གྲུབ་མཐའ་བཞིའི་དགོངས་དོན་རྣམ་པར་འབྱེད་པའི་རྒྱན། ཀ༽

༄༅། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལ་འཇུག་པའི་སྒོ་གྲུབ་མཐའ་བཞིའི་དགོངས་དོན་རྣམ་པར་འབྱེད་པའི་རྒྱན་བཞུགས་སོ།།

༈ །རྒྱལ་བའི་གསུང་རབ་རྒྱ་མཚོ་ལ་འཇུག་པའི་སྒོ་གྲུབ་མཐའ་བཞིའི་དགོངས་དོན་རྣམ་པར་འབྱེད་པའི་རྒྱན་ཞེས་བྱ་བ། ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གསུང་རབ་ནགས་ཀྱི་ཚལ་ན་འཇིགས་མེད་གནས། །མང་དུ་ཐོས་པའི་རལ་ཚོགས་རྣམ་པར་གཡོ། །ཕས་རྒོལ་འཇོམས་པའི་ལུང་རིགས་གདོང་ལྔ་པ། སྨྲ་བའི་སེང་གེ་བླ་མའི་ཞབས་ལ་འདུད། །སྒྲིབ་གཉིས་ཆུ་འཛིན་དག་པའི་མཁར་གནས་མཁྱེན་བརྩེའི་འོད་ཟེར་རྩིབས་སྟོང་བཞིན། །འཁོར་བ་མཚན་མོའི་དགྲ་ལས་རྣམ་རྒྱལ་ཀུན་མཁྱེན་ཉིན་མོར་བྱེད་པའི་དཔལ། །སྨོན་ལམ་རྟ་བདུན་སྟོབས་ཀྱིས་གདུལ་བྱ་གླིང་བཞིའི་མཁའ་ལ་ལེགས་དྲངས་ཤིང༌། །ཕན་བདེའི་པད་ཚལ་ཀུན་ནས་རྒྱས་མཛད་ཐུབ་དབང་སྨྲ་བའི་ཉི་མ་རྒྱལ། །འཁོར་བའི་གཡུལ་ལས་རྒྱལ་བའི་སྟོབས་ལྡན་ཞིང༌། །བསླབ་གསུམ་རིན་ཆེན་གསེར་གྱི་དྲྭ་བས་སྤྲས། །གསུང་རབ་པད་མོའི་ངོས་ལ་རྣམ་པར་རྒྱུ། །སྡུད་བྱེད་ལག་ལྡན་དབང་པོའི་ཚོགས་ལ་འདུད། །སྟོབས་བཅུ་ལྡན་པའི་ཞལ་གྱི་ཟླ་བ་ལས་འོངས་གསུང་རབ་བདུད་རྩིའི་འོད། །ལེགས་མཛད་འོད་ཀྱི་སྣང་བས་འགྲོ་ལ་ཕན་བདེའི་ལམ་བཟང་སྟོན་མཛད་ཅིང༌། །འགྲོ་བའི་ཡིད་ཀྱི་ཆུ་མཚོར་ལེགས་བྱས་ཀུ་མུད་རབ་ཏུ་རྒྱས་བྱེད་པ། །ཡན་ལག་བཅུ་གཉིས་ཟབ་མོའི་དོན་ལྡན་ཐུབ་པའི་གསུང་རབ་རྒྱལ་གྱུར་ཅིག །རྒྱལ་བའི་གསུང་རབ་ཡངས་པའི་ཆུ་གཏེར་དུ། །ལེགས་མཛད་འདབ་སྟོང་ཡོངས་སུ་རྫོགས་པ་ཅན། །གྲུབ་མཐའ་བཞི་ཡི་གེ་སར་རབ་རྒྱས་པ། །བདག་བློ་ཉི་མའི་འོད་ཀྱིས་རྣམ་པར་དབྱེ། །དམ་པའི་ཆོས་ཀྱི་བདུད་རྩིའི་རླབས་ཕྲེང་རྣམ་པར་གཡོ་བའི་གསུང་རབ་ཀྱི་རྒྱ་མཚོའི་དོན་རྟོགས་པར་བྱེད་པའི་ཐབས། གྲུབ་མཐའ་བཞིའི་བཞེད་ཚུལ་གཏན་ལ་ཕབ་པར་བྱེད་དེ། གྲུབ་མཐའི་དོན་ནི་བླང་དོར་གྱི་དོན་ལ་རྣམ་པར་དཔྱོད་པར་ཞུགས་པའི་གང་ཟག་རང་རིགས་འདོད་པས་ཡོངས་སུ་དཔྱད་པའི་དོན་ཡིན་ལ། སྦྱར་དོན། རང་གི་ལུང་རིགས་ཀྱིས་གྲུབ་པ་དེ་ལས་ཕར་ཡང་འགྲོ་བ་མེད་པ་ལ་བཤད་དོ། །དབྱེ་བ་ནི་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པའི་གྲུབ་མཐའ་བཞིའོ། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ། སངས་རྒྱས་ཆོས་ནི་རྣམ་པ་བཞི། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །ཞེས་པ་ལྟར་རོ། །དེ་ལ་བྱེ་བྲག་སྨྲ་བ་ཞེས་བྱ་བ་ནི། བྱེ་བྲག་པའི་གྲུབ་མཐའ་དང་ཤས་ཆེར་མཐུན་པའི་ཕྱིར་དང༌། མདོ་སྡེ་པ་ཞེས་བྱ་བ་ནི། མངོན་པ་སྡེ་བདུན་ལ་སོགས་པའི་བསྟན་བཅོས་ཚད་མར་མི་བྱེད་ཀྱི། མདོ་ཚད་མར་བྱེད་པའི་ཕྱིར་དང༌། སེམས་ཙམ་པ་ཞེས་བྱ་བ་ནི། ཕྱི་རོལ་གྱི་དོན་མེད་པར་སེམས་ཙམ་བདེན་པར་སྨྲ་བའི་ཕྱིར་དང༌། དབུ་མ་པ་ཞེས་བྱ་བ་ནི། རྟག་ཆད་སྤངས་པའི་དབུ་མའི་དོན་སྨྲ་བས་དེ་སྐད་ཅེས་བྱའོ། །གྲུབ་མཐའ་སྨྲ་བ་བཞི་ཡང༌། བཅོམ་ལྡན་འདས་ཀྱིས་རྟག་ཆད་སྤངས་པ་དབུ་མའི་ལམ་ལ་བསྔགས་པ་མཛད་པའི་རྗེས་སུ་འཇུག་པར་འདོད་པའི་ཕྱིར། རང་རང་གི་གྲུབ་མཐའ་དབུ་མར་འདོད་མོད་ཀྱི། འོན་ཀྱང་དབུ་མ་སྨྲ་བ་རྣལ་མ་མ་ཡིན་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་ལེན་པས། རྟག་ཆད་དུ་སྨྲ་བ་ལས་མ་འདས་སོ། །རྩ་བ་ལས། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། རྟག་དང་མི་རྟག་འགྱུར་བའི་ཕྱིར། །ཞེས་སོ། །དང་པོ་བྱེ་བྲག་སྨྲ་བའི་འདོད་ཚུལ་ལ། གཞི་ལམ་འབྲས་གསུམ་ལས། གཞི་ལ་མཚན་གཞིས་དབྱེ་བ། སོ་སོའི་རྣམ་གཞག་གོ །དང་པོ་ལམ་ཕུང་ཁམས་སྐྱེ་མཆེད་དང༌། བདེན་གཉིས་སོ། །ཕུང་པོ་ལྔ་ནི་འཁོར་བའི་དུས་སུ་ལས་ཉོན་གྱིས་འཆིང་བའི་གཞི་ཡིན་པའི་ཕྱིར་དང༌། ལམ་ལ་འཇུག་པའི་དུས་སུ། ཐོས་བསམ་གྱི་སྒྲོ་འདོགས་བཅད་གཞི་ཡིན་པའི་ཕྱིར་དང༌། ལམ་གྱི་དུས་སུ་རྟོགས་བྱ་ཡིན་པའི་ཕྱིར་དང༌། འབྲས་བུའི་དུས་སུ་གནས་གྱུར་ཐོབ་པའི་གཞི་ཡིན་པའི་ཕྱིར། ཕུང་པོས་མ་བསྡུས་པའི་ཁམས་དང་སྐྱེ་མཆེད་དང་བདེན་གཉིས་ནི་ཤེས་བྱའི་གཞི་ཡིན་པའི་ཕྱིར་རོ། །གཉིས་པ་ལ། བདེན་པ་རྣམ་པར་མ་ཕྱེ་བ་དང༌། ཕྱེ་བའི་རྣམ་གཞག་གཉིས་ལས། དང་པོ་ལ། གཞི་གསུམ་དུ་བྱེད་པའི་རྒྱུ་མཚན་དང༌། ཤེས་བྱ་གཞི་ལྔའི་སྒོ་ནས་གཏན་ལ་འབེབས་པ་གཉིས་སོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་གསུམ་རྨོངས་པ་རྣམ་པ་གསུམ་བཟློག་པ་དང༌། དབང་པོ་རྣམ་པ་གསུམ་དང༌། འདོད་པ་རྣམ་པ་གསུམ་གྱི་ཆེད་དུ་གསུམ་བསྟན་ཏེ། མཛོད་ལས། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཞེས་པ་ལྟར་རོ། །ཕུང་པོའི་དོན་ནི་འདུས་བྱས་ཀྱི་ཆོས་དུ་མ་སྤུངས་པའོ། །ཡང་ན་སྡུག་བསྔལ་སྣ་ཚོགས་རྒྱས་པའི་ཕྱིར་ཕུང་པོ་སྟེ། ཡལ་འདབ་རྒྱས་པའི་ཤིང་གི་ཕུང་པོ་ཞེས་བརྗོད་པ་བཞིན་ནོ། །ཡང་ན་བྱ་བའི་ཁུར་ཁྱེར་བའི་ཕྱིར་ཕུང་པོ་སྟེ། ལུས་ཀྱི་ཕྱོགས་གཅིག་ཁུར་ཁྱེར་བ་ལ་ལུས་ཀྱི་ཕུང་པོ་ཞེས་བརྗོད་པ་བཞིན་ནོ། །དང་པོ་ལྟར་ན། ཕུང་པོ་རྫས་ཡོད་དུ་འདོད་པར་བྱ་ལ། ཕྱི་མ་ལྟར་ན། གཟུགས་སོགས་རེ་རེ་བ་ཡང་ཕུང་པོ་ཉིད་དོ། །གཉིས་པ་ནི། གཟུགས་ཀྱི་གཞི། སེམས་ཀྱི་གཞི། སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་དང་ལྔ་ལས། དང་པོ་ལ། གཟུགས་ཀྱི་མཚན་ཉིད་དང༌། རྩོམ་པའི་ཚུལ་དང༌། རགས་པའི་རྣམ་གཞག་གོ །དང་པོ་ནི། མདོ་ལས་གཟུགས་སུ་རུང་བ་ཞེས་གསུངས་ལ། དེའི་དོན་ནི་གནོད་པ་བྱར་རུང་བས་སོ། །འོ་ན་རྣམ་པར་རིག་བྱེད་མིན་པའི་གཟུགས། གཟུགས་མིན་པར་འགྱུར་ཏེ། གནོད་པ་བྱར་མེད་པའི་ཕྱིར་ཞེ་ན། རྟེན་འབྱུང་བ་ལ་གནོད་པས་རྣམ་པར་འགྱུར་བའི་ཕྱིར། འོ་ན་མིའི་རྣམ་ཤེས་ཀྱང་གནོད་པ་བྱ་རུང་བར་ཐལ། རྟེན་དབང་པོ་ལ་གནོད་པ་བྱར་ཡོད་པའི་ཕྱིར་ཞེ་ན། དབང་པོ་ནི་རྣམ་ཤེས་སྐྱེ་བའི་གོ་སྐབས་དབྱེ་བ་ཙམ་དུ་ཟད་ཀྱི། རིག་བྱེད་མིན་པ་འབྱུང་བ་ལ་བརྟེན་པ་ལྟར་དུ། དབང་པོ་ལ་བརྟེན་པ་མིན་པའི་ཕྱིར་ཉེས་པ་མེད་དོ། །བསམ་གཏན་དང་པོ་གསུམ་གྱིས་བསྡུས་པའི་གཟུགས་ནི། མེ་ཆུ་རླུང་གསུམ་གྱིས་གནོད་པ་ཡོད་པའི་ཕྱིར་དང༌། ནང་གི་གཟུགས་ལ་ཡང་དེའི་རྒྱུས་གནོད་པའི་ཕྱིར་དང༌། བསམ་གཏན་བཞི་པའི་གཟུགས་ཀྱང་གནོད་པ་བྱ་རུང་དང་གཏན་ཚིགས་གཅིག་པའི་ཕྱིར། གཟུགས་སུ་འཇོག་སྟེ། མེའི་བུད་ཤིང་བཞིན་ནོ། །མདོ་སྡེ་པ་ལ་ནི། ཐོགས་པ་དང་བཅས་པ་ལ་འདོད་ལ། རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་སུ་མི་འདོད་ལ་མ་ཁྱབ་པའི་སྐྱོན་མེད་དོ། །གཉིས་པ་རྩོམ་བྱེད་ཀྱི་རྡུལ་ནི། སྡེ་པ་གཉིས་ཀ་ཕྱོགས་ཀྱི་ཆ་མེད་ཀྱི་རྡུལ་རེ་རེ་བ་ལ་འདོད། ཆ་ཤས་དང་བཅས་ན། དེ་ལས་ཆེ་བའི་ཆ་རྡུལ་ལས་ཆུང་བར་འགྱུར་བའི་ཕྱིར། རྡུལ་ཕྲ་རབ་ནི་གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་མ་ཡིན་པར་འགྱུར་རོ། །སྐད་ཅིག་ཀྱང་དུས་ཀྱི་ཐུང་མཐའ་ཡིན་པས་དུས་ཀྱི་སྔ་ཕྱིའི་ཆ་ཤས་མི་རུང་བའི་ཕྱིར། དེས་ན་སྐད་ཅིག་དང་སྐད་ཅིག་མ་ལ་ཁྱད་པར་ཤེས་པར་བྱའོ། །གསུམ་པ་ནི། རྡུལ་ཕྲ་རབ་དུ་མ་འདུས་ནས་རྩོམ་པ་སྟེ། སྔར་གྱི་རྡུལ་རེ་རེའི་གནས་སྐབས་ལས་ཆེན་པོར་གྱུར་པའི་ཕྱིར་རོ། །ཡང་བྱེ་བྲག་པས། ཕྲད་ནས་རྩོམ་པར་འདོད་ལ། དེ་ནི་མི་འཐད་དེ། ཕྱོགས་གཅིག་གིས་ཕྲད་ན་ཆ་བཅས་སུ་འགྱུར་ཏེ། ཕྲད་མ་ཕྲད་ཆ་གཉིས་ཡོད་པའི་ཕྱིར། འདི་ཉིད་ཀུན་གྱིས་ཕྲད་ན་གཅིག་གི་ནང་དུ་གཅིག་ཐིམ་པར་འགྱུར་ཏེ། གཞན་དུ་ན། འདི་ཉིད་ཐམས་ཅད་ཀྱིས་ཕྲད་པར་ནམ་ཡང་མི་རུང་བའི་ཕྱིར། འདོད་ན། རགས་པ་རྩོམ་མི་ནུས་པར་འགྱུར་ཏེ། ཅི་ཙམ་བསགས་ཀྱང་བོང་ཚོད་ཆེར་མི་འགྲོ་བའི་ཕྱིར། བྱེ་མ་ལ་ཆུ་ཐིམ་པ་བཞིན་ནོ། །བྱེ་བྲག་སྨྲ་བས། མ་ཕྲད་བར་སྐོར་བ་བར་བཅས་ཀྱི་ཚུལ་དུ་རྩོམ་པར་འདོད་དེ། ཕྲད་ནས་རྩོམ་པ་ལ་གནོད་བྱེད་ཡོད་པའི་ཕྱིར་ཟེར་རོ། །འོ་ན་རྡོ་ལ་སོགས་པ་བྱེ་མ་བཞིན་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ཕན་ཚུན་སྡུད་པར་བྱེད་པའི་རླུང་གིས་བཟུང་བའི་ཕྱིར། འོ་ན་རླུང་གིས་འཐོར་བར་ཡང་འགྱུར་ཏེ། བར་དུ་རླུང་ཞུགས་པའི་ཕྱིར། ནམ་མཁའ་ལ་འཐོར་བ་བཞིན་ནོ་ཞེ་ན། རླུང་ལ་གཉིས་ཏེ། འཛིན་བྱེད་དང༌། འཐོར་བྱེད་ཀྱི་རླུང་ངོ༌། །དང་པོ་ནི། བསྐལ་པ་ཆགས་པའི་རླུང་ལྟ་བུ་ཡིན་ལ། གཉིས་པ་ནི། འཇིགས་པའི་དུས་ཀྱི་རླུང་ལྟ་བུའོ། །འདིར་སྡུད་བྱེད་ཀྱི་རླུང་དུ་འདོད་པས་ཉེས་པ་མེད་དོ། །བཞི་པ་ལ། འབྱུང་བ་དང༌། འབྱུང་འགྱུར་གཉིས། དང་པོ་ལ། འབྱུང་བ་དག་ནི་ས་ཁམས་རྣམས། །ཞེས་གསུངས་པ་ལྟར་རོ། །འབྲས་གཟུགས་ཀྱི་རྒྱུར་བསྟན་ཅིང་ས་ལ་སོགས་པ་ལས་ཀྱང་ཁྱད་པར་དུ་བྱེད་དེ། ས་ནི་རྫས་དུ་མ་འདུས་པ་ཡིན་ལ། འདི་ནི་རེག་བྱ་ཁོ་ན་ཡིན་པའི་ཕྱིར། དེས་ན་ས་དང་སའི་ཁམས་དོན་མི་གཅིག་པར་ལྟའོ། །འབྱུང་བའི་ནུས་པ་ཡོངས་སུ་གྱུར་པ་ལས་གྲུབ་པའི་ཕྱིར་འབྱུང་འགྱུར་རོ། །འོ་ན་འབྱུང་བ་རྣམས་ཀྱང་འབྱུང་འགྱུར་དུ་ཐལ། འབྱུང་བ་ལས་བྱུང་བའི་ཕྱིར། འབྱུང་བ་ལས་བྱུང་བའི་ཕྱིར་ཏེ། ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར་ཞེ་ན། འབྱུང་བ་རྣམས་ནི་རང་གི་རྟེན་འབྲེལ་གྱི་རྒྱུ་བྱས་པ་ལས་འབྱུང་གི། འབྱུང་བ་གཞན་གྱིས་ཉེར་ལེན་བྱས་པ་ལ་མི་ལྟོས་པའི་ཕྱིར་དང༌། འབྱུང་རྒྱུ་ཞེས་བརྗོད་པ་ནི་ལྷན་ཅིག་བྱེད་རྐྱེན་ཙམ་དུ་ཟད་དོ། །འོ་ན་འབྱུང་བ་བཞི་ཅར་ལས་སྐྱེའམ་རེ་རེ་ལས་སྐྱེ་ཞེ་ན། མདོ་ལས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །ཞེས་གསུངས་པས། བཞི་ཆར་ལས་སྐྱེ་བར་འདོད་ལ། མདོ་སྡེ་པས་གོང་བུ་གཅིག་ལ་འབྱུང་བ་གང་དམིགས་པ་དེ། དེ་ལ་ཡོད་ཅེས་བརྗོད་ཅིང༌། ལྷག་མ་རྣམས་ས་བོན་གྱི་ཚུལ་དུ་ཡོད་ཀྱི། མངོན་གྱུར་དུ་མེད་དོ། །མདོའི་དོན་ནི། འབྱུང་བ་གང་ཡང་རུང་བ་ཞིག་ལ་མི་འཁྲུལ་ཞེས་བརྗོད་པ་ཡིན་གྱི། བཞི་ཆར་དུས་གཅིག་ལ་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་སྨྲ་བས། བྱ་བའི་སྒོ་ནས་ཡོད་པར་རྗེས་སུ་དཔགས་ཏེ། དཔེར་ན་ཆུ་ལ་དྲོད་ཀྱི་བྱ་བ་དང༌། གྱེན་དུ་འདེགས་པ་དང༌། གཅིག་ནས་གཅིག་ཏུ་གཡོ་བ་དམིགས་པའི་ཕྱིར། ལྷག་མ་གཞན་གསུམ་ཡང་ཡོད་ཅེས་འདོད་དོ། །འབྱུང་འགྱུར་ལ་དབྱེ་བ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པ་ལྟར་བཟུང་ངོ༌། །རྣམ་པར་རིག་བྱེད་མིན་པའི་གཟུགས་ལ། མཚན་ཉིད་དང༌། སྒྲ་དོན་དང༌། རྣམ་གཞག་གསུམ། དང་པོ་ནི། བསྟན་དུ་ཡང་མེད་ལ། ཐོགས་པ་ཡང་མེད་པའི་གཟུགས་སོ། །ལུང་མ་བསྟན་ནི་མ་ཡིན་ཏེ། འདི་ཀུན་སློང་ལ་རག་ལས་པ་ཡིན་ལ། ལུང་མ་བསྟན་གྱི་སེམས་ཀྱིས་སློང་བར་མི་ནུས་ལ། འདི་ཀུན་སློང་ལ་རག་ལས་པ་མ་ཡིན་ནོ། །ཀུན་སློང་གི་སེམས་འགགས་ཀྱང་ཇི་སྲིད་རང་གི་ངོ་བོ་མ་འགགས་ཀྱི་བར་དུ་རྒྱུན་ཆགས་སུ་རྗེས་སུ་འབྲེལ་བའི་ཕྱིར་དང༌། ལུང་མ་བསྟན་གྱི་སེམས་ནི་སྟོབས་ཞན་པས་དེ་ལྟར་བྱེད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རང་གི་ཀུན་སློང་གཞན་ལ་རིག་པར་མི་བྱེད་པས་རིག་བྱེད་མ་ཡིན་པ་ཞེས་བྱའོ། །གསུམ་པ་ལ། སྐྱེ་བའི་གནས་སྐབས་དང༌། འབྱུང་བའི་ཁྱད་པར་ཇི་ལྟ་བུ་ལ་སྐྱེ་བ་དང༌། ཁམས་གསུམ་རྟོགས་མ་རྟོགས་ཀྱི་ཁྱད་པར་དང༌། རབ་ཏུ་དབྱེ་བ་དང༌། སྒྲུབ་བྱེད་ཀྱི་ཚད་མའོ། །དང་པོ་ནི། སེམས་གཡེང་བའི་གནས་སྐབས་ན་ཡོད་དེ། སོ་སོ་ཐར་པའི་སྡོམ་པ་དགེ་བའི་སེམས་ཀྱིས་ཀུན་ནས་སློང་བ་ཡིན་ལ། ཕྱིས་ཉོན་མོངས་པ་སྐྱེ་བའི་དུས་སུ། དགེ་བའི་སེམས་འགགས་ནས་མི་དགེ་བ་སྐྱེས་ཀྱང་ཡོད་པ་བཞིན་ནོ། །སེམས་མེད་པའི་གནས་སྐབས་ནའང་ཡོད་དེ། འདུ་ཤེས་མེད་པའི་སྙོམས་འཇུག་གི་གནས་སྐབས་ནའང་ཡོད་པའི་ཕྱིར། སྙོམས་འཇུག་དང་པོའི་གནས་སྐབས་ན་ཡོད་པ་ནི་བར་མའི་དགེ་བའོ། །འགོག་སྙོམས་ཀྱི་གནས་སྐབས་ན་ཡོད་པ་ནི་སོ་སོ་ཐར་པའོ། །བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པ་གཉིས་ནི་མི་འབྱུང་སྟེ། དེ་གཉིས་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར་ཏེ། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །ཞེས་པ་ལྟར་རོ། །སྙོམས་འཇུག་གི་གནས་སྐབས་མིན་ན་མི་དགེ་བ་ནི་ཡང་མེད་དོ། །གཡེང་བའི་གནས་སྐབས་ན་ཡོད་པས་རྣམ་པར་རིག་བྱེད་ལས་ཁྱད་པར་དུ་བྱའོ། །སེམས་པའི་གནས་སྐབས་ན་ཡོད་པས་སེམས་བྱུང་ལས་ཁྱད་པར་བྱས་སོ། །གཉིས་པ་ནི། དུས་གང་གི་འབྱུང་བ་དང༌། ས་གང་གི་འབྱུང་བ་ལས་སྐྱེ་བ་དང༌། འབྱུང་བའི་ངོ་བོ་ཇི་ལྟ་བུ་ལ་སྐྱེ་བའོ། །དང་པོ་ལ། སྐད་ཅིག་མ་དང་པོ་ནི། རང་དང་དུས་མཉམ་པ་ད་ལྟར་བའི་འབྱུང་བ་ལས་སོ། །སྐད་ཅིག་མ་གཉིས་པ་མན་ནི། དུས་གཉིས་ཀྱི་འབྱུང་བ་ལས་སྐྱེས་ཏེ། འདས་པའི་འབྱུང་བས་རྒྱུན་འཇུག་པའི་རྒྱུ་བྱེད་པའི་ཕྱིར་ཏེ། འཁོར་ལོ་འདྲིལ་བ་དང་པོའི་ལག་པའི་ཤུགས་བཞིན་ནོ། །ད་ལྟར་བའི་འབྱུང་བས་ས་འཇུག་པའི་རྒྱུ་བྱེད་པའི་ཕྱིར་ཏེ། རང་དུས་ཀྱི་རྟེན་གྱི་ས་བཞིན་ནོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་གཟུགས་ནི། ད་ལྟར་བའི་ཟག་པ་མེད་པའི་འབྱུང་བ་ཁོ་ན་ལས་སྐྱེའོ། །གཉིས་པ་ནི། ཟག་བཅས་ཀྱི་རིག་བྱེད་མིན་པའི་གཟུགས་ནི། རང་གི་ས་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་སྟེ། སོ་ཐར་གྱི་སྡོམ་པ་དང་སྡོམ་མིན་བར་མ་གསུམ་ནི། འདོད་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བའི་ཕྱིར་དང༌། བསམ་གཏན་གྱི་སྡོམ་པ་བསམ་གཏན་དང་པོར་གཏོགས་པ་ནི། དང་པོའི་འབྱུང་བ་ལས་སྐྱེས་པའི་ཕྱིར། བསམ་གཏན་ལྷག་མ་གསུམ་དུ་གཏོགས་པ་ཡང་དེ་བཞིན་ནོ། །ཟག་མེད་ཀྱི་སྡོམ་གཟུགས་ནི། རྟེན་གྱི་ལུས་གང་དུ་ཡང་མ་གཏོགས་པའི་འབྱུང་བ་རྒྱུར་བྱས་པ་ཡིན་གྱི་ཁམས་གསུམ་དུ་མ་གཏོགས་པའི་ཕྱིར། གཟུགས་ད་ལྟར་བར་གཏོགས་པའི་འབྱུང་བ་ལ་བརྟེན་པར་བཞག་ཏུ་མེད་དོ། །ཅིའི་ཕྱིར་ཞེ་ན། ས་སོ་སོའི་སྲེད་པས་ཡོངས་སུ་མ་སྤྱད་པའི་ཕྱིར་རོ། །གསུམ་པ་ནི། འདོད་པ་ན་སྤྱོད་པའི་རིག་བྱེད་མ་ཡིན་པའི་རྒྱུ་མཐུན་གྱི་འབྱུང་བ་ལས་སྐྱེས་ཏེ་སེམས་ཀྱིས་ཀུན་སློང་བ་ལ་ལྟོས་པའི་ཕྱིར་ཏེ། འདིའི་འབྱུང་བ་ཡང་སེམས་ཀྱིས་བསྐྱེད་པར་བྱ་དགོས་པས་སོ། །རྣམ་སྨིན་དང་རྒྱས་བྱུང་གི་འབྱུང་བ་ནི། སེམས་ལ་མི་ལྟོས་པ་ཡིན་ནོ། །རྒྱས་པ་ལས་བྱུང་བ་མ་ཡིན་ཏེ་རྒྱས་པའི་རྒྱུ་བཞི་གང་ལ་ཡང་མི་ལྟོས་པའི་ཕྱིར། རང་གི་ཉེར་ལེན་ལ་ལྟོས་པའི་ཕྱིར་དང༌། ཟས་དང་གཉིད་ལ་སོགས་པ་ཡང༌། རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུ་མ་ཡིན་པའི་ཕྱིར། རྣམ་སྨིན་སྐྱེས་ཀྱི་འབྱུང་བ་ལས་སྐྱེས་པ་ཡང་མ་ཡིན་ཏེ། རྣམ་སྨིན་སྐྱེས་ཀྱི་འབྱུང་བ་སེམས་ལ་མི་ལྟོས་པའི་ཕྱིར། འབྱུང་བ་ཡང་ཟིན་པའི་འབྱུང་བ་ཁོ་ན་ཡིན་པར་རིག་པར་བྱའོ། །རེ་རེ་ཡང་འབྱུང་བའི་ཚོགས་པ་སོ་སོ་ལས་སྐྱེ་བ་ཡིན་ཏེ། སྤོང་བདུན་རེ་རེ་ཡང་འབྱུང་བ་བཞི་ཚན་རེ་རེ་རྒྱུར་བྱས་པ་ལས་སྐྱེས་པའི་ཕྱིར། བསམ་གཏན་དང་ཟག་མེད་ཀྱི་སྡོམ་གཟུགས་ནི། མ་ཟིན་པའི་འབྱུང་བ་ལས་སྐྱེས་ཏེ། མཉམ་གཞག་གི་དབང་གིས་སེམས་ཀྱི་རྗེས་འཇུག་གི་འབྱུང་བ་ལས་སྐྱེ་ལ། དེའི་དབང་གིས་སྐྱེས་པའི་ཕྱིར། རྒྱས་པ་ལས་བྱུང་བ་ཡིན་ཏེ། རང་གི་ཉེར་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར། འདིའི་སྤོང་བདུན་ཐམས་ཅད་འབྱུང་བའི་རྒྱུ་ཚོགས་གཅིག་ལས་སྐྱེས་ཏེ། སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར། གསུམ་པ་ནི། སོ་ཐར་དང་སྡོམ་མིན་བར་མ་གསུམ་ནི་འདོད་པར་གཏོགས་ལ། བསམ་གཏན་གྱི་སྡོམ་པ་ནི་རྟེན་གང་ལ་ཡོད་ཀྱང་གཟུགས་ཀྱི་ཁམས་སུ་གཏོགས་ཤིང༌། ཟག་མེད་ནི་ཁམས་གསུམ་དུ་མ་གཏོགས་སོ། །བཞི་པ་ནི། རྟེན་གྱི་སྒོ་ནས་ལུས་དང་ངག་གི་རིག་བྱེད་མ་ཡིན་པའོ། །དང་པོ་ལ་ཡང་དགེ་མི་དགེ་གཉིས་ཡིན་ལ། ངག་གི་ལས་ལ་ཡང་དེ་བཞིན་ནོ། །ཡིད་ཀྱིས་བསྡུས་པ་ནི་མེད་དོ། །རྒྱུས་ཕྱེ་ན། རིག་བྱེད་ལས་སྐྱེས་པ་དང༌། རང་གི་ཉེར་ལེན་ལས་སྐྱེས་པ་གཉིས་དང༌། སས་ཕྱེ་ན། མཉམ་པར་བཞག་མ་བཞག་གི་སས་བསྡུས་པའོ། །འདོད་པའི་རིག་བྱེད་མ་ཡིན་པ་ལའང༌། སྡོམ་མིན་སྡོམ་པ་བར་མ་གསུམ། དང་པོ་ལ། སྐྱེ་བའི་རྟེན་དང༌། རང་གི་ངོ་བོ་དང༌། གཏོང་ཐོབ་ཀྱི་རྒྱུའོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་ཡིན་ལ། ཟ་མ་དང་མ་ནིང་ནི་མིན་ཏེ། བསམ་པ་མི་བརྟན་པའི་ཕྱིར་དང༌། ངོ་ཚ་ཁྲེལ་ཡོད་སྔར་ཡོད་ཉམས་པ་ལས་ཁ་ན་མ་ཐོ་བ་ཆེར་ཐོབ་པ་མེད་པའི་ཕྱིར་རོ། །ངན་སོང་གསུམ་ནའང་མེད་དེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་གསར་དུ་ཉམས་པར་བྱས་པ་ལས་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པ་མེད་པའི་ཕྱིར། རྟེན་ངོ་ཚ་ཁྲེལ་ཡོད་མེད་པའི་ཕྱིར། སྒྲ་མི་སྙན་ནའང་མེད་དེ། སྡིག་པའི་བསམ་པ་ཅན་མིན་པས་ངག་ཀྱལ་ཡོད་ཀྱང་བར་མ་མི་དགེ་བས་བསྡུས་པ་ཙམ་མོ། །ལྷ་ལའང་མེད་དེ་སྡིག་པའི་བསམ་པ་ཅན་མིན་པས་སོ། །གཉིས་པ་ནི། སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་རིག་བྱེད་མིན་པའི་གཟུགས་ཏེ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་སོ། །གསུམ་པ་ནི། གཞི་གང་ལས་ཐོབ་པ་དང༌། རྐྱེན་གང་ལས་ཐོབ་པའོ། །སེམས་ཅན་ཐམས་ཅད་ལས་ཐོབ་སྟེ། ཐམས་ཅད་ལས་བྱེ་བྲག་མེད་པར་གནོད་པ་བྱེད་པ་མི་སྡོམ་པ་ལས་ཐོབ་པའི་ཕྱིར་རོ། །འོ་ན་ཤན་པས་ཀྱང་སྲོག་གཅོད་ཀྱི་སྡོམ་མིན་མི་ཐོབ་པར་འགྱུར་ཏེ། ཕ་མ་གསོད་པའི་བྱ་བར་མི་འཇུག་པའི་ཕྱིར་ཞེ་ན། ཚེ་འཕོས་པའི་དུས་སུ་སེམས་ཅན་གཞན་དུ་འགྱུར་བ་སྲིད་པའི་ཕྱིར། བསད་བྱའི་སེམས་ཅན་གཞན་དུ་གྱུར་པ་སྲིད་པས་དེ་ལ་ལྟོས་ནས་ཐོབ་པར་འདོད་དོ། །འོ་ན་དུད་འགྲོ་སོགས་ལས་སྡོམ་མིན་མི་ཐོབ་པར་ཐལ། མ་འོངས་པ་ན་ཕ་མར་འགྱུར་བ་སྲིད་པའི་ཕྱིར། གལ་ཏེ་ད་ལྟར་གྱི་གནས་སྐབས་ན། གསོན་པོར་ཡོད་པ་ཇི་ལྟ་བར་མི་ཐོབ་ཅེ་ན། འོ་ན་ད་ལྟ་བའི་གནས་སྐབས་ན་གསོད་འདོད་མེད་པའང་སྡོམ་མིན་མི་ཐོབ་པར་ཐལ། ཞེས་གཞན་གྱིས་སུན་འཕྱིན་བརྗོད་པར་སྣང་ངོ༌། །མི་དགེ་བའི་རྩ་བ་ཐམས་ཅད་ལས་ཐོབ་བམ། རེ་རེ་ལས་ཐོབ་ཅེ་ན། ཐམས་ཅད་ལས་མིན་ཏེ། འདོད་ཆགས་སོགས་གསུམ་དུས་གཅིག་ལ་འདུས་པ་མི་སྲིད་པའི་ཕྱིར། དེས་ན་རེ་རེའམ་གཉིས་འདུས་པ་ལས་ཐོབ་བོ། །གཉིས་པ་ནི། སྡོམ་པ་མིན་པ་བྱ་བའམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །སྤོང་བའི་རྒྱུ་ནི་མཛོད་ལས། སྡོམ་མིན་སྡོམ་པ་ཐོབ་པ་དང༌། །ཤི་དང་མཚན་གཉིས་འབྱུང་བ་དང༌། །ཞེས་སོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ཐོབ་པས་སྡོམ་མིན་གཏོང་ཡང༌། མི་ལྕོགས་པ་མེད་པའི་སས་བསྡུས་པའི་བར་ཆད་མེད་པའི་ལམ་ལ་བརྟེན་པའི་སྡོམ་པ་གཉིས་ཀྱིས་གཏོང་གི་མི་ལྕོགས་མེད་ཀྱི་རྣམ་གྲོལ་ལམ་དང༌། དངོས་གཞི་ལ་བརྟེན་པ་རྣམས་ཀྱིས་མ་ཡིན་ནོ། །གཉིས་པ་སྡོམ་པ་ལ་གསུམ་སྟེ། སོ་ཐར་གྱི་སྡོམ་པ། བསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པའོ། །དང་པོ་ལ་ངོ་བོ་དང༌། ངེས་ཚིག་དང༌། རྣམ་གཞག་གོ །ངོ་བོ་ནི། འདོད་པའི་ཁམས་སུ་གཏོགས་པའི་སྡོམ་གཟུགས། ཚུལ་འཆལ་གྱི་གཉེན་པོའོ། །གཉིས་པ་ནི། སྡིག་པ་ལས་དང་པོར་སོ་སོར་ཐར་པའི་ཕྱིར་དང༌། ལུས་ངག་གི་མི་མཐུན་ཕྱོགས་སྡོམ་པའི་ཕྱིར་སོ་ཐར་གྱི་སྡོམ་པ་ཞེས་བྱ་ལ། སྲིད་པའི་ལས་ནི་སེམས་ཅན་རྣམས་ལ་མཉམ་པར་འཇུག་པ་ཡིན་ལ། འདིས་ནི་སྲིད་པའི་ལས་དང་མི་མཉམ་པར་འཇུག་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ། །གསུམ་པ་ལ། སྐྱེ་བའི་རྟེན། ཐོབ་པའི་རྒྱུ། ལྡན་ཚུལ་རབ་དབྱེ་དང༌། གཏོང་རྒྱུའོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་ཡིན་ལ། ཟ་མ་སོགས་ནི་མ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་དང༌། གཉེན་པོས་རྟེན་མི་གཅོད་པའི་ཕྱིར་དང༌། ཉོན་མོངས་པ་ཤིན་ཏུ་ཤས་ཆེ་བའི་ཕྱིར་རོ། །ངན་སོང་གསུམ་ལ་མེད་དེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་མེད་པའི་ཕྱིར། བྱང་སྒྲ་མི་སྙན་པ་ལ་མེད་དེ། ལེན་པར་འདོད་པ་མེད་པའི་ཕྱིར། འདོད་ལྷ་དྲུག་ལའང་དེ་བཞིན་ནོ། །གཉིས་པ་ལ། གཞི་གང་ལས་ཐོབ་པ་དང༌། རྐྱེན་གང་ལས་ཐོབ་པའོ། །དང་པོ་ནི། ལས་ལམ་གྱི་སྦྱོར་དངོས་རྗེས་གསུམ་ཀ་ལས་ཐོབ་བམ། དངོས་གཞི་ཁོ་ན་ལས་ཐོབ་ཅེ་ན། གསུམ་ཀ་ལས་ཐོབ་སྟེ། སྲོག་གཅོད་ཀྱི་སྦྱོར་དངོས་རྗེས་གསུམ་ཀ་བཟློག་པ་ལས་ཐོབ་དགོས་པའི་ཕྱིར། སེམས་ཅན་དུ་གཏོགས་པ་དང༌། གཏོགས་པ་མིན་པ་གང་ལས་ཐོབ་ཅེ་ན། སྲོག་གཅོད་སྤངས་པ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཁོ་ན་ལས་ཐོབ་ལ། མ་བྱིན་ལེན་སྤོང་སོགས་ནི་སེམས་ཅན་དུ་མ་གཏོགས་པ་ལས་ཀྱང་ཐོབ་བོ། །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གང་ལས་ཐོབ་ཅེ་ན། གཉིས་ཀ་ལས་ཐོབ་སྟེ། ལུས་ཀྱི་གསུམ་དང་ངག་གི་སྤོང་བ་བཞི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་གཞི་ལས་ཐོབ་པའི་ཕྱིར་དང༌། མྱོས་འགྱུར་དང་དུས་མིན་གྱི་ཁ་ཟས་སྤོང་བ་ལ་སོགས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་ལས་ཐོབ་པའི་ཕྱིར། ད་ལྟར་གྱི་སེམས་ཅན་གྱི་གཞི་ལས་ཐོབ་བམ། དུས་གསུམ་ཀའི་སེམས་ཅན་གྱི་གཞི་ལས་ཐོབ་ཅེ་ན། འདས་མ་འོངས་ཀྱི་སེམས་ཅན་གྱི་གཞི་ལས་མི་ཐོབ་སྟེ། སེམས་ཅན་དུ་མི་བགྲང་བའི་ཕྱིར་ཞེས་ཟེར་རོ། །བསམ་གཏན་དང་ཟག་མེད་གཉིས་ཀྱང༌། སེམས་ཅན་གྱི་གཞི་ལས་མི་ཐོབ་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་སུན་འབྱིན་སྨྲ་བར་སྣང་ངོ༌། །ཡན་ལག་ཐམས་ཅད་ལས་ཐོབ་བམ། ཡན་ལག་འགའ་ཡར་བ་ལས་ཐོབ་ཅེ་ན། དགེ་སློང་གི་སྡོམ་པ་ནི་ཡན་ལག་ཐམས་ཅད་ལས་ཐོབ་ལ། དགེ་ཚུལ་ལ་སོགས་ནི་ཐམས་ཅད་མ་ཡིན་ཏེ། རྫུན་དུ་སྨྲ་བ་སྤོང་བའི་བར་གཞི་ལས་ཐོབ་ཀྱི། མཐའ་དག་སྤོང་བ་ལས་ཐོབ་པ་མེད། རྒྱུ་ནི་མ་ཆགས་པའི་དགེ་རྩ་སོགས་གསུམ་ཀ་ལས་ཐོབ་བོ། །གཉིས་པ་ནི། རང་དང་གཞན་གྱི་རྣམ་པར་རིག་བྱེད་སོགས་ལས་ཐོབ་སྟེ། བསྙེན་པར་རྫོགས་པའི་རྒྱུ་བཅུ་གསུངས་པ་ལས་རྟོགས་པར་བྱའོ། །གསུམ་པ་ནི། མཛོད་ལས། སོ་སོ་ཐར་གནས་ཇི་སྲིད་དུ། །མ་བཏང་བ་ལྟར་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང༌། །ཞེས་པ་ལྟར་རོ། །བཞི་པ་དབྱེ་བ་ལ། དགེ་བསྙེན་དང༌། བསྙེན་གནས་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་དང་བཞིའོ། །སོ་སོའི་ངོ་བོ་ནི། སྤང་བྱ་ལྔ་སྤོང་བ་དང༌། བརྒྱད་སྤོང་བ་དང༌། བཅུ་སྤོང་བ་དང༌། ལུས་ངག་གི་མི་མཐུན་ཕྱོགས་ཐམས་ཅད་སྤོང་བར་གནས་པ་སྟེ། མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་གནས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་ཕྱེད་དང་དགེ་སློང་ཉིད། །ཅེས་སོ། །རྟེན་གྱི་སྒོ་ནས་དབྱེ་ན་བརྒྱད་དེ། དགེ་བསྙེན་ཕ་མ་དང༌། བསྙེན་གནས་པ་དང༌། དགེ་སློང་ཕ་མ་གཉིས་ཀྱི་དབྱེ་བས་ཕྱེ་བའི་ཕྱིར། མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམས་བརྒྱད། །ཅེས་པ་ལྟར་རོ། །དགེ་སློབ་མ་ནི། བཅུ་གཉིས་སྤོང་བྱེད་ཀྱི་རྩ་བའི་ཆོས་དྲུག་དང༌། རྗེས་མཐུན་སྤོང་བྱེད་ཀྱི་ཆོས་དྲུག་སྟེ། བཅུ་གཉིས་སྤོང་བྱེད་ཀྱི་བསླབ་པ་སྟེ། བུད་མེད་ཉོན་མོངས་པ་མང་བས་བསླབ་པའི་ཚིགས་མང་བར་བཞག་གོ །ལྔ་པ་ནི། བསླབ་པ་ཕུལ་བ་དང༌། ཤི་འཕོས་དང༌། མཚན་གཉིས་དག་ནི་བྱུང་བ་དང༌། དགེ་རྩ་ཆད་པ་སྟེ། འདི་ལྟར་བླངས་པ་འགལ་བའི་རིག་བྱེད་བྱས་པའི་ཕྱིར་དང༌། རྟེན་བོར་བ་དང༌། རྟེན་ཉམས་པ་དང༌། གཞི་ཆད་པའི་ཕྱིར། བསྙེན་གནས་ནི་མཚན་མོ་འདས་པས་ཀྱང་གཏོང་སྟེ། འཕངས་པའི་དུས་རྫོགས་པའི་ཕྱིར་ཏེ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་སྡོམ་པ་གཏོང༌། །ཞེས་པ་ལྟར་རོ། །འགའ་ཞིག་རྩ་བའི་ལྟུང་བ་གང་ཡང་རུང་བ་བྱུང་བས་ཀྱང་གཏོང་བར་སྨྲའོ། །འདི་ནི་མི་འཐད་དེ། ཐུན་མོང་གི་རྩ་བ་བཞི་དང༌། ཐུན་མོང་མ་ཡིན་པའི་རེག་པ་གཉིས། ལུས་བཀན་པ་སོགས་ཐུན་མོང་མིན་པའི་རྩ་བ་བཞི་ལས་སྐྱེས་པ་ལས། རེག་པ་སོགས་ཀྱི་རྩ་བའི་ལྟུང་བ་བྱུང་བའི་དགེ་སློང་མས་སྡོམ་པ་བཏང་བར་འགྱུར་ཏེ། རྩ་བའི་ལྟུང་བ་གང་ཡང་རུང་བ་བྱུང་བའི་ཕྱིར། འདོད་ན། མཚན་གྱུར་ནས་དགེ་སློང་དུ་གྱུར་པའི་ཚེ། དགོས་པ་སྒྲུབ་ནུས་ཀྱི་དགེ་སློང་གི་སྡོམ་པ་དང་མི་ལྡན་པར་འགྱུར་རོ། །དེས་ན་ལྟུང་བ་སྡོམ་པ་གཏོང་བའི་རྒྱུར་མི་འདོད་དོ། །གཏོང་བའི་རྒྱུ་བཞིར་བསྡུས་པ་ཡང་གཙོ་བོ་བསྡུས་པ་ཡིན་གྱི་ཐམས་ཅད་དེར་ངེས་པ་ནི་མིན་ནོ། །ལོ་ཉི་ཤུ་མ་ལོན་པར་བསྙེན་རྫོགས་བྱས་པ་དག་ལོ་བཅུ་དགུ་ལྟ་བུའི་སྟེང་དུ་ལོ་མ་ལོན་པར་ཤེས་པ་ཡང་གཏོང་བའི་རྒྱུར་གསུངས་པའི་ཕྱིར་རོ། །རྟེན་གྱི་སྡོམ་པ་ལ་བཞི་སྟེ། སྐྱེ་བའི་རྟེན་ཏེ་རྟེན་གྱི་གང་ཟག རང་གི་ངོ་བོ། ཐོབ་རྒྱུ། གཏོང་རྒྱུའོ། །དང་པོ་ལ་གཉིས་ཏེ། སྐྱེ་རུང་གི་རྟེན་དང༌། ངེས་པར་འབྱུང་བ་ཡོད་པའི་རྟེན་ནོ། །དང་པོ་ནི། ཉི་ཤུ་རྩ་དྲུག་སྟེ། གླིང་གསུམ་གྱི་མི་དང༌། འདོད་ལྷ་དྲུག་དང༌། གཟུགས་ཁམས་གནས་རིགས་བཅུ་བདུན་ནོ། །གཞན་ནི་མ་ཡིན་ཏེ། ཏིང་ངེ་འཛིན་སྐྱེ་བའི་རྟེན་མ་ཡིན་པའི་ཕྱིར། འདུ་ཤེས་མེད་པ་བ་ལ་ཐོབ་པ་ཙམ་ཡོད་ཀྱི་མངོན་དུ་གྱུར་པ་མེད་དེ། འདི་ནི་སེམས་ཀྱི་རྗེས་འབྲང་ཡིན་པའི་ཕྱིར། གཉིས་པ་ནི། འདུ་ཤེས་མེད་པ་བ་མ་གཏོགས་པའི་གཟུགས་ན་སྤྱོད་པ་ཐམས་ཅད་ལ་མངོན་གྱུར་དུ་ཡོད་དོ། །གཉིས་པ་ནི། གཟུགས་སུ་གཏོགས་པའི་རིག་བྱེད་མིན་པའི་སྡོམ་གཟུགས་སོ། །གསུམ་པ་ལ། གཞི་གང་ལས་ཐོབ་པ་དང༌། རྐྱེན་གང་ལས་ཐོབ་པའོ། །དང་པོ་ནི། ལས་ལམ་གྱི་དངོས་གཞི་ཁོ་ན་ལས་ཐོབ་ཅིང་དུས་ནི་གསུམ་ཀ་ལས་ཐོབ་བོ། །སེམས་ཅན་དུ་གཏོགས་མི་གཏོགས་གཉིས་ཀའི་གཞི་ལས་ཐོབ་པ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པ་ཁོ་ན་ལས་ཐོབ་བོ། །གཉིས་པ་ནི། བསམ་གཏན་གྱི་ཉེར་བསྡོགས་དང༌། དངོས་གཞིའི་ཏིང་ངེ་འཛིན་ནོ། །བཞི་པ་གཏོང་བའི་རྒྱུ་ནི། ས་འཕོས་པ་དང་ཉམས་པ་དག་གིས་གཏོང་སྟེ། རྟེན་གང་ལ་ཡོད་ཀྱང་རུང་བསམ་གཏན་དང་པོས་བསྡུས་པ་ལྟ་བུ་ནི། བསམ་གཏན་གཉིས་པ་ལྟ་བུར་འཕོས་པའི་ཚེ་གཏོང་བའི་ཕྱིར་དང༌། འདོད་ཁམས་སུ་སྐྱེས་པའི་ཚེ་གཏོང་བའི་ཕྱིར་དང༌། ཉོན་མོངས་པས་བསམ་གཏན་ལས་ཡོངས་སུ་ཉམས་པའི་ཚེའང་གཏོང་བའི་ཕྱིར། བསམ་གཏན་དང་པོའི་རྟེན་ལ་ཡོད་པ་ནི། འདོད་པའི་ཉོན་མོངས་པས་མི་གཏོང་སྟེ། གོང་མའི་རྟེན་ལ་འོག་མའི་ཉོན་མོངས་པ་མི་འབྱུང་བའི་ཕྱིར་ཟེར་ཡང་ཞིབ་ཏུ་དཔྱད་ན་མི་འཐད་པར་ཤེར་ཕྱིན་གྱི་རྣམ་བཤད་དུ་བཤད་དོ། །བསམ་གཏན་དང་པོའི་རྟེན་ལ་ཡོད་པ་གཉིས་པས་བསྡུས་པ་ནི་ཉམས་སྲིད་པས་དང་པོའི་ཉོན་མོངས་པས་གཏོང་ངོ༌། །ངེས་འབྱེད་ཆ་མཐུན་གྱིས་གཏོང་བ་ནི། ཤི་འཕོས་པས་གཏོང་སྟེ། འཕགས་མིན་འཆི་བས་སོ། །ཞེས་གསུངས་པ་ལྟར་རོ། །དག་པ་བ་དང་ཉམས་པ་ཆ་མཐུན་ནི། འདོད་ཆགས་དང་བྲལ་བས་ཀྱང་ཅུང་ཟད་གཏོང་ངོ༌། །ཟག་མེད་ཀྱི་སྡོམ་པ་ལ། སྐྱེ་བའི་རྟེན། རང་གི་ངོ་བོ། ཐོབ་པའི་རྒྱུ། གཏོང་བའི་རྒྱུའོ། །དང་པོ་ལ་སྐྱེ་རུང་གི་རྟེན་ནི། གླིང་གསུམ་དང་འདོད་ལྷ་དྲུག་དང༌། ཚངས་ཆེན་དང༌། འདུ་ཤེས་མེད་པ་བ་ལ་གཏོགས་པའི་གླིང་གསུམ་ན་སྤྱོད་པ་རྣམས་སོ། །གཟུགས་མེད་དུ་སྐྱེས་པའི་འཕགས་པ་ཡང༌། ཐོབ་པ་ཙམ་གྱི་རྟེན་དུ་རུང་གི་མངོན་དུ་གྱུར་པ་མེད་དེ། གཟུགས་མེད་པའི་ཕྱིར། འདིར་ཐོབ་པ་ཙམ་གྱིས་ཡོད་པར་མི་འདོད་དེ། གཟུགས་ཀྱི་ཐོབ་པ་ཡོད་པས་གཟུགས་ཡོད་པར་ཐལ་བའི་ཕྱིར་ཏེ། ཐོབ་པ་ཡང་ས་ལྔས་བསྡུས་པའི་ཕྱིར། འབྱུང་བ་གང་རུང་རྒྱུར་བྱས་པའི་ཟག་པ་མེད་པའི་སྡོམ་པ་ནི་འདས་པ་དང་ལྡན་ནོ། །མ་འོངས་པ་ནི་ས་ལྔ་ཆར་གྱི་འབྱུང་བ་རྒྱུར་བྱས་པ་དང་ལྡན་ནོ། །སླར་འོག་ཏུ་སྐྱེས་པའི་ཚེ་ས་ལྔ་ལས་གང་ཡང་རུང་བའི་འབྱུང་བ་རྒྱུར་བྱས་ན་ཐོབ་པ་ནི་གཟུགས་མེད་དུ་སྐྱེས་ཀྱང་མི་གཏོང་བའི་ཕྱིར། ས་ལྔ་ནི་འདོད་པ་དང་བསམ་གཏན་བཞིའོ། །གཉིས་པ་ངེས་པར་འབྱུང་བ་དང་ལྡན་པའི་རྟེན་ནི། འདོད་པ་ཚངས་ཆེན་དང་འདུ་ཤེས་མེད་པ་བ་མ་གཏོགས་པའི་གཟུགས་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་མེད་བཞིའི་ཕུང་པོའོ། །གཉིས་པ་རང་གི་ངོ་བོ་ནི། ཁམས་གསུམ་དུ་མ་གཏོགས་པའི་རིག་བྱེད་མ་རིག་པའི་གཟུགས་འཆལ་ཚུལ་གྱི་གཉེན་པོའོ། །གསུམ་པ་ནི། གཞི་གང་ལས་ཐོབ་པ་དང༌། ཐོབ་པའི་རྐྱེན་ནོ། །དང་པོ་ནི། དུས་གསུམ་ཀའི་ལས་ལམ་གྱི་དངོས་གཞི་ལས་ཐོབ་ལ། སེམས་ཅན་ཡིན་མིན་གཉིས་ཀའི་དངོས་གཞི་ལས་ཐོབ་པ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་ཁོ་ན་ལས་ཐོབ་པ་ཉིད་དོ། །གཉིས་པ་ནི། བསམ་གཏན་ས་དྲུག་ལ་བརྟེན་པའི་གཟུགས་མེད་ཀྱི་ལམ་གྱིས་ཐོབ་ལ། གཟུགས་མེད་ཀྱི་ས་ལ་བརྟེན་པས་མིན་ཏེ། གཟུགས་མེད་པ་ནི་གཟུགས་ལས་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །བཞི་པ་ནི། མཛོད་ལས། འབྲས་བུས་ཐོབ་སྦྱངས་ཉམས་པས་གཏོང༌། །ཞེས་སོ། །གསུམ་པ་བར་མ་ལ། སྐྱེ་བའི་རྟེན། ཐོབ་པའི་རྒྱུ། རབ་ཏུ་དབྱེ་བ། ངེས་ཚིག