་པ་ནི་བསྙེན་པ་དང་ལྷའི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ནས། ལས་རྒྱལ་མཆོག་ལ། བལྟ་བ་རྡོ་རྗེ་སྟེ་མཐོང་བའི་དུག་དང༌། མཆེ་བ་ལ་སོགས་པའི་དུག་དང༌། གཞན་ཡང་སེམས་ཅན་མི་བཟད་པའི་དུག་དང་ལྡན་པ་རྣམས་ཀྱི་ལུས་ལ་གནས་པ་དག་གི་སྤྱི་བོར་ཨོཾ་དཀར་པོ་བསྒོམས་པའི་འོད་ཀྱིས་བསྐུལ་བས། རྐང་པའི་མཐིལ་དུ་དུག་རྣམས་བསྡུས་ནས་སྤུངས་ཀྱིས་བྱུང་བར་བསམས་ལ། དེ་ནས་སྔགས་པས་ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་ཏེ་བསྒྲུབ་བྱ་མ་དད་པར་སྨྲ་བའི་སྙིང་ཁར་ཡི་གེ་ཁཾ་བསམས་ལ། དེའི་སྟེང་དུ་ཡེ་ཤེས་རྡོ་རྗེ་སྟེ་ཡི་གེ་ཧྲིའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས། བསྒྲུབ་བྱའི་སྙིང་ཁའི་ཁཾ་ལ་འཇུག་པར་བྱས་པས་བསྒྲུབ་བྱ་དུག་དང་ལྡན་པར་འགྱུར་རོ། །དུག་གི་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །གཉིས་པ་ཞི་བའི་ལས་སྦྱོར་ལ་གཉིས་ཏེ། དུག་བསལ་བ་དང༌། ནད་བསལ་བའོ། །དང་པོ་ལ་ཡང་གཉིས་ཏེ། རྩ་བའི་དུག་བསལ་བ་དང༌། ཉེ་བའི་དུག་བསལ་བའོ། །དང་པོ་ནི། རང་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ་དེ་ལ་འོག་ནས་འབྱུང་བ་འདི་ནི་དུག་གསོ་བའི་དམ་ཚིག་རྡོ་རྗེའི་སྙིང་པོ་སྟེ་ཧཱུྃ་ངོ༌། །དུག་གིས་ཟིན་པའི་སྙིང་ཁར་རྐང་མཐིལ་དུ་ཡི་གེ་ཧཱུྃ་འདི་ཁ་དོག་དཀར་པོ་རྡོ་རྗེ་སྟེ་འོད་ཀྱི་ཚོགས་ཀྱི་བདག་ཉིད་ཅན་ཟླ་བའི་འོད་ཟེར། འོད་ཀྱི་སྤྲིན་ཚོགས་ཆེར་རབ་ཏུ་འབར་ཞིང་བསིལ་བ་རྣམ་པར་བསྒོམ་མོ། །དེ་ནས་གནས་བཞི་དག་ཏུ་སྦྱོར་བ་སྟེ་རྐང་མཐིལ་ནས་འདོམས་ཀྱི་པདྨར་ཕྱིན་པ་ནི་གནས་དང་པོའོ། །དེ་ནས་ལྟེ་བའི་པདྨར་ཕྱིན་པ་ནི་གཉིས་པའོ། །དེ་ནས་སྙིང་ཁའི་པད་མར་ཕྱིན་པ་ནི་གནས་གསུམ་པའོ། །དེ་ནས་ལྐོག་མར་ཕྱིན་པ་ནི་གནས་བཞི་པའོ། །གནས་དེ་དག་ཏུ་རིམ་གྱིས་ཕྱིན་པར་སྒོམ་པའི་སྦྱོར་བ་ཡིས། །དེ་མ་ཐག་ཏུ་དུག་ཡར་རིམས་ཀྱིས་བསྡུས་པས་ལྡང་བ་སྟེ་སྟེང་དུ་འགྲོའོ། །ཚུལ་དེ་ལྟར་ལན་གཉིས་ལན་གསུམ་རབ་ཏུ་བསྒོམས་ནས་དུག་སྐྱུག་པ་དག་ཏུ་རྣམ་པར་བསམས་ན། ནམ་མཁའི་ཁམས་ཀུན་དུག་གིས་གང་བ་ཡང་སྐད་ཅིག་གིས་དུག་མེད་པར་བྱེད་པར་འགྱུར་རོ། །གཉིས་པ་ཉེ་བའི་དུག་བསལ་བ་ནི། རྣལ་འབྱོར་སྔར་བཞིན་བྱས་ལ། ལས་རྒྱལ་མཆོག་ལ་དེ་ལ་འོག་ནས་འབྱུང་བ་འདི་ནི། ཉེ་བའི་དུག་སྟེ་ད་དྷུ་ར་ལ་སོགས་པ་དང༌། སྦྱར་བའི་དུག་རྣམས་ཐམས་ཅད་དྲང་བའི་སྙིང་པོ་ནི་ཨཱཿ ཉེ་བའི་དུག་འབའ་ཞིག་གི་གཉེན་པོར་གྱུར་པར་མ་ཟད། འབྲས་དང༌། ཕོལ་མིག་དང༌། འབྲུམ་བུ་དང༌། གང་གཞན་ནད་དུ་བཤད་པ་རིམས་དང༌། འགོ་བའི་ནད་ལ་སོགས་པ་རྣམས་ཕྱག་ན་རྡོ་རྗེའི་བཀའ་ཇི་ལྟར་བསྟན་པ་བཞིན་དུ་བསམས་པ་ཙམ་གྱིས་མེད་པར་འགྱུར་རོ། །དེའི་ཆོ་ག་བྱ་བའི་ཚུལ་ཇི་ལྟ་བུ་ཞེ་ན། རྣམ་སྣང་གི་ཏིང་ངེ་འཛིན་ལ་གནས་པས། རང་གི་ལག་པ་གཡོན་པའི་མཐིལ་དུ་པདྨ་འདབ་མ་བརྒྱད་པ་རི་བོང་ཅན་བཞིན་དུ་དྲི་མ་མེད་པ་དཀར་པོ་དེའི་དབུས་ན་གནས་པའི་ཡི་གེ་ཨཱཿདཀར་པོ་འོད་ཟེར་ལྔ་རབ་ཏུ་རྫོགས་པར་བསམ་ཞིང༌། འདབ་མ་བརྒྱད་ལ་ཡང་ཧྲཱིཿབརྒྱད་བསྒོམས་ལ། ཡི་གེ་ཧྲི་ངག་ཏུ་བཏོན་ནས་ནད་པ་ལ་བྱབས་པས། ཧྲིའི་འོད་ཟེར་གྱིས་ནད་པའི་དུག་རྣམས་དྲངས་ཏེ། དུག་རྣམས་ཡི་གེ་ཨཱཿལ་བཅུག་པས། དམ་ཚིག་གནག་སྟེ་ཨཱཿཁ་དོག་ནག་པོར་བསམ་མོ། །སྡུད་པ་སྟེ་བསལ་བ་ལ་ནི་དཀར་པོ་འདྲ་བ་སྟེ་དཀར་པོར་བསྒོམ་མོ། །བསྐུལ་བ་སྟེ་དུག་བསླང་བ་ལ་ནི་དམར་པོར་བསམ་མོ། །དུག་བསལ་བའི་བསམ་གཏན་གྱི་གནས་ས་བོན་བཤད་པ་འདི་ནི་སྐལ་ངན་རྣམས་ལ་གསང་བར་བྱ་བ་དང༌། འོད་གསལ་གྱིས་སྦྱངས་པའི་ཕྱིར་ཡེ་ཤེས་དྲི་མ་མེད་པ་དང༌། གསང་ཆེན་ཏེ་སངས་རྒྱས་རྣམས་ཀྱིས་གསང་བའོ། །གཉིས་པ་ནད་བསལ་བ་ལ་གཉིས་ཏེ། བསྐྱེད་རིམ་པའི་ནད་ཞི་བའི་སྦྱོར་བ་དང༌། རྫོགས་རིམ་པའི་ནད་ཞི་བའི་སྦྱོར་བའོ། །དང་པོ་ལ་བསྡུས་པའི་དོན་ནི། རྣམ་སྣང་ལ་སོགས་པ་རིགས་གསུམ་གྱི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ། རང་རང་གི་ཏིང་ངེ་འཛིན་སེམས་དཔའ་ཨོཾ་ལ་སོགས་པ་ལ། ཛཱི་ན་ཛཱིཀ་ལ་སོགས་པའི་རང་རང་གི་མཚན་སྔགས་ཀྱིས་སྦྲུལ་འཁྱིལ་བ་ལྟར་བསྐོར་བའི་ཏིང་ངེ་འཛིན་སེམས་དཔའ་ལས། རང་རང་གི་སྔགས་ཀྱི་ཕྲེང་བ་བདག་གི་སྣ་བུག་གཡས་པ་ནས་བྱུང་སྟེ་བསྒྲུབ་བྱ་མདུན་དུ་ཟླ་བའི་སྟེང་དུ་གནས་པའི་ནད་པའི་སྣ་བུག་གཡོན་པ་ནས་ཞུགས་ནས་སྙིང་ཁའི་ཟླ་བར་སྦྲུལ་འཁྱིལ་བའི་ཚུལ་དུ་གནས་པར་བསམ་ཞིང༌། རང་རང་གི་སྔགས་བཟླས་པའི་འོད་ཟེར་གྱིས་ནད་པའི་ལུས་ཀྱི་ནད་ཀྱི་དངོས་པོ་ཐམས་ཅད་སྤྲེའུ་འམ་ཁྱིའི་དངོས་པོར་བསྡུས་ནས། ནད་པའི་སྣ་བུག་གཡས་པ་ནས་བྱུང་ནས་བདག་གི་མདུན་དུ་གནས་པ་ལ་རིགས་གསུམ་གྱི་ཕྱག་མཚན་གང་ཡང་རུང་བས་ཐལ་བར་བྱས་པར་བསམ་མོ། །དེ་ནས་རང་རང་གི་ཡབ་ཡུམ་དང་སྙོམས་པར་འཇུག་པའི་སྦྱོར་མཚམས་ནས། རིགས་གསུམ་གང་རུང་གཙོ་བོ་བྱས་པའི་རང་རང་གི་དཀྱིལ་འཁོར་ནད་པའི་སྟེང་གི་བར་སྣང་ལ་སྤྲོ་ལ། དེ་དག་རང་རང་གི་ཡབ་ཡུམ་དང་སྙོམས་པར་ཞུགས་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ནད་པ་ལ་དབང་བསྐུར་བར་བྱའོ། །དེ་ལྟར་བྱས་པས་ནད་ལས་ཐར་བར་འགྱུར་རོ། །གཉིས་པ་ཚིག་གི་དོན་ནི། ནད་གསོ་བ་དེ་ལ་འོག་ནས་འབྱུང་བ་འདི་ནི་མཚོན་ཆ་དང༌། མངོན་སྤྱོད་དང༌། ནད་གཞི་སོགས་ལས་འབྱུང་བའི་ནང་གི་ནད་རྣམས་གསོ་བའི་གཉེན་པོ་རྡོ་རྗེ་ལྟར་མི་ཕྱེད་པའི་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཏེ། ཛཱི་ན་ཛཱིཀ་ལ་སོགས་པའི་སྔགས་གསུམ་མོ། །ཡི་གེའི་ཚིག་སྟེ་མཚན་སྔགས་གསུམ་པོ་གང་འདོད་པ་དད་པས་བསྟེན་ན་ཡོན་ཏན་ཐོབ་པར་འགྱུར་རོ། །ལྷའི་རྣལ་འབྱོར་ཇི་ལྟ་བུ་ལ་བསྟེན་ཞེ་ན། སྔགས་གསུམ་དེ་འདྲ་སྟེ་དེ་དང་རྗེས་སུ་མཐུན་པའི་ལྷའི་གཟུགས་ནི་བསྒོམ་པར་བྱ། རིགས་གསུམ་གང་རུང་གི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ་གཞིག་པར་དཀའ་བའི་ནད་ཕྱིར་དབྱུང་བའི་བསམ་པས་བསྐུལ་བ་ཡིས། ནད་པ་རང་གི་ལུས་ངག་སེམས་ལ་གནས་པའི་དམ་ཚིག་སྟེ། ནད་སྤྲེའུའི་རྣམ་པའམ་ཡང་ན་ཁྱིའི་རྣམ་པའང་རུང་ནད་པ་ལས་ཕྱིར་བྱུང་བ་དག་ཏུ་རྣམ་པར་བསམས་ནས། འཁོར་ལོའམ་རྡོ་རྗེ་ཁ་གྱེས་པའང་རུང༌། རྡོ་རྗེའི་གོ་འཕང་སྟེ་ལག་པ་གཡས་པར་གནས་པར་བསམས་ལ། ནད་པའི་ལུས་ངག་སེམས་ལ་གནས་པའི་དམ་ཚིག་སྟེ་ནད་རྣམས། དེས་ནི་ཕྱེ་མར་བརླག་པར་བསྒོམ། དུས་དེ་ནས་བརྩམས་ཏེ། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་དང༌། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྟེ་རང་གི་ལུས་གནས་པའི་གྲགས་ཆེན་རྣམས་ཀྱིས། ནད་པ་ལ་ནད་ལས་རྒྱལ་བའི་གོ་འཕང་དམ་པ་དག དགྱེས་པའི་སྤྱན་གདངས་པའི་སྒོ་ནས་རབ་ཏུ་སྩོལ་ལོ། །ཡང་འོག་ནས་འབྱུང་བ་ནད་སེལ་ཐབས་འདི་སྐད་ཅེས་ཀྱང་བཀའ་བསྩལ་ཏོ། །སངས་རྒྱས་སྤྲིན་ཏེ་སྤྱན་མ་དང་སྙོམས་པར་ཞུགས་པའི་རྣམ་སྣང་གི་ཚོགས་དང༌། རྡོ་རྗེ་རྒྱལ་པོ་སྤྲིན་ཏེ་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པའི་ཚོགས་རང་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ནད་པ་རང་གི་ལུས་ངག་སེམས་རྡོ་རྗེ་ལ་དབང་བསྐུར་བར་རྣམ་པར་བསམ་ཞིང༌། ནད་པ་ནད་ལས་ཐར་བར་བསྒོམ་པར་བྱའོ། །གཉིས་པ་རྫོགས་རིམ་པས་ནད་ཞི་བའི་སྦྱོར་བ་ལ་གསུམ་སྟེ། འོད་གསལ་གྱིས་ནད་གསོ་བ་དང༌། རྡོ་རྗེ་བཟླས་པས་ནད་གསོ་བ་དང༌། རང་བྱིན་རླབས་ཀྱིས་ནད་ཚར་བཅད་པའོ། །དང་པོ་ནི། ཟུང་འཇུག་པས་རང་གི་ལྷག་པའི་ལྷ་གཙོ་བྱས་པའི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ་ཁྲོས་པ་སྟེ། ནད་ཀྱི་ཉེས་པས་བསྐྱོད་པའི་ནད་པ་དེ་ལ་བསམ་པར་བྱའོ། །གང་ན། ཕྱོགས་བཅུ་ན་གནས་པའི་ནད་པ་རྣམས་ཀྱི་སངས་རྒྱས་ཏེ་གཟུགས་ཀྱི་ཕུང་པོ་ལ་སོགས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་སྟེ་མིག་ལ་སོགས་པའི་སྐྱེ་མཆེད་བློ་གྲོས་ཏེ་རང་རང་གི་རྣམ་ཤེས་དང་ལྡན་པ་རྣམས་འཆི་བར་བྱེད་པ་དམ་པའི་དོན་འོད་གསལ་བར་འཇུག་པར་བསམ་པར་བྱའོ། །འོད་གསལ་བསྒོམ་པའི་བསམ་གཏན་གྱི་སྦྱོར་བ་འདི་དག་གིས། ནད་ཀྱི་རིགས་གང་ཡང་རུང་བ་ལས་སྐྱེས་པའམ་བྱུང་བ་སོགས་སུ་གང་གྲགས་པ་དག ཉི་མ་བདུན་གྱིས་འཇིག་པར་འགྱུར་རོ། །གཉིས་པ་ནི། ཡང་ན་རླུང་སྔགས་དབྱེར་མེད་དུ་བསྟན་པའི་རྡོ་རྗེ་བཟླས་པའི་སྦྱོར་བ་ཡིས་ཀྱང་འཇིག་པར་འགྱུར་རོ། །བཟླས་པ་གང་ཞེ་ན། བརྒྱ་རྩ་བརྒྱད་དེ་བརྒྱ་དང་བཅས་པའི་བརྒྱད་བརྒྱ་མེ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིར། དགུ་བརྒྱ་ཕྲག་གཅིག་བཟློས་པའི་རྡོ་རྗེ་བཟླས་པའོ། །གསུམ་པ་ནི། ཡང་ན་རང་གི་སྔགས་རྒྱལ་གྱིས་ཏེ་རང་བྱིན་གྱིས་བརླབ་པའི་སྦྱོར་བས། ནད་གཞིག་པའི་རྡོ་རྗེའི་བསམ་གཏན་གྱི་ཆོ་ག་བསམ་མོ། །བཤད་མ་ཐག་པའི་ཆོ་ག་འདི་ནི་ཕྱི་ནང་གི་ནད་རྣམས་ཐམས་ཅད་ཀྱི་གཉེན་པོ་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ནི་ཤིན་ཏུ་འདའ་བར་དཀའ་བའོ། །བཞི་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གསུམ་སྟེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་དང་གཞུང་ཉེ་བར་བསྡུ་བའོ། །དང་པོ་ནི། དེ་ནས་རྡོ་རྗེ་ཆོས་ཏེ་རྡོ་རྗེ་འཆང་རྒྱལ་པོ་རྡོ་རྗེ་འཛིན་པ་དེས་འདི་སྐད་ཅེས་བཀའ་བསྩལ་ཏོ། །དེ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱོ་བ་སྟེ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ནང་ནས། འོད་པོ་ཆེ་སྟེ་གཙོ་བོར་གྱུར་པ་འདོད་པས་ཐར་པ་རབ་ཏུ་སྩོལ་བས། འདོད་པ་ཐར་པ་ཞེས་བརྗོད་དོ། །གང་བཀའ་བསྩལ་ན། འོག་ནས་འབྱུང་བའི་གསུང་འདིའོ། །གཉིས་པ་ལ་གསུམ་སྟེ། རྨི་ལམ་གྱི་དཔེ་བསྟན་པའི་དོན་དང༌། དངོས་གྲུབ་ཀྱི་མཚན་མའི་ལྟས་དང༌། སྒྱུ་མ་ལྟ་བུའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་ཡང་དག་པར་ཡོད་མེད་དུ་བལྟ་བ་བཀག་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་གསུངས་སོ། །གང་ན། འཁྲུལ་པ་འཇོམས་པར་བྱེད་པའི་རྡོ་རྗེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །སུ་ཞིག་གིས་ན། རྡོ་རྗེ་འཆང་ཆེན་པོས་སོ། །གང་གི་སྒོ་ནས་ན། ཕྱི་ནང་གི་ཆོས་དེ་རྣམས་མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུའི་དཔེའི་སྒོ་ནས་སོ། །དོན་གང་གསུངས་ན། དངོས་པོ་རྣམས་གདོད་མ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། རང་བཞིན་ཏེ་འོད་གསལ་བས་རྣམ་པར་དག་པའི་དེ་ཁོ་ན་ཉིད་ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་དོ། །གཉིས་པ་ལ་གཉིས་ཏེ། དངོས་གྲུབ་ཐོབ་པའི་རྨི་ལམ་གྱི་མཚན་མ་དང༌། མི་ཐོབ་པའི་རྨི་ལམ་གྱི་མཚན་མའོ། །དང་པོ་ལ་གསུམ་སྟེ། རིམ་པ་གཉིས་ཀྱི་ཐུན་མོང་གི་རྨི་ལམ་གྱི་མཚན་མ་མདོར་བསྟན་པ་དང༌། སོ་སོར་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། རིམ་པ་གཉིས་ཀྱི་བསམ་གཏན་གྱི་དོན་དང༌། བཟླས་པ་ལ་བརྩོན་པའི་སྒྲུབ་པ་པོ་གཉིས་ཀྱིས་རྟག་ཏུ་སྟེ་རྒྱུན་དུ་བསླབས་ན་རྨི་ལམ་གྱི་མཚན་མ་གཉིས་མཐོང་ངོ༌། །དེ་ཡང་ཇི་ལྟར་ཞེ་ན། མཚན་བཅས་མཚན་མེད་རྣམ་པ་གཉིས་སུ་ཡོད་པའི་དབྱེ་བས། སངས་རྒྱས་ཏེ་ནང་ལ་མཆོག་ཏུ་གཞོལ་བས་མཆོག་གི་དངོས་གྲུབ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཏེ་སྔགས་ལ་མཆོག་ཏུ་གཞོལ་བས། ཞི་བ་ལ་སོགས་པའི་དངོས་གྲུབ་འགྲུབ་པའི་རྨི་ལམ་མཐོང་ངོ༌། །དེ་ལ་འོག་ནས་འབྱུང་བ་འདི་ནི་སྒྲུབ་པ་པོ་རྣམ་པ་གཉིས་ལ་འབྲས་བུ་ཆེན་པོ་སྟོན་པའི་རྨི་ལམ་ཡིན་པས་རྨི་ལམ་ཆེན་པོའོ། །དེ་ཉིད་མི་བསླུ་བས་ན་དམ་ཚིག་གི་གནས་སོ། །གཉིས་པ་སོ་སོར་རྒྱས་པར་བཤད་པ་ལ་གཉིས་ཏེ། རྫོགས་རིམ་པའི་རྨི་ལམ་གྱི་མཚན་མ་དང༌། བསྐྱེད་རིམ་པའི་རྨི་ལམ་གྱི་མཚན་མའོ། །དང་པོ་ནི། བྱང་ཆུབ་ཡེ་ཤེས་མཆོག་ནི་འོག་གསལ་ཏེ། དེ་ཐོབ་པ་ལ་ཞུགས་པར་བདག་ཉིད་ཀྱིས་རྨི་ལམ་གྱི་མཚན་མ་མཐོང་བ་ན། མ་འོངས་པ་ན་སངས་རྒྱས་འོད་བཟང་སྟེ་ཡེ་ཤེས་ཀྱི་སྐུར་མཐོང་བ་དང༌། བརྒྱ་ལམ་ན་སྒྲུབ་པ་པོ་བདག་ཉིད་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མྱུར་དུ་མཐོང་བ་སྟེ་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཡང་སྒྲུབ་པ་པོ་དེ་ཡིས་ཁམས་གསུམ་པའི་སེམས་ཅན་ཆེན་པོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་བདག་ཉིད་ལ་མཆོད་པ་བྱེད་པར་མཐོང་བ་དང༌། རང་གི་ལུས་ཡེ་ཤེས་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོའི་འོད་དང་མཉམ་པའི་གཟུགས་སུ་མཐོང་བ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་ངེས་པར་མཆོད་པ་བྱེད་པར་རྨི་ལམ་དུ་མཐོང་ན། མ་འོངས་པ་ན་རིང་པོར་མི་ཐོགས་པར་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་དོ། །རྨི་ལམ་དག་ན་རང་གི་གཟུགས་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་སྐུར་མཐོང་བའམ། གཟུགས་ཅན་ཏེ་རྣམ་པར་སྣང་མཛད་དང༌། གྲགས་པ་ཆེན་པོ་སྟེ་རིན་ཆེན་འབྱུང་ལྡན་དང༌། རྡོ་རྗེ་ཆོས་ཏེ་འོད་དཔག་མེད་དང༌། གསང་བ་རྡོ་རྗེ་སྟེ་དོན་ཡོད་གྲུབ་པ་སྟེ་གྲགས་པ་ཆེན་པོ་དེ་དག་གང་ཡང་རུང་བའི་སྐུར་གྱུར་པའི་རྨི་ལམ་མཐོང་ན། མ་འོངས་པ་ན་བྱང་ཆུབ་སེམས་དཔའ་སྟེ་ཡེ་ཤེས་ཁོང་དུ་ཆུད་པ་དང༌། རྡོ་རྗེ་ཅན་ཏེ་སློབ་བཞིན་པ་དང༌། སངས་རྒྱས་ཆེན་པོ་སྟེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཕྱག་འཚལ་བའི་གདུལ་བྱ་གཞན་རྣམས་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཕྱག་རྒྱ་ཆེན་པོ་སྟེར་བ་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ། །གཉིས་པ་བསྐྱེད་རིམ་པའི་རྨི་ལམ་གྱི་མཚན་མ་ནི། སྒྲུབ་པ་པོས་རྨི་ལམ་དུ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷ་མོ་ཡིད་དུ་འོང་བ་མཐོང་བ་དང༌། ཡང་ན་མིའི་ཁྱེའུ་དང་བུ་མོ་དག་མཐོང་ན། མ་འོངས་པ་ན་ཞི་སོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །བསམ་གཏན་གྱི་རྡོ་རྗེ་ནི་རྫོགས་རིམ་མོ། །དེའི་དམ་ཚིག་སྦྱོར་བ་སྟེ་བསྐྱེད་རིམ་ལ་གནས་པའི་སྒྲུབ་པ་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་མཐོང་བ་དང༌། དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་པར་གྱུར་ནས་ཀྱང༌། ཆོས་ཀྱི་མཛོད་ཡིད་དུ་འོང་བའི་གླེགས་བམ་རྩོམ་པ་དང༌། བདག་གི་ལུས་ཆོས་ཀྱི་འཁོར་ལོ་ལ་གནས་པ་སྟེ། ཆོས་ཀྱི་སྟན་ལ་ཞུགས་ནས་སངས་རྒྱས་ཀུན་ཏེ་བྱང་ཆུབ་སེམས་དཔའ་ཀུན་གྱིས་ཡོངས་སུ་བསྐོར་བ་མཐོང་ན། མ་འོངས་པ་ན། འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བསམ་གཏན་དམ་ཚིག་ཅན་ཏེ་བརྟག་པའི་རྣལ་འབྱོར་ལ་གནས་པ་རྣམས་ཀྱིས། ཀུན་དགའ་ར་བ་དང༌། སྐྱེད་མོས་ཚལ་ལ་སོགས་པ་ཉམས་དགའ་བའི་ས་ཕྱོགས་སྣ་ཚོགས་པ་ལ། ལྷའི་བུ་མོ་ལ་སོགས་པས་བརྒྱན་པ་དག་མཐོང་ན། མ་འོངས་པ་ན་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པ་ཐོབ་པར་འགྱུར་རོ། །སྒྲུབ་པ་པོ་བདག་ཉིད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབང་བསྐུར་བ་མཐོང་བ་དེ་ནི་མ་འོངས་པ་ན་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོ་སྟེ། གཙོ་བོ་ཡིས་མཆོད་པ་བྱེད་པར་དེས་མཐོང་ཞིང་ཐོབ་བོ། །གསུམ་པ་དོན་བསྡུ་བ་ནི། རྡོ་རྗེ་ལས་བྱུང་བ་སྟེ་དེ་བཞིན་གཤེགས་པས་འདིར་དངོས་སུ་གསུངས་པའི་སྣ་ཚོགས་པའི་རྨི་ལམ་དང༌། འདིར་མ་གསུངས་པ་དྲི་མ་མེད་པ་སྟེ་དགེ་བའི་རྨི་ལམ་མཐོང་བ་དེས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་ཐ་མལ་པའི་ལུས་ངག་ཡིད་གསུམ་དག་པ་ལས་སྐྱེས་པ། བླ་ན་མེད་པ་ཕྱག་རྒྱ་ཆེན་པོའི་སྐུ་འགྲུབ་པར་འགྱུར་རོ། །གཉིས་པ་དངོས་གྲུབ་མི་ཐོབ་པའི་རྨི་ལམ་གྱི་མཚན་མ་ནི། གལ་ཏེ་རྡོ་རྗེ་སྟེ་སྒྲུབ་པ་པོའི་བློས། གདོལ་པའི་སྦྱོར་བ་སྟེ་གཟུགས་དང་ཁྱི་དང་སྤྲེའུའི་གཟུགས་ལ་སོགས་པའི་གཟུགས་མཐོང་ན། བློ་ལྡན་ཏེ་རིམ་པ་གཉིས་ཀྱི་མན་ངག་མཐོང་བ་དང༌། རྡོ་རྗེ་སེམས་དཔའ་སྟེ་བརྩོན་འགྲུས་བརྟན་པ་ཡང༌། ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས། སེམས་ཀྱི་གནས་ཏེ། སྡུག་བསྔལ་བའི་ལུས་གཞན་འགྲུབ་པར་འགྱུར་རོ། །གསུམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་འོག་ནས་འཆད་པ་འདི་ནི་རྨི་ལམ་གྱི་རང་བཞིན་རྣམ་པར་དཔྱད་པའི་དམ་ཚིག་སྟེ། རྨི་ལམ་གྱི་ངོ་བོ་ཉིད་དཔྱད་པའི་ཚེ་སྙིང་པོ་སྟེ། ཆོས་རྣམས་སེམས་ལས་ཕྱི་རོལ་ཏུ་ཡོད་དམ་སྙམ་པའི་ཐེ་ཚོམ་གཅོད་པར་བྱེད་པའོ། །དེ་ལ་དང་པོར་རྨི་ལམ་དུ་སྣང་བ་སེམས་སུ་སྒྲུབ་པ་ནི་རྨི་ལམ་མཐོང་བའི་དུས་སུ། སེམས་ཀྱི་དམིགས་པ་སེམས་ལས་ཕྱི་རོལ་ཏུ་རབ་ཏུ་གནས་པར་སྣང་བའི་ཆོས་རྣམས་ཐམས་ཅད་ནི་རང་གི་སེམས་ལས་གཞན་ཅི་ཡང་མེད་དོ། །གཉིད་མ་ལོག་པའི་གནས་སྐབས་ན་ཡང་སེམས་ལས་གཞན་པ་མེད་དེ། སད་པའི་ཡུལ་ཡང་སེམས་ཀྱི་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ། །འོ་ན་སེམས་དེ་ནི་གང་ན་གནས་ཤེ་ན། སེམས་དེ་ནི་ནམ་མཁའི་རྡོ་རྗེ་སྟེ་འོད་གསལ་ལ་གནས་སོ། །འོ་ན་གནས་སྐབས་འགའ་ཞིག་ཏུ་སེམས་ལས་ཐ་དད་པའི་དངོས་པོ་ཡོད་དམ་ཞེ་ན། སེམས་ལས་ཡན་གར་དུ་གྱུར་པའི་ཆོས་འགའ་ཡང་མེད་དེ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ། །གལ་ཏེ་སེམས་ཉིད་འོད་གསལ་ལ་གནས་ན། འོད་གསལ་ཆོས་ཉིད་ཀྱི་དངོས་པོ་གྱུར་པ་ཡོད་དམ་ཞེ་ན། ཆོས་ཉིད་ཀྱང་མེད་དེ། རྟེན་ཆོས་ཅན་མེད་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ངོ་མཚར་བའི་སྒོ་ནས་འཁོར་གྱིས་ཞུས་པ་དང༌། སྟོན་པས་ཞུས་པའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད། རྨི་ལམ་གྱི་མཚན་མ་བསྟན་པ་ལ་ངོ་མཚར་དུ་གྱུར། མཚན་མའི་འབྲས་བུ་ཐོབ་པ་ལ་རྨད་དུ་བྱུང་བར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ་དེ་ལ་ཐེ་ཚོམ་གཅོད་པར་བྱེད་པ་རྡོ་རྗེ་སེམས་དཔའ་ལ་ཞུས་པ་ནི། བཅོམ་ལྡན་འདས་ཞེས་བོས་ནས། འདི་ཅི་ཞིག་ལགས་ཞེས་པ་ནི་ཤིན་ཏུ་དཀའ་འོ། །དེ་གང་ཞེ་ན། རྨི་ལམ་དང་འདྲ་བའི་ཆོས་རྣམས་ལ་ངོ་བོ་ཉིད་མེད་ཀྱང༌། དེ་དག་གི་ཆོས་ཏེ་འབྲས་བུ་ཐོབ་པའི་དེ་ཁོ་ན་ཉིད་ཀུན་ཏུ་བཤད་པ་འདི་ནི་ནམ་མཁའ་ལ་ནམ་མཁའ་རྟེན་པར་སྒོམ་པའི་ཚུལ་དང་མཚུངས་པས། ཨེ་མ་ཧོ་ངོ་མཚར་བའི་ཆོས་སྔོན་མེད་པ་ཡང་དག་བྱུང༌། ཞེས་ཞུས་སོ། །གཉིས་པ་ལ་གཉིས་ཏེ། སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་ལ་ཁྱབ་པ་དང༌། སྒྱུ་མར་གྲུབ་པའི་ཚུལ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། ནམ་མཁའི་དཔེས་སྒྱུ་མ་ལྟ་བུའི་དོན་བསྟན་པ་དང༌། རྨི་ལམ་གྱི་དཔེས་སྣང་ཡང་ངོ་བོ་ཉིད་མེད་པར་བསྟན་པ་དང༌། ནོར་བུའི་དཔེས་ངོ་བོ་ཉིད་མེད་ཀྱང་དགོས་འདོད་འབྱུང་བར་བསྟན་པ་དང༌། དངོས་གྲུབ་ཐོབ་པའི་ཚུལ་ལ་དོགས་པ་སེལ་བའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་བསྩལ་ཏེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བོས་ནས། ནམ་མཁའ་ནི་གཟུགས་སོགས་ཀྱི་ཆོས་གང་དང་ཡང་མི་ལྡན་ཏེ། དེ་དག་དང་ལྡན་གཞི་དང་ལྡན་ཆོས་ཐ་དད་པའི་ཚུལ་དུ་མི་སྣང་བའི་ཕྱིར། མི་ལྡན་པ་ཡང་མ་ཡིན་ཏེ། དངོས་པོ་ཐམས་ཅད་དོན་དམ་པར་ནམ་མཁའི་བདག་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་དེ་ནི་ཡོད་པའི་ཆོས་ཐམས་ཅད་ལ་ཁྱབ་པས་ཆོས་ཐམས་ཅད་དུ་གཏོགས་པ་ཡང་ཡིན་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་གནས་པའང་རྗེས་སུ་ལྟར་མེད་ལ། ང་ནི་ཐམས་ཅད་ལ་ཁྱབ་པ་དང་ལྟ་བ་གཉིས་ཀའོ་སྙམ་དུའང་མི་སེམས་སོ། །དཔེ་དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས། རྨི་ལམ་དང་རྨི་ལམ་ལས་བྱུང་བའི་འབྲས་བུ་དག་གི་ལྡན་པ་དང་བྲལ་བ་ཡང་ནམ་མཁའ་དང་མཐུན་པར་རྗེས་སུ་རིག་པར་བྱའོ། །ནམ་མཁའ་ཆོས་ཐམས་ཅད་དུ་གཏོགས་པ་དང༌། རྗེས་སུ་བལྟ་བར་མི་སེམས་པ་དེ་བཞིན་དུ། རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་ཡང་དེ་བཞིན་ནོ། །ཡང་ནམ་མཁའི་དཔེས་ལྟ་བ་དང་ཐོགས་པ་མེད་པར་བསྟན་པ་ནི། དཔེར་ན་ནམ་མཁའ་ནི་ངོ་བོ་ཉིད་གང་དུ་ཡང་བརྟག་དུ་མེད་ཅིང༌། བལྟར་མེད་པ་ཐོགས་པ་མེད་པ་དེ་བཞིན་དུ། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལྟར་རྗེས་སུ་རིག་པར་བྱ་བ་ཡིན་ན། རྨི་ལམ་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། །ནམ་མཁའི་དཔེས་རོ་གཅིག་པར་བསྟན་པ་ནི། ནམ་མཁའ་ནི་ཐམས་ཅད་ལ་སོང་ཞིང་རོ་གཅིག་པ་དེ་བཞིན་དུ། ལུས་དང་ངག་དང་སེམས་ཀྱིས་བསྡུས་པའི་སེམས་ཅན་གྱི་འཇིག་རྟེན་དང༌། ཆོས་ཐམས་ཅད་ནི་སྣོད་ཀྱི་འཇིག་རྟེན་ནོ། །རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་རྗོད་བྱེད་ངག་གི་རང་བཞིན་ཐམས་ཅད་དོ། །དེ་རྣམས་ལ་རྗེས་སུ་སོང་བའི་ངོ་བོ་ཉིད་ནི་མཚན་ཉིད་གཅིག་པ་སྟེ། ངོ་བོ་ཉིད་གང་ཞེ་ན། འདི་ལྟ་སྟེ། སེམས་ཀྱི་ངོ་བོ་ཉིད་དོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་དང༌། ནམ་མཁའི་ཁམས་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའི་ཕྱིར། དེ་དག་ཀྱང་དོན་དམ་པར་རོ་གཅིག་གོ །དེ་ཉིད་འགྲེལ་པ་ལས། ནམ་མཁའི་དཔེས་ཆོས་ཐམས་ཅད་གནས་པ་མེད་པར་བསྟན་པ་ནི། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ནི་ནམ་མཁའི་ཁམས་སུ་གནས་ཏེ། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ལྟར་རོ། །ནམ་མཁའ་ནི་གང་ལ་ཡང་མི་གནས་ཞེས་སྟོན་པ་ནི། ནམ་མཁའི་ཁམས་ཞེས་པ་ནས། མི་གནས་པ་དེ་ནི་སྐྱེ་བ་མེད་པ་ཞེས་པའི་བར་རོ། །དེ་ཉིད་ཀྱིས་ན་གང་དུ་ཡང་བརྟག་པར་མི་ནུས་པ་ནི། གང་ལ་ཞེས་པ་ནས། མི་ནུས་ཞེས་པའི་བར་རོ། །ནམ་མཁའི་དཔེས་ངོ་བོ་ཉིད་མེད་པར་བསྟན་པ་ནི། དེ་བས་ན་ཞེས་པ་ནས། ངོ་བོ་ཉིད་མེད་དོ་ཞེས་པའི་བར་རོ། །ངོ་བོ་ཉིད་མེད་ཀྱང་འབྲས་བུ་འབྱུང་བར་བསྟན་པ་ནི། ངོ་བོ་ཉིད་མེད་ན་ཡེ་ཤེས་ཀྱི་སྐུ་གང་ལ་འབྱུང་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་ཉིད། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འབྱུང་བར་བྱེད་པའི་རྒྱུ་ཡིན་ཏེ། ལུགས་བཟློག་གི་སེམས་སྣང་བ་གསུམ་ལས་ཡེ་ཤེས་ཀྱི་སྐུ་འབྱུང་བའི་ཕྱིར་རོ། །འོ་ན་བྱང་ཆུབ་ཀྱི་སེམས་དེ་རྒྱུ་ཡིན་པས་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་ཡང་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་དེ། ལུས་ལ་མི་གནས་ཞེས་པ་ནས། ཁམས་གསུམ་གང་ལ་ཡང་མི་གནས་པའི་ཕྱིར་རོ། །འོ་ན་དེ་ལ་འབྲས་བུ་འབྱུང་བ་འགལ་ལོ་ཞེ་ན། གང་ལ་ཡང་མི་གནས་པའི་ངོ་བོ་ཉིད་མེད་པར་ཤེས་པ་འདི་ནི། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ཡིན་ནོ། །གཉིས་པ་རྨི་ལམ་གྱི་དཔེས་སྣང་ཡང་ངོ་བོ་ཉིད་མེད་པར་བསྟན་པ་ནི། རྨི་ལམ་ནི་ཁམས་གསུམ་སྟེ་སེམས་ཅན་རབ་འབྲིང་ཐ་མ་རྣམས་ལ། རྨི་ལམ་གྱི་གནས་འབྲས་བུ་དགེ་སྡིག་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །དངོས་གྲུབ་སྒྲུབ་པའི་རྨི་ལམ་མཐོང་བའི་མི་ཡང༌། བདག་གིས་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་མོད། འོན་ཀྱང་རྨི་ལམ་དང༌། རྨི་ལམ་གྱི་འབྲས་བུ་གཉིས་ཀ་སྣང་ཞིང་རང་བཞིན་མེད་པ་དེ་བཞིན་དུ། ཁམས་གསུམ་སྟེ་སེམས་ཅན་གྱི་ཚོགས་རྣམ་པ་གསུམ་གྱི་དགེ་སྡིག་གི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུར་མི་བདེན་པ་དང༌། རྨི་ལམ་དང་འདྲ་བར་སྣ་ཚོགས་པ་ཉིད་དང༌། རྨི་ལམ་ལྟར་སྣང་ཡང་རང་བཞིན་མེད་པར་འབྱུང་བའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པས། དེ་བཞིན་དུ་བཤད་མ་ཐག་པའི་རྣམ་པ་འདིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རྫོགས་པའི་སངས་རྒྱས་རྣམས་དང༌། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་རྣམས་དང༌། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྨི་ལམ་གྱི་དཔེས་རང་བཞིན་མེད་པར་རྟོགས་པས། རྨི་ལམ་ལ་བདག་མེད་པའི་གནས་རྗེས་སུ་རིག་པར་བྱའོ། །གསུམ་པ་ནོར་བུའི་དཔེས་ངོ་བོ་ཉིད་མེད་ཀྱང་དགོས་འདོད་འབྱུང་བར་བསྟན་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་ནི། འཇིག་རྟེན་པའི་རིན་པོ་ཆེ་རྣམས་ཀྱི་ནང་ནས་གཙོ་བོ་སྟེ་ཁྱད་པར་དུ་འཕགས་པ། མངོན་པར་འདོད་པ་སྟེར་བའི་ཕྱིར་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། དེ་ལ་སེམས་ཅན་གང་གིས་གསོལ་བ་བཏབ་ན། གསེར་ལ་སོགས་པ་གང་གསོལ་བ་བཏབ་པ་དེ་ཐམས་ཅད་བསམས་པ་ཙམ་གྱིས་འབྱོར་བར་བྱེད་དེ། འོན་ཀྱང་གསེར་ལ་སོགས་པའི་རིན་པོ་ཆེ་དེ་དག་ཀྱང་སློང་བ་པོའི་སེམས་ཅན་གྱི་སེམས་ལ་མི་གནས་ཤིང་མ་བྱུང་ལ། ཡིད་བཞིན་གྱི་ནོར་བུ་ལའང་གནས་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་བྱེད་ཀྱི་རྒྱུ་དང༌། སངས་རྒྱས་ཏེ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཚོགས་ལ་ཕན་འདོགས་པའི་རྒྱུ་དང༌། ཆོས་ཐམས་ཅད་དེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་བྱེད་ཀྱི་རྒྱུར་གྱུར་པ་དྲུག་པ་རྡོ་རྗེ་འཆང་ལ། དངོས་གྲུབ་འབྱུང་བའི་ཚུལ་ཡང༌། ཇི་སྐད་བརྗོད་པའི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་ཚུལ་དང་རྗེས་སུ་མཐུན་པར་རིག་པར་བྱའོ། །འདིར་དྲུག་པ་འོད་གསལ་ལ་འཆད་པ་ནི་ནོར་པའོ། །བཞི་པ་དངོས་གྲུབ་ཐོབ་པའི་ཚུལ་ལ་དོགས་པ་སེལ་བ་ལ། སྤྲོ་བ་བསྐྱེད་ཅིང་འཁོར་གྱིས་ཞུས་པ་དང༌། སླར་ཡང་ཞུས་ལན་གྱི་སྒོ་ནས་གཏན་ལ་དབབ་པའོ། །དང་པོ་ནི། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རབ་ཏུ་དགྱེས་པའི་སྤྱན་ལྔ་གདངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ནམ་མཁའི་རྗེས་སུ་འབྲང་བ་སྟེ་ནམ་མཁའ་ལྟར་རང་བཞིན་མེད་པའི་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཏེ་ཡེ་ཤེས་ཀྱི་སྐུ་རྣམས་རང་བཞིན་མེད་པའི་ཚུལ་གྱིས་རྗེས་སུ་འབྲང་བར་གྱུར་པ་ནི་ངོ་མཚར་ཆེའོ། །ཞེས་སྤྲོ་བ་བསྐྱེད་ནས། དེ་ནས་སླར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་གི་ཞབས་གཉིས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སྔགས་ཐམས་ཅད་དེ་ཕྲེང་སྔགས་ལ་སོགས་པ་ཐམས་ཅད་ཀྱི་དང༌། རྡོ་རྗེ་སྟེ་བསམ་གཏན་རྣམས་ཀྱིས་བྱས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀུན་བཏུས་ཏེ་གསུང་བའི་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་ཀུན་ནས་བཏུས་པའི་དངོས་གྲུབ་དེ་གང་ལ་གནས། གང་ནས་བྱུང་བ་ལགས་ཞུས་ཞེས་པའོ། །དེའི་ལན་བཏབ་པ་ནི། དོན་དམ་པར་གང་ལ་ཡང་མི་གནས་ཤིང༌། ཐ་སྙད་དུ་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་གནས་སོ་ཞེས་སྟོན་པ་ནི། དེ་ནས་ཕྱག་ན་རྡོ་རྗེས་འཁོར་རྣམས་ལ་སྤྲོ་བ་བསྐྱེད་ནས། ལན་གསུངས་སོ་ཞེས་མཚམས་སྦྱར་རོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ་ནས། བཀའ་བསྩལ་ཏོ་ཞེས་པའི་བར་རོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་འཁོར་རྣམས་ལ་བོས་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པའོ། །སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་ཀུན་ནས་བཏུས་པ་ནི་ཆོས་ཅན་ནོ། །སྔགས་ཐམས་ཅད་དེ་སྒྲུབ་པ་པོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མི་གནས་སོ་ཞེས་པ་ནི་དམ་བཅའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་རྟགས་ཞེས་པའི་ཁོང་ནས་དབྱུང་ངོ༌། །དོན་དམ་པར་གང་ལ་ཡང་མི་གནས་པ་འོན་ཀྱང༌། ཀུན་རྫོབ་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པ་པོ་རང་གི་ཞེས་སོགས་ཏེ་འདིས་ཐ་སྙད་དུ་ཡོད་པར་བསྟན་ནོ། །འོ་ན་རྟེན་ལུས་ལ་སོགས་པ་དོན་དམ་པར་ཡོད་པས། དེ་ལ་བརྟེན་པའི་དངོས་གྲུབ་ཀྱང་ཡོད་དོ་ཞེ་ན། ལུས་དང་ངག་དང་སེམས་རྡོ་རྗེ་དེ་དག་ཀྱང་ཞེས་པ་ཆོས་ཅན་ནོ། །འདོད་པའི་ཁམས་ན་ཞེས་སོགས་ཚིགས་གསུམ་གྱིས་ཁམས་གསུམ་ན་མི་གནས་པའི་དམ་བཅའ་བསྟན་ནོ། །ཕན་ཚུན་རྟེན་དང་བརྟེན་པར་ཡང་མེད་པའི་དམ་བཅའ་ནི། སེམས་ནི་ཞེས་པ་ནས་མི་གནས་སོ་ཞེས་པའི་བར་རོ། །གཏན་ཚིག་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟར་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཞེས་པ་ནས། གསོལ་ཏོ་ཞེས་པས་མཚམས་སྦྱར་ནས། དྲི་བ་དངོས་ནི། བཅོམ་ལྡན་འདས་ཞེས་པ་ནས། གང་ནས་བྱུང་བ་ལགས་ཞེས་པའི་བར་ཏེ། དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་ཆོས་དྲུག་པ་རྡོ་རྗེ་འཆང་དེ་གང་ལ་གནས་པ་ལགས། གང་ནས་བྱུང་བ་ལགས་ཞེས་ཞུས་སོ། །ཐ་སྙད་ཀྱི་ལན་ནི། རྡོ་རྗེ་འཆང་གིས་བཀའ་བསྩལ་པ་ཞེས་པ་ནས། འབྱུང་ངོ་ཞེས་པའི་བར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་གང་ན་གནས་ཞེས་པའི་ཞུས་ལན་ནི། བཅོམ་ལྡན་འདས་ཞེས་པ་ནས། ནམ་མཁའ་ལ་གནས་ཞེས་པའི་བར་ཏེ། ནམ་མཁའ་ནི་འོད་གསལ་ལོ་ནམ་མཁའ་གང་ལ་གནས་ཤེ་ན། གང་ལ་ཡང་མི་གནས་སོ། །གཉིས་པ་གཞུང་ཉེ་བར་བསྡུ་བ་ནི། དེ་ནས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྣམས་དང༌། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་མེད་ཀྱང་ཐ་སྙད་དུ་འབྲས་བུ་བསྐྱེད་པས། རྒྱུ་ལ་ངོ་མཚར་དུ་གྱུར། རང་བཞིན་མེད་ཀྱང་རྒྱུ་ལས་འབྱུང་བས་འབྲས་བུ་ལ་རྨད་དུ་གྱུར་ནས། རང་གི་སེམས་ཀྱི་ཆོས་ཉིད་དེ། སེམས་ཀྱི་རོལ་པ་ལ་གནས་ནས། རྒྱུ་འབྲས་ཀྱི་དེ་ཁོ་ན་ཉིད་ལ་སེམས་ཤིང༌། ཐེ་ཚོམ་ཆོད་པས་ཅང་མི་སྨྲ་བར་འཁོད་པར་འགྱུར་ཏོ། །ལེའུའི་མཚན་དོན་ནི། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་འཆང་གི་སྙིང་པོ་སྟེ། དངོས་གྲུབ་སྒྱུ་མ་ལྟ་བུ་གཉིས། རྡོ་རྗེ་སྟེ་རྒྱུན་མི་འཆད་པ་འབྱུང་བ་སྟོན་པའི་ལེའུ་སྟེ་བཅོ་ལྔ་པའི་རྣམ་བཤད་དོ།། ༈ །རྒྱུད་འདིར་བཤད་པའི་དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་རག་ལས་པས། དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ཐབས་སྟོན་པའི་ཕྱིར། ལེའུ་བཅུ་དྲུག་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་ནི། ལེའུའི་སྟོད་ནས་དཀྱིལ་འཁོར་གྱི་ཆོ་ག་དང༌། བར་ནས་དངོས་གྲུབ་སྒྲུབ་པའི་ཆོ་ག་དང༌། སྨད་ནས་རྣལ་འབྱོར་གྱི་སྤྱོད་པ་བསྟན་ནོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། ཆོ་ག་སོ་སོར་བཤད་པ་དང༌། གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་གྱི་ཆོ་ག་དང༌། དངོས་གྲུབ་ཀྱི་ཆོ་ག་དང༌། རྣལ་འབྱོར་གྱི་སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། འཁོར་གྱིས་གསོལ་བ་བཏབ་པ་དང༌། སྟོན་པས་དཀྱིལ་འཁོར་གྱི་ཆོ་ག་བཤད་པའོ། །དང་པོ་ནི། ལེའུ་བཅོ་ལྔ་པ་རྫོགས་པའི་རྗེས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ཏེ། དགོངས་པ་གཅིག་ཏུ་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་གནས་པའི་བསྟོད་པ་དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་སོགས་ཀྱི་ཚིག་གིས་གསོལ་བ་བཏབ་ནས། དཀྱིལ་འཁོར་གྱི་ཆོ་ག་ཉན་པའི་བསམ་པས་མཆོད་པ་བྱའོ། །མཆོད་པ་ཇི་ལྟ་བུས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་གྱི་མཆོད་པ་སྟེ། ལྷ་རྫས་ཀྱི་སྤྲིན་གྱི་བཀོད་པས་སོ། །གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་སོ་སོའི་ཆོ་ག་དང༌། ཆོ་ག་ཐུན་མོང་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྐུའི་དཀྱིལ་འཁོར་གྱི་ཆོ་ག་དང༌། གསུང་གི་དཀྱིལ་འཁོར་གྱི་ཆོ་ག་དང༌། ལྷག་མ་རྣམས་ཀྱི་དཀྱིལ་འཁོར་རོ། །དང་པོ་ལ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། དཀྱིལ་འཁོར་གྱི་ཆོ་ག་བཤད་པའོ། །དང་པོ་ནི། གསོལ་བ་བཏབ་པའི་རྗེས་དེ་ནས། དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། རྡོ་རྗེ་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར། ཉོན་མོངས་པའི་རི་དྭགས་འཇོམས་པས་སེང་གེའི་དམ་ཚིག་གི་རྒྱལ་པོའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། རྡོ་རྗེའི་སྐུའི་དཀྱིལ་འཁོར་འདིའོ། །དགོས་པ་ཅིའི་ཕྱིར་ན། སངས་རྒྱས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་དགོས་པ་སྒྲུབ་པའི་དོན་དུའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། དཀྱིལ་འཁོར་བཤད་པར་དམ་བཅའ་བ་དང༌། བྲི་ཞིང་ལྷ་དགོད་པའི་ཚུལ་དང༌། སྒྲུབ་ཅིང་མཆོད་པ་བྱ་བའོ། །དང་པོ་ནི། དེ་ནས་བཤད་པར་བྱའོ། །ཞེས་སྦྱར་རོ། །གང་གི་ཕྱིར་ན། ཉན་པ་པོའི་སྤྲོ་བར་རབ་ཏུ་བསྐྱེད་པའི་ཕྱིར་རོ། །གང་ན། སྐུ་སྟེ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །དེ་ཇི་ལྟ་བུ་ཞེ་ན། ཐུགས་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་དང་འདྲ་བའོ། །གང་གིས་འདྲ་ཞེ་ན། ཟུར་བཞི་ལ་སོགས་པའི་ཡོན་ཏན་གྱིས་སོ། །མཆོག་སྩོལ་བས་དཀྱིལ་འཁོར་ཀུན་གྱི་མཆོག་གོ །དེ་གང་ཞེ་ན། སྐུའི་དཀྱིལ་འཁོར་རྣམས་སོ། །ཚུལ་ཇི་ལྟར་ན། ལེགས་པ་ནི་སོ་སོར་ཕྱེ་ནས་སོ། །གཉིས་པ་ལ་ཚད་ནི། ངོས་རེ་ལ་ཁྲུ་བཞི་བཞི་ཡོད་པས་ན་ཁྲུ་བཅུ་དྲུག་གི་ཚད་དུ་བྱའོ། །དབྱིབས་ནི། གྲུ་བཞི་ལྷམ་པ་ཅེས་པའོ། །རབ་ཏུ་མཛེས་པ་ནི། དྲི་མ་མེད་པའི་ཚོན་གྱིས་བྲིས་པའོ། །སངས་རྒྱས་ཀུན་གྱིས་བསྔགས་པས་ན་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་རོ། །སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེའི་བདག་པོ་ཉིད་དུ་གནས་པས་རབ་ཏུ་གནས་པའོ། །ཕྱིའི་དཀྱིལ་འཁོར་གྲུ་བཞི་པ་དེའི་ནང་དུ་འཁོར་ལོ་སྟེ་ཟླུམ་པོ་འཁོར་ལོའི་ཕྲེང་བས་བརྒྱན་པ་བྲི་བར་བྱའོ། །ཆོ་ག་གང་གིས་བྲི་ཞེ་ན། དེ་ཉིད་བསྡུས་པ་ལས་བཤད་པའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་དེ་ཉིད་རྡོ་རྗེ་སྟེ་ཤིན་ཏུ་ངེས་པས་སོ། །དེ་ལྟར་བྲིས་ནས་ལྷ་འགོད་པ་ནི། སྔགས་ཏེ་ལྷ་རྣམས་ཀྱི་དབུས་སུ་གསང་བ་མཆོག་རྣམ་པར་སྣང་མཛད་གནས་པར་བྱའོ། །དེ་ཡང་ཕྱག་རྒྱ་རྡོ་རྗེའི་གནས་ཏེ་རང་གི་ཕྱག་རྒྱ་དང་ལྡན་པའི་གཟུགས་བྱའོ། །ཤར་ལ་སོགས་པའི་ཕྱོགས་སུ་མི་བསྐྱོད་པ་ལ་སོགས་པ་ཡུམ་མེད་པ་རེ་རེ་བྲི་བར་བྱའོ། །གྲྭ་རྣམས་ཀུན་ཏུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཆོག་སྟེ་སྤྱན་ལ་སོགས་པ་བཞི་འགོད་པར་བྱའོ། །ཁྲོ་བོ་རྣམས་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་རྣམས་ནི་སྒོ་བཞི་བྲི་བར་བྱའོ། །སྟོབས་ཆེན་ཕ་རོལ་གནོན་པ་ལ་སོགས་པ་རྣམས་ཏེ་མཚམས་བཞིར་བྲི་བའོ། །གཟུགས་རྡོ་རྗེ་མ་སོགས་དང༌། བྱམས་པ་སོགས་ནི་སྣམ་བུའི་གྲྭ་བཞི་དང༌། ཕྱོགས་བཞིར་འགོད་པར་བྱའོ། །གསུམ་པ་ནི། ཁྱད་པར་གྱི་མཆོད་པའི་ཆོ་ག་ཇི་ལྟ་བུ་བྱ་ཞེ་ན། དཀྱིལ་འཁོར་བྲི་ཞིང་ལྷ་བཀོད་ནས་འོག་ནས་འབྱུང་བའི་ཆོ་གས་དཀྱིལ་འཁོར་བསྒྲུབས་ཏེ། ཕྱི་ནང་གི་མཆོད་པ་བྱས་ན། གསང་མཆོད་ཀྱི་སྐབས་སུ་སྔགས་ཤེས་པའི་སློབ་དཔོན་དེ་ཡིས་རང་གི་རྡོ་རྗེ་དང༌། ཕྱག་རྒྱའི་གསང་བ་སྟེ་པདྨ་མངོན་པར་འདུ་བྱས་པ་རབ་ཏུ་བསྒོམས་པའི་ཆོ་གས་དཀྱིལ་འཁོར་གྱི་དབུས་སུ་གསང་བའི་མཆོད་པ་བརྩམ་པར་བྱའོ། །བཤད་མ་ཐག་པའི་གསང་མཆོད་འདི་ནི། སྔགས་རྣམས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་རྒྱུད་ལ་གནས་པའི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། །ཟས་ཀྱི་མཆོད་པ་ནི། བྱེ་བྲག་ཏུ་སྟེ་སྐུའི་དཀྱིལ་འཁོར་འདིར། བཤང་གཅི་ལ་སོགས་པའི་བདུད་རྩི་ལྔ་ལྷ་རྣམས་ལ་ངེས་པར་ཏེ་མཐའ་གཅིག་ཏུ་འབུལ་བར་བྱའོ། །བཤང་བ་སོགས་ཀྱི་བདུད་རྩི་ལྔ་བཟའ་བ་འདི་ནི། སྐུའི་རྡོ་རྗེ་ཅན་ཏེ་རྣམ་སྣང་གི་དཀྱིལ་འཁོར་དང་ལྡན་པའི་སྔགས་སྒྲུབ་པ་པོ་རྣམས་ཀྱིས་འདའ་བར་མི་བྱ་བའི་དམ་ཚིག་གོ །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དགྱེས་པའི་སྐུའི་དཀྱིལ་འཁོར་རོ། །གཉིས་པ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། དཀྱིལ་འཁོར་གྱི་ཆོ་ག་བཤད་པའོ། །དང་པོ་ནི། སྐུའི་དཀྱིལ་འཁོར་གྱི་རྗེས་དེ་ནས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་པ་རྣམས་ཀྱི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ཞིག་ན། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་དཀྱིལ་འཁོར་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་ལ། བཤད་པར་དམ་བཅའ་བ་དང༌། བྲི་ཞིང་ལྷ་དགོད་པ་དང༌། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའོ། །དང་པོ་ནི། དེ་ནས་གསུང་གི་དཀྱིལ་འཁོར་དངོས་གྲུབ་ཐམས་ཅད་སྩོལ་བས་མཆོག་ཏུ་གྱུར་པ་རབ་ཏུ་བཤད་པར་བྱའོ། །ཚུལ་ཇི་ལྟར་ན། ལེགས་པར་ཏེ་སོ་སོར་ཕྱེ་ནས་སོ། །གང་གི་ཕྱིར་དུ་ན། དཀྱིལ་འཁོར་ཉན་པར་འདོད་པ་དེའི་ཕྱིར་དུའོ། །དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། ཐུགས་མི་བསྐྱོད་པའི་དཀྱིལ་འཁོར་དང་འདྲ་བ། གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་གྱུར་པའོ། །གཉིས་པ་ལ་ཚད་ནི་ངོས་རེ་ལ་ཁྲུ་ལྔ་ལྔ་སྟེ། ཁྲུ་ཉི་ཤུའི་ཚད་དུ་བྱའོ། །དབྱིབས་ནི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་གྲུ་བཞི་ལྷམ་པ་དང༌། གྲུ་བཞི་པ་དང་སྒོ་བཞི་དང་ལྡན་པར་ཐིག་གདབ་བོ། །གང་གིས་ན། རྡོ་རྗེ་བསྒོམ་པ་སྟེ་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་གྱི་སྲད་བུས་སོ། །དབུས་སུ་གཙོ་བོ་སྒོམ་པའི་ཚུལ་ནི། སྔར་བཤད་པའི་དཀྱིལ་འཁོར་གྱི་གནས་སུ་རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས་ཏེ་འོད་དཔག་མེད་དོ། །རིག་པའི་དབང་པོ་སྟེ་ལྷའི་གཙོ་བོར་སྒོམ་པའི་ཚུལ་གྱིས་འཇུག་པར་བྱའོ། །གང་གི་ཕྱིར་ན། རྡོ་རྗེ་གསུང་གི་ཡོན་ཏན་བསྐྱེད་པའི་ཕྱིར་དུའོ། །ཕྱིའི་དཀྱིལ་འཁོར་གྲུ་བཞི་པ་དེའི་དབུས་སུ། འཁོར་ལོ་ཆེན་པོ་ཀུན་ཏུ་ཟླུམ་པོར་བྱས་པ་ནི་པདྨའི་ཕྲེང་བས་བརྒྱན་པ་བྲི་བར་བྱའོ། །དཀྱིལ་འཁོར་དེར་ཕྱག་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་བྲི་བར་བྱའོ། །སུ་ཞིག་གིས་ན། ཆོ་ག་ལ་བརྩོན་པ་སྟེ་ཆོ་ག་ལ་མཁས་པས་སོ། །ཇི་ལྟར་བྲི་ཞེ་ན། ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེན་པོ་རང་གི་ཕྱག་རྒྱ་དང་ལྡན་པ་དེའི་དབུས་སུ་འགོད་པར་བྱའོ། །རྡོ་རྗེའི་གནས་ཏེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི་གནས་ཉིད་དུ། དེ་བཞིན་གཤེགས་པ་ལྔ་པོ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་བརྟག་པར་བྱའོ། །གསུང་གི་དཀྱིལ་འཁོར་ལ་འོད་དཔག་མེད་དང་གོས་དཀར་མོ་དབུས་སུ་འགྲོ་ལ། ནུབ་ཀྱི་ལིང་ཚེ་ལ་མི་བསྐྱོད་པ་དང༌། ནུབ་བྱང་དུ་རེག་རྡོ་རྗེ་མ་བཞག་པར་བྱའོ། །གསུམ་པ་ནི། སྔར་བཤད་པའི་ཆོ་ག་ཡིས་དཀྱིལ་འཁོར་དམ་པ་ཡོངས་སུ་གསལ་བར་བྱས་ནས། དེ་ནས་དཀྱིལ་འཁོར་བསྒྲུབས་ཏེ་ཕྱི་ནང་གིས་མཆོད་ལ། དབང་པོ་གཉིས་སྦྱོར་གྱི་གསང་བའི་མཆོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེ་ཅན་ཏེ་ཕྱོགས་བཅུའི་སངས་རྒྱས་རྣམས་མཉེས་པར་འགྱུར་རོ། །ཁ་ཟས་ཀྱི་མཆོད་པ་ནི། བཤང་གཅི་ཁུ་བའི་དམ་ཚིག་སྟེ་བདུད་རྩི་ལྔས་བདག་དང་སློབ་མ་ལ་མཆོད་ན་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་ནི་ཞེས་སོགས་ཀྱི་ཚིག་རྐང་པ་གཉིས་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་ཤིང་གསུངས་པའི་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་དཀྱིལ་འཁོར་རོ། །གསུམ་པ་ལྷ་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། ལྷ་བྲི་ཞིང་འགོད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །ཏིང་ངེ་འཛིན་ཇི་ལྟ་བུ་ལ་ཞེ་ན། ཀུན་ནས་ཏེ་སྒོ་སྣ་ཚོགས་ནས་སྤྲིན་ལྟར་དོན་ཐམས་ཅད་ཀྱི་ཆར་འབེབས་པའི་དེ་བཞིན་གཤེགས་པའི་སྤྲིན་བཀོད་པའི་རྡོ་རྗེ་སྟེ་སོ་སོའི་དཀྱིལ་འཁོར་ལ་དམིགས་པའི་ཏིང་ངེ་འཛིན་ལའོ། །གང་ཕྱུང་ན། རབ་ཏུ་གསང་ཞིང་སྦ་བའི་དཀྱིལ་འཁོར་གསང་ཆེན་ཏེ་མངོན་དུ་མི་བྱ་བར་བློ་ལ་བཞག་པ་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་ནི། རྡོ་རྗེ་འཛིན་མཆོག་སྟེ་དཀྱིལ་འཁོར་པའི་ལྷ་རྣམས་གང་ཡིན་པའི་གཟུགས་དཀྱིལ་འཁོར་གྱི་དབུས་སུ་བྲིས་ཤིང་བཞག་པ་དེའི་དཀྱིལ་འཁོར་ནི། ལྷའི་ཁྱད་པར་གྱི་དཀྱིལ་འཁོར་གྱི་གནས་སུ་འགྱུར་རོ། །དེ་རྣམས་སྤྱིར་བསྡུས་ན། སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་བ་སྟེ། སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་ཅན་དུ་འདུས་ཏེ། རིན་པོ་ཆེའི་རིགས་ནི་སྐུ་རྡོ་རྗེའི་ནང་དུ་འདུས་ལ། ལས་ཀྱི་རིགས་ནི་གསུང་རྡོ་རྗེའི་ནང་དུ་འདུས་པའི་ཕྱིར། གོང་དུ་བསྟན་པ་འདི་ནི་བསྡུ་ན་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གནས་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་ལ་ཤེས་པ་ནི་ཐིག་གདབ་པ་ལ་སོགས་པའི་ཆོ་ག་ཉི་ཤུ་ཤེས་པའོ། །དེའི་གསང་བ་ནི། དཀྱིལ་འཁོར་གྱི་བདག་ཉིད་དོ། །རབ་ཏུ་གསང་བ་ནི་མན་ངག་གི་མཆོག་གོ །གོང་དུ་བཤད་པ་འདི་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་དང༌། ལྷ་འགོད་པ་དང་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་མན་ངག་ཡིན་ཞེས་པའི་དོན་ནོ། །གཉིས་པ་རྫོགས་པར་བྱེད་པའི་ཆོ་ག་ཐུན་མོང་བ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་སུ་བྱ་བའི་ཆོ་ག་དང༌། སློབ་མ་གཞུག་པ་ལ་སོགས་པའི་ཆོ་གའོ། །དང་པོ་ལ་ལྔ་སྟེ། ཕྱག་རྒྱ་དང་ལྷན་ཅིག་བྱ་བའི་ཆོ་ག་དང༌། ཕྱག་རྒྱ་མེད་པར་བྱ་བའི་ཆོ་ག་དང༌། བགེགས་བསལ་བའི་སྦྱོར་བ་དང༌། བུམ་པའི་ཆོ་ག་བྱ་བ་དང༌། སྦྱིན་སྲེག་གི་ཆོ་ག་བྱ་བའོ། །དང་པོ་ལ་ལྔ་ལས། དང་པོ་ཐིག་གདབ་པའི་ཆོ་ག་ལ་གཉིས་ཏེ་དང་པོ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། དཀྱིལ་འཁོར་ཞེས་སོགས་སོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་ཐིག་གདབ་པའི་ཆོ་ག་དངོས་ནི། སྐུ་རྡོ་རྗེ་ལ་སོགས་པའི་གསང་བ་དེ་ལ། འོག་ནས་འབྱུང་བ་འདི་ནི། རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྔགས་ཀྱི་སྙིང་པོ་ཐིག་གདབ་པ་ལ་ཉེ་བར་མཁོ་བའི་ཡི་གེའི་གནས་རྣམས་ཏེ། གང་ཞེ་ན། ཨོཾ་ཨཱཿཧཱུྃ་ངོ༌། །དེ་བཞིན་གཤེགས་པ་ལྔའི་ཁ་དོག་བཅོས་པའི་ཐིག་སྐུད་ནི་རྡོ་རྗེའི་ཐིག་སྟེ། དེས་དཀྱིལ་འཁོར་གྱི་ཐིག་གདབ་པ་དང༌། ཚོན་སྣ་ལྔ་རྣམས་ཀྱང་འགྱེད་པ་དག་གི་ཚེ་ཨོཾ་ཨཱཿཧཱུྃ་གི་སྔགས་ཀྱིས་བྱའོ་ཞེས་པ་ནི། ཚིག་གི་ལྷག་མའོ། །གཉིས་པ་སློབ་དཔོན་དང་གྲོགས་འདུ་བྱ་བ་སྤྱིར་བསྟན་པ་ནི། སྔགས་ཀྱི་སེམས་དཔའ་སྟེ་སྔགས་ལ་མཆོག་ཏུ་གཞོལ་བས། དེ་ཉིད་བསྡུས་པ་ལས་བཤད་པ་ལྟར། ཕྱག་རྒྱའི་ཟླ་མེད་པར་དཀྱིལ་འཁོར་འབྲི་བར་མི་བྱ་སྟེ། གལ་ཏེ་བྱས་ན་བྱང་ཆུབ་སྟེ་རྡོ་རྗེ་འཆང་རྙེད་པར་དཀའ་ཞིང་རིང་བར་འགྱུར་རོ། །འོ་ན་གྲོགས་གང་དང་ལྷན་ཅིག་བྱ་ཞེ་ན། གྲོགས་མེད་པར་བྱ་མི་རུང་བ་དེ་བས་ན། བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་གནས་པས་དཀྱིལ་འཁོར་འབྲི་བར་བྱེད་ན། འདུས་པ་ནས་བཤད་པའི་ཆོ་ག་ཤེས་པས། དམ་ཚིག་སྟེ་སྤྱན་མ་ལ་སོགས་པའི་ཕྱག་རྒྱ་རྣམས་བསྐྱེད་དོ། །ཇི་ལྟར་ན། སྔགས་ཏེ་སྒྲུབ་པ་པོ་རྣམས་ཀྱིས་རང་རིགས་ཀྱི་ལྷ་རྣམས་ཏེ་ཕྱག་རྒྱ་མདུན་དུ་བཅུག་ཅིང་བཞག་ནས་སུ། བྱིན་གྱིས་བརླབ་པ་སྟེ་ལྷག་པའི་ལྷ་རིགས་གང་རུང་གི་ལུས་ཀྱི་དཀྱིལ་འཁོར་བསྒོམས་ནས། དེའི་གནས་ཕྱག་རྒྱའི་ལུས་བསྒོམས་ལ། སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ཐིག་གདབ་པ་ལ་སོགས་པ་རྣམ་པར་བརྟག་ཅིང་སྒྲུབ་པར་བྱའོ། །གསུམ་པ་སློབ་དཔོན་ཕྱག་རྒྱ་འདུ་བྱ་བ་བྱེ་བྲག་ཏུ་བསྟན་པ་ནི། རིགས་ཀྱི་དབྱེ་བས་དཀྱིལ་འཁོར་འབྲི་བར་འདོད་པའི་སྔགས་པས། སྐུའི་དཀྱིལ་འཁོར་འབྲི་ན། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། རང་གི་ཕྱག་རྒྱ་སྤྱན་མ་ཡང་སྟེ་གཞུག་པར་བྱ་བ་སྟེ། མངོན་སུམ་བཞིན་དུ་བསྐྱེད་ལ་དེ་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་བྱའོ། །དེའི་ཕན་ཡོན་ནི། སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་དཀྱིལ་འཁོར་གྱི་གནས་ནི། དེའི་དབང་དུ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ཡིད་དུ་འོང་བ་རྡོ་རྗེའི་སྐུའི་ཡོན་ཏན་ཐོབ་བོ། །གསུང་གི་དཀྱིལ་འཁོར་འབྲི་བར་འདོད་ན། སྒྲུབ་པ་པོ་རྡོ་རྗེ་ཆོས་ཏེ་ཆོས་ཀྱི་རྒྱལ་པོ་ཆེ་སྟེ་འོད་དཔག་ཏུ་མེད་པར་བསྒོམས་ཏེ། རང་གི་ཆོས་མ་གོས་དཀར་མོ་བསྒོམས་ལ་གསུང་གི་དཀྱིལ་འཁོར་བྲི་བ་ལ་འཇུག་པར་བྱའོ། །རིམ་པ་འདི་ནི་སྔགས་རྣམས་ཏེ། རྡོ་རྗེའི་རིགས་དང་ལྡན་པའི་སྒྲུབ་པ་པོ་ཐམས་ཅད་ཀྱིས་གསང་ཆེན་གོང་ནས་གོང་དུ་རྨད་དུ་བྱུང་བའོ། །དཀྱིལ་འཁོར་གྱི་ཆོ་ག་ཇི་སྐད་བཤད་པ་དེ་ལྟར་བྱས་པས། རབ་ཏུ་སངས་རྒྱས་དང༌། ཡིད་ལ་འོང་བ་བྱང་ཆུབ་སེམས་དཔའ་རྣམས་རང་གི་དྲུང་དུ་གཤེགས་ཤིང་བྱོན་པར་མཛད་ནས། རབ་ཏུ་དགྱེས་པར་གྱུར་ཅིང་ཤིན་ཏུ་ཡིད་རང་བ་རྣམས་ཀྱིས་བྱིན་གྱིས་བརླབས་ནས། བྱིན་གྱིས་བརླབས་པའི་རང་ཉིད་དང༌། ཕྱག་རྒྱ་གཉིས་ཀྱིས་གསང་བ་མཆོག་ཏུ་གྱུར་པའི་དཀྱིལ་འཁོར་འབྲི་བར་བྱེད་དོ། །བཞི་པ་དཀྱིལ་འཁོར་སྒྲུབ་པའི་ཚུལ་ནི། བཤད་མ་ཐག་པའི་ཆོ་གས་སྔགས་ཏེ་ཐུགས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱས་པའི་སྔགས་པ་ཡིས། རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་གསང་བ་རྨད་དུ་བྱུང་བ་ཆེ་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྡན་པར་བྱའོ། །ཐབས་གང་གིས་ཤེ་ན། ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ཡིས་སངས་རྒྱས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་བཀུག་ནས་སོ། །དེ་ལ་ཅི་བྱ་ཞེ་ན། ཕྱི་ནང་གསང་གསུམ་གྱིས་མཆོད་པར་བྱའོ། །ལྔ་པ་དཀྱིལ་འཁོར་ལ་མཆོད་པ་ནི། གཙོ་བོ་རྡོ་རྗེ་གསུམ་དང་བཅས་པ་འཁོར་གྱི་དཀྱིལ་འཁོར་དག་ལ། དམ་ཚིག་སྟེ་གཟུགས་རྡོ་རྗེ་མ་སོགས་ཀྱིས་བྱས་པའི་མཆོད་པ་དུས་གསུམ་པ་སྟེ་ཐུན་གསུམ་དུ་བྱའོ། །ཇི་ལྟར་མཆོད་པར་བྱ་ཞེ་ན། རྡོ་རྗེ་གསུམ་སྟེ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་དཀྱིལ་འཁོར་པ་རྣམས་གཅིག་ཏུ་སྦྱོར་བས་མཆོད་པར་བྱའོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། སྔགས་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་རྣམ་པ་གཉིས་འཐོབ་པར་བྱེད་དོ། །ནང་གི་མཆོད་པ་ནི། དཀྱིལ་འཁོར་མཆོད་པའི་དུས་སུ་འདུས་པའི་སྔགས་པ་རྣམས་ཐམས་ཅད་ལའང༌། རྨད་བྱུང་ཆེན་པོ་སྟེ་རྒྱ་ཆེ་བའི་གཏོར་མ་སྟེ་ཚོགས་ཀྱི་འཁོར་ལོའི་མཆོད་པ་འབུལ་བར་བྱའོ། །འགའ་ཞིག་གིས་འདི་ལ་ནོར་བ་བཤད་དོ། །ཚོགས་ཀྱི་མཆོད་པ་གང་ཞེ་ན། བཤང་གཅི་སོགས་ནི་གཟུགས་སོགས་ཡུལ་ལྔ་སྟེ་སྒྲ་ཇི་བཞིན་མ་ཡིན་པའོ། །ཡུལ་ལྔ་མ་འབྱོར་ན། གང་གིས་མཆོད་ཅེ་ན། ཁུ་བས་ཏེ་ཆང་དག་གིས་སྔགས་རྣམས་ཏེ་སྒྲུབ་པ་པོ་ཀུན་ཚིམ་པར་འགྱུར་བར་ཀུན་ཏུ་བཤད་དོ། །འདི་ནི་འདའ་བར་མི་བྱ་བས་ན་དམ་ཚིག གཙོ་བོར་གྱུར་པས་ན་མཆོག་ཡིན་ཏེ། སངས་རྒྱས་ཏེ་སྔགས་པ་རྣམས་ཀྱི་བྱང་ཆུབ་སྟེ་སེམས་རྫོགས་པར་བྱེད་ཅིང་ཚིམ་པར་བྱེད་ལ། ལྷ་རྣམས་ཀྱང་དེ་བཞིན་ནོ། །གཉིས་པ་ཕྱག་རྒྱ་མེད་པར་བྱ་བའི་ཆོ་ག་ལ་གཉིས་ཏེ། སློབ་དཔོན་སོགས་འདུ་བྱ་བའི་ཆོ་ག་དང༌། ཐིག་སྐུད་སོགས་འདུ་བྱ་བའི་ཆོ་གའོ། །དང་པོ་ནི། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་འདི། ཤེས་རབ་མེད་པར་རང་ཉིད་གཅིག་པུས་སྤྱོད་པ་གང་གི་ཚེ། སྐུའི་དཀྱིལ་འཁོར་ལ་བདག་ཉིད་རྣམ་པར་སྣང་མཛད་དུ་རབ་ཏུ་བསྒོམས་ནས། སློབ་མ་རྡོ་རྗེ་སེམས་དཔར་རབ་ཏུ་སྒོམ་མོ། །ཡང་ན་སློབ་མ་རྡོ་རྗེ་འོད་པོ་ཆེ་སྟེ་རྡོ་རྗེ་བདུད་རྩི་རབ་ཏུ་གྲགས་པར་བསྒོམ་པར་བྱ་ལ། བཤད་མ་ཐག་པའི་ལས་ཀྱི་གོ་འཕང་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་འདི་ནི། སངས་རྒྱས་ཀུན་གྱིས་ངེས་པར་བསྟེན་པ་སྟེ་བསྔགས་པའོ། །ཐུགས་ཀྱི་དཀྱིལ་འཁོར་ལའང་བདག་ཉིད་མི་བསྐྱོད་པར་བསྒོམས་ལ། སློབ་མ་རྣམ་སྣང་ངམ་བདུད་རྩི་ཐབས་སྦྱོར་རོ། །གསུང་གི་དཀྱིལ་འཁོར་ལའང་དེ་བཞིན་དུ་ཅི་རིགས་པར་ཤེས་པར་བྱའོ། །གཉིས་པ་ཐིག་སྐུད་སོགས་འདུ་བྱ་བའི་ཆོ་ག་ལ། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྒྱལ་ཆེན་རིགས་ལྔ་པོ་རྣམས། རྡོ་རྗེའི་ཐིག་སྐུད་ཁ་དོག་ནག་པོ་སོགས་ལ་ཡེ་ཤེས་ཀྱི་ཐིག་སྐུད་རྣམས་འབར་བའི་ལྟ་སྟངས་ཀྱིས་བཀུག་ལ། ལག་པའི་ཐིག་སྐུད་ལ་གཤེགས་ཤིང༌། ཧཱུྃ་ལ་སོགས་པའི་གཟུགས་ཀྱིས་དགོད་པའི་ཐིག་གི་ཆོ་ག་འདི་ནི། སངས་རྒྱས་ཏེ་སྒྲུབ་པ་པོ་རྣམས་ཀྱི་གསང་བ་རྨད་དུ་བྱུང་བའོ། །སྔོན་པོ་ལ་སོགས་པའི་ཚོན་རྩི་དག་ཀྱང་གཞན་ཅུང་ཟད་རེ་བསྲེས་པའི་བྱེ་བྲག་གིས་ཉི་ཤུ་རྩ་ལྔ་བཞག་པ། གཙོ་བོ་འཁོར་གྱི་ཚུལ་གྱིས་དེ་བཞིན་གཤེགས་པ་ལྔ་པར་བསྒོམས་ནས་ཚོན་དགྱེ་བའོ། །ཚོན་གྱི་ཆོ་ག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་བྱང་ཆུབ་དམ་པ་སྣང་བར་མཛད་པའོ། །གསུམ་པ་བགེགས་བསལ་བའི་སྦྱོར་བ་ནི། དཀྱིལ་འཁོར་བྲི་བར་བྱེད་པའི་དུས་སུ་སྔགས་རྣམས་ཏེ་དཀྱིལ་འཁོར་པ་ཐམས་ཅད་སྒོམ་པ་ཉིད་ལ། ཕྱི་རོལ་གྱི་ཉེར་འཚེ་བསྲུང་བའི་ཕྱིར། མཆོག་གི་སྟེ་ཐུན་མོང་མིན་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། རྣམ་འཕྲུལ་གསུམ་དང་ལྡན་པའི་རྡོ་རྗེ་ཧཱུྃ་མཛད་དེ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །རྣམ་འཕྲུལ་གསུམ་ནི་གཡས་བརྐྱང་བ་སོགས་སྐུའི་རྣམ་འཕྲུལ། སྔགས་ཀྱི་འབྲུག་སྒྲ་སྒྲོག་པ་གསུང་གི་རྣམ་འཕྲུལ། བགེགས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་ཐུགས་ཀྱི་རྣམ་འཕྲུལ་ལོ། །གང་གི་ཚེ་སྒོམ་ཞེ་ན། གནས་ལྔ་སྟེ་འབྱུང་བ་བཞི་དང་ནམ་མཁའི་ཐོག་ལ་སོགས་པ་ལྔ་པོའི་ཉེ་བར་འཚེ་བ་བྱུང་བའི་དུས་དག་ཏུ་སྟེ་དེའི་ཚེ་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས་པའི་ནུས་པས་བྱིན་གྱིས་རློབ་པར་མཛད་དོ། །སུ་ཞིག་ལ་ཞེ་ན། རྡོ་རྗེ་སེམས་དཔའ་སྟེ་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་བརྟན་པའི་བློ་དང་ལྡན་པ་ལ་བྱིན་གྱིས་རློབ་པར་མཛད་ཅིང༌། བགེགས་རྣམས་འཇིགས་ཤིང་སྐྲག་ནས་ཉེ་བར་འཚེ་བར་མི་འགྱུར་རོ། །འགྲེལ་པའི་བཤད་པ་ནི་འགྱུར་འཁྲུགས་སོ། །བཞི་པ་བུམ་པའི་ཆོ་ག་ནི། བརྟག་པར་བྱ་སྟེ་གནས་ཇི་ལྟ་བ་བཞིན་དུ་བཞག་པར་བྱའོ། །གང་ན། རྡོ་རྗེ་བུམ་པ་སྟེ་ལས་བུམ་དང་རྣམ་རྒྱལ་གྱི་བུམ་པ་རྣམས་འགོད་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་ཉིད་བསྡུས་པ་ལ་སོགས་པའི་སྔགས་ཀྱི་རྒྱུད་ཀྱི་ཆོ་ག་སྐྱོང་བར་བྱེད་པའི་བདག་པོས་ཤེས་པར་བྱས་པ་ལྷའི་གནས་དང༌། བཅུད་ཀྱི་སྨན་དང༌། ལྷའི་ས་བོན་དང༌། མཚན་མ་ལ་སོགས་པ་བཀོད་པས་ཆས་སུ་བཅུག་པའི་བུམ་པའོ། །སུ་ཞིག་གིས་བརྟག་ཅིང་འགོད་ཅེ་ན། རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་ལ་གནས་པའི་དཀྱིལ་འཁོར་གྱི་སློབ་དཔོན་བརྟན་པའི་བློ་དང་ལྡན་པས་སོ། །ལྔ་པ་སྦྱིན་སྲེག་གི་ཆོ་ག་བྱ་བ་ནི། སྔར་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་རྫོགས་པར་བྱས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀུན་གྱི་འབྲས་བུ་འདོད་པའི་སྔགས་ཤེས་པའི་རྣལ་འབྱོར་པས་གསང་བ་སྤྱི་རྒྱུད་ལ་སོགས་པ་གཉིས་ཀའི་རྒྱུད་དུ་གཏོགས་པའི་ཆོ་གས་ནང་གི་སྦྱིན་སྲེག་བསྟན་པ་ནི། ཚོགས་ཀྱི་འཁོར་ལོའི་དུས་སུ་བཤང་བ་ཟན་དང༌། གཅི་བ་ཚོད་མ་དང༌། འབྲུ་མར་ཆང་དང༌། ཤ་ལ་སོགས་པའི་བཟའ་བ་དང་བཏུང་བའི་བསྲེག་རྫས་དག་ནི། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་འབུལ་ཞིང་བསྟབ་པར་བྱའོ། །དེ་ནས་རྡོ་རྗེ་མི་ཕྱེད་གསུམ་མི་ཕྱེད་པར་སྒོམ་པའི་རྣལ་འབྱོར་པས། ཟོས་པའི་ལྷག་མ་རྣམས་གཅིག་ཏུ་བྱས་པས། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཇི་ལྟར་རྙེད་པའི་ཐབ་ཁུང་དུ་མེ་ལ་རྡོ་རྗེ་དགང་བའི་སྦྱིན་སྲེག་སྟེ་དགང་བླུགས་འབུལ་བར་བྱའོ། །ཇི་ལྟར་འབུལ་ཞེ་ན། ཐབ་ཀྱི་དབུས་སུ་ཞི་བ་ལ་སོགས་པའི་རྣམ་པས་ཕྱེ་བའི་རང་གི་ལྷའི་གཟུགས་བསམས་ཏེ། དེའི་ཞལ་དུ་དབབ་པར་བྱའོ། །ཚོགས་འཁོར་ལ་གནས་པའི་སྦྱིན་སྲེག་རྫོགས་ནས། ཡང་དབང་པོ་གཉིས་རབ་ཏུ་སྦྱོར་བའི་སྙོམས་འཇུག་ལ་གནས་པས་ཀྱང་ཁ་ཟས་ཀྱི་ལྷག་མ་རྣམས་ལ་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ལྷའི་ཞལ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་འབུལ་བར་བྱའོ། །བཤད་མ་ཐག་པ་འདི་ནི་སངས་རྒྱས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་གནས་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །གཉིས་པ་སློབ་མ་གཞུག་པ་སོགས་ཀྱི་ཆོ་ག་ལ་བཞི་སྟེ། སློབ་མ་གཞུག་པའི་ཆོ་ག་དང༌། དབང་བསྐུར་བའི་ཆོ་ག་དང༌། རྗེས་སུ་གནང་བ་སྦྱིན་པ་དང༌། རིག་པ་འཛིན་པའི་དངོས་གྲུབ་སྒྲུབ་པའི་ཆོ་གའོ། །དང་པོ་ལ་ཡེ་ཤེས་དབབ་པའི་ཆོ་ག་དང༌། དཀྱིལ་འཁོར་གཉིས་ཀྱི་བསྲེ་བ་བསྟན་པའོ། །དང་པོ་ནི་སློབ་མ་ལ་ཡེ་ཤེས་འབེབས་པའི་དུས་སུ། སློབ་མ་དེ་ཉིད་རྡོ་རྗེ་གསུམ་སྟེ་ཨོཾ་ལ་སོགས་པའི་ཡི་གེ་གསུམ་ལས་བྱུང་བའི་རྣམ་པར་སྣང་མཛད་དེ་རྡོ་རྗེ་འཆང་དུ་བསྐྱེད་དེ། དེའི་སྦྱོར་བ་ཡིས་ཏེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེར་བསམས་ལ། ཡི་གེ་ཨ་ཡིག་ཁ་དོག་དམར་པོ་འོད་ཟེར་དང་བཅས་པ་ལུས་དང་ངག་དང་སེམས་ཏེ་ཡན་ལག་ཀུན་ལ་བསྒོམས་ནས། དབབ་པའི་ཆོ་ག་བྱས་ན། དབབ་པའི་རྡོ་རྗེ་འཛིན་པས་རྗེས་སུ་འཛིན་པར་བྱེད་དོ། །རྗེས་སུ་འཛིན་པར་བྱེད་པ་དེ་ཉིད་གང་ཞེ་ན། རྒྱལ་ཆེན་འོད་དཔག་མེད་དང༌། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང༌། གྲགས་ཆེན་རྣམ་པར་སྣང་མཛད་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ་སློབ་མའི་ལུས་ངག་ཡིད་གསུམ་ལ་འཇུག་པར་མཛད་པའི་སྒོ་ནས་བྱིན་གྱིས་བརླབ་པ་རབ་ཏུ་སྩོལ་ལོ། །དབབ་པ་བྱས་པ་དེ་ལ་འོག་ནས་འབྱུང་བ་འདི་ནི་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ་བའི་རྡོ་རྗེའི་དམ་ཚིག་གོ །དེ་གང་ཞེ་ན། ཨ་ཁཾ་ཝི་ར་ཧཱུྃ་ཞེས་པའོ། །སྔགས་ཀྱི་རྒྱལ་པོ་འདི་ནི་དམ་ཚིག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་སྙིང་པོ་སྟོན་པར་བྱེད་པའོ། །གཉིས་པ་དཀྱིལ་འཁོར་གཉིས་བསྲེ་བའི་ཆོ་ག་ལ་གཉིས་ཏེ། དང་པོ་དམ་ཚིག་པ་དང་ཡེ་ཤེས་པ་བསྲེ་བ་ནི་ཆོ་ག་དེ་ལ་འོག་ནས་འབྱུང་བ་འདི་ནི། རྡོ་རྗེ་ཆེན་པོ་སྟེ་དབང་བསྐུར་བར་འོས་པའི་སློབ་མ་ལ། དབང་བསྐུར་བར་བྱེད་པའི་གསང་བའི་ཡེ་ཤེས་སྦ་བར་བྱས་པས་ན་གསང་ཆེན་ནོ། །དབང་བསྐུར་བའི་ཆོ་ག་ཇི་ལྟར་བྱ་ཞེ་ན། དཀྱིལ་འཁོར་དུ་གནོད་མཛེས་ཀྱིས་བཀུག་པའི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་འཁོར་ལོ་ཡིས་ནམ་མཁའི་ཁམས་ཀུན་གང་བར་བསྒོམས་ལ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་བློ་ཡིས་སིལ་སྙན་ཏེ། དྲི་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔས་མཆོད་ནས། དམ་ཚིག་གི་སྤྲིན་ཚོགས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟིམ་པའི་ཚུལ་གྱིས་བསྒོམ་མོ། །གཉིས་པ་རྡུལ་ཚོན་དང་འབྱིན་པའི་དཀྱིལ་འཁོར་བསྲེ་བ་ནི་བརྡེག་པ་སྟེ་བསྐུལ་བར་བྱའོ། །སུ་ཞིག་གིས་ན། བརྟུལ་ཞུགས་ཅན་སློབ་དཔོན་གྱིས་སོ། །གང་གི་ཕྱིར་དུ་ན། སློབ་མ་ལ་དབང་བསྐུར་བའི་ཕྱིར་དུའོ། །ཐབས་གང་གིས་ན། སྔགས་ཀྱིས་ཏེ་རྡོ་རྗེ་སློབ་དཔོན་རང་ཉིད་དང༌། ཕྱག་རྒྱ་གཉིས་ཀྱི་རྡོ་རྗེ་སྐུ་གསུམ་སྟེ་ལུས་ངག་ཡིད་གསུམ་གཅིག་ཏུ་བྱས་པ་ལས་བྱུང་བའི་ཉུངས་དཀར་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་སོ། །ཚུལ་ཇི་ལྟར་ན། ཕྱག་རྒྱའི་ཆོས་འབྱུང་དུ་བྱང་ཆུབ་ཀྱི་སེམས་ལས་ལྷ་སུམ་ཅུ་སོ་གཉིས་བསྐྱེད་དེ་སྤྲོས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟིམ་པའི་ཚུལ་གྱིས་སོ། །བསྐུལ་བ་དེས་ཅི་ཞིག་བྱ་ཞེ་ན། དུས་དེའི་ཚེ་ན། དེ་བཞིན་གཤེགས་པ་རྣམས་བསྐུལ་བས་རང་ཉིད་ལ་ཉེ་བར་བྱོན་ནས། སློབ་མ་དེ་ལ་དབང་བསྐུར་ཞིང་བྱིན་གྱིས་རླབས་པ་སྩོལ་བར་འགྱུར་རོ། །གཉིས་པ་དབང་བསྐུར་བའི་ཆོ་ག་དངོས་ལ། ཆོ་ག་དང༌། ཕན་ཡོན་ནོ། །དང་པོ་ལ་ལྔ་སྟེ་བུམ་པས་དབང་བསྐུར་བའི་ཚུལ་དང༌། དཀྱིལ་འཁོར་གྱི་དེ་ཉིད་བསྟན་པ་དང༌། སློབ་མ་ལ་དམ་ཚིག་བསྒྲག་པ་དང༌། སྔགས་དང་རྣལ་འབྱོར་སྦྱིན་པ་དང༌། གནས་སྐབས་ཀྱི་གསང་བའི་དབང་ངོ༌། །དང་པོ་ནི། སློབ་དཔོན་རང་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་བུམ་ནང་དུ་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་ཡབ་ཡུམ་གྱི་རྣམ་པར་བསྒོམ་པར་བྱ་ཞིང༌། དེ་ལྟར་བསྒོམ་པར་བྱས་ནས། ལྷ་དེ་རྣམས་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བུམ་པར་ཆུད་པ་ནི། དམ་ཚིག་མཆོག་སྟེ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་གཟུང་བར་སློབ་དཔོན་མཁས་པས་བསྒོམ་པར་བྱ། དེ་ནས་ཅི་བྱ་ཞེ་ན། རྟག་ཏུ་བློ་བརྟན་པ་སྟེ་སེམས་རྩེ་གཅིག་པའི་སློབ་མ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསམས་ལ། དེ་ནས་ལུས་དང་ངག་སེམས་རྡོ་རྗེ་ཅན་ཏེ། སློབ་མའི་ལུས་ཀྱི་དཀྱིལ་འཁོར་ལ་སྔགས་ཏེ་ལྷ་བསྐྱེད་པའི་ས་བོན་ཤེས་པས། ལྷ་སུམ་ཅུ་སོ་གཉིས་ཀྱི་རང་བཞིན་ས་བོན་ཇི་ལྟ་བ་བཞིན་འགོད་པར་བྱའོ། །དེ་ལྟར་འགོད་པར་བྱས་པ་དེ་ལ། དབང་བསྐུར་བའི་ཚིགས་སུ་བཅད་པ་འོག་ནས་འབྱུང་བ་འདི་ནི། ཐུགས་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་ཐམས་ཅད་ཀྱི་གསང་ཆེན་ཏེ། སློབ་མའི་དོན་དུ་སློབ་དཔོན་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་ཏུ་སྨྲ་བར་བྱའོ། །ཚིགས་སུ་བཅད་པ་དེ་གང་ཞེ་ན། དབང་བསྐུར་ཞེས་སོགས་ཏེ། འདི་ཚིག་ཏུ་བརྗོད་པས་དབང་བསྐུར་བར་བྱའོ་ཞེས་པའི་དོན་ནོ། །ཆེན་པོ་རྡོ་རྗེ་ནི་ཐོབ་བྱའི་འབྲས་བུ་རྡོ་རྗེ་འཆང་ངོ༌། །དབང་བསྐུར་བ་ནི་དེར་བཞག་པའོ། །རྡོ་རྗེ་འཆང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་པ་ཡིས་ཕྱག་བྱས་པ། རྡོ་རྗེ་གསང་བ་གསུམ་གྱི་བདག་ཉིད་དོ། །འབྱུང་བ་ནི་དེ་ཐོབ་པར་འགྱུར་བའོ། །འདི་སངས་རྒྱས་ཀུན་གྱི་སྤྱན་སྔར། ངས་དེང་སྦྱིན་པར་བྱ་སྟེ། འདི་ལ་ནན་ཏན་དུ་བསྒྲུབ་པར་བྱའོ། །ཞེས་སློབ་མ་དབུགས་དབྱུང་བའོ། །གསོལ་བ་གདབ་པ་ནི། དེ་སྐད་གསུང་བའི་བླ་མ་དེ་ལ་འོག་ནས་འབྱུང་བ་འདི་ནི་རིགས་ཀྱི་དབྱེ་བས་གནས་པའི་སློབ་མ་ཐམས་ཅད་ཀྱིས་རྡོ་རྗེ་ཆེན་པོ་སློབ་དཔོན་ལ། གསོལ་བ་གདབ་པའི་ཆོ་ག་གསང་ཆེན་ནོ། །དེ་གང་ཞེ་ན། བྱང་ཆུབ་རྡོ་རྗེས་ཞེས་སོགས་ཏེ། དབང་བསྐུར་བའི་སྔོན་དུ་རྡོ་རྗེ་སློབ་དཔོན་ལ་ཚིག་འདི་ཉིད་ཀྱིས་གསོལ་བ་གདབ་ཅེས་པའོ། །བྱང་ཆུབ་རྡོ་རྗེས་ཏེ་རྡོ་རྗེ་འཆང་ཆེན་པོས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྣམས་ལ། མཆོད་ཆེན་ཏེ་དབང་བསྐུར་ཆོ་གའི་རྣམ་པར་གང་གིས་ཇི་ལྟར་བསྩལ་བ་བཞིན་དུ། བདག་ཀྱང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། ནམ་མཁའི་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པ་དེང་བདག་ལ་སྩོལ་ཞེས་ཞུ་བའོ། །དེ་ལྟར་གསོལ་བ་བཏབ་པ་དེའི་ཚེ། སློབ་མ་དེ་ལ་དབང་བསྐུར་བ་ལ་རབ་ཏུ་དགའ་བའི་སེམས་ཀྱིས་སྦྱིན་པར་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་དེ་ཉིད་བསྟན་པ་ནི། དེ་ལྟར་དབང་བསྐུར་ནས་དེའི་འོག་ཏུ། ལྷའི་གཟུགས་ཏེ་ཕྱི་རོལ་གྱི་དཀྱིལ་འཁོར་རོ། །དེའི་སྦྱོར་བ་ཡིས་ཏེ། ཕྱི་རོལ་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་སློབ་མའི་ལུས་ཀྱི་དཀྱིལ་འཁོར་ལ་འགོད་པར་བྱའོ། །རྒྱུ་དེས་ན་སྙིང་ཁར་དཀྱིལ་འཁོར་གྱི་བདག་པོ་བཞག་པར་བྱའོ། །དེ་ལྟར་བྱས་པའི་རྡོ་རྗེ་སློབ་མ་བློ་དང་ལྡན་པ་དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རིམ་པ་བཞིན་དུ་བསྟན་པར་བྱའོ། །གསུམ་པ་སློབ་མ་ལ་དམ་ཚིག་བསྒྲག་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་འདའ་བར་མི་བྱ་བའི་དམ་ཚིག ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མིན་པའི་གསང་བ་བསྒྲག་པར་བྱའོ། །དེ་གང་ཞེ་ན། ཁྱོད་ཀྱིས་སྲོག་ཆགས་ཞེས་སོགས་དམ་ཚིག་བཞི་པོ་འདི་ནི་ལེའུ་ལྔ་པར་གསུངས་པ་ལྟར། དྲང་དོན་ངེས་དོན་གཉིས་ཀྱིས་ཤེས་པར་བྱ་སྟེ། ལེའུ་དགུ་པར་བཤད་པ་ལ་འདོད་པ་ནི་ནོར་བའོ། །དེ་ལ་དྲང་དོན་དུ་སྲོག་ཆགས་གསད་པ་ནི། མ་དད་པར་སྨྲ་བ་ལ་སོགས་པ་གསོད་པའོ། །ངེས་དོན་ནི། བསམ་གཏན་གཉིས་ཀྱིས་སྒྱུ་ལུས་འོད་གསལ་དུ་བཅུག་པའོ། །རྫུན་ཚིག་སྨྲ་བ་ནི། དྲང་དོན་དུ་གཞན་མི་དགེ་བ་ལས་བཟློག་ནས། དགེ་བ་ལ་འཇུག་པའི་དོན་དུ་རྫུན་སྨྲ་བའོ། །ངེས་དོན་དུ་ཆོས་ཐམས་ཅད་བརྫུན་པ་བསླུ་བའི་ཆོས་ཅན་དུ་སྟོན་པའོ། །མ་བྱིན་པར་ལེན་པ་ནི། དྲང་དོན་དུ་སེར་སྣ་ཅན་གྱི་ནོར་འཕྲོག་པའོ། །ངེས་དོན་དུ་སྒྱུ་ལུས་འོད་གསལ་དུ་བཅུག་ནས་སངས་རྒྱས་ཀྱི་ཡོན་ཏན་རང་སྟོབས་ཀྱིས་ལེན་པའོ། །ཕ་རོལ་བུད་མེད་བསྟེན་པ་ནི། དྲང་དོན་དུ་འདོད་པར་སྤྱད་པས་འདུལ་བའི་བུད་མེད་ལ་འདོད་པ་སྤྱད་པའོ། །ངེས་དོན་ནི་བདེན་གཉིས་དབྱེར་མེད་དུ་སྦྱོར་བའོ། །དེ་ལ་དྲང་དོན་གྱི་དམ་ཚིག་བཞི་ནི་བུམ་དབང་གི་དམ་ཚིག་ཡིན་ལ། ངེས་དོན་གྱི་བཞི་ནི་གསང་དབང་གི་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་ལམ་མི་ཕྱེད་པའི་ཏིང་ངེ་འཛིན་འདི་དག་གིས་སེམས་ཅན་ཐམས་ཅད་དེ་རྡོ་རྗེ་སློབ་མ་རྣམས་དེ་ལ་བསྐུལ་བ་སྟེ་རྗེས་སུ་བསླབ་པར་བྱའོ། །ལམ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་འདའ་བར་དཀའ་བའི་དམ་ཚིག་སྟེ་སྡོམ་པའོ། །ཇི་ལྟ་བུ་ཞེ་ན། ཐོག་མ་མེད་པའི་དུས་ཅན་ཡིན་པས་མཆོག་ཏུ་རྟག་པ་ཞེས་བརྗོད་དོ། །བཞི་པ་ནི་དམ་ཚིག་དང་སྡོམ་པ་འཛིན་པའི་སློབ་མ་ལ་དངོས་གྲུབ་ཅི་འདོད་ཅེས་དྲི་བར་བྱའོ། །དངོས་གྲུབ་འདི་དང་འདི་འཚལ་ལོ་ཞེས་སྨྲ་ན། དེ་སྒྲུབ་པའི་སྔགས་ཀྱིས་སྦྱིན་པར་བྱའོ། །ཇི་ལྟར་ན། སྔགས་ཀྱི་དོན་དུ་བླ་མས་བསྐུལ་བ་དེ་ལ་སྔགས་ཀྱི་བསྐུལ་བ་སྨྲས་པ་ཡིས། སློབ་མའི་བསམ་པ་ཤེས་བྱ་ལ། གང་འདོད་པ་སྒྲུབ་པའི་སྔགས་ཀྱི་སྦྱིན་པར་བྱའོ། །དེ་གང་ཞེ་ན། སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ཏེ་ལས་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་རོ། །ལྔ་པ་གནས་སྐབས་ཀྱི་གསང་དབང་ནི། ལྷའི་རྣལ་འབྱོར་བྱིན་པའི་རྗེས་དེ་ནས་གསང་བའི་དབང་བསྐུར་བ་དངོས་གྲུབ་ཀྱི་དོན་དུ་ཡང་དག་པར་བརྩམ་པར་བྱའོ། །དེ་གང་ཞེ་ན། ཁུ་བའམ་ཡང་ན་བཤང་བའང་རུང༌། ཡང་ན་ཞེས་པའི་སྒྲས་བསྡུས་པ་བདུད་རྩི་ལྷག་མ་གསུམ་སྟེ། ལྔ་པོ་ལ་ཡི་གེ་གསུམ་གྱིས་མངོན་པར་བསྔགས་ནས། ཟས་ཀྱི་ཆོ་ག་བཞིན་དུ་སྦྱང་བ་བྱས་ནས། རྡོ་རྗེའི་བློ་སྟེ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་བཟའ་རུ་གཞུག་པར་བྱའོ། །གཉིས་པ་ཕན་ཡོན་ནི། དེ་ལས་ཅིར་འགྱུར་ཞེ་ན། འདི་ལྟར་བྱས་པས་མངོན་པར་འདོད་པའི་དངོས་གྲུབ་རྙེད་པར་མི་དཀའོ། །གསུམ་པ་ལ་སྤྱོད་པའི་རྗེས་སུ་གནང་བ་སྦྱིན་པ་ནི། འབྱུང་བ་བཞིའི་བདག་ཉིད་སྤྱན་ལ་སོགས་པ་རྣམ་པ་འདི་བཞི་ནི་གསང་ཆེན་ཏེ། གང་གི་ཞེ་ན། རྡོ་རྗེ་ཅན་ཏེ་ཐེག་པར་གསར་པ་ལ་ཞུགས་པའི་སྔགས་པ་ཀུན་གྱི་གཞན་ལ་མི་བསྟན་པའི་གསང་བའོ། །གསང་བ་དེ་གང་ཞེ་ན། སྔགས་ཀྱི་འཁོར་ལོ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྱན་ལ་སོགས་པའི་བུད་མེད་ཀྱི་གཟུགས་གཟུང་ནས་གནས་སོ། །ཅིའི་དོན་དུ་ཞེ་ན། སེམས་ཅན་རྣམས་ཀྱི་ཞི་བ་ལ་སོགས་པའི་དོན་བྱེད་པའི་ཕྱིར་རོ། །དེ་བས་ན་སྤྱན་ལ་སོགས་པར་བྱིན་གྱིས་རླབས་པའི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་གཟུང་བ་ཡིན་པས་དེ་དག་ལོངས་སྤྱོད་ཅིག་ཅེས་པའོ། །བདུད་རྩི་ལྔ་ལ་སྤྱོད་པའི་རྗེས་གནང་ནི། དེ་ལ་དམ་ཚིག་སྦྱིན་པའི་དུས་སུ། འོག་ནས་འབྱུང་བ་འདི་ནི་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྔགས་ཏེ་ལྷ་རྣམས་མཉེས་པར་བྱེད་པའི་གསང་བའོ། །དེ་གང་ཞེ་ན། གླང་པོའི་ཤ་དང༌། རྟའི་ཤ་དང༌། ཤ་ཆེན་དག་ཀྱང་རང་ཉིད་ཀྱིས་ནང་གི་སྦྱིན་སྲེག་གི་ཚུལ་དུ་བྱ་ཞིང༌། སྔགས་ཏེ་ལྔ་རྣམས་ཀུན་ལ་སྦྱིན་སྲེག་དང་གཏོར་མའི་ཚུལ་གྱིས་འབུལ་བར་བྱའོ། །དེ་ལྟར་བྱས་ན་མགོན་པོ་མཉེས་པས་འདོད་པའི་འབྲས་བུ་སྩོལ་བར་འགྱུར་རོ། །ཚོགས་ཀྱི་འཁོར་ལོའི་བྱ་བའི་རྗེས་གནང་ནི་དབང་བསྐུར་ཐོབ་པའི་རྡོ་རྗེ་སློབ་མ་ལ། རྡོ་རྗེ་སློབ་དཔོན་མཁས་པས་དཀྱིལ་འཁོར་ཏེ་ཚོགས་ཀྱི་འཁོར་ལོ་ཉིན་རེའམ་ཟླ་བ་རེའམ། ཐ་མ་ལ་ལོ་རེ་བྱ་བའི་ཚུལབ་སྟན་ཅིང་ལུང་འབོགས་པར་བྱའོ། །ཚོགས་ཀྱི་འཁོར་ལོ་ཇི་ལྟ་ཞེ་ན། བཤང་གཅི་ལ་སོགས་པ་བདུད་རྩི་ལྔ་དང༌། གླང་པོ་ལ་སོགས་པའི་ཤ་ལྔ་དང༌། འཇིག་རྟེན་གྱི་བཟའ་བར་བྱ་བ་དང༌། བཏུང་བར་བྱ་བ་གྲགས་པ་དག་དང༌། རྡོ་རྗེ་གསང་བའི་གནས་ཀྱིས་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བ་དང༌། གླུ་དང་གར་ལ་སོགས་པ་འདི་དག་གི་རྣལ་འབྱོར་ཕོ་མོ་ལྷན་ཅིག་ཏུ་འདུས་ནས་ལོངས་སྤྱོད་པ་འདི་ནི་ཚོགས་ཀྱི་འཁོར་ལོའོ། །བདུད་རྩི་ལ་སོགས་པ་ལ་སྤྱོད་པའི་དུས་སུ། སྔགས་རྣམས་ཀུན་གྱི་དང་པོ་ཡི་གེ་ཨོཾ་གྱིས་སྦྱང་བ་དང༌། ཨཱཿཡིས་རྟོགས་པར་བྱས་པ་སོགས་བསྒོམས་ནས་དེ་མ་ཐག་ཏུ་མངོན་སུམ་དུ་འབར་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་སྔགས་ཀྱི་རིག་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་བསྩལ་ཏོ། །བཞི་པ་རིག་པ་འཛིན་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དབང་བསྐུར་བ་ལས་གཞན་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱང་ཡོད་དམ་ཞེ་ན། ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲ་མོ་ཐམས་ཅད་སྒྲུབ་པ་དང༌། དམ་ཚིག་ཆེན་པོ་སྟེ་རི་ལུ་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་སྒྲུབ་པ་ལ་ཡང་དབང་བསྐུར་ལ་བརྟེན་དགོས་ཀྱི་གཞན་གྱིས་མ་ཡིན་ལ། རབ་ཏུ་འབད་པས་བསྒྲུབ་པར་བྱ་བའི་སངས་རྒྱས་ཀྱི་བྱང་ཆུབ་རང་ཉིད་དེ་ཕྱག་རྒྱ་ཆེན་པོ་དག་ཀྱང༌། དབང་བསྐུར་བའི་ཐབས་ཀྱིས་བསྒྲུབ་པར་བྱ་ཡི། གཞན་གྱིས་ནི་མ་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི། མི་སྣང་བ་དང༌། སྟོབས་དང༌། བརྩོན་འགྲུས་དང༌། རྡོ་རྗེ་སྟེ་རྒྱལ་པོ་ལ་སོགས་པ་བསྒྲུབ་བྱ་དཀའ་བ་དགུག་པ་དག་ཀྱང་དབང་བསྐུར་བའི་ཐབས་ཀྱིས་སྒྲུབ་དགོས་ན། རྡོ་རྗེའི་སྐུའི་སྟེ་རྡོ་རྗེ་འཆང་ཆེན་པོའི་བཀའ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་པའི་སྒྲུབ་པ་པོ་ཐམས་ཅད་ཀྱིས་ཐམས་ཅད་འགྲུབ་ཀྱི་གཞན་གྱིས་མ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། བཅུ་ཡོད་པའི་རི་ལུའི་སྒྲུབ་པ་ནི། དེ་ཡང་སྤྱོད་པའི་དམ་ཚིག་ཏུ་བསྟན་ཏེ། བཤང་གཅི་ལ་སོགས་པའི་བདུད་རྩི་ལྔ་དང༌། ཤ་ཆེན་ལ་སོགས་པ་ཤ་ལྔ་ཆ་མཉམ་པར་བྱས་ནས་སུ་ཕྱེ་མར་བྱས་ཏེ། ནག་པོའི་ཚེས་བརྒྱད་བཅུ་བཞི་ལ། རི་ལུ་བྱས་པ་གྲིབ་མ་ལ་སྐམས་ན། ཁམ་ཕོར་ཏེ་པདྨའི་སྣོད་ཁ་སྦྱར་མ་བྱས་པར་ལ་བཞག་ནས་ཉིན་རེ་བཞིན་རེ་རེ་བཟའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཏེ་གྲུབ་ཐོབ་རྣམས་དང་ལྷན་ཅིག་འཁོད་པ་སྟེ་དེ་དང་འདྲ་བར་ཚེའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་མངག་གཞུག་པ་སྒྲུབ་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་པའི་མངག་གཞུག་སྒྲུབ་པ་དང༌། འཇིག་རྟེན་ལས་འདས་པའི་མངག་གཞུག་སྒྲུབ་ཚུལ་ལོ། །དང་པོ་ནི། ནམ་མཁའི་དབུས་སུ་ཧྲི་དམར་པོ་འོད་ཟེར་འཕྲོ་བ་བསྒོམས་ནས། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའི་ཁམས་གང་བར་བསྒོམ་ཞིང༌། དེ་རྣམས་ཀྱི་གནས་གསུམ་ནས་ཨ་ཁཾ་དྷཱིཿགསུམ་སྤྱན་དྲངས་ནས་ཧྲི་ལ་ཐིམ་པས་དེ་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་གྱི་གཙོ་བོ་གང་བ་བཟང་པོ་སོགས་བསྒོམས་ནས། གནས་གསུམ་བྱིན་གྱིས་བརླབས་ནས་ལས་ལ་སྦྱར་རོ། །གཉིས་པ་ནི། ཧྲི་ལ་ཡི་གེ་གསུམ་བསྟིམ་པ་ཡན་ཆད་དེ་བཞིན་བྱས་ལ། ཧྲིའི་འོད་ཟེར་གྱིས་ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཧྲི་ལ་བསྟིམ་པ་ཡོངས་སུ་གྱུར་པའི་དྷཱིཿལས་གནོད་མཛེས་སུ་བསྒོམས་ལ། ཧྲིའི་འོད་ཟེར་གྱིས་གསུང་གི་ལྷ་ཚོགས་སྤྱན་དྲངས་ཏེ་བསྟིམ་པ་ལས་བྱུང་བའི་ཨ་ལས་རྟ་མགྲིན་དུ་བསྒོམས་ལ། ཧྲིའི་འོད་ཟེར་གྱིས་སྐུའི་ལྷ་ཚོགས་སྤྱན་དྲངས་ཏེ་བསྟིམ་པ་ལས་བྱུང་བའི་ཁཾ་ལས་གཤིན་རྗེ་གཤེད་དུ་བསྒོམས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་བཀའ་བསྒོའོ། །ལྷའི་རྣལ་འབྱོར་ནི་མི་བསྐྱོད་པ་ལ་གནས། མངག་གཞུག་པ་གནོད་མཛེས་སུ་བསམ་པ་དང༌། སྣང་བ་མཐའ་ཡས་ལ་གནས་པས་རྟ་མགྲིན་དང༌། རྣམ་སྣང་གི་སྦྱོར་བ་ལ་གནས་པས་མངག་གཞུག་པ་གཤིན་རྗེ་གཤེད་བསམ་མོ། །ཁྱད་པར་གྱི་གདན་ཉི་མ་དང་པདྨའི་དཀྱིལ་འཁོར་བསྒོམ་མོ། །དེ་འཇིག་རྟེན་པའི་མངག་གཞུག་པ་ནི་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་ལ། འཇིག་རྟེན་ལས་འདས་པ་ནི་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་དོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཕན་ཡོན་ནོ། །དང་པོ་ལ་བཞི་སྟེ། མངག་གཞུག་པ་བསྐྱེད་པ་དང༌། བཀའ་བསྒོ་བ་དང༌། བསྐུལ་བ་དང༌། གནས་བསྟན་པའོ། །དང་པོ་ནི། དངོས་གྲུབ་ཀྱི་གནས་སྐབས་དེ་ལ་འོག་ནས་བཤད་པ་འདི་ནི། གསང་བ་ཐམས་ཅད་ཀྱི་རྡོ་རྗེ་ནི་གནོད་མཛེས་ཀྱི་གཙོ་བོ་རྣམས་སོ། །དེ་ཉིད་བཀའ་ནོད་པས་ན་མངག་གཞུག་པའོ། །དེ་རྣམས་རབ་ཏུ་སྒྲུབ་པའི་ཚིག་ནི་ཐབས་ཀྱི་མཆོག་གོ །དེ་ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གང་རུང་གི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ། བསྐྱེད་པའི་ས་བོན་ནི་ཧྲི་ཡིག་དམར་པོ་འབར་བ་འོད་བཟང་པོ་ནི་འོད་ཟེར་ལྔ་ཀུན་ནས་འཁྲིགས་པ། རྡོ་རྗེ་སྟེ་ནམ་མཁའི་དབུས་སུ་གནས་པ་བསམ་མོ། །དེ་ནས་རང་གི་ཏིང་ངེ་འཛིན་སེམས་པའི་འོད་ཟེར་གྱིས་སངས་རྒྱས་མི་བསྐྱོད་པ་ལ་སོགས་པ་ནས་ཁྲོ་བོའི་མཐར་ཐུག་ཀུན་གྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་རྣམ་པར་བསྒོམ། སངས་རྒྱས་སོགས་དེའི་སྐུ་གསུང་ཐུགས་ཀྱི་གནས་ཏེ། སྐུ་གསུང་ཐུགས་ཀྱི་ས་བོན་ཨ་ཁཾ་དྷཱིཿསྔགས་ཀྱི་ཡི་གེ་ཧྲིཿདེར་ནི་དབབ་ཅིང་བསྟིམ་པར་བྱའོ། །མངག་གཞུག་པ་བསྐྱེད་པ་དེ་ལ་འོག་ནས་བཤད་པ་འདི་ནི་སྐུ་གསུང་ཐུགས་ཀྱི་སྔགས་རྡོ་རྗེའི་གསང་བར་གྱུར་པར་བྱིན་གྱིས་རློབ་པའི་གནས་ཏེ་ས་བོན་ནོ། །དེ་གང་ཞེ་ན། གསུང་གི་ས་བོན་ཨཱཿསྐུའི་ས་བོན་ཁཾ་དང༌། ཐུགས་ཀྱི་ས་བོན་དྷཱིའོ། །དེ་ལ་གསུང་རྡོ་རྗེའི་དཀྱིལ་འཁོར་ཧྲི་ལ་བསྟིམ་པས། ཨར་གྱུར་པ་ལས་རྟ་མགྲིན། སྐུ་རྡོ་རྗེའི་དཀྱིལ་འཁོར་ཧྲི་ལ་བསྟིམ་པས་ཁཾ་དུ་གྱུར་པ་ལས་གཤིན་རྗེ་གཤེད། ཐུགས་རྡོ་རྗེའི་དཀྱིལ་འཁོར་ཧྲི་ལ་བསྟིམས་པས་དྷཱིར་གྱུར་པ་ལས་གནོད་མཛེས་བསྐྱེད་ནས། ཇི་ལྟར་འདོད་པའི་ལས་ལ་སྦྱར་རོ། །འོ་ན། ཟློས་པ་པོ་གང་གིས་མངག་གཞུག་པ་གང་སྒྲུབ་ཅེ་ན། མི་བསྐྱོད་པའི་རྣལ་འབྱོར་པས་ཕྱག་ན་རྡོ་རྗེ་སྟེ། མི་བསྐྱོད་པ་དང་མཚུངས་པའི་གཟུགས་ཆེན་པོ་གནོད་མཛེས་དང༌། འོད་དཔག་ཏུ་མེད་པའི་རིགས་ཅན་གྱིས་ཕྱག་ན་པདྨོ་སྟེ་འོད་དཔག་མེད་དང་མཚུངས་པའི་འོད་ཆེན་པོ་དང་ལྡན་པ་རྟ་མགྲིན་དང༌། རྣམ་སྣང་གི་རིགས་ཅན་གྱིས། གཞན་གྱིས་མི་ཐུབ་པ་ནི་རྣམ་སྣང་སྟེ། དེ་ལས་བྱུང་བའི་གཟུགས་ཆེན་པོ་གཤིན་རྗེ་གཤེད་དག་བསྒོམས་ནས་གསང་བའི་གནས་ཏེ་འཆད་བཞིན་པའི་ཆོ་གས་བཀའ་བསྒོ་བ་ལ་བཞག་གོ །གཉིས་པ་ནི། དེ་ལ་འཆད་བཞིན་པ་འདི་ནི། རྡོ་རྗེ་གསང་བ་སྟེ་ཁྲོ་བོ་གསུམ་པོ་རྣམས་ཀྱི་གནས་ཏེ་བཀའ་བསྒོ་བ་ལ་སྦྱར་བའོ། །དེ་གང་ཞེ་ན། མི་གཡོ་བའི་ཕྱིར་མི་བསྐྱོད་པ་སྟེ། དེའི་སྤྲུལ་པ་ཡིན་པས་འདིར་གནོད་མཛེས་ལ་མི་བསྐྱོད་པ་ཞེས་བརྗོད་དོ། །དེ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བྱས་ནས། རྡོ་རྗེ་གསང་བའི་གནས་བཀའ་བསྒོ་བ་ལ་སྦྱར་བ་རབ་ཏུ་བརྟག་གོ །ཚེ་དཔག་མེད་པའི་རྡོ་རྗེ་ཆེ་ནི་རྟ་མགྲིན་ཏེ་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་ཏེ་བཀའ་བསྒོ་ལ་སྦྱར་རོ། །རྡོ་རྗེ་རྣམ་པར་སྣང་མཛད་ནི་མངག་གཞུག་པ་གཤིན་རྗེ་གཤེད་དེ་སྔ་མ་དེ་བཞིན་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་ཏེ་བཀའ་བསྒོ་ལ་སྦྱར་རོ། །འདིར་འགྲེལ་པར་ཆག་འགྱུར་ལས། གསུང་དང་ཐུགས་ཀྱི་རིགས་ཀྱི་གདན་ལ་པདྨ་དང་ཉི་མ་ཞེས་འབྱུང༌། འགྱུར་ཁ་ཅིག་ལས། གཤིན་རྗེ་གཤེད་ཀྱི་གདན་ལ་ཟླ་བ་དང་ཉི་མ་ཞེས་འབྱུང་ངོ༌། །གསུམ་པ་བསྐུལ་བ་ལ་གཉིས་ཏེ། གཙོ་བོས་བསྐུལ་བ་དང༌། འཁོར་གྱིས་བསྐུལ་བའོ། །དང་པོ་ནི། བསྐུལ་བར་བྱ་ཞེས་དྲང་ངོ༌། །གང་ལ་ན། འོད་ཆེན་ཏེ་མཐུ་ཆེན་པོ་དང་ལྡན་པའི་མངག་གཞུག་པ་རྣམས་ལའོ། །གང་གིས་ན། འགྲོ་བར་འདོད་པའི་སྡུག་བསྔལ་གྱི་ཁུར་དང་ལྡན་པའི་སྡུག་བསྔལ་ཆེན་པོས་ཏེ། མི་བསྐྱོད་པ་ལ་སོགས་པའི་རིགས་གསུམ་པོས་སོ། །ཐབས་གང་གིས་ན། སྙིང་པོས་སོ། །དགོས་པ་ནི། དངོས་གྲུབ་སྩོལ་བར་བྱ་བའི་ཕྱིར་དུའོ། །བསྐུལ་བར་བྱེད་པའི་སྙིང་པོ་གང་ཞེ་ན། འོག་ནས་འབྱུང་བ་འདི་ནི་རྡོ་རྗེ་སྟེ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་ཐུགས་སོ། །དེ་བསྐུལ་བ་ནི། མངག་གཞུག་པའི་ཁྲོ་བོ་གསུམ་ལ་བཀའ་བསྒོ་བའི་ཕྱིར་རོ། །ཨོཾ་ནི་བསྐུལ་བའི་ཕྱིར་བཀའ་བསྒོ་བའི་ཚིག་གོ །འདིར་རྒྱ་དཔེ་ལས་ཨཾ་ཞེས་འབྱུང་ངོ༌། །གཉིས་པ་ནི་གཙོ་བོས་མངག་གཞུག་པ་ལ་བསྐུལ་ནས་འཁོར་ཁྲོ་བོ་རྣམས་ཀྱིས་ཀྱང་བསྐུལ་བ་ནི། མདུང་རྩེ་ཆེས་ནི་རྩེ་གསུམ་འཛིན་པས་དང༌། རྡོ་རྗེ་ཆེས་ནི་རྡོ་རྗེ་འཛིན་པས་དང༌། ལྕགས་ཀྱུ་དང༌། སྣ་ཚོགས་པའི་མཚོན་ཆ་ཐོགས་པ་རྣམས་དང༌། མཆོག་རྣམས་ཏེ་དེ་བཞིན་གཤེགས་པ་དང་མི་ཕྱེད་པའི་འཁོར་རྣམས་ཀྱིས་བསྐུལ་བར་བྱའོ། །ཇི་ལྟར་ན། རྒྱུད་འདི་ཉིད་དུ་བཤད་པའི་ཆོ་གའི་རིམ་པ་བཞིན་བྱས་པས་སོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཏེ་སྒྲུབ་པ་པོ་རྣམས་ཀྱི་བྱང་ཆུབ་སྟེ་འདོད་པའི་དོན་རབ་ཏུ་འགྲུབ་བོ། །བཞི་པ་སྒྲུབ་པའི་གནས་བསྟན་པ་ནི། ཉམས་དགའ་ཞེས་སོགས་ཏེ། སངས་རྒྱས་ཉིད་ནི་བསྒྲུབ་པར་བྱ་བའི་མངག་གཞུག་པ་སྟེ་ཐོབ་པར་འགྱུར་ཞེས་པ་ནི་འགྲུབ་ཅེས་པའི་དོན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །གཉིས་པ་ཕན་ཡོན་ནི། རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པའི་མངག་གཞུག་པ་འཁོར་གྱི་ཚོགས་དང་བཅས་པ་དེ་དག་རྣམས་བྱང་ཆུབ་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོའི་བཀའ་ཉན་ཅིང་གནས་པ་གྲུབ་པར་འགྱུར་རོ། །ཕན་ཡོན་གཞན་ཡང་བསྟན་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འགྲོ་བར་འགྱུར་ཞིང༌། སངས་རྒྱས་རྣམས་ལས་རྡོ་རྗེ་འཆང་ཐོབ་པའི་རྒྱུ་ཟབ་མོའི་ཆོས་རྫོགས་པའི་རིམ་པ་ཐོས་པར་འགྱུར་ཞིང༌། སངས་རྒྱས་ཀྱི་ས་རྡོ་རྗེ་འཆང་ཡང་ཐོབ་པར་ཡང་འགྱུར་རོ། །དམ་ཚིག་རྡོ་རྗེ་བཞད་པ་ཆེན་པོ་ནི་རྡོ་རྗེ་འཆང་སྟེ། དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །གཉིས་པ་མཇུག་བསྡུ་བ་ལ་གཉིས་ཏེ། བཀའ་བསྒོ་བའི་དམ་ཚིག་བཞི་དང༌། ཕན་ཡོན་གསལ་བར་བསྟན་པའོ། །དང་པོ་ནི། དེ་ལ་འོག་ནས་བཤད་པ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངག་གཞུག་པ་ཐམས་ཅད་ཀྱིས་སྦ་བར་བྱ་བས་ན་གསང་བ། རྡོ་རྗེ་སེམས་དཔའ་ཉེ་བར་བསྟན་བྱར་གྱུར་པས་རྡོ་རྗེ་གསང་ཆེན་ནོ། །དེ་གང་ཞེ་ན། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །ཡེ་ཤེས་ཆེ་ནི་ཐུགས་ཏེ་དེ་བསྐྱེད་པར་བྱེད་པ་ཡི་གེ་ཧཱུྃ་ངོ༌། །གསུང་གི་རྡོ་རྗེ་ནི་འོད་དཔག་མེད་དོ། །འཛིན་པ་ནི་དེ་བསྐྱེད་པར་བྱེད་པ་ཡི་གེ་ཨཱཿའོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །འགོད་པ་ཆེ་ནི་དེ་བསྐྱེད་པར་བྱེད་པའི་ཡི་གེ་ཨོཾ་མོ། །ཡི་གེ་གསུམ་པོ་དེ་དག་གིས་མངག་གཞུག་པ་རྣམས་བསྐྱེད་པ་ནས་བརྩམས་ཏེ། རྟག་ཏུ་སྟེ་དུས་ཐམས་ཅད་དུ་བསྐུལ་བ་དང་བྱིན་གྱིས་བརླབ་པ་བྱའོ། །མངག་གཞུག་པ་སྒྲུབ་པའི་ཡུལ་དེ་ལ་འོག་ནས་འབྱུང་བ་འདི་ནི་ཡེ་ཤེས་རྡོ་རྗེ་སྟེ་དེ་བཞིན་གཤེགས་པའོ། །འཁོར་ལོ་ནི་དེའི་ཚོགས་ཏེ། དེ་རྣམས་ཀྱིས་བྱས་པའི་སྔགས་ཀྱི་དམ་ཚིག་གི་གནས་སྐབས་རྣམ་པ་བཞི་སྟེ། དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི་བཀའོ། །བསྐུལ་བ་ནི་ཨོཾ་ཨཱཿཧཱུྃ་བཟླས་ཤིང༌། འདི་གྱིས་ཤིག་ཅེས་གོ་བར་བྱེད་པའོ། །དམ་ཚིག་གཏོང་བ་ནི་རྡོ་རྗེ་འཆང་གི་བཀས། ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་བྱ་བ་རྣམས་ལ་ཤནྟིཾ་ཀུ་རུ་ཞེས་པ་ལ་སོགས་པས་གཏོང་ཞིང་སྦྱོར་བའོ། །དམ་ཚིག་བོད་པ་ཞེས་པ་ལ། དམ་ཚིག་ནི་བསྒྲུབ་བྱའི་དོན་དངོས་གྲུབ་རྣམས་སོ། །བོད་པ་ནི་དེའི་ཆེད་དུའོ། །ཡི་གེ་གསུམ་དང་ལྷའི་མིང་དང་ཤནྟིཾ་ཀུ་རུ་ཞེས་སོགས་ཀྱི་སྤེལ་ཚིག་སྦྱར་ནས་བཀའ་བསྒོ་བའོ། །དམ་ཚིག་འཆིང་བ་ཞེས་པ་ལ། དམ་ཚིག་ནི་དངོས་གྲུབ་སྒྲུབ་པའི་བྱ་བའོ། །འཆིང་བ་ནི་བྱ་བ་དེ་ལ་བཙན་ཐབས་སུ་སྦྱར་བའོ། །འདི་ལ་བཤད་པ་སྣ་ཚོགས་སྣང་ཡང༌། ཆག་གིས་འཆད་པ་ཉིད་དགོངས་པར་མངོན་ནོ། །གཉིས་པ་ནི། མངག་གཞུག་པ་གྲུབ་པའི་ཚེ་དེས་ཅི་ཞིག་བྱེད་ཅེ་ན། གཟུགས་ལ་སོགས་པའི་ཐོགས་བཅས་ཀྱི་ཆོས་རྣམས་རྣམ་པར་སྤངས་པ། ནམ་མཁའི་དབྱིངས་རྒྱ་ཆེ་ཞིང་དག་པ་ཡང༌། སྒྲུབ་པ་པོས་བསྐུལ་ན། གཟུགས་ཅན་གྱི་གོང་བུའི་ཚུལ་གྱིས་གནས་ཤིང༌། རྡོ་རྗེ་ལྟར་སྲ་ཞིང་རྨད་དུ་བྱུང་བའི་གཟུགས་ཅན་དུ་མངག་གཞུག་པ་རྣམས་ཀྱིས་བྱེད་པར་འགྱུར་ན། གཞན་ལྟ་ཅི་སྨོས་ཞེས་ཧ་ཅང་ཐལ་བས་གསུངས་སོ། །མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་བུ་གཅིག་པ་ལྟར་ཉེ་བར་གནས་པ་རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །གསུམ་པ་རྒྱལ་པོ་སོགས་དབང་དུ་བྱ་བ་ལ་བསྡུས་པའི་དོན་ནི། གལ་ཏེ་དེ་དག་དབང་དུ་བྱ་བར་འདོད་ན། རྣལ་འབྱོར་བཞིས་ལྷག་པའི་ལྷ་གང་རུང་དུ་བསྐྱེད་ནས། དེ་འོད་གསལ་དུ་བཅུག་སྟེ། ཡང་འོད་གསལ་ལས་སྐད་ཅིག་གིས་ལངས་ནས། འཇམ་དཔལ་གྱི་ཏིང་ངེ་འཛིན་གཉིས་ལ་གནས་ནས། ལས་རྒྱལ་མཆོག་ལ་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་སྤྲོས་པའི་སྒོ་ནས་བསྒྲུབ་བྱའི་གནས་ལྔར་བསྣུན་པར་བྱས་ཏེ། རྐང་པ་གཉིས་པ་དྲེགས་བྱེད་ཀྱི་མདའ་ཧ་སྤྲོས་པས་བསྒྲུབ་བྱའི་དྲེགས་པ་འཇོམས། གསང་གནས་སུ་རྨོངས་བྱེད་ཀྱི་མདའ་ཨ་སྤྲོས་པས་རྨོངས་སུ་འཇུག ལྟེ་བར་ཀུན་ཏུ་རྨོངས་བྱེད་ཀྱི་མདའ་སྭ་སྤྲོས་པས་ཀུན་ཏུ་རྨོངས་པར་བྱས། སྤྱི་བོར་བརྒྱལ་བར་བྱེད་པའི་མདའ་ཨོཾ་སྤྲོས་པས་བརྒྱལ་དུ་གཞུག སྙིང་ཁར་སེམས་གསོད་པར་བྱེད་པའི་མདའ་ཧཱུྃ་སྤྲོས་པས་སྔངས་ཤིང་སྐྱབས་མེད་པ། བརྒྱལ་ཞིང་རྨོངས་པར་བསྒོམས་ན། ཟླ་བ་ཕྱེད་ལ་སོགས་པས་འགྲུབ་པར་འགྱུར་རོ། །ཚིག་གི་དོན་ནི། སངས་རྒྱས་ཏེ་བསྟན་བཅོས་ཤེས་པའི་པཎྜི་ཏ་སོགས་དང༌། རྡོ་རྗེ་སེམས་དཔའ་སྟེ་བློ་བརྟན་པའི་རྒྱལ་པོ་ལ་སོགས་པའང་རུང༌། གལ་ཏེ་དབང་དུ་བྱ་བར་འདོད་ན། རྡོ་རྗེ་གསུམ་མཆོག་འཛིན་པ་སྟེ། སྐུ་གསུང་ཐུགས་དབྱེར་མེད་པའི་ངོ་བོ་ཉིད། འཇམ་དཔལ་ཆེན་པོའི་སྐུ་སྦ་བར་བྱ་བས་ན། གསང་བ་ཆེན་པོ་སྟེ་འོག་ནས་འབྱུང་བ་འདི་བསམ་ཞིང་བསྒོམ་མོ། །ཇི་ལྟར་ན། ནམ་མཁའི་རྡོ་རྗེའི་དབུས་སུ་གནས་པ་སྟེ། སྐད་ཅིག་གིས་འོད་གསལ་ལས་བྱུང་བའི་འཇམ་པའི་རྡོ་རྗེ་སྟོབས་ཆེན་པོ་དང་ལྡན་པ་བསམས་ལ། དེའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལས་དེ་བཞིན་གཤེགས་པ་ལྔའི་ས་བོན་ཧཱུྃ་དང་ཨོཾ་ལས་བྱུང་བའི་མདའ་རབ་ཏུ་འཕེན་པའི་སྦྱོར་བ་ཡིས། དབུ་རྒྱན་རྩེ་མོ་སྟེ་བསྒྲུབ་བྱ་མཆོག་ལའང་དག་པར་སྤྲོ་བར་བྱའོ། །ཚུལ་ཇི་ལྟར་ཞེ་ན། བསྒྲུབ་བྱའི་སྙིང་ཁ་དང༌། སྤྱི་བོ་དང༌། ལྟེ་བ་དང༌། གསང་བ་དང༌། རྐང་པ་སྟེ་གནས་ལྔ་དག་ཏུ་དབབ་པར་བསྒོམ་པར་བྱའོ། །སུ་ཞིག་གིས་ན། སྔགས་ཏེ་ས་བོན་ལྔ་ཤེས་པའི་སྔགས་པས་སོ། །བསམ་པ་ཇི་ལྟ་བུས་ཤེ་ན། རྡོ་རྗེ་ཁྲོ་བོས་ཏེ་ལྷག་པའི་བསམ་པ་བརྟན་པས་སོ། །དེ་ལྟར་ས་བོན་ལྔའི་མདའ་ལྔ་འཕངས་པས། བསྒྲུབ་བྱ་སྔངས་ཤིང་བརྒྱལ་བར་བསྒོམ་པར་བྱའོ། །སུ་ཞིག་གིས་ན། བྱིས་པ་ནི་འཇམ་པའི་དབྱངས་ཏེ། དེ་ལ་སེམས་པར་བྱེད་པའི་བློ་དང་ལྡན་པ་དེ་ནི་བྱིས་པའི་བློ་ཅན་ཏེ། སྒྲུབ་པ་པོ་གྲགས་ཆེན་རྣམས་ཀྱིས་སོ། །དུས་ཇི་ཙམ་གྱིས་འགྲུབ་ཅེ་ན། དབང་དུ་བྱ་བའི་བསམ་གཏན་འདི་ནི་གསང་བའི་བསྐུལ་བ་སྟེ། ནང་ལ་མཆོག་ཏུ་གཞོལ་བ་དག་གིས་ཕྱོགས་གཅིག་སྟེ་ཟླ་བ་ཕྱེད་བསྒོམས་པས་འགྲུབ་བོ། །ཇི་སྐད་བཤད་པའི་ཆོ་ག་འདི་ནི་སྔགས་རྣམས་ཀུན་གྱི་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བར་གསུངས་སོ། །སུ་ཞིག་གིས་ན་རྡོ་རྗེའི་དོན་གྱི་བློ་སྟེ་རྡོ་རྗེ་འཆང་ཆེན་པོ་ཡིས་སོ། །བཞི་པ་གདུལ་བྱ་འདུན་པའི་སྦྱོར་བ་ནི། རང་ཟུང་འཇུག་འཇམ་པའི་རྡོ་རྗེའམ། མི་བསྐྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་གཉིས་ལ་གནས་ན་ལས་རྒྱལ་མཆོག་ལ། རང་དང་བསྒྲུབ་བྱའི་མདུན་དུ་ནམ་མཁའ་རྡོ་རྗེའི་དབུས་སུ་གནས་པའི་ཧཱུྃ་ཡིག་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་མཆོག་ཏུ་གྱུར་པར་བསམ་པར་བྱ་ཞིང༌། རྡོ་རྗེ་སྔགས་ཏེ་ཡི་གེ་ཨོཾ་དང་ཧཱུྃ་ལ་སོགས་པའི་ས་བོན་ལྔ་གནས་ལྔར་བཀོད་པའི་སྒོ་ནས་བསྒྲུབ་བྱ་རྣམས་རྡོ་རྗེ་གསུམ་ལ་སོགས་པའི་དེ་བཞིན་གཤེགས་པར་རབ་ཏུ་བསྒོམ་མོ། །དེ་དག་གི་མིག་གི་གནས་སུ་ཡི་གེ་ཨོཾ་འོད་རབ་ཏུ་འཕྲོ་བ་བསམས་ནས། ནམ་མཁའི་ཁོངས་ན་བཞུགས་པའི་དེ་བཞིན་གཤེགས་པ་འདི་དག་མཐོང་བར་ཤོག་ཅིག་ཅེས་བྱིན་གྱིས་བརླབས་པའི་ཆོ་གས་བསྟན་པར་བྱའོ། །དེ་ལྟར་བྱས་ན་སྔགས་རྣམས་ཀུན་གྱི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་སྐུ་གསུམ་གྱི་རྡོ་རྗེ་ཅན་ནམ་མཁར་བཞུགས་པ་རྣམས་མཐོང་ནས་གདུལ་བྱར་འགྱུར་རོ། །བཞི་པ་བཀྲེས་པ་སོགས་ཞི་བའི་སྦྱོར་བ་ནི། བཀྲེས་སྐོམ་ལ་སོགས་པ་ཉོན་མོངས་པས་ཆེས་གདུངས་པའི་སྒྲུབ་པ་པོས་སྦྱོར་བ་འདི་རྣམས་བསམས་ན། རྡོ་རྗེ་ཐུགས་ཏེ་རྡོ་རྗེ་འཆང་གི་བཀའ་བཞིན་དུ། ལུས་ངག་ཡིད་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་རོ། །དེའི་སྦྱོར་བ་བསྟན་པ་ནི། རང་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོ། །གཟུགས་ལ་སོགས་པའི་དོན་རྣམས་ཐམས་ཅད་ཀྱི་འབྱོར་པ་མངའ་བར་བསམས་ལ། ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པ། བདུད་རྩིའི་ཐིགས་པ་འབབ་པ། ཁར་གནས་པ་སྟེ་རྐན་གྱི་དབུས་སུ་ཆུད་པར་བསམས་ལ། དེ་ནས་ཡི་གེ་ཨོཾ་དཀར་པོ་ལྕེ་ལ་འདུག་པ། ཡི་གེ་བཾ་ལས་བདུད་རྩིའི་ཐིགས་པ་འཛག་པའི་ནང་དུ་འཇུག་པར་བསམ། བསམ་གཏན་དེ་ནི་བཟའ་བར་བྱ་བ་ཁ་ཟས་འཕྲོད་མི་འཕྲོད་ཀུན་ཟོས་ཀྱང་ནད་མེད་པའི་གནས་ཏེ་གཞིའོ། །ཡིད་བཞིན་ནོར་བུ་རྣམ་བརྒྱན་པ། །ཞེས་པ་ནི། ནད་མེད་པ་དང་བདེ་བ་སོགས་སྟེར་བས་ཡིད་བཞིན་གྱི་ནོར་བུ་ལྟར་མཆོད་པར་བྱ་བ་དང༌། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་དང༌། དུག་དང་འབྱུང་པོ་སོགས་ཀྱིས་བྱས་པའི་སྡུག་བསྔལ་ཐམས་ཅད་སེལ་བ་དང༌། ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ངོ༌། །རབ་ཏུ་བསྐུལ་བ་ནི་དེ་བསྐྱེད་པར་བྱེད་པའོ། །ཡིད་བཞིན་གྱི་ནོར་བུ་སྟེ་དཀོན་མཆོག་དཔལ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །ལྔ་པ་དཔའ་བོ་རྡོ་རྗེ་ལས་ཐམས་ཅད་སྒྲུབ་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དཔའ་བོ་ཆེན་པོ། རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོས། རྡོ་རྗེ་བསྒོམས་པའི་ཚིག་གི་མཆོག་སྟེ། དེ་བསྐྱེད་པའི་ས་བོན་གྱི་ཁྱད་པར་རྡོ་རྗེའི་གསུང་ལས་ཕྱུང་ངོ༌། །ས་བོན་ནི་བཱིཿའོ། །དཔའ་བོ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་མིང་གི་རྣམ་གྲངས་ཡིན་ལ། དེ་བཞིན་ཉིད་དང་ས་བོན་དང་སྐུ་རྫོགས་པ་སྟེ། ཆོ་ག་གསུམ་གྱིས་དཔའ་བོ་རྡོ་རྗེ་རིན་འབྱུང་ལྟ་བུར་བསྒོམས་ལ། ཏིང་ངེ་འཛིན་སེམས་དཔའ་བཱིཿསེར་པོ་ལས་དང་ཁ་དོག་མཐུན་པའི་འོད་ཟེར་འཕྲོས་པས། ལས་རྣམ་བཞི་རྩམ་ཞེས་པའི་དོན་ཏེ། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་སོ། །ས་བོན་ལས་བྱང་ཆུབ་པ་ནི་བཱིའོ། །སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་ནི། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོས་ཡོངས་སུ་བསྐོར་བ་འོད་བཟང་པོ་དང་ལྡན་པར་བསམ་མོ། །ཚུལ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སྐུ་གསུམ་སྟེ་སྐུ་གསུང་ཐུགས་གཅིག་ཏུ་སྦྱོར་བ་ཡིས་བསྐྱེད་དེ། དཔའ་བོ་རྡོ་རྗེ་འདི་ནི་རྣམ་པར་བསམ། དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བརྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའོ། །སེར་པོ་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་འགྱིང་བ་ནི་རིན་ཆེན་དེ་ཉིད་ཀྱི་རྣམ་པར་གནས་པའོ། །ཞི་བའི་ཉམས་དང་ལྡན་པས་ཞི་བ་དང༌། ཐོར་ཚུགས་དང་ལྡན་ཞིང་མི་བསྐྱོད་པའི་དབུ་རྒྱན་ཅན་བསམ་པར་བྱའོ། །དཔའ་བོ་རྡོ་རྗེ་རིན་ཆེན་འབྱུང་ལྡན་དང་འདྲ་བར་བསྒོམ་ཞེས་པའི་དོན་ནོ། །དེ་ལྟར་བསྒོམ་པའི་རྗེས་དེ་ནས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བརྩམ་པར་བྱའོ། །དཔའ་བོ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་རྦ་རླབས་ཀྱི་ཕྲེང་བ་ནི་དེ་འཕྲོ་ཞིང་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དྲུག་པ་སྐུལ་བྱེད་མའི་སྒྲུབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཀུན་ནས་ཏེ་སངས་རྒྱས་ཐམས་ཅད་བསྟོད་པ་ངེས་པར་བསྒྲགས་པ་རྡོ་རྗེ་སྐུལ་བྱེད་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། རྡོ་རྗེ་འཆང་ཆེན་པོ་སྐུལ་བྱེད་མ་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཚིག་སྟེ་ས་བོན་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ས་བོན་ནི་ཙུཾ་ཞེས་པའོ། །བསྡུས་པའི་དོན། རང་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པས་ཆོ་ག་གསུམ་གྱིས་སྐུལ་བྱེད་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་མ་རྡོ་རྗེ་སེམས་དཔའ་ལྟ་བུའི་ཕྱག་མཚན་ཅན་བསྒོམ་ཞེས་པའི་དོན་ནོ། །ཚིག་དོན་ནི། ནམ་མཁའ་རྡོ་རྗེའི་དབུས་སུ་ཉི་མའི་དཀྱིལ་འཁོར། དེ་ནས་སངས་རྒྱས་སྤྲིན་ཏེ། དེའི་སྟེང་དུ་ས་བོན་བསམས་ལ་རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སྐུལ་བྱེད་མ་རང་གི་འཁོར་གྱི་དབུས་སུ་གནས་པ་སྤྱན་དྲངས་ནས་དེ་ལ་བསྟིམ་མོ། །དེ་ཡོངས་སུ་གྱུར་པ་ལས་རང་གི་ཕྱག་རྒྱ་སྐུལ་བྱེད་མར་བསམས་ལ། རྡོ་རྗེ་གསུམ་མཆོག་སྟེ་སྐུ་རྡོ་རྗེ་ལ་སོགས་པ་ས་བོན་ལས་སྤྲོ་བ་དང་བསྡུ་བའི་ཆོ་ག་དག་གིས་བྱིན་གྱིས་བརླབས་པ་བསྒོམ་མོ། །སུ་ཞིག་ལ་ཞེ་ན། སྡུག་བསྔལ་སེལ་བས་གྲགས་པ་ཆེན་པོ་ཐོབ་པ་སྐུལ་བྱེད་རྡོ་རྗེ་མ་ལའོ། །དེ་ཇི་ལྟ་བུ་ཞེ་ན། ལྟུང་བ་སྟེ་གདུག་པ་རྣམས་སྐུ་གསུང་ཐུགས་ཀྱིས་འཇོམས་པའོ། །སྒོམ་ཚུལ་གྱི་ཁྱད་པར་ནི། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཁ་དོག་དཀར་མོ་ཕྱག་དྲུག་པར་རབ་ཏུ་བསྒོམ་མོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཆེ་དེར་རྡོ་རྗེ་སེམས་དཔའ་དང་འདྲ་བར་བསམས་ལ། སྔགས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཏེ། ཕྱག་མཚན་རྡོ་རྗེ་དང་འཁོར་ལོ་སོགས་རྡོ་རྗེ་སེམས་དཔའ་བཞིན་འགོད་དོ། །འདིར་གནས་ས་བོན་ལ་འཆད་པ་ནི་ནོར་རོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །དམ་ཚིག་ནི་རྡོ་རྗེ་དང་དྲིལ་བུ་འཛིན་པས་དེ་དང་རྗེས་སུ་མཐུན་པ་སྐུལ་བྱེད་མའི་གཟུགས་སོ། །ཡེ་ཤེས་ཀྱི་འོད་ཟེར་ཏེ་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པ་བསྐྱེད་པའི་ཏིང་ངེ་འཛིན་ཏོ། །བདུན་པ་ཛཾ་བྷ་ལས་ནོར་སྒྲུབ་པ་ནི། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། ནོར་ལ་སོགས་པ་ཇི་ལྟར་བསམས་པ་ཐམས་ཅད་རྡོ་རྗེ་ལྟར་མི་ཟད་པའི་ལོངས་སྤྱོད་སྐྱོང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། ཏིང་ངེ་འཛིན་གྱི་འཁོར་ལོ་ནི། ཏིང་ངེ་འཛིན་གྱི་ཁྱད་པར་ཛཾ་བྷ་ལ་བསྐྱེད་པའོ། །ཚུལ་ནི་དེའི་ས་བོན་འོག་ནས་འབྱུང་བ་འདི་ཕྱུང་ངོ༌། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །ས་བོན་ནི་ཛཾ་མོ། །འདི་ནི་ཛཾ་བྷ་ལ་ཞེས་པའི་མིང་ཡིག་དང་པོའོ། །བསྡུས་དོན་ནི། སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་སེལ་བའི་བསམ་པས་སྟོང་པ་ཉིད་བསྒོམས་ལ། དེ་ནས་ནམ་མཁའི་དབུས་སུ་ཡི་གེ་ཛཾ་སེར་པོ་བསམས་པ་ལས་འོད་ཟེར་སེར་པོ་སྤྲོས་ཏེ། རིན་པོ་ཆེའི་རིགས་ཀྱི་ལྷར་བྱས་ནས་ས་བོན་ཛཾ་ལ་བསྟིམ་མོ། །དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་འོག་ནས་བཤད་པ་བཞིན་བསྒོམ་ཞིང༌། དེ་དག་གི་གནས་ལྔར་ས་བོན་ལྔ་རྒྱལ་བ་རིགས་ལྔར་བསྒོམ་མོ། །དེ་ནས་སྙིང་ཁར་རང་འདྲའི་ཛཾ་བྷ་ལ་ཕྱུང་ལ་གནས་ལྔར་ས་བོན་བཀོད་དེ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་བརྗོད་ལ་དབུར་བདུད་རྩིའི་ཆུ་དབུལ་ལོ། །ཚིག་དོན་ནི། ནམ་མཁའ་རྡོ་རྗེའི་དབུས་སུ་གནས་པར་སངས་རྒྱས་དཀྱིལ་འཁོར་ཏེ་ཛཾ་བྷ་ལའི་ས་བོན་བསམ་མོ། །དེ་ནས་སངས་རྒྱས་ཀུན་གྱི་སྟེ་རིན་པོ་ཆེའི་རིགས་ཅན་ཀུན་སྤྲོ་བ་དང་བསྡུ་བའི་ཆོ་ག་ཡིས། རྡོ་རྗེ་སྒོམ་པས་ཏེ་སྒྲུབ་པ་པོས་དབབ་པར་བྱ་ཞིང་བསྟིམ་མོ། །ས་བོན་དེ་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་ཛཾ་བྷ་ལ་ནོར་སྒྲུབ་པ་བསྐྱེད་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གསེར་གྱི་མདོག་ཅན་ཞལ་གསུམ་ཕྱག་དྲུག་པ་གཡས་རྣམས་ཀྱིས་བི་ཛ་པུ་ར་དང༌། ལྕགས་ཀྱུ་དང༌། མདའ་ཐོགས་པ། གཡོན་གྱི་དང་པོས་རིག་མ་ལ་འཁྱུད་པ། ལྷག་མ་གཉིས་ཀྱིས་ཞགས་པ་དང་བཅས་པའི་ནེའུ་ལེ་དང་གཞུ་བསྣམས་ཤིང༌། ཞི་བ་གནོད་སྦྱིན་གྱི་གཟུགས་འཛིན་པ། ཐོར་གཙུག་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་གིས་དབུ་རྒྱན་པ་བསྒོམ་མོ། །ཛཾ་བྷ་ལའི་མགོ་བོ། ལྐོག་མ། སྙིང་ཁ། ལྟེ་བ། བྱིན་པ་སྟེ་གནས་ལྔ་དག་ཏུ་ཨོཾ་ལ་སོགས་པའི་རིགས་ལྔའི་ས་བོན་འགོད་པའི་ཆོ་ག་ཡིས། རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་ཁ་ལས་རང་དང་འདྲ་བའི་ཛཾ་བྷ་ལ་ཕྱུང་ན། གནས་ལྔར་ས་བོན་དགོད་པ་སྔ་མ་བཞིན་བྱས་ནས། དེའི་དབུ་རྒྱན་དུ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་དང་བཅས་པ་རྣམ་པར་བསམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་འབབ་པས་དབང་བསྐུར་བའི་ཆོ་ག་ཡིས། དེའི་མགོར་རྡོ་རྗེ་བདུད་རྩིའི་ཆུ་འབུལ་ལོ། །སུ་ཞིག་གིས་ན། བསམ་གཏན་གྱི་གནས་ལ་འདུག་པའི་སྒྲུབ་པ་པོས་སོ། །གང་གིས་ན། ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་འདོན་པས་སོ། །དེ་ལྟར་བྱས་ན་གནོད་སྦྱིན་གྱི་དབང་པོ་གནོད་གནས་འོད་ཟེར་ཆེན་པོ་རབ་ཏུ་འབར་བ་མཉེས་ནས་སྒྲུབ་པ་པོའི་བསམ་པ་རྫོགས་པར་བྱེད་དོ། །འདིར་ཛཾ་བྷ་ལ་ཞེས་པ་ལ། ཛཾ་བྷའི་དོན་རྨུགས་པའོ། །ལ་ནི་འཛིན་པ་སྟེ་རྨུགས་འཛིན་ཞེས་པར་བསྒྱུར་རོ། །ཡང་ན་ཛཾ་བྷ་ལའི་སྒྲ། སྟཾ་པ་གནོན་པ་དང༌། ལ་ཨ་ལ་ཡ་གནས་ཏེ་གནོད་གནས་ཞེས་པར་འགྱུར་རོ། །རྡོ་རྗེ་ཕྱག་རྒྱ་ནི་ཛཾ་བྷའི་ཕྱག་རྒྱའོ། །དེ་ཉིད་མི་འདའ་བས་ན་དམ་ཚིག་གོ །དེས་རྫས་བསྐྱེད་པས་ན་རྫས་སྒྲུབ་པའོ། །དེ་ཉིད་རིན་པོ་ཆེའི་ཏོག་ལྟར་མཐོ་བ་དང༌། རྫས་སྒྲུབ་པའི་ནུས་པའི་དཔལ་དང་ལྡན་པས་ཏོག་གི་དཔལ་ཏེ་དེ་བསྐྱེད་པའི་ཏིང་ངེ་འཛིན་ཏོ། །བརྒྱད་པ་གནོད་སྦྱིན་མོ་སྒྲུབ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་གཟུགས་སོགས་འདོད་པའི་ཡོན་ཏན་རྣམས་ལ་ཉེ་བར་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་སྟེ་གཟུགས་རྫོགས་པར་བྱེད་པ། རྡོ་རྗེའི་ཚིག་སྟེ་ས་བོན་འོག་ནས་འབྱུང་བ་འདིའོ། །གང་ན། ཉིད་ཀྱི་ཞེས་སོགས་སོ། །ས་བོན་ནི་ཡཀྵིཾ་ཅེས་པའི་མིང་ཡིག་ཐ་མ་ས་བོན་ནོ། །མཁའ་དབྱིངས་རྡོ་རྗེའི་དབུས་སུ་ཡི་གེ་ཀྵིཾ་གནས་པར་བསམས་པ་ཡོངས་སུ་གྱུར་པ་ལས། ཐམས་ཅད་རིན་པོ་ཆེ་བཞི་ལས་བྱས་པའི་ཁང་པ་གྲུ་བཞི་ལྷམ་པ་རབ་ཏུ་མཛེས་པ་དང་ལྡན་པ། མེ་ཏོག་དང་སྤོས་ལ་སོགས་པ་ཕྱིའི་མཆོད་པ་དང༌། གཟུགས་རྡོ་རྗེ་མ་སོགས་ནང་གི་མཆོད་པ་རྣམས་ཀྱིས་ཀུན་ཏུ་འཁྲིགས་པ་བསྒོམས་ལ། སྒྲུབ་པ་པོ་འཇམ་དཔལ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་ལ། རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་བཀུག་པའི་གནོད་སྦྱིན་མོ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་གང་བར་བསམས་ལ། རྡོ་རྗེ་གསུམ་གྱི་སྦྱོར་བས་ཏེ། སེམས་དཔའ་གསུམ་གྱི་འོད་ཟེར་གྱི་ལྕགས་ཀྱུའི་སྦྱོར་བས་དཀྱིལ་འཁོར་གྱི་ནང་དུ་དབབ་བོ། །ཡང་ན་རང་རྡོ་རྗེ་གསུམ་གྱི་བདག་ཉིད་འཇམ་དཔལ་དུ་བསྒོམས་པའི་ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་གྱི་སྦྱོར་བས་དཀྱིལ་འཁོར་གྱི་ནང་དུ་དབབ་བོ། །གནོད་སྦྱིན་མོ་ཐམས་ཅད་ཀྱི་གཟུགས་གཅིག་ཏུ་བསྡུས་ནས་བསམ་པར་བྱ། དེ་ནས་ལུས་ལ་སོགས་པའི་རྡོ་རྗེ་གསུམ་ཡོད་པ་ལས། རིགས་གསུམ་གྱི་བྱེ་བྲག་གིས་ས་བོན་གསུམ་བཀོད་ནས་བྱིན་གྱིས་བརླབས་བོ། །ཡང་གནོད་སྦྱིན་མོ་དེའི་གཟུགས་ལ་རིགས་ལྔའི་དཀྱིལ་འཁོར་བཀོད་པའི་བསམ་གཏན་བསམ་པར་བྱའོ། །སུ་ཞིག་གིས་ན། འཇམ་དཔལ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པས་སོ། །དབུ་རྒྱན་ལ་ནི་ཁྲོ་བོ་གཤིན་རྗེ་གཤེད་བསྒོམ་མོ། །སྙིང་ཁར་སྔགས་ཀྱི་ས་བོན་ཀྵིཾ་བསྒོམས་ལ། དེ་ནས་རྡོ་རྗེའི་སྦྱོར་བ་སྟེ་སྙོམས་འཇུག་བརྩམ་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་མཉམ་པ་ཉིད་དེ་གཅིག་ཏུ་བྱས་པ་ཉིད་གནས་པ་སྟེ་དེ་བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དགུ་པ་མཁའ་འགྲོ་མའི་སྒྲུབ་པ་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། ཆོ་ག་དངོས་བསྟན་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས། རྡོ་རྗེའི་སྔགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རྣམ་པར་འཕྲུལ་པ་སྙོམས་པར་འཇུག་པའི་བྱ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ༌། །གང་ན། ཕྲ་མོའི་དངོས་གྲུབ་སྟེ། འཇིག་རྟེན་གྱི་མཁའ་འགྲོ་མའི་དངོས་གྲུབ་སྒྲུབ་པའི་ཐབས་འདིའོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། གྲུབ་པའི་ཕན་ཡོན་དང༌། ཇི་ལྟར་སྒྲུབ་པའི་ཆོ་གའོ། །དང་པོ་ནི་རྡོ་རྗེ་མཁའ་འགྲོ་མ་གྲུབ་པས། གཟུགས་སྣ་ཚོགས་ལེན་པས་སྐུ་དང༌། སྒྲ་ཚོགས་ཀྱི་གསུང་གྲུབ་པ་དང༌། འདོད་པའི་དོན་ཐོབ་པས་ཐུགས་ཡང་དག་པར་འགྲུབ་པའོ། །སྒྲུབ་པ་པོ་ཡང་སངས་རྒྱས་ཏེ་རྡོ་རྗེ་མཁའ་འགྲོ་མ་དང་འདྲ་བའི་གཟུགས་འཛིན་པར་འགྱུར་རོ། །གཟུགས་ཇི་ལྟ་བུ་ཞེ་ན། ཤིན་ཏུ་གསལ་བར་སྣང་བས་འོད་བཟང་པོ་དང༌། འཛམ་བུ་ཆུ་བོའི་གསེར་འོད་དང་འདྲ་བའོ། །གཟུགས་སྣ་ཚོགས་སུ་བསྒྱུར་བ་སོགས་དངོས་གྲུབ་ཕྲ་མོ་དག་ལ་གནས་སོ། །མཁའ་འགྲོ་མ་གཉིས་དང་སྙོམས་པར་འཇུག་པའི་འབྲས་བུའི་ཁྱད་པར་ནི། མི་སྣང་བ་ལ་སོགས་པའི་ནུས་པ་དང་ལྡན་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །ཀུན་གྲུབ་ནི་དེ་དང་སྙོམས་པར་ཞུགས་པས་གཙོ་བོ་རྡོ་རྗེ་འཆང་དུ་འགྱུར་རོ། །འདི་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་གྲུབ་པའི་འབྲས་བུའོ། །གནོད་སྦྱིན་རྒྱལ་མོ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ། །གྲུབ་པ་ནི། དེ་དང་སྙོམས་པར་ཞུགས་པས། སྒྲུབ་པ་པོ་རིག་པ་འཛིན་པའི་གཙོ་བོར་འགྱུར་རོ། །འདི་ནི་འཇིག་རྟེན་པའི་མཁའ་འགྲོ་མ་གྲུབ་པའི་འབྲས་བུའོ། །ཇི་ལྟར་སྒྲུབ་པའི་ཆོ་ག་ནི། དེ་ལ་འོག་ནས་འབྱུང་བ་འདི་ནི། རྡོ་རྗེ་དངོས་གྲུབ་སྟེ་ལྷ་མོ་ཐམས་ཅད་ཀྱི་གཟུགས་ཕུན་སུམ་ཚོགས་པ་དང༌། གསང་བ་སྔགས་ཀྱི་དངོས་གྲུབ་རྣམས་སོ། །དེ་ལ་སྔགས་ཀྱི་དངོས་གྲུབ་ནི། བཀླགས་པ་ལས་འགྲུབ་པའི་སྔགས་ཀྱི་ཚིག་རྣམས་ཏེ། དེ་རྣམས་ཀྱི་སྲོག་གི་སྙིང་པོའོ། །གཟུགས་ཇི་ལྟ་བུ་ཞེ་ན། མཛེས་ཤིང་ཡིད་དུ་འོང་བའི་གཟུགས་རྣམས་འོད་རབ་ཏུ་དང་ཞིང་གསལ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཐོང་བ་ཉིད་ཀྱིས་ཡིད་ཚིམ་ཞིང་དགའ་བར་འགྱུར་རོ། །ཐབས་གང་གིས་འགྲུབ་ཅེ་ན། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྔགས་དང༌། ལྷ་གང་ཡང་རུང་བའི་བསམ་གཏན་གྱི་ཐབས་ཀྱིས། ལྷ་མོ་ཐམས་ཅད་གྲུབ་པའི་སྒྲུབ་པ་པོ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་པའི་དོན་སྒྲུབ་པའི་བདག་པོར་འགྱུར་རོ། །འཇིག་རྟེན་པའི་མཁའ་འགྲོ་མ་ཁོ་ན་སྒྲུབ་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། བཤད་མ་ཐག་པའི་སྔགས་དང་བསམ་གཏན་འདི་ནི། སངས་རྒྱས་བྱང་ཆུབ་སྟེ་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་ཡང་སྒྲུབ་པར་བྱེད་པའི་མཆོག་གོ །དེར་མ་ཟད་ཐབས་འདི་རབ་ཏུ་བསྒོམས་པས་སངས་རྒྱས་ཏེ་རྡོ་རྗེ་ཉིད་ཀྱང་སྒྲུབ་པར་བྱེད་དོ་ཞེས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །བཅུ་པ་སྤྱོད་པ་བསྟན་པ་ལ་བཞི་སྟེ། སྤྲོས་མེད་ཀྱི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང༌། སྤྱོད་པ་ལ་བསླབས་པའི་འབྲས་བུ་དང༌། ཕྱག་རྒྱ་ཕན་ཡོན་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྐུ་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་རིག་པའི་བརྟུལ་ཞུགས་ཏེ་ཆ་ལུགས་ཀྱི་ཁྱད་པར་ཡང་དག་པར་ལེན་པའི་སྤྱོད་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །སྤྱོད་པ་བྱེད་པའི་དུས་སུ། རྣམ་སྣང་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་སྒྲུབ་པ་པོས། རང་གི་ལུས་ངག་དང་སེམས་དམིགས་པ་ནི། རིགས་གསུམ་སོ་སོའི་ལྷ་དེ་དང་དེའི་རང་གཟུགས་སུ་བསྒྱུར་བ་ཉིད་ཀྱིས་སྤྱོད་པ་བྱས་ཏེ། སྒོམ་པ་ཙམ་གྱིས་མ་ཡིན་ནོ། དེ་ལྟར་བྱས་པས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རིགས་ཀྱི་དབྱེ་བས་སྤྱོད་པ་བྱ་བའི་ཚུལ་དང༌། ཁ་ཟས་ཀྱི་ཁྱད་པར་ཕན་ཡོན་དང་བཅས་པ་དང༌། བསྲུང་བའི་དམ་ཚིག་ཕྱག་རྒྱའི་ཁྱད་པར་དང་བཅས་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། དེ་ལ་འོག་ནས་བཤད་པ་འདི་ནི་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཀྱི་རིག་པའི་བརྟུལ་ཞུགས་སོ། །གཉིས་པ་དོན་དངོས་ལ་གསུམ་སྟེ། སྐུ་རྡོ་རྗེའི་རྣལ་འབྱོར་པས་སྤྱོད་པ་བྱ་བའི་ཚུལ་དང༌། ཐུགས་རྡོ་རྗེའི་རྣལ་འབྱོར་པས་སྤྱོད་པ་བྱ་བའི་ཚུལ་དང༌། གསུང་རྡོ་རྗེའི་རྣལ་འབྱོར་པས་སྤྱོད་པ་བྱ་བའི་ཚུལ་ལོ། །དང་པོ་ནི། སྔགས་ནི་སྐུ་རྡོ་རྗེའོ། །དེའི་རྣལ་འབྱོར་པས་འོག་ནས་བཤད་པའི་སྡོམ་པས་ཀུན་ཏུ་བསྡམས་པ་ཡིས། ཐོར་གཙུག་རྣམ་སྣང་གི་གཟུགས་ཀྱི་དབུ་རྒྱན་འཆང་ཞིང༌། ཆེན་པོ་ནི་མཐོང་ན་ཡིད་དགའ་བའོ། །ཁ་དོག་དཀར་པོ་རྣམ་སྣང་འདྲ་བ། ཤིང་ལ་སོགས་པ་ལས་བྱས་པ་ཆོ་ག་བཞིན་དུ་འདྲ་འབག་ཐམས་ཅད་བྱས་ལ། ཕྱག་རྒྱ་ལོ་གྲངས་བཅུ་དྲུག་ལོན་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་རྙེད་ནས། དེ་དང་ལྷན་ཅིག་ཏུ་རིག་པའི་བརྟུལ་ཞུགས་སྤྱོད་དོ། །ཕྱག་རྒྱའི་ཆ་ལུགས་བསྒྱུར་བ་ནི། རྣལ་འབྱོར་པས་ལོངས་སྤྱོད་པར་བྱ་བ་ཕྱག་རྒྱ་སྤྱན་གྱི་གོ་འཕང་སྟེ་དེའི་ཆ་ལུགས་སུ་བསྒྱུར་བར་བྱའོ། །གཉིས་པ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་རྡོ་རྗེ་མི་བསྐྱོད་པའི་མཚན་མ་སྟེ་ཞལ་དང་སྐུ་མདོག་གི་ཚུལ་དང་ལྡན་པ་བསྒྱུར་བའི་སྒོ་ནས། རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ། །གང་དང་ཞེ་ན། སྔགས་ཀྱི་ཆོ་ག་ཤེས་པའི་རྣལ་འབྱོར་པས་ཕྱག་རྒྱ་མཱ་མ་ཀིའི་གཟུགས་འཛིན་པ། སྔགས་དང་རྒྱུད་ལེགས་པར་བསླབས་པ་དང་ལྷན་ཅིག་བྱའོ། །གསུམ་པ་ནི། འོད་དཔག་མེད་པའི་རྣལ་འབྱོར་པས་རང་ཉིད་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཆ་ལུགས་སུ་བསྒྱུར་ཏེ། ཕྱག་རྒྱ་ནི་དེའི་བཙུན་མོ།           རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*