གཏོང་བའི་རྒྱུའོ། །དང་པོ་ནི། ཡི་དྭགས་དང༌། དུད་འགྲོ་དང༌། གླིང་གསུམ་དང༌། འདོད་ལྷ་དང༌། གཟུགས་ན་ཡོད་པ་ཐམས་ཅད་དོ། །དམྱལ་བ་དང་སྒྲ་མི་སྙན་པ་ནི་རྟེན་དུ་མ་བཤད་དེ། དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ཞེས་པ་ལྟར་རོ། །བསམ་གཏན་གྱི་སས་བསྡུས་པ་མེད་ཀྱང་རྟེན་ལ་ཡོད་པ་ཉིད་དོ། །གཉིས་པ་ནི། མཛོད་ལས། ལྷག་མ་རྣམ་རིག་མིན་ཞིང་དང༌། །ལེན་དང་ནུས་པར་བྱེད་པས་ཐོབ། །ཅེས་སོ། །གསུམ་པ་ལ། རྟེན་གྱིས་ཕྱེ་ན། ལུས་དང་ངག་གི་ལས་སོ། །གཞིའི་སྒོ་ནས་ལས་ལམ་གྱིས་བསྡུས་པ་དང༌། མ་བསྡུས་པ་གཉིས་སོ། །དང་པོ་ནི། ངན་སོང་དང་ཟ་མ་ལ་སོགས་པའི་སྲོག་གཅོད་པ་སོགས་དང༌། སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །གཉིས་པ་ནི། ཕྱག་འཚལ་བ་དང༌། སྡིག་པ་ལ་སོགས་པའི་རིག་བྱེད་མིན་པའོ། །བཞི་པ་ནི། སྡོམ་པ་དང་སྡོམ་མིན་གང་རུང་དུ་ཡང་མ་གཏོགས་པའི་རིག་བྱེད་མིན་པའི་གཟུགས་མ་ཡིན་པའོ། །ལྔ་པ་གཏོང་བའི་རྒྱུ་ནི། མཛོད་ལས། བར་མ་ཅུང་བླང་བྱ་བ་དང༌། །དོན་ཆེ་རྩ་བ་ཆད་པ་ལས། །ཞེས་སོ། །ལྔ་པ་སྒྲུབ་བྱེད་ཀྱི་ཚད་མ་ལ། རིག་བྱེད་མིན་པའི་གཟུགས་ཡོད་དེ། བསྟན་པ་ཡོད་པ། བསྟན་དུ་མེད་པ། ཐོགས་པ་དང་བཅས་པ། བསྟན་མེད་ཐོགས་མེད་ཀྱི་གཟུགས་རྣམས་གསུངས་པ་ལས། རིག་བྱེད་མིན་པ་མེད་པར་ནི་གཟུགས་ཐ་མ་མི་རུང་བའི་ཕྱིར་དང༌། གཟུགས་མེད་ཀྱི་གཟུགས་གསུངས་པ་ཡང་དེ་མེད་པར་མི་རུང་བའི་ཕྱིར་དང༌། དགེ་འདུན་ལ་རྫས་ཕུལ་བ་ལོངས་སྤྱོད་པ་ལས། ཕུལ་བ་པོ་ལ་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ལ་ཡང་བསོད་ནམས་རྒྱུན་མི་ཆད་པར་འཕེལ་བར་འགྱུར་བའི་ཕྱིར་དང༌། རང་གིས་མ་བྱས་པར་གཞན་བྱེད་དུ་བཅུག་པ་ལས་ཀྱང་རང་རྒྱུད་ལ་ལས་ལམ་འབྱུང་བར་གསུངས་པའི་ཕྱིར་དང༌། འཕགས་ལམ་ཡན་ལག་བརྒྱད་གསུངས་པ་ལས། ཡང་དག་པའི་ངག་ལ་སོགས་པ་ཚུལ་ཁྲིམས་ཀྱི་བསྡུས་པ་གསུམ་འདི་ལ་དགོངས་ནས་གསུངས་པའི་ཕྱིར་དང༌། སྡོམ་གཟུགས་འཆལ་བའི་ཚུལ་ཁྲིམས་འགོག་པའི་ཆུ་ལོན་ལྟ་བུར་གསུངས་པའི་ཕྱིར་དང༌། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་བཀག་པའི་ཕྱིར་དང༌། མཛོད་ལས། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་སོ། །གཟུགས་ཀྱི་གཞི་བསྟན་ཟིན་ཏོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། སྐྱེ་ཚུལ། ངེས་ཚིག ཁམས་ས་གང་ན་ཡོད་པའི་ཚུལ་ལོ། །དང་པོ་ནི། ཡུལ་གྱི་རྣམ་པར་རིག་པ་ཙམ་དུ་སྐྱེས་པའི་ཤེས་པའོ། །འོ་ན་སེམས་བྱུང་ཡང་སེམས་སུ་འགྱུར་རོ་ཞེ་ན། སེམས་བྱུང་ལ་ནི་ཡུལ་འཛིན་ཚུལ་གྱི་འཛིན་སྟངས་ཀྱི་ཁྱད་པར་ལྷག་པོ་རེ་རེ་ཡོད་པའི་ཕྱིར་ཞེས་སྒྲས་ཡོངས་སུ་བཤད་ཟིན་ཏོ། །གཉིས་པ་ནི། རྣམ་ཤེས་ཚོགས་དྲུག་ཡིན་ལ། གསུམ་པ་ནི། མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་རྣམ་པར་རིག་པ་ཙམ་དུ་སྐྱེས་པའི་ཤེས་པའོ། །ལྷག་མ་རིགས་འགྲེའོ། །བཞི་པ་སྐྱེ་ཚུལ་ནི། འདི་པས་རིམ་གྱིས་སྐྱེ་བར་འདོད་ལ། ལུས་དང་ལྕེའི་རྣམ་ཤེས་གཉིས་ནི་ཡུལ་གཉིས་དང་ཕྲད་པ་ན་གང་སྔར་སྐྱེ་ཞེ་ན། ཡུལ་ཉམས་ན་ལྕེའི་རྣམ་ཤེས་སྔར་སྐྱེ་སྟེ། ཟ་བར་འདོད་པས་ལུས་ལ་སེམས་གཏད་པའི་ཕྱིར། མདོ་ལས། རྣམ་པར་ཤེས་པ་སྔ་ཕྱི་མེད་པར་སྐྱེ་བ་ནི་གནས་མེད་དོ་ཞེས་པའི་དོན་དུ་འདོད་དོ། །འོ་ན་མཐོང་ཐོས་སོགས་གཅིག་ཆར་དུ་སྐྱེ་བར་སྣང་བ་ཅི་ཞེ་ན། མགྱོགས་པ་ལས་སྣང་སྟེ། མགལ་མེའི་འཁོར་ལོ་བཞིན་ནོ། །ལྔ་པ་ནི། དྲུག་པོ་ཉིད་ལ་འབྱེད་པས་ན་སེམས་སོ། །ཤེས་པས་ན་ཡིད་དོ། །དམིགས་པ་རྣམ་པར་རིག་པས་ན་རྣམ་པར་ཤེས་པའོ། །ཡང་ན་བསགས་པས་སེམས་སོ། །རྗེས་སུ་གྱུར་པས་ཡིད་དོ། །རྟེན་དུ་གྱུར་པས་ན་རྣམ་པར་ཤེས་པའོ། །འོ་ན་མིང་གི་རྣམ་གྲངས་གསུམ་ཡོད་པ་ཅི་ཞེ་ན། བྱེད་པ་གསུམ་དང༌། བསྟན་པ་གསུམ་གྱི་དབང་གིས་སོ། །བྱེད་པ་ལས་ནི་རིང་དུ་འགྲོ་བས་ན་སེམས་སོ། །སྔོན་དུ་འགྲོ་བས་ན་ཡིད་དོ། །དམིགས་པ་རྣམ་པར་རིགས་པ་ན་རྣམ་ཤེས་སོ། །དུས་ལས་ནི། མ་འོངས་པ་ནི་སེམས་སོ། །འདས་པ་ནི་ཡིད་དོ། །ད་ལྟར་བྱུང་བ་ནི་རྣམ་ཤེས་སོ། །བསྟན་པའི་སྒོ་ནས་ནི། ཕུང་པོ་བསྟན་པའི་ཚེ་ན་རྣམ་ཤེས། སྐྱེ་མཆེད་མ་བསྟན་པའི་ཚེ་ན་ཡིད། ཁམས་བསྟན་པའི་ཚེ་ན་སེམས་སོ། །དྲུག་པ་ནི། འདོད་པའི་ཁམས་ན་དྲུག་ཆར་ཡོད་ལ། གཟུགས་ན་སྣ་ལྕེའི་རྣམ་ཤེས་མེད་དེ། དྲི་རོ་མེད་པའི་ཕྱིར་ཏེ། ཁམས་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། འོ་ན་རེག་བྱ་ཡང་མེད་པར་ཐལ། ཁམས་ཟས་མེད་པའི་ཕྱིར་ཞེ་ན། རེག་བྱ་ལ་ཁམས་ཟས་སུ་གཏོགས་མ་གཏོགས་གཉིས་ལས། ཁམས་ཟས་མ་གཏོགས་པའི་རེག་བྱ་ཡོད་པའི་ཕྱིར་དང༌། དྲི་རོ་ནི་ཁམས་ཟས་ཀྱིས་བསྡུས་པ་ཁོ་ན་ཡིན་པའི་ཕྱིར། འོ་ན་སྣ་ལྕེའི་དབང་པོ་ཡང་མེད་པར་ཐལ། ཡུལ་དྲི་རོ་ནི་མེད་པས་དེ་སྤྱོད་པ་ལ་དགོས་པ་མེད་པའི་ཕྱིར་ཞེ་ན། ཡུལ་སྤྱོད་པ་ལ་མི་དགོས་ཀྱང་དགོས་པ་ཡོད་དེ། སྣའི་དབང་པོ་རྟེན་མཛེས་པར་བྱེད་པའི་ཕྱིར་དང༌། ལྕེའི་དབང་པོས་མངོན་པར་བརྗོད་པ་ལ་འཇུག་དགོས་པའི་ཕྱིར། དེ་གཉིས་ཀྱི་དགོས་པ་ནི་དབང་རྟེན་གྱིས་གྲུབ་བོ་ཞེ་ན། དབང་པོ་མེད་པའི་དབང་རྟེན་མི་སྲིད་པའི་ཕྱིར་རོ། །དེས་ན་ནང་གི་གཟུགས་ལ་སྲེད་པ་ཡོད་པའི་ཕྱིར། ལས་ཀྱིས་ཡོངས་སུ་འཕངས་པ་ཡིན་ནོ། །བསམ་གཏན་གཉིས་པ་ཡན་ན། སས་བསྡུས་ཀྱི་མིག་སྣའི་རྣམ་ཤེས་གསུངས་པ་མེད་དེ། རྟོག་དཔྱོད་མེད་པའི་ཕྱིར་དང༌། རྣམ་ཤེས་ལྔ་ནི་རྟོག་དཔྱོད་དང་མཚུངས་ལྡན་ཡིན་པའི་ཕྱིར། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་པ་ལྟར་རོ། །དེ་དག་གིས་མཐོང་ཐོས་ལ་འཇུག་པའི་ཚེ་ན། འོག་མའི་སས་བསྡུས་ཀྱི་རྣམ་ཤེས་མངོན་དུ་བྱས་ནས་འཇུག་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་ཡིད་ཤེས་གཅིག་པུའོ། །གསུམ་པ་སེམས་བྱུང་གི་གཞི་ལ། མཚན་ཉིད། མཚོན་བྱའི་སྒྲ་དོན། མཚན་གཞིའི་རྣམ་གཞག་གོ །དང་པོ་ནི། སེམས་དང་མཚུངས་པ་ལྔའི་སྒོ་ནས། དམིགས་པ་ལ་མཉམ་པར་འཇུག་པའོ། །འོ་ན་སེམས་དང་ཁྱད་པར་ཅི་ཡོད་ཅེ་ན། འདི་ལ་བོད་རྣམས། དོན་གྱི་ངོ་བོ་འཛིན་པ་སེམས་ཡིན་ལ། ཁྱད་པར་འཛིན་པ་སེམས་བྱུང་ངོ༌། །འོ་ན། དོན་གྱི་ངོ་བོ་དང་ཁྱད་པར་བརྗོད་ན་དམིགས་པ་མི་གཅིག་པར་འགྱུར་ཏེ། དམིགས་པ་སོ་སོ་ཁོ་ན་འཇུག་པའི་ཕྱིར། གཅིག་ན། གཉིས་ཀས་ཀྱང་གཉིས་ཀ་བཟུང་བས་ཁྱད་མེད་དུ་འགྱུར་ཞེ་ན། གཉིས་ཀས་ཀྱང་གཉིས་ཀ་འཛིན་ཀྱང༌། སེམས་ཀྱིས་དོན་གྱི་ངོ་བོ་རང་སྟོབས་དང༌། ཁྱད་པར་གཞན་སྟོབས་ཀྱིས་འཛིན་ལ། སེམས་བྱུང་གིས་ཁྱད་པར་རང་སྟོབས་དང༌། ངོ་བོ་གཞན་སྟོབས་ཀྱིས་འཛིན་པ་ཁྱད་པར་རོ། །རང་སྟོབས་དང་གཞན་སྟོབས་ཀྱི་དོན་ཡང༌། སེམས་ཀྱི་དོན་གྱི་རང་གི་ངོ་བོ། རིགས་མཐུས་འཛིན་ལ། ཁྱད་པར་ནི་སེམས་བྱུང་དང་འགྲོགས་སྟོབས་ཀྱིས་ཡིན་ནོ། །སེམས་བྱུང་གིས་ཀྱང་ཁྱད་པར་འབྱུང་བ་དང༌། ངོ་བོ་སེམས་དང་འགྲོགས་སྟོབས་ཀྱིས་ཡིན་པའི་ཁྱད་པར་ཡོད་དོ། །གཉིས་ཀས་གཉིས་ཀ་འཛིན་པར་འདྲ་ན། རང་སྟོབས་དང་གཞན་སྟོབས་ཀྱི་རྒྱུའི་ཁྱད་པར་རྙེད་པར་དཀའ་ལ། དབྱེ་ན་རྟེན་གྱིས་དོན་ཙམ་མཐོང་བ་ནི་སེམས། ཁྱད་པར་འཛིན་པ་སེམས་ལས་བྱུང་བའོ། །ཞེས་པའི་འགྲེལ་པར་བློ་བརྟན་གྱིས། ཙམ་ནི་བྱེ་བྲག་སེལ་བའི་སྒྲ་སྟེ། དོན་གྱི་ངོ་བོ་ཙམ་དམིགས་ཀྱི་ཁྱད་པར་མ་དམིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་དང་ཡང་འགལ་ལོ། །ཡང་འགའ་ཞིག་གིས་ནི། སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དང༌། རྫས་ཀྱི་རང་གི་མཚན་ཉིད་གཉིས་གསུངས་པས། དང་པོ་ནི། གཟུགས་ཀྱི་སྐྱེ་མཆེད་ཙམ་ཡིན་ལ། གཉིས་པ་ནི། སྔོ་སེར་ལྟ་བུའོ། །དོན་གྱི་ངོ་བོ་ཁྱད་པར་གཉིས་ཀྱང་དེ་ལ་འདོད་མོད་ཀྱི། དེ་ལ་མིག་གི་རྣམ་པར་ཤེས་པས། གཟུགས་ཀྱི་སྐྱེ་མཆེད་ཙམ་ཡུལ་དུ་བྱེད་མོད་ཀྱི། གཟུགས་ཀྱི་སྐྱེ་མཆེད་ཙམ་མིག་ཡུལ་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། སྔོ་སེར་སོགས་ཀྱི་ཡུལ་དུ་མི་འཇོག་སྟེ། སྔོ་སེར་སོགས་མེད་ཀྱང་འབྱུང་བའི་ཕྱིར། དེས་ན་སེམས་ཀྱི་ངོ་བོ་ཡུལ་དུ་བྱེད་ལ། སེམས་བྱུང་གིས་ཁྱད་པར་ཡུལ་དུ་བྱེད་དོ་ལོ། །སྔོན་པོ་མཐོང་བ་ནི། གཟུགས་དང་སྔོན་པོ་བཟུང་བར་འདྲ་ཡང༌། གཟུགས་ངེས་པ་དང༌། སྔོན་པོ་ངེས་པའི་ཤེས་པ་གཉིས་ལས། དང་པོ་སེམས་ཀྱིས་འདྲེན་པར་བྱེད་ལ། གཉིས་པ་སེམས་བྱུང་གིས་འདྲེན་པར་བྱེད་པ་ནི་ཁྱད་པར་རོ། །གཉིས་ཀས་གཉིས་ཀ་བཟུང་བར་འདྲ་ན། སེམས་ཀྱིས་ངོ་བོ་ཁོ་ན་ལ་ངེས་པ་འདྲེན་ལ། སེམས་བྱུང་གིས་ཁྱད་པར་ལ་ངེས་པ་འདྲེན་པའི་ཁྱད་པར་རྙེད་དཀའོ། །དེས་ན་མདོ་ལས། སེམས་ནི་དོན་གྱི་རྣམ་པ་རིག་པ་ཙམ་ལས་མ་བཤད་ལ། སེམས་བྱུང་གིས་དེ་ལས་ལྷག་པའི་རྣམ་པ་རིག་ཚུལ་གྱི་འཛིན་སྟངས་མི་འདྲ་བའི་ཁྱད་པར་རེ་རེ་ཡོད་པས། དོན་ཙམ་རིག་པ་ནི་རྣམ་པར་ཤེས་པའོ། །ཁྱད་པར་རིག་པ་ནི་སེམས་ལས་བྱུང་བའོ། །ཞེས་གསུངས་སོ། །འཛིན་སྟངས་ཀྱི་ཁྱད་པར་རྒྱས་པར་ནི་ཀུན་ལས་བཏུས་སུ་བཤད་དོ། །རྣམ་པ་ལྔས་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། སེམས་ཀྱི་རྗེས་འཇུག་ཅེས་ཀྱང་བྱ་ལ། རྟེན་གྱི་སྒོ་ནས་སེམས་ཀྱི་རྗེས་སུ་འཇུག་སྟེ། མིག་ཤེས་ཀྱི་རིགས་ཇི་སྙེད་སྐྱེས་པ་ཐམས་ཅད་མིག་ལ་བརྟེན་པའི་དབང་གིས་འཁོར་ཚོར་བ་ལ་སོགས་པ་ཡང་དེའི་དབང་གིས་མིག་ལ་བརྟེན་པའི་ཕྱིར། དཔེར་ན་རྗེ་བོ་དང་བྲན་གཉིས། གྲོང་གཅིག་ན་གནས་ཀྱང་རྗེ་བོའི་དབང་གིས་བྲན་གནས་པ་བཞིན་ནོ། །དམིགས་པའི་སྒོ་ནས་ཀྱང༌། སེམས་ཀྱི་རྗེས་སུ་འཇུག་སྟེ། མིག་ཤེས་ཡུལ་ལ་དམིགས་པའི་དབང་གིས་དེའི་ཚོར་བ་ཡང་ཡུལ་ལ་དམིགས་པའི་ཕྱིར། དཔེར་ན་རྒྱལ་པོ་རང་གི་མངའ་འོག་ལ་ལོངས་སྤྱོད་དེའི་དབང་གིས། དེའི་འཁོར་རྣམས་ཀྱང་གཙོ་བོའི་མཐུས་ལོངས་སྤྱོད་པ་བཞིན་ནོ། །མིག་ཤེས་ཀྱི་རིགས་ཇི་སྙེད་སྐྱེས་པ་ཐམས་ཅད་མིག་གི་དབང་པོ་ལ་བརྟེན་པར་ངེས་པས། མིག་ལག་ལ་བརྟེན་པར་གསུངས་ལ། འཁོར་ཚོར་བ་ལ་སོགས་པ་ནི། རེས་འགའ་རྣ་བའི་རྣམ་ཤེས་ཀྱི་འཁོར་དུ་ཡང་འབྱུང་བའི་ཕྱིར། རྟེན་ངེས་པ་མེད་པས་མིག་ལ་བརྟེན་པར་མ་གསུངས་སོ། །དུས་ཀྱི་སྒོ་ནས་ཀྱང་རྗེས་སུ་འཇུག་སྟེ། གཙོ་བོ་དབང་ཤེས་གྲུབ་པའི་སྟོབས་གྲུབ་པའི་ཕྱིར་དང༌། གཙོ་བོ་རྣམས་རྫས་རེ་རེར་སྐྱེས་པའི་སྟོབས་ཀྱིས་སེམས་བྱུང་ཡང་རྫས་རེ་རེར་འབྱུང་བའི་ཕྱིར་དང༌། གཙོ་བོ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པའི་སྟོབས་ཀྱིས་སེམས་བྱུང་ཡང་ཡུལ་གྱི་རྣམ་པ་ཅན་དུ་འབྱུང་བའི་ཕྱིར། མདོར་ན་མིག་ཤེས་ནི་མིག་ཁོ་ན་ལ་བརྟེན་པ་དང༌། གཟུགས་ཁོ་ན་ལ་དམིགས་པ་ཡིན་ལ། ཚོར་བ་སོགས་ནི་མིག་ཤེས་ཀྱི་འཁོར་དུ་བྱུང་བའི་དབང་གིས་མིག་ལ་བརྟེན་པ་དང༌། གཟུགས་ལ་དམིགས་པར་བརྗོད་ཀྱི། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། ཉན་ཤེས་ཀྱི་འཁོར་དུ་གྱུར་པའི་ཚེ། མིག་ལ་མི་བརྟེན་ཅིང༌། གཟུགས་ལ་མ་དམིགས་པའི་ཕྱིར། གལ་ཏེ་མིག་ཤེས་ཀྱི་འཁོར་དུ་གྱུར་པ་ཉིད་ཉན་ཤེས་ཀྱི་འཁོར་དུ་གྱུར་པ་ཉིད་མེད་དོ་ཞེ་ན། ཚོར་བ་སོགས་ཀྱི་རིགས་ལ་བསམ་པས་ངེས་པ་མེད་དོ། །མིག་ཤེས་ནི་རྣམ་པ་ཀུན་ཏུ་མིག་ལ་བརྟེན་པ་དང༌། གཟུགས་ལ་དམིགས་པ་རིགས་པ་ཙམ་ལའང་ངེས་སོ། །གཉིས་པ་ནི། སེམས་ལ་བརྟེན་ཅིང་འགྲོགས་ནས་འབྱུང་བས་སེམས་བྱུང་ཞེས་བྱའོ། །གསུམ་པ་ལ། སྡེ་ཚན་ལྔར་ཕྱེ་བ་དང༌། གང་གི་འཁོར་དུ་གང་འབྱུང་ཚུལ་ལོ། །ཁམས་དང་ས་གང་ན་དུ་ཞིག་ཡོད་པའོ། །དང་པོ་ནི། སེམས་ཀྱི་ས་མང་པོ་བ་དང༌། དགེ་བའི་ས་མང་བ་དང༌། མི་དགེ་བའི་ས་མང་པོ་བ་དང༌། ཉོན་མོངས་པ་ཆུང་ངུའི་ས་མང་པོ་བ་དང༌། ཉོན་མོངས་པ་ཆེན་པོའི་ས་མང་པོ་བའོ། །དང་པོ་ནི། མཛོད་ལས། ཚོར་དང་འདུ་ཤེས་སེམས་པ་དང༌། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང༌། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་པ་ལྟར་རོ། །འདི་དག་ནི། སེམས་ཀུན་གྱི་གནས་སྐབས་ལ་འབྱུང་བའི་ཕྱིར། སེམས་ཀྱི་ས་མང་པོ་བ་ཞེས་བྱའོ། །གཉིས་པ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམས་མི་འཚེ་དང༌། །བརྩོན་འགྲུས་དགེ་ལ་རྟག་ཏུ་འབྱུང༌། །ཞེས་སོ། །འདི་དག་དགེ་བའི་ས་མང་པོ་བ་མ་ཡིན་ཏེ། དགེ་སེམས་ཀུན་གྱི་གནས་སྐབས་སུ་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་དམུ་དང་རྒོད། །ཅེས་སོ། །འདི་དག་ནི་ཉོན་མོངས་ཆེན་པོའི་ས་མང་པོ་བ་ཡིན་ཏེ། ཉོན་མོངས་པའི་སེམས་ཀུན་གྱི་གནས་སྐབས་སུ་འབྱུང་བའི་ཕྱིར། བཞི་པ་ནི། མི་དགེ་ལས་ནི་ཁྲེལ་མེད་དང༌། །ངོ་ཚ་མེད་པའོ། །ཞེས་སོ། །འདི་དག་ནི་མི་དགེ་བའི་ས་མང་པོ་བ་ཡིན་ཏེ། མི་དགེ་བའི་སེམས་ཀུན་གྱི་གནས་སྐབས་སུ་འབྱུང་བའི་ཕྱིར་རོ། །བཞི་པ་ནི། ཁྲོ་བ་དང༌། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆལ་སེར་སྣ་དང༌། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པའོ། །ཞེས་སོ། །འདི་དག་ནི་ཉོན་མོངས་པ་ཆུང་ངུའི་ས་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་སེམས་ཀྱི་བྱེ་བྲག་འབའ་ཞིག་ལས་འབྱུང་བའི་ཕྱིར། གཉིས་པ་ནི། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་ཐམས་ཅད་འབྱུང་ལ། རྣམ་པར་ཤེས་པ་ལྔའི་འཁོར་དུ་སུམ་ཅུ་རྩ་བདུན་ཏེ། ཉོན་མོངས་ཆུང་ངུའི་ས་བཅུ་དང༌། འགྱོད་པ་དང༌། གཉིད་དང༌། ང་རྒྱལ་དང༌། ཐེ་ཚོམས་རྣམས་ལ་གཏོགས་པའི་ལྷག་མའོ། །གསུམ་པ་ནི། འདོད་པའི་ཁམས་ན་ཐམས་ཅད་ཡོད་དོ། །གཟུགས་ཁམས་ན། མཛོད་ལས། དེ་ལ་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ན། །དེ་ཡི་གོང་ན་དཔྱོད་པའང་མེད། །ཅེས་གསུངས་པ་དང༌། ཁྲོ་བ་དང་ཉོན་མོངས་པ་ཆུང་ངུའི་སའི་ནང་ནས་འཁོན་དུ་འཛིན་པ། ཕྲག་དོག ཚིག་འཆལ་བ། རྣམ་འཚེ་རྣམས་དང༌། འཆབ་པ་དང་སེར་སྣ་སྟེ་བདུན་པོ་མེད་དོ། །བསམ་གཏན་དང་པོ་ན་སུམ་ཅུ་རྩ་དགུའོ། །བསམ་གཏན་ཁྱད་པར་ཅན་ན་རྟོག་པ་ཕྲི་བས་སུམ་ཅུ་རྩ་བརྒྱད་དོ། །གཉིས་པ་ཡན་ཆད་ན། དཔྱོད་པ་ཕྲི་བས་སུམ་ཅུ་རྩ་བདུན་ནོ། །འདི་དག་གི་ཡུལ་འཛིན་ཚུལ་ཡང༌། ཡུལ་གྱིས་བློ་ལ་གཏད་པའི་རྣམ་པ་མེད་པར་ཐུག་ཕྲད་དུ་འཛིན་པ་སྟེ། སྐམ་པས་ལྕགས་སྦྲམ་འཛིན་པ་བཞིན་ནོ། །འདིར་རྣམ་པ་མཚུངས་པ་ཞེས་བྱ་བ་ནི། རྣམ་པ་ནི་ཤེས་རབ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ། ས་མང་པོ་བའི་ཤེས་རབ་ཡོད་པའི་ཕྱིར། འོ་ན་ཤེས་རབ་དང་གཙོ་སེམས་རྫས་མཚུངས་པར་འགྱུར་ཏེ། གཙོ་བོ་སེམས་ཀྱི་རྣམ་པར་རྟོག་པ་ཤེས་རབ་དང༌། འཁོར་གྱི་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་འགྱུར་རོ། །ཞེ་ན། སེམས་སེམས་བྱུང་གཉིས་ཀ་ལ་ཐུན་མོང་དུ་ཤེས་རབ་གཅིག་ཡོད་པས་ཉེས་པ་མེད་དོ། །བཞི་པ་ལྡན་མིན་འདུ་བྱེད་ཀྱི་གཞི་ལ་བཅུ་སྟེ། མཛོད་ལས། ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །འདུ་ཤེས་མེད་སྙོམས་འཇུག་པ་དང༌། །སྲོག་དང་མེད་རྣམ་ཤེས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང༌། །ཞེས་སོ། །མང་པོས་བཀུར་བའི་སྡེ་པ་ནི། ཆུད་མི་ཟ་ཞེས་པའི་ལྡན་མིན་འདུ་བྱེད་འདིར་མ་འདུས་པར་འདོད་ཅིང༌། འགའ་ཞིག་དགེ་འདུན་གྱི་དབྱེན་ལ་སོགས་པ་དང༌། སེམས་ཅན་གྱི་རྒྱུད་ལ་འབྲས་བུའི་རྟགས་སུ་གྱུར་པའི་ལྡན་མིན་འདུ་བྱེད་ཀྱི་ཁྱད་པར་འགའ་ཞིག་ཡོད་པ་འདིར་མ་འདུས་པར་འདོད་དོ། །དེ་ལ་ཐོབ་པ་ནི། གང་ཟག་ལ་ཐོབ་བྱའི་ཆོས་ལྡན་པར་བྱེད་པ་མི་ལྡན་པའི་འདུ་བྱེད་དོ། །ཐོབ་བྱའི་ཆོས་ཀྱང་འགོག་པ་མ་གཏོགས་པ་རྒྱུད་ལ་ལྡན་པ་ལ་རྩི་སྟེ། རྒྱུད་ཀྱིས་མ་བསྡུས་པའི་ཕྱི་རོལ་གྱི་རྫས་ནི། རང་གི་དབང་བའི་ཆོས་གནས་སྐབས་གཞན་དུ་གཞན་གྱིས་བདག་ཏུ་བྱས་པ་སྲིད་པའི་ཕྱིར། འདི་ལ་ལྡན་གྱི་གཞན་ལ་མི་ལྡན་ནོ་ཞེས་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །དབྱེ་བ་ནི་གསུམ་སྟེ། མ་རྙེད་པ་ལ་རྙེད་ནས་ལྡན་པ་དང༌། ཉམས་པ་རྙེད་ནས་ལྡན་པ་དང༌། ཀུན་ཏུ་ལྡན་པའོ། །དང་པོ་ནི། སྡུག་བསྔལ་ཆོས་ཡོད་ཀྱི་ཐོབ་པའི་སྐད་ཅིག་གཉིས་པ་ནས་བཟུང་སྟེ། སྐད་ཅིག་བཅོ་ལྔའི་བར་དུ་ལྡན་པ་བཞིན་ནོ། །གཉིས་པ་ནི། སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའི་སྐད་ཅིག་མ་གཉིས་པ་མན་ཆད་མ་བཏང་གི་བར་དུ་ལྡན་པ་བཞིན་ནོ། །གསུམ་པ་ནི། བྱིས་པ་ལ་སྲིད་རྩེའི་ཉོན་མོངས་པ་ཐོབ་པ་བཞིན་ནོ། །ཐོབ་ནས་ལྡན་ཅིང་ཉེས་པ་མེད་པའི་ཕྱིར། ཐོབ་པ་ནི་གཉིས་ཏེ། ཐོབ་བྱའི་ཆོས་ལྡན་པར་བྱེད་པའི་ཐོབ་པ་དང༌། ཐོབ་པ་ཉིད་ལྡན་པར་བྱེད་པའི་རྗེས་ཀྱི་ཐོབ་པའོ། །འོ་ན་རྗེས་ཀྱི་ཐོབ་པ་ལ་ཡང་ཐོབ་པ་གཞན་དགོས་ན་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཕན་ཚུན་ལྡན་པས་མི་འགྱུར་ཏེ། ཐོབ་པས་རྗེས་དང་རྗེས་ཀྱི་ཐོབ་པ་དང་ཆོས་ཀྱི་ཐོབ་པ་གཉིས་ཀ་ལྡན་པར་བྱེད་ལ། རྗེས་ཀྱི་ཐོབ་པས་ནི་ཐོབ་པ་གཅིག་ཏུ་ལྡན་པར་བྱེད་དོ། །རྙེད་པ་དང་ལྡན་པའི་ཁྱད་པར་ཅི་ཞེ་ན། རྙེད་པ་ནི་ཆོས་ལྡན་པར་བྱེད་པའི་ཐོབ་པ་སྔར་མེད་པ་གསར་དུ་བྱུང་བ་ཡིན་ལ། ལྡན་པ་ནི་དང་པོར་རྙེད་པ་དེའི་སྐད་ཅིག་མ་གཉིས་ལ་ཕན་ཆད་མ་བཏང་གི་བར་དུ་ཐོབ་པའི་རྒྱུན་གནས་པའོ། །རྙེད་པ་ལ་ཡང་གཉིས་ཏེ། མ་རྙེད་པ་ལས་རྙེད་པ་དང༌། ཉམས་པ་ལས་རྙེད་པའོ། །དང་པོ་ནི། སྡུག་བསྔལ་ཆོས་ཡོད་ཀྱི་ཐོབ་པ་གསར་དུ་སྐྱེས་པ་ལྟ་བུའོ། །གཉིས་པ་ནི། སོ་ཐར་གྱི་སྡོམ་པ་བར་དུ་ཉམས་པ་ཕྱིས་རྙེད་པ་ལྟ་བུའོ། །དུས་ཀྱི་སྒོ་ནས་ནི་དགུ་སྟེ། དུས་གསུམ་པའི་རྣམ་པ་གསུམ། །ཞེས་པ་ལྟར་རོ། །དེ་ལ་ཐོབ་བྱའི་ཆོས་འདས་པའི་ཐོབ་པ་དུས་གསུམ་པ་ནི། ཐོབ་བྱའི་ཆོས་འདས་པ་རང་གི་སྔོན་དུ་སོང་བའི་ཐོབ་པ་དང༌། འདས་པ་རང་དང་དུས་གཅིག་པ་དང༌། རང་གི་ཕྱིས་འབྱུང་བ་ལྟ་བུའོ། །ཐོབ་བྱའི་ཆོས་ད་ལྟར་བའི་ཐོབ་པ་དུས་གསུམ་པ་ནི། ད་ལྟར་བ་རང་ནི་སྔོན་དུ་སོང་བའི་ཐོབ་པ་དང༌། རང་དང་དུས་གཅིག་པ་དང༌། རང་གི་རྗེས་ཐོགས་སུ་འབྱུང་བའོ། །མ་འོངས་པའི་ཐོབ་པ་དུས་གསུམ་པ་ནི། ཐོབ་པ་སྔར་བྱུང་ནས་ཐོབ་བྱའི་རྗེས་ཐོགས་སུ་འབྱུང་བ་དང༌། དེ་ཡང་དུས་གཅིག་པ་དང༌། རང་གི་རྗེས་ཐོགས་སུ་རང་གི་ཐོབ་པ་བྱུང་བའོ། །གཞན་གྱིས་ནི་འདི་མ་གཏོགས་པར་སྣང་ངོ༌། །མ་ཐོབ་པ་ནི། ཡང་བསྐྱར་རྒྱུད་དུ་གཏོགས་པའི་ཆོས་གང་གི། འགའ་ཞིག་རྒྱུད་ལ་མི་ལྡན་པར་བྱེད་པའི་རྫས་སོ། །མ་ཐོབ་པ་ལ་ཡང་གཉིས་ཏེ། མ་རྙེད་པ་དང་མི་ལྡན་པ་དང༌། ཉམས་པ་ལས་མི་ལྡན་པའོ། །དང་པོ་ནི། མ་ཐོབ་པ་སྐད་ཅིག་དང་པོར་སྐྱེས་པའོ། །གཉིས་པ་ནི། དེས་སྐད་ཅིག་མ་གཉིས་པ་ཕན་ཆད་དུ་དེས་གནས་པའོ། །མ་རྙེད་པ་ནི་གཉིས་ཏེ། མ་རྙེད་པ་ལ་མ་རྙེད་པ་དང༌། ཉམས་པ་ལས་མ་རྙེད་པའོ། །དང་པོ་ནི། མཐོང་ངམ་སྐྱེས་པའི་ཚེ་མཐོང་མྱོང་དང་བཏང་བས་དེས་མ་ཐོབ་པ་བཞིན་ཏེ། མཐོང་མྱོང་གི་མ་ཐོབ་པ་ནི་སྔར་སྐྱེ་མ་མྱོང་བའི་ཕྱིར་ཏེ། སྔར་མཐོང་མྱོང་དང་ལྡན་པ་ཁོ་ནར་གནས་པའི་ཕྱིར། གཉིས་པ་ནི། སོ་ཐར་གྱི་སྡོམ་པ་བཏང་བའི་ཚེ་དེའི་མ་ཐོབ་པ་བཞིན་ནོ། །མ་ཐོབ་པ་ནི་གཉིས་ཏེ། ཆོས་མི་ལྡན་པར་བྱེད་པའི་མ་ཐོབ་པ་དང༌། མ་ཐོབ་པ་ཉིད་མི་ལྡན་པར་བྱེད་པའི་མ་ཐོབ་པའོ། །མ་ཐོབ་པའི་མ་ཐོབ་པ་བཏང་བས། ཆོས་ཐོབ་པར་མི་འགྱུར་ཏེ། ས་འཕོས་པས་མ་ཐོབ་པ་བཏང་བ་བཞིན་ནོ། །མ་ཐོབ་པ་གཏོང་བའི་རྒྱུ་ནི་གཉིས་ཏེ། ཆོས་ཐོབ་པས་དང༌། ཆོས་མ་ཐོབ་ཀྱང་ས་འཕོས་པས་གཏོང་བས་སོ། །སྐལ་མཉམ་ནི། སེམས་ཅན་གྱི་བྱེ་བྲག་སྣ་ཚོགས་པ་ལ་སེམས་ཅན་གྱི་སྒྲ་ཞེས་འཇུག་པའི་རྒྱུ་ལྡན་མིན་འདུ་བྱེད་དོ། །འདི་ལ་སེམས་ཅན་ཙམ་དུ་འདྲ་བའི་སྐལ་མཉམ་དང༌། ནང་ཚན་རིགས་མཐུན་པའི་སྐལ་མཉམ་དང་གཉིས་སོ། །འདུ་ཤེས་མེད་པའི་སྙོམས་འཇུག་གི་འབྲས་ཤུན་གྱི་འབྲུ་ལྟར། བསམ་གཏན་བཞི་པའི་འབྲས་བུའི་ཆེ་བའི་རྟེན་ལ་ཡོད་པ་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་འགོག་པའོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི། སོ་སོ་སྐྱེ་བོའི་རྟེན་ཅན་གྱི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཐོབ་པའི་མཚུངས་ལྡན་འགོག་པའི་ལུས་ཀྱི་གནས་སྐབས་སོ། །བསམ་གཏན་བཞི་པ་ལ་བརྟེན་པའི་ཏིང་ངེ་འཛིན་ནི། ལུས་སུ་རུང་བས་དེ་ལ་བརྟེན་ནས་མཚུངས་ལྡན་སྤྱོད་སླ་བའི་ཕྱིར། ཀུན་སློང་གི་སྒོ་ནས་དགེ་བ་ཡིན་ཏེ། ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་འཇུག་པའི་ཕྱིར། འདིར་འགོག་པའི་སྙོམས་འཇུག་ལ། མཚན་ཉིད་དང༌། མཚོན་བྱའི་སྒྲ་དོན་དང༌། མཚན་གཞིའི་རྣམ་གཞག་གོ །དང་པོ་ནི། འཕགས་པའི་རྟེན་ཅན་གྱི་སྲིད་རྩེའི་སེམས་ལ་བརྟེན་ནས་ཐོབ་པའི་སྙོམས་འཇུག་གི་གང་ཟག་གི། མཚུངས་ལྡན་བཀག་པའི་ལུས་ཀྱི་གནས་སྐབས་ཀྱི་འདུ་བྱེད་དོ། །གཉིས་པ་ནི། མཚུངས་ལྡན་སྐྱེ་རུང་འགོག་པའི་སྙོམས་འཇུག་ཡིན་པས་དེ་སྐད་བརྗོད་དོ། །གསུམ་པ་ལ། བརྟེན་གང་གིས་འཇུག་པ་དང༌། ཁམས་གང་དུ་འཇུག་པ་དང༌། ཁྱད་པར་གྱི་ཆོས་སྤྱད་པའོ། །དང་པོ་ནི། སོ་སྐྱེས་ནི་འཇུག་པར་མི་ནུས་ཏེ། འཕགས་ལམ་མ་ཐོབ་པའི་ཕྱིར་དང༌། བདག་ཆད་ཀྱི་དྭོགས་པའི་འཇིགས་པ་དང་ལྡན་པས་སོ། །འོ་ན་འདུ་ཤེས་མེད་པའི་སྙོམས་འཇུག་ལའང་འཇུག་པར་མི་འགྱུར་རོ་ཞེ་ན། གཟུགས་ཀྱི་ཕུང་པོ་ལ་བདག་ཏུ་བཟུང་བས་མི་འཇིགས་སོ། །འདི་ལའང་གཟུགས་ལ་བདག་ཏུ་བཟུང་བས་མི་འཇིགས་པར་འགྱུར་རོ་ཞེ་ན། འདི་ནི་སྲིད་པའི་རྩེ་མོ་ལ་བསྟེན་ལ་དེ་ལ་གཟུགས་ཀྱི་འདུ་ཤེས་བཤིག་པར་མི་མཚུངས་སོ། །འཕགས་པ་ལའང་རྒྱུན་ཞུགས། ཕྱིར་འོང་གིས་མི་འཇུག་སྟེ། སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར། ཕྱིར་མི་འོང་ཡང་སྲིད་རྩེའི་སེམས་མ་ཐོབ་པས་འཇུག་མི་ནུས་ཤིང༌། དྲོད་ནས་མི་སྐྱེ་བ་ཤེས་པའི་བར་སྟན་ཐོག་གཅིག་ལ་བར་མ་ཆད་དུ་མངོན་དུ་བྱེད་པའི་གོ་སྐབས་མེད་པའི་ཕྱིར་རོ། །ཚོགས་སྤྱོད་པ་ལ་ནི་མི་སློབ་པའི་གནས་སྐབས་སུའང་འཇུག་པ་མི་སྲིད་དོ། །ཐེག་ཆེན་པས་སློབ་པའི་གནས་སྐབས་སུ་མི་འཇུག་སྟེ་རྒྱུ་མཚན་སྔ་མ་ལྟར་རོ། །འོ་ན་སངས་རྒྱས་གཉིས་ཀའི་ཆ་ལས་རྣམ་གྲོལ་མིན་པར་ཐལ། འགོག་པ་ལ་སྙོམས་པར་མ་ཞུགས་པའི་ཕྱིར་ཞེ་ན། ཉི་འོག་པ་རྣམས་བྱང་ཆུབ་པའི་སྔ་རོལ་དུ་ཞུགས་པས་ཉེས་པ་མེད་དོ་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ན་རེ། ཇི་སྲིད་ཟག་མེད་མ་ཐོབ་བར། །དེ་སྲིད་སྐྱིལ་ཀྲུང་བཤིག་མི་བྱ། །ཞེས་པའི་དོན་དང་འགལ་ལོ་ཟེར་རོ། །འདི་ནི་སྐྱིལ་ཀྲུང་མི་བཤིག་གི་དོན་གྱི། ཟག་མེད་ཀྱི་སེམས་ལས་མི་བཏང་བའི་དོན་ནི་མིན་ནོ་ཞེས་ཟེར་རོ། །ཁ་ཆེ་བས། དངོས་སུ་མ་ཞུགས་ཀྱང་དབང་ཐོབ་པའི་ཕྱིར་གཉིས་ཀའི་ཆ་ལས་རྣམ་གྲོལ་མིན་པར་མི་འགྱུར་རོ་ཞེས་ཟེར་རོ། །གཉིས་པ་ནི། འདོད་པ་དང་གཟུགས་ཀྱི་རྟེན་ལ་འཇུག་པ་ཡིན་ལ། གཟུགས་མེད་ཀྱི་རྟེན་ལ་སྙོམས་པར་འཇུག་པ་མེད་དེ། སྐྱོ་བ་སྐྱེ་བའི་ཚོར་འདུ་རགས་པ་ཞི་བའི་དོན་དུ་འཇུག་ཅིང༌། ཞི་བའི་རྣམ་པར་ཐར་པ་ཐོབ་པས་དེར་སྐྱོ་བ་མེད་པའི་ཕྱིར་རོ། །དང་པོར་མིའི་རྟེན་ལ་འཇུག་སྟེ། ཚོར་འདུ་རགས་པས་སྐྱོ་བ་སྐྱེ་སླ་བའི་ཕྱིར། གཟུགས་ཀྱི་རྟེན་ཅན་གྱི་འགོག་སྙོམས་མི་འཐད་པར་ཐལ། མིའི་རྟེན་ལ་འགོག་སྙོམས་ཐོབ་པ་གཟུགས་སུ་མི་སྐྱེ་བའི་ཕྱིར་ཏེ། གཟུགས་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་ཞེ་ན། རྒྱལ་སྲས་མས་མུ་བཞིའི་ལན་མཛད་པ་ནི་ཤེར་ཕྱིན་གྱི་རྣམ་བཤད་དུ་བསྟན་ཟིན་ཏོ། །སྐུ་མཆེད་གཉིས་ཀྱིས་ལན་མཛད་པ། ཕྱིས་གཟིགས་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་རྟེན་པ་དེར་སྐྱེ་སྲིད་པའི་ཕྱིར། དེའི་དབང་དུ་བྱས་པར་འདོད་དེ། འོ་ན་འཕགས་པའི་སྤངས་རྟོགས་ཤེས་པར་འགྱུར་རོ་ཞེ་ན། ཟག་མེད་ལམ་གྱི་སྤངས་པ་མི་ཉམས་པ་ཡིན་གྱི། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་གཟུགས་མེད་དང་པོ་གསུམ་ལ་འདོད་ཆགས་དང་བྲལ་བར་བྱས་ནས་འགོག་པ་ཐོབ་པ་ནི་ཉམས་པ་སྲིད་པས་ཉེས་པ་མེད་དོ། །གསུམ་པ་ནི། སའི་ཁྱད་པར་སྲིད་རྩེ་ལ་བརྟེན་པ་དང༌། འདུ་ཤེས་ཀྱི་ཁྱད་པར་ཞི་བར་གནས་པའི་འདུ་ཤེས་སོ། །ཆེད་དུ་བྱ་བའི་ཁྱད་པར་སྐྱོ་བ་སྐྱེད་པའི་ཚོར་འདུ་ཞི་བའི་ཆེད་དུའོ། །གནས་སྐབས་ཀྱི་ཁྱད་པར་སེམས་མེད་ལུས་ཀྱི་གནས་སྐབས་སོ། །དགག་བྱའི་ཁྱད་པར་ཚོགས་དྲུག་འཁོར་བཅས་སོ། །རྟེན་གྱི་ཁྱད་པར་ནི། འཕགས་པ་ཁོ་ནའོ། །སྲོག་གི་དབང་པོ་ནི། དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། རིགས་མཐུན་གནས་བྱེད་ཀྱི་རྫས་སོ། །སྲོག་གི་རྟེན་གང་ཞེ་ན། དྲོད་རྣམ་པར་ཤེས་པ་ཉིད་ཅེའོ། །འོ་ན་ནམ་ཡང་བཟློག་པ་མེད་པར་འགྱུར་ཏེ། ཕན་ཚུན་བརྟེན་ནས་འཇུག་པའོ། །བྱེ་བྲག་སྨྲ་བས། སྲོག་གི་རྟེན་པས་ཡིན་ནོ་ཞེས་འདོད་དོ། །འོ་ན་རྣམ་པར་ཤེས་པའི་རྟེན་ཡང་ལས་ཡིན་པས་སྲོག་དོན་པ་ཉིད་དོ་ཞེ་ན། རྣམ་ཤེས་པའི་རྟེན་ལས་མིན་ཏེ། གཞན་དུ་ན་ལས་ཀྱི་རྣམ་སྨིན་དུ་འགྱུར་བས། དགེ་བ་ཉོན་མོངས་པ་ཅན་དགེ་བའམ། ཉོན་མོངས་པ་ཅན་མེད་པར་འགྱུར་རོ། །དེས་ན་སྲོག་དང་རྣམ་པར་ཤེས་པའི་རྟེན། རིགས་མཐུན་གནས་པར་བྱེད་པའི་མི་ལྡན་པའི་འདུ་བྱེད་ཀྱི་རྫས་སོ་ཞེས་སོ། །མདོ་སྡེ་པ་ནི། ལས་ཀྱི་མཐུས་རིགས་མཐུན་གནས་པའི་དུས་ངེས་པ་ལ་བཏགས་སོ། །མདའ་འཕངས་པའི་དུས་ཀྱི་ངེས་པ་བཞིན་ནོ་ཞེས་འདོད་དོ། །འདུས་བྱས་ཀྱི་མཚན་ཉིད་ལ། མཚན་ཉིད་དངོས་དང༌། རྩོད་པ་སྤོང་བའོ། །དང་པོ་ནི། འདུས་བྱས་ཀྱི་མཚན་ཉིད། སྐྱེ་བ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པ་བཞིའོ། །སྐྱེ་བ་ནི་འདུས་བྱས་མ་འོངས་པ་ནས་ད་ལྟར་དུ་འདྲེན་པར་བྱེད་པའི་ཆོས། གནས་པ་ནི། ད་ལྟ་བར་གནས་པར་བྱེད་པའོ། །རྒ་བ་ནི། ད་ལྟ་བ་རྙིང་པར་བྱེད་པའོ། །མི་རྟག་པ་ནི། འདུ་ཤེས་བྱས་འདས་པའི་བར་འཇུག་པར་བྱེད་པའོ། །སྐྱེ་སོགས་ལ་འདུས་བྱས་སུ་མཚོན་པར་བྱེད་པའི་མཚན་ཉིད་མེད་ན། འདུས་བྱས་སུ་མི་འགྱུར་ལ། ཡོད་ན་འདུ་བྱེད་དུ་འགྱུར་རོ་ཞེ་ན། མཐུན་པའི་མཚན་ཉིད་ཅེས་བྱ་བ་ལ་མཐུན་པའི་མཚན་ཉིད་གཞན་ཡོད་པས། འདུས་བྱས་མ་ཡིན་པར་མི་འགྱུར་རོ། །དེ་ལ་སྐྱེ་བ་ལ་ནི། སྐྱེ་བའི་སྐྱེ་བ་དང༌། གནས་པ་ལ་ནི། གནས་པའི་གནས་པ་དང༌། རྒ་བ་ལ་ནི། རྒ་བའི་རྒ་བ་དང༌། མི་རྟག་པ་ལ་ནི། མི་རྟག་པའི་མི་རྟག་པའོ། །དེ་ལ་རྩ་བའི་སྐྱེ་བས། མཚན་ཉིད་འདུས་བྱས་དང༌། རང་གི་ཟླ་བོ་གསུམ་དང་མཐུན་པའི་མཚན་ཉིད་བཞི་ད་ལྟར་བའི་གནས་སུ་འདྲེན་པར་བྱེད་ལ། སྐྱེ་བའི་སྐྱེ་བས་ནི། རྩ་སྐྱེ་ཁོ་ན་ད་ལྟར་བའི་གནས་སུ་བརྟེན་པར་བྱེད་པས་ན། དེ་བཞིན་དུས་གནས་པས་ཀྱང་ཆོས་བརྒྱད་གནས་པར་བྱེད་ལ། གནས་པའི་གནས་པས་རྩ་བའི་གནས་པ་གཅིག་པུ་གནས་པར་བྱེད་དེ། གཞན་གཉིས་ལའང་དེ་བཞིན་ནོ། །མཛོད་ལས། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་པ་ལྟར་རོ། །རྩ་བའི་མཚན་ཉིད་དང༌། མཐུན་པའི་མཚན་ཉིད་གཉིས། ཕན་ཚུན་མཚོན་པའི་མཚན་ཉིད། གསུམ་པ་བཙལ་མི་དགོས་པས་ཐུགས་མེད་དུ་ཡང་མི་འགྱུར་རོ། །མིང་གི་ཚོགས་ལ་སོགས་པ་གསུམ་སྟེ། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་སོ། །མིང་ནི། རང་གི་ངོ་བོ་གོ་བར་བྱེད་པའི་འདུ་བྱེད་ཀྱི་རྫས་སོ། །ཚིག་ནི། རང་གི་ངོ་བོ་ཁྱད་པར་དང་སྦྱར་ནས་གོ་བར་བྱེད་པའི་འདུ་བྱེད་ཀྱི་རྫས་སོ། །ཡི་གེ་ནི། མིང་ཚིག་གཉིས་ཀའི་རྟེན་དུ་གྱུར་པ་མ་འདུས་པ། དོན་ལ་མཚམས་བཅད་པའི་དབང་གིས་དོན་གོ་བར་བྱེད་པའི་རྟེན་ནོ། །ཡི་གེ་དུ་མ་འདུས་པ་ཙམ་གྱིས་མིང་དུ་མི་འགྱུར་ཏེ། ཀ་ཁ་ལ་སོགས་པ་བཞིན་ནོ། །ཚིག་ལ་མིང་འདུས་པས་ཁྱབ་ཀྱང༌། མིང་འདུས་པ་ཙམ་གྱིས་ཚིག་ཏུ་མི་འགྱུར་ཏེ། ཕན་ཚུན་ཁྱད་པར་དང་མ་འབྲེལ་བ་ནམ་མཁའ་དང་ས་གཞི་དང་རྒྱ་མཚོ་ཞེས་པ་བཞིན་ནོ། །ངོ་བོ་ངོས་བཟུང་ལ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། འཇིག་རྟེན་གྱི་གྲགས་པ་ཅན་ནོ། །དང་པོ་ནི། ཡི་གེའི་ངོ་བོ་ནི། ཀ་ཞེས་པའི་སྒྲ་ཉན་ཤེས་ཀྱིས་ཐོས་པ་ལས་དེའི་རྗེས་སུ་ཡི་གེ་ལ་ཀའི་དོན་སྤྱི་སྣང་བའོ། །སྒྲ་ཡི་གེ། སྒྲ་དེའི་རྗེས་སུ་འགགས་པའི་ཕྱིར། ཤེས་པ་ཡང་མིན་ཏེ། རང་གིས་རང་འཛིན་པ་འགལ་བའི་ཕྱིར། དེས་ན་ལྡན་མིན་འདུ་བྱེད་ཀྱི་རྫས་སོ། །མིང་ཡང༌། རྟོགས་པ་ལ་སྣང་བའི་དོན་གྱི་ངོ་བོ་ཙམ་གོ་བར་བྱེད་པའི་ལྡན་མིན་འདུ་བྱེད་དོ། །ཚིག་གི་ཚོགས་ཀྱང༌། རྟོག་པ་ལ་སྣང་བའི་ལྡན་མིན་འདུ་བྱེད་ཁོ་ནའོ། །ངག་ནི་རང་བཞིན་མིན་ཏེ། ངག་གི་སྒྲ་ཡིན་ལ། སྒྲ་ཙམ་གྱིས་དོན་གོ་བར་མི་འགྱུར་བའི་ཕྱིར། ངག་གིས་མིང་ལ་འཇུག་ལ་མིང་གིས་དོན་དཔྱོད་པར་བྱེད་པ་ཡིན་ནོ་ཞེས་འདོད་དོ། །མཚན་ཉིད་ནི། སྒྲ་ཙམ་ཁོ་ན་ངག་མིན་གྱི། དོན་གོ་བར་འགྱུར་བའི་སྒྲ་དེ་ནི་ངག་ཡིན་ནོ། །སྒྲ་གང་གིས་དོན་གོ་བར་འགྱུར་ཞེ་ན། སྨྲ་བ་པོས་དོན་ལ་མཚམས་བཅད་པའི་སྒྲའོ་ཞེས་སོ། །སེམས་ཙམ་པའང༌། ལྡན་མིན་འདུ་བྱེད་དུ་འདོད་ལ། བཏགས་པ་ཙམ་དུ་འདོད་པ་ནི་ཁྱད་དོ། །དོན་ལ་ཤེས་པའི་ཁྱད་པར་ཡིན་ལ། ཐ་སྙད་ཤེས་པ་ཉིད་མིང་ཚིག་ཡི་གེའི་སྣང་བའོ། །བཞི་པ་ནི། འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་རྣམ་པར་འཇོག་གོ །གནས་སྐབས་དང་མཐར་ཐུག་གི་དོན་སྟོན་པ་ནི། ལྟོས་བཅས་ཡིན་ལ། ལྟོས་བཅས་ཀྱང་འདི་ཉིད་ཁོ་ནས་འཇོག་དགོས་པའི་ཕྱིར་གསུམ་དུ་བསྟན་ཏོ། །འདུས་བྱས་འདི་དག་གང་ལས་སྐྱེས་པའི་རྒྱུ་དང་རྐྱེན་གཉིས་བཤད་པ་ལ། རྒྱུ་ལ། མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་སོ། །རྒྱུ་ནི་ཐུན་མོང་བའོ། །ལྷག་མ་ལྔ་པོ་ལ་རྒྱུས་དུས་མཉམ་པ་དང༌། མི་མཉམ་པའོ། །དུས་མཉམ་པ་ལ་ཡང༌། སྤྱི་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །ཁྱད་པར་ནི་མཚུངས་ལྡན་གྱི་རྒྱུའོ། །དུས་མཉམ་པ་ལའང༌། འབྲུ་དང་མི་འདྲ་བ་དང༌། འདྲ་བའོ། །འདྲ་བ་ལ་སྤྱིར་འདྲ་བ་ནི། སྐལ་མཉམ་གྱི་རྒྱུའོ། །བྱེ་བྲག་སྨྲ་བ་ནི། ཀུན་འགྲོའི་རྒྱུའོ། །མི་འདྲ་བ་ནི་རྣམ་སྨིན་གྱི་རྒྱུའོ། །བྱེད་རྒྱུ་ནི། རང་ལས་གཞན་པའི་འབྲས་བུ་སྐྱེ་བཞིན་པ་ལ་མི་སྒྲིབ་པའོ། དབྱེ་ན་བྱེད་རྒྱུ་ནུས་བཅས་དང༌། དུས་མེད་གཉིས་ལས། དང་པོས་ནི། འབྲས་བུ་སྐྱེད་དེ། ས་བོན་གྱིས་མྱུ་གུ་དང༌། མིག་གིས་དབང་པོས་མིག་ཤེས་སྐྱེད་པ་ལྟ་བུའོ། །གཉིས་པ་ནི། འདུས་མ་བྱས་ཀྱིས་མྱུ་གུ་སྐྱེ་བཞིན་པའི་གེགས་མི་བྱེད་པ་ལྟ་བུའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི། ནང་དང་དུས་གཅིག་པའི་འབྲས་བུ་ས་ལ་ཕོགས་པ་སྟེ། ཚོགས་པ་གཅིག་འདི་འབྱུང་བས་ཕན་ཚུན་སྐྱེད་པ་བཞིན་ནོ། །འདུས་བྱས་དང༌། རྩ་བའི་མཚན་ཉིད་བཞི་ནི། ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་ལ། འདུས་བྱས་མཐུན་པའི་མཚན་ཉིད། ལྷན་ཅིག་འབྱུང་རྒྱུ་ཡིན་ལ། མཐུན་པའི་མཚན་ཉིད་ཀྱིས། རྩ་བའི་མཚན་ཉིད་ལྷན་ཅིག་འབྱུང་རྒྱུ་མི་བྱེད་པ་ནི་མངོན་པ་འོག་མས་འདོན་པའི་འདོད་པའོ། །མཚུངས་ལྡན་གྱི་རྒྱུ་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། མཚུངས་ལྡན་གྱི་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར། འབྱུང་འགྱུར་རྣམས་ནི་ཕན་ཚུན་འབྱུང་རྒྱུ་མིན་ཏེ། ཕན་ཚུན་གྱི་དབང་གིས་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། ཡན་གར་དུ་སྐྱེ་བ་ཡིན་པའི་ཕྱིར། འབྱུང་བ་ཡང་འབྱུང་འགྱུར་གྱི་ལྷན་ཅིག་འབྱུང་རྒྱུ་མ་ཡིན་ཏེ། འབྱུང་འགྱུར་དང་ལྷན་ཅིག་འབྱུང་བར་མ་ངེས་པའི་ཕྱིར་དང༌། འབྱུང་འགྱུར་གྱི་དམིགས་མེད་ཀྱི་རྒྱུ་ཁོ་ནར་ངེས་པའི་ཕྱིར་རོ། །བྱེད་རྒྱུ་བྱེད་པའི་ཚུལ་ནི་ལྔ་སྟེ། སྐྱེ་ཕྱིར་རྟེན་ཕྱིར་གནས་ཕྱིར་དང༌། །བསྟེན་པའི་ཕྱིར་དང་འཕེལ་བྱའི་ཕྱིར། །ཞེས་པ་ལྟར་རོ། །སྐལ་མཉམ་གྱི་རྒྱུ་ནི། རང་དང་འདྲ་བའི་འབྲས་བུ་སྐྱེད་པའོ། །དེ་ལ་ཟས་དང༌། ཟག་མེད་ཀྱི་སྐལ་མཉམ་གྱི་རྒྱུ་གཉིས་ལས། དང་པོ་ནི། རང་དང་ས་གཅིག་པའི་རིགས་འདྲ་ཕྱི་མ་སྐྱེད་པར་བྱེད་པའོ། །གཉིས་པ་ནི། རང་དང་རིགས་གཅིག་མཉམ་པའི་ཁྱད་པར་ཅན་ལ་མི་གཅིག་པའམ་རིགས་མཐུན་པར་སྐྱེད་པས་སོ། །དཔེར་ན། ཟག་མེད་ཀྱི་བསམ་གཏན་ལ་སྙོམས་པར་ཞུགས་པའི་ཚེ། བསམ་གཏན་དང་པོ་ལ་བརྟེན་པའི་ཟག་མེད་ཀྱིས་བསམ་གཏན་གཉིས་པ་ལ་བརྟེན་པའི་ཟག་མེད་རང་དང་མཉམ་པའི་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་དང༌། ལུགས་མཐུན་དུ་སྙོམས་པར་ཞུགས་པའི་ཚེ། བསམ་གཏན་གཉིས་པ་ལ་བརྟེན་ནས་ས་དང་པོའི་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་ལྟ་བུའོ། །ཟས་ཀྱི་སྐལ་མཉམ་བྱེད་རྒྱུས་ནི། རང་དང་རིགས་གཅིག་པའི་སྐལ་མཉམ་གྱི་རྒྱུ་བྱེད་དོ། །སྤངས་བྱ་ལ། སྡུག་བསྔལ་དང༌། ཀུན་འབྱུང༌། འགོག་པ་དང༌། ལམ་མཐོང་སྤངས་ཀྱི་རིགས་དང༌། སྒོམ་སྤངས་ཀྱི་རིགས་ལྔ་ལས། དང་པོས་སྡུག་བསྔལ་མཐོང་སྤངས་ཀྱི་སྐལ་མཉམ་གྱི་རྒྱུ་བྱེད་ཀྱིས། སྤངས་བྱའི་རིགས་གཞན་གྱིས་མ་ཡིན་ལ། དེ་བཞིན་དུ་སྒོམ་པས་སྤོང་བར་བྱ་བའི་རིགས་ཀྱིས་རང་རིགས་ཀྱིས་བྱེད་ཀྱི་གཞན་གྱིས་མ་ཡིན་པ་ལྟ་བུའོ། །ཀུན་འགྲོའི་རྒྱུ་ནི། རང་སའི་ཉོན་མོངས་ཅན་སྐྱེད་བྱེད་དང་འབྲས་བུའི་སྔར་སྐྱེས་པ་སྟེ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །ཞེས་པ་ལྟར་རོ། །དཔེར་ན་འགོག་པ་མཐོང་སྤངས་ཀྱི་རིགས་གཞན་གྱི་ཉོན་མོངས་པ་ཅན་ཡང་སྐྱེད་པ་ལྟ་བུའོ། །འདི་དང་སྐལ་མཉམ་གྱི་རྒྱུ་ལ་ཁྱད་ཅི་ཡོད་ཞེ་ན། སྐལ་མཉམ་གྱི་རྒྱུ་ནི། དགེ་བ་ལུང་མ་བསྟན་སོགས་འབྲས་བུ་འདྲ་བ་རྣམས་ཀྱི་རྒྱུ་བྱེད་པ་ཡིན་ལ། ཀུན་འགྲོའི་རྒྱུ་ནི། ཉོན་མོངས་པ་ཅན་ཁོ་ནའི་སྐལ་མཉམ་གྱི་རྒྱུ་བྱེད་པའོ། །རྣམ་སྨིན་གྱི་རྒྱུ་ནི། ལུང་དུ་བསྟན་པའི་ཟག་པ་དང་བཅས་པའི་ཆོས་གང་དག་གི་འབྲས་བུས་རྣམ་སྨིན་སྐྱེད་དོ། །ཟག་མེད་ནི་མ་ཡིན་ཏེ། སྲེད་པ་དང་བྲལ་བས་རྣམ་སྨིན་མི་འཛིན་པའི་ཕྱིར། ལུང་མ་བསྟན་ཡང་མ་ཡིན་ཏེ། རྣམ་སྨིན་འབྱིན་མི་ནུས་པའི་ཕྱིར་ཏེ། རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བ་ནི་ཅི། རྣམ་པར་སྨིན་པ་སྐྱེད་བྱེད་ཀྱི་རྒྱུའམ། རྣམ་པར་སྨིན་པ་ཡང་ཡིན་ལ་རྒྱུ་ཡང་ཡིན་པས་དེ་སྐད་བརྗོད། དང་པོ་ལྟར་ན། མིག་ལ་རྣམ་སྨིན་ལས་སྐྱེས་པ་ཞེས་མི་རུང་སྟེ། རྣམ་སྨིན་རྒྱུར་མི་རུང་བའི་ཕྱིར་ཏེ། རྣམ་སྨིན་དང་རྣམ་སྨིན་གྱི་རྒྱུ་དོན་སོ་སོ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། མིག་ལ་སོགས་པ་ལ་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བར་མི་རུང་སྟེ། རྣམ་སྨིན་ནི་ལུང་དུ་མ་བསྟན་པ་མ་ཡིན་ལ། དེའི་རྒྱུ་ནི་ལུང་དུ་བསྟན་པ་ཁོ་ན་ཡིན་པའི་ཕྱིར་ཞེ་ན། དང་པོ་ལྟར་ན། རྣམ་སྨིན་སྐྱེས་བྱེད་རྒྱུ་ལས་སྐྱེས་པ་རྣམ་སྨིན་ལས་སྐྱེས་པ་ཞེས་པའི་བར་གྱི་ཚིག་མ་ནོར་བ་བྱའོ། །ཕྱི་མ་ལྟར་ན། རྣམ་སྨིན་བཏགས་པ་བ་དང༌། མཚན་ཉིད་པ་གཉིས་ཀ་ལ་འཆད་པས་གཉིས་ཀ་ལྟར་ཡང་རུང་ངོ༌། །གཉིས་པ་རྐྱེན་ལ། རྒྱུའི་རྐྱེན་དང༌། བདག་པོའི་རྐྱེན་དང༌། དེ་མ་ཐོབ་པའི་རྐྱེན་དང༌། དམིགས་པའི་རྐྱེན་ནོ། །དང་པོ་གཉིས་ནི། འདུས་བྱས་སྤྱིའི་རྐྱེན་ནི་ཡིན་ལ། ཕྱི་མ་གཉིས་ནི། མཚུངས་ལྡན་གྱི་རྐྱེན་ནོ། །དེ་ལ་དམིགས་པའི་རྐྱེན་གྱིས་འབྲས་བུ་འགག་འགྱུར་དང༌། དེ་མ་ཐག་རྐྱེན་གྱིས་སྐྱེ་འགྱུར་ལ་དབང་བྱེད་དོ། །རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས་ཀྱིས་སྐྱེ་འགྱུར་དང༌། འགག་འགྱུར་གཉིས་ཀའི་འབྲས་བུ་ལ་ཁྱབ་པའོ། །འདུས་བྱས་ཀྱི་གཞི་བསྟན་ཟིན་ཏོ། །འདུས་མ་བྱས་ཀྱི་གཞི་ལ་གཉིས་ཏེ། ནམ་མཁའ་དང༌། སོ་སོར་བརྟག་མིན་གྱིས་འགོག་པ་དང༌། སོ་སོར་བརྟགས་འགོག་གོ །དང་པོ་ནི། སྒྲིབ་པར་བྱེད་པ་དང༌། སྒྲིབ་པར་བྱ་བ་དང་བྲལ་བའི་རྫས་སོ། །འདི་རྫས་སུ་མེད་དོ། །རླུང་གི་རྟེན་དུ་གསུངས་པའི་ཕྱིར། འོ་ན། བུམ་སོགས་གཟུགས་ཅན་གྱི་གོ་ས་ན། ནམ་མཁའ་ཡོད་དམ་མེད། ཡོད་ན། དེའི་གོ་ས་ན་ཡོད་པའི་ནམ་མཁའ་ནམ་མཁའ་མ་ཡིན་པར་འགྱུར་ཏེ། གཟུགས་ཅན་གྱི་གོ་མ་ཕྱེ་བའི་ཕྱིར། མེད་ན། དང་པོ་གཟུགས་ཅན་སྐྱེ་བའི་གོ་མི་རྙེད་པར་འགྱུར་རོ་ཞེ་ན། སྔར་འདོད་མོད། འདོད་ན་ཡང༌། གཟུགས་ཅན་གཞན་གྱི་གོ་མ་ཕྱེ་བ་ཡིན་གྱི་ནམ་མཁའ་ལ་ཕྱེ་བ་མ་ཡིན་པས་ཉེས་པ་མེད་དོ། །གཉིས་པ་ནི། འདུས་བྱས་སྐྱེ་བ་ལ་རྟག་ཏུ་གེགས་བྱེད་པའི་རྫས་རྒྱུ་རྐྱེན་མ་ཚང་བ་ཙམ་གྱིས་ཐོབ་པའོ། །དཔེར་ན་ཚུར་མཐོང་བའི་གང་ཟག་ལ་ཟག་མེད་ཀྱི་ལམ་སྐྱེ་བའི་རྒྱུ་རྐྱེན་ཚུལ་བཞིན་ཡིད་ལ་བྱེད་པ་མ་ཚང་བས། བྱིས་པའི་རྒྱུད་ལ་ཟག་མེད་ཀྱི་སོ་སོར་བརྟགས་མིན་གྱིས་འགོག་པ་ལྟ་བུའོ། །འོ་ན་རི་བོང་རྭའི་སོ་སོར་བརྟགས་མིན་ཡང་ཐོབ་པར་འགྱུར་ཞེ་ན། མ་ཡིན་ཏེ། རྒྱུ་རྐྱེན་ཚང་བ་སྐྱེ་རྒྱུད་དུ་ཡོད་པ་མ་ཚང་བས་མ་སྐྱེས་པའི་གཞི་ལས་ཐོབ་དགོས་པའི་ཕྱིར་རོ། །སོ་སོར་བརྟགས་པའི་འགོག་པ་ནི། སོ་སོར་བརྟགས་པའི་ཤེས་རབ་གཙོ་བོར་གྱུར་པའི་ལམ་གྱིས་གཟུགས་དང་བྲལ་བའི་རྫས་སོ། །སོ་སོར་བརྟགས་པའི་ཤེས་རབ་ཀྱིས་ཐོབ་པའི་འགོག་པ་ལ། སོ་སོར་བརྟགས་འགོག་ཅེས་བཞག་གོ །འདི་ནི་བར་གྱི་ཚིག་མི་མངོན་པར་བྱས་ཏེ། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བརྗོད་པ་བཞིན་ནོ། །རྣམ་པར་དཔྱོད་པའི་ཚ་ཟེར་ཕྲེང་བ་ཅན། །བདག་བློ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལས། །རིག་གནས་བརྒྱ་ཡི་ཆུ་གཏེར་འགྲམ་ངོགས་སུ། །རབ་རྒྱས་ལེགས་བྱས་པདྨོ་རྣམ་པར་ཕྱེ། །བདེན་པ་རྣམ་པར་མ་ཕྱེ་བའི་རྣམ་བཞག་ཤེས་བྱ་གཞི་ལྔའི་སྒོ་ནས་བསྟན་ཟིན་ཏོ། །གཉིས་པ་བདེན་པ་རྣམ་པར་ཕྱེ་བའི་རྣམ་གཞག་ལ། བདེན་བཞིར་བཞག་པ་དང༌། གཉིས་སུ་རྣམ་པར་ཕྱེ་བའོ། །དང་པོ་ལ་བཞི་སྟེ། གྲངས་ངེས་པ། གོ་རིམ་ངེས་པ། སོ་སོའི་དོན། མིང་གི་སྒྲ་དོན་ནོ། །དང་པོ་ནི། ཐར་པ་དོན་གཉེར་གྱི་སྤང་བྱ་དང༌། བླང་བྱ་ཐབས་དང་བཅས་པ་ལ་ལྟོས་ནས་བཞིར་བཞག་གོ །དེ་ཡང་སྤང་བྱ་ལ་རྒྱུས་སྡུག་ཀུན། བླང་བྱ་ལ་རྒྱུས་འགོག་ལམ་གཉིས་སུ་གྲངས་ངེས་པའི་ཕྱིར། ཆོས་ཐམས་ཅད་འདིས་བསྡུས་པ་མ་ཡིན་ཏེ། ནམ་མཁའ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་ལ་སོགས་པ་མ་བསྡུས་པའི་ཕྱིར། གཉིས་པ་ནི། མངོན་པར་རྟོགས་པའི་རིམ་པ་བསྟན་པའི་རིམ་པ་ལ་གཉིས་ཏེ། ཐོག་མར་བསྡུས་རྒྱུད་ལ་སྐྱེས་པར་རྟོགས་ནས། དེའི་འོག་ཏུ་རྒྱུ་གང་ལས་བྱུང་ཞེས་རྒྱུ་ལ་རྟོགས་པའི་ཕྱིར་དང༌། དེ་ནས་སྡུག་བསྔལ་དེ་སྤོང་བྱེད་ཀྱི་རྒྱུའི་གཉེན་པོ་ལ་རྟོགས་པའི་ཕྱིར་རོ། །དཔེར་ན། ནད་པས་ནད་ངོས་བཟུང་ནས་ནད་ཀྱི་རྒྱུ་ལ་དཔྱོད་པ་དང༌། དེ་ནས་ནད་གསོས་པ་དང༌། ནད་གསོས་པའི་ཐབས་ལ་རིམ་པར་དཔྱོད་པ་བཞིན་ནོ། །གསུམ་པ་ནི། སྡུག་བསྔལ་གྱི་བདེན་པའི་ངོ་བོ་ནི། སྔ་མའི་ལས་ཉོན་གྱི་རྣམ་པར་སྨིན་པས་བསྡུས་པའི་ཉེར་ལེན་གྱི་ཕུང་པོའོ། །ཀུན་འབྱུང་བདེན་པའི་ངོ་བོ་ནི། ཕྱི་མའི་རྣམ་སྨིན་གྱི་ཕུང་པོ་སྐྱེད་བྱེད་ཀྱི་རྒྱུའི་ཆ་ལས་ཉོན་གྱིས་བསྡུས་པའོ། །འགོག་པ་ནི་སྔར་བཤད་ཟིན་ལ། ལམ་བདེན་ནི། ལམ་གྱི་སྐབས་སུ་འཆད་དོ། །བཞི་པ་ནི། འཕགས་པ་རྣམས་ཀྱིས་བདེན་པར་གཟིགས་པས་ན་བདེན་པའོ། །གཉིས་པ་ལ་གསུམ་སྟེ། མཚན་ཉིད་དང༌། མཚོན་བྱའི་སྒྲ་དོན་དང༌། རྣམ་གཞག་གོ །དེ་ལ་ཀུན་རྫོབ་བདེན་པའི་མཚན་ཉིད་ནི། བཅོམ་པའམ་ཞིགས་པས་དེར་འཛིན་གྱི་བློ་འདོར་དུ་རུང་བ་སྟེ། བཅོམ་པས་བློ་འདོར་བ་བུམ་པ་ལྟ་བུ་སྟེ། ཐོ་བས་བཅོམ་པ་ན་བུམ་པའི་བློ་འདོར་བའི་ཕྱིར། ཞིགས་པས་བློ་འདོར་བ་ནི་ཆུ་ལྟ་བུ་སྟེ། གཟུགས་སོགས་སྐྱེད་དམ་སོ་སོར་བསལ་ན་ཆུའི་བློ་འདོར་བའི་ཕྱིར། བཅོམ་པས་ཞིགས་པས་དེར་འཛིན་གྱི་བློ་མི་འདོད་པའི་ཆོས་ནི། དོན་དམ་པ་སྟེ། གཟུགས་སྒྲ་སོགས་སྐྱེད་དམ་སོ་སོ་བ་ལྟ་བུའོ། །འདི་ནི་རྡུལ་ཕྲ་རབ་ཏུ་འཕོ་ཡང་རུང༌། བློས་སྐྱེད་དམ་སོ་སོར་བསལ་ཡང་རུང༌། དེར་འཛིན་ཟག་མེད་བློ་མི་འདོར་བ་ཉིད། གཉིས་ཀ་ནི། ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་ཅེས་བརྗོད་པ་ན། བདེན་པ་ཁོ་ནས་སྨྲས་པ་ཡིན་གྱི་རྫུན་པ་མིན་པས་ན། ཀུན་རྫོབ་བདེན་པ་བྱའོ། །དོན་དམ་པར་ཡོད་པས་ན། དོན་དམ་པའི་བདེན་པ་ཞེས་བྱའོ། །གསུམ་པ་མཚན་གཞིའི་རྣམ་གཞག་ནི། ཕྱི་ནང་གི་རྫས་བསྐྱེད་བྱེད་རིགས་མི་མཐུན་ཚོགས་པ་ནི། ཀུན་རྫོབ་ཡིན། བཤིག་ཏུ་རུང་བའི་ཕྱིར་དང༌། སྐྱེད་བྱེད་དམ་སོ་སོའི་སྒོ་ནས་རྫས་གང་དུ་གྲུབ་བརྟགས་པ་ན། འདུས་རྒྱུའི་སྐྱེད་བྱེད་ཀྱི་ལས་ལོགས་སུ་མི་འཛིན་པའི་ཕྱིར་དང༌། དེ་ཉིད་ཀྱང་མ་ཡིན་པའི་ཕྱིར་དང༌། འདིས་ནི་རྣམ་པར་དཔྱད་ན་མི་རྙེད་པ་ཀུན་རྫོབ་བསལ་བར་བྱའོ། །གཟུགས་སྒྲ་སོགས་ལ་མི་མཚུངས་ཏེ། སྐྱེད་བྱེད་དམ་རེ་རེ་བར་ངེས་པས། སྐྱེད་བྱེད་དམ་སོ་སོར་བསལ་བའི་སྒོ་ནས། དེར་འཛིན་གྱི་བློ་འདོར་དུ་མེད་པའི་ཕྱིར། འགའ་ཞིག་བྱེ་བྲག་སྨྲ་བས་ཀྱང༌། རིགས་མི་མཐུན་གྱི་རྡུལ་དུ་མ་འདུས་པ་ཡང༌། རིགས་མི་མཐུན་གྱི་བྱ་བ་གཅིག་བྱེད་ན་རྫས་དོན་དམ་འདོད་དེ། ཕྱི་རོལ་དོན་གྲུབ་ཏུ། རྡུལ་ཕྲན་གང་རྣམས་ཕྲད་གྱུར་ཅིང༌། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་རྣམས་འདུས་པ་ཞེས་བརྗོད་ན། །དེ་རྣམས་རྫས་མེད་གང་ལས་ཤིག །ཅེས་གསུངས་ཞེས་འདོད་དོ། །ཆུ་ཡང་དོན་དམ་དུ་རྡུལ། རྫས་སུ་གྲུབ་པའི་ཕྱིར་ཏེ། ཤེས་བྱ་གཞི་ལ་ཐམས་ཅད་རྫས་སུ་གྲུབ་པར་བཤད་པའི་ཕྱིར། རླུང་གི་བརྟེན་བྱེད་པས་ནམ་མཁའ་རྫས་སུ་གྲུབ་པའི་རིགས་པས། ཆུའི་བརྟེན་བྱེད་པས་བུམ་པ་ཡང་ཅིའི་ཕྱིར་རྫས་སུ་གྲུབ་པར་མི་དཔོག དེས་ན་རྫས་དང་དོན་ལ་ཁྱད་ཡོད་པར་ཤེས་པར་བྱའོ། །དབང་ཤེས་མ་འཁྲུལ་བའི་མདོག་སྔོ་སེར་ཟག་པ་རགས་པ་ཁས་བླངས་པས། ཡུལ་ཅན་དབང་ཤེས་མ་འཁྲུལ་བར་ཐལ་བ་ཟློག་ཏུ་མེད་དེ། རྫུན་ལས་མ་གཏོགས་པའི་རགས་པ་རྫས་ཡོད་པ་ཁས་ལེན་པ་ནི། བྱེ་བྲག་པའི་གཞུང་ལུགས་སུ་འགྱུར་རོ། །བསགས་རྡུལ་དང་རགས་པའི་ཁྱད་པར་མ་ཕྱེ་བར། རགས་པ་ཀུན་རྫོབ་པ་དོན་དམ་དུ་ཁས་ལེན་པ་ཤིན་ཏུ་འཁྲུལ་ལོ། །སྔོ་སེར་ལ་སོགས་པའི་རྡུལ་ལ་ནི། བློས་རྡུལ་ཕྲ་རབ་ཀྱི་བར་དུ་སིལ་བུར་ཕྱེ་ཡང༌། མིག་གིས་སོགས་ཀྱིས་མངོན་སུམ་དུ་གྲུབ་པའི་ཕྱིར། དོན་དམ་ཡིན་ལ། ཀ་བུམ་སོགས་ནི་མཚུངས་ཏེ། སྐྱེ་མཆེད་ཀྱི་སྒོ་ནས་བློས་སོ་སོར་ཕྱེ་བ་ན་དེ་འཛིན་གྱི་བློ་འདོར་བའི་ཕྱིར་ཏེ། མིག་ཤེས་ཀྱིས་བཏགས་པ་ཙམ་ཡིན་པར། དེས་ན་ཀུན་རྫོབ་ཏུ་གྲུབ་བོ། །ཕྱི་ནང་གི་དངོས་པོ་རྣམས་བདག་མེད་པའི་ཕུང་པོའི་ཆོས་ཙམ་དུ་གྲུབ་ཅིང༌། གང་ཟག་ནི་དེ་དག་ལ་བཏགས་པ་ཙམ་ཡིན་པའི་ཕྱིར། འཁོར་འདས་དང༌། རྒྱུ་འབྲས་དང༌། གཟུང་འཛིན་དང༌། ཡུལ་ཡུལ་ཅན་རྣམས་ཆོས་ཙམ་དུ་གནས་ཤིང༌། གྲོལ་བ་ཐོབ་པའི་ཚེ་ནའང༌། ཆོས་ཙམ་གྲོལ་བར་འགྱུར་ལ། འབྲས་བུ་སྐྱེད་པའི་ཚེ་ནའང༌། ཆོས་ཙམ་གྱིས་ཆོས་ཙམ་གྱི་སྐྱེད་པ་དང༌། བློས་ཡུལ་བཟུང་བའི་ཚེ་ནའང༌། ཆོས་ཙམ་གྱིས་ཆོས་ཙམ་བཟུང་བ་དང༌། ཆོས་ཙམ་མཐོང་བ་དང༌། ཐོས་པ་དང༌། རིག་པ་དང༌། མྱོང་བར་ཟད་དོ། །ཕྱི་ནང་གི་དངོས་པོ་ཀུན་ཆོས་ཙམ་དུ་གནས་པ་དེ་ལྟར་མ་ཤེས་པས། ནང་གི་ཆོས་ལ་བདག་དང༌། ཕྱིའི་ཆོས་རྣམས་ལ་བདག་གིར་སྒྲོ་བཏགས་ནས། དེ་ལས་ཆགས་སོགས་ཉོན་མོངས་པ་རྣམས་རིམ་གྱིས་སྐྱེས་ནས་ལས་བསགས་པས་སྲིད་པའི་འཁོར་བར་ལན་མང་དུ་ཟོ་ཆུན་འཁོར་ལོ་ལྟར་གཅིག་ནས་གཅིག་ཏུ་འཁོར་བར་འགྱུར་རོ། །གཞི་བསྟན་ཟིན་ཏོ། །གཉིས་པ་ལམ་ལ། ཐུན་མོང་གི་ཆོས་དང༌། ཐེག་པ་སོ་སོའི་ལམ་གྱི་བགྲོད་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གང་ལ་སྐྱེ་བའི་རྟེན་དང༌། རྒྱུ་རིགས་དང༌། ཚོགས་ལམ་གྱི་སྒོ་ཡན་ལག་གི་ཆོས་སོ། །དང་པོ་ནི། ངན་སོང་གསུམ་ལ་མི་སྐྱེ་སྟེ། སྒྲིབ་པ་ལ་ལས་ཀྱིས་སྒྲིབ་པ། རྣམ་སྨིན་གྱིས་སྒྲིབ་པ། ཉོན་མོངས་པས་སྒྲིབ་པ་དང་གསུམ་གསུངས་པ་ལས། ལམ་སྐྱེ་བའི་སྒྲིབ་པ་རྣམ་སྨིན་ཤས་ཆེ་བའི་ཕྱིར། སྒྲ་མི་སྙན་པ་ལའང་མེད་དེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་པ་ཤས་ཆེན་པོ་ཡིན་ལ། ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལ་སོགས་པའོ། །རྣམ་སྨིན་གྱི་སྒྲིབ་པ་ནི། སྒྲ་མི་སྙན་དང༌། ངན་སོང་གི་ཕུང་པོའོ། །མཛོད་ལས། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེན་ངན་འགྲོ་དང༌། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་པ་ལྟར་རོ། །ཁམས་གོང་མའི་རྟེན་ལའང་བདེན་པ་མཐོང་བ་མེད་དེ། གོང་མའི་སོ་སྐྱེ་རྣམས་ནི་འཁོར་བ་ལ་ཡིད་འབྱུང་ཤས་ཆེན་པོ་མེད་པའི་ཕྱིར་ཏེ། སྙོམས་འཇུག་གི་བདེ་བ་ལ་ཆགས་པའི་ཕྱིར་ཏེ། མཛོད་ལས། མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ལ། ངོ་བོ་དང༌། དབྱེ་བ་དང༌། ལྡན་པའི་སེམས་སོ། །དང་པོ་ནི། སེམས་བྱུང་མ་ཆགས་པའི་རང་བཞིན་ནོ། །གཉིས་པ་ནི། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་ངན་ངོན་གྱིས་ཆོག་ཤེས་པའོ། །བཞི་པ་ནི། སྤོང་བ་དང་སྒོམ་པ་ལ་དགའ་བའོ། །དང་པོ་གསུམ་ནི། མ་ཆགས་པའི་རང་བཞིན་ཡིན་ཏེ། སྲིད་པ་དང་འདོད་ཆགས་ལ་རྒྱབ་ཀྱིས་མ་ཕྱོགས་པའི་ཕྱིར། བཞི་པ་འདི་དག་གི་རིགས་ཡིན་ཏེ། འཕགས་པའི་གང་ཟག་ཟག་མེད་ཀྱི་ཆོས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། འདི་དག་ལས། དང་པོ་གསུམ་གྱིས་ཚུལ་བསམ་གཏན་ལ། ཐ་མས་ལས་བརྟེན་ཏེ། ཚུལ་འདི་ལ་གནས་ནས་ལས་འདི་བྱས་ན་ཐར་པ་ཐོབ་ཅེས་པའི་དོན་ནོ། །ཅིའི་ཕྱིར་ཚུལ་འདི་དང་ལས་འདི་བཅས་ཤེ་ན། ཚུལ་གསུམ་གྱིས་ནི་བདག་གིར་འཛིན་པའི་གཉེན་པོ་བྱེད་ལ། ལས་ཀྱི་ནི་བདག་དང་བདག་གིར་འཛིན་པ་གཉིས་ཀ་ཞི་བར་བྱེད་པའི་ཕྱིར། གསུམ་པ་ནི། ལམ་དུ་མ་ཞུགས་པ་དེ་སྲིད་དུ་ཐར་པའི་རིགས་མི་ལྡན་ཏེ། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་དགེ་རྩ་དང་མི་ལྡན་པའི་ཕྱིར་རོ། །འོ་ན་རིགས་གང་ནས་རིགས་ངེས་པར་ཐོབ་ཅེ་ན། རིགས་ཀྱི་ས་ཐོབ་བར་དུ་དེ་དེ་སྔའི་རིགས་ཅན་མ་ཡིན་ཏེ། བྱང་ཆུབ་གཞན་དུ་འགྱུར་བ་སྲིད་པའི་ཕྱིར། ནམ་ཞིག་ངེས་འབྱེད་ཆ་མཐུན་དུ་ཐེག་པ་གསུམ་པོ་རང་རང་གི་རིགས་ཀྱི་ས་ཐོབ་པ་དེའི་ཚེ་ངེས་པའི་རིགས་ཅན་ཡིན་ཏེ། བྱང་ཆུབ་གཞན་དུ་མི་འགྱུར་བར་ངེས་པའི་ཕྱིར། སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུ་ནི། དྲོད་ནས་རིགས་ངེས་པ་ཡིན་ཏེ། བསམ་གཏན་རབ་མཐའ་ལ་བརྟེན་ནས། དྲོད་ནས་ཟད་པ་ཤེས་པའི་བར་མཉམ་གཞག་ཐུན་གཅིག་ལ་བགྲོད་པའི་ཕྱིར། བྱང་ཆུབ་ངེས་གནས་ཐོབ་པའི་ཚེ། མཐར་ཐུག་ངེས་ཀྱི་ཡང་གནས་སྐབས་མ་ངེས་སོ། །ཉན་ཐོས་དྲོད་རྩེ་ཐོབ་ན་རང་རྒྱལ་ལམ་ནས་ལོག་ནས་སངས་རྒྱས་སུ་འགྱུར་བ་སྲིད་ཅིང༌། བཟོད་པ་མ་ཐོབ་པས་སངས་རྒྱས་སུ་མི་འགྱུར། ངན་སོང་དུ་འགྲོ་བ་མི་སྲིད་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་རྣམས་ནི་ངན་སོང་དུ་འགྲོ་བ་སྲིད་པའི་ཕྱིར་རོ། །བཟོད་འབྲིང་ནས་ཀྱང་རང་རྒྱལ་དུ་འགྱུར་བ་སྲིད་དོ། །རིགས་མ་ངེས་པ་བཟོད་ཆེན་ནས་ནི་ངེས་སོ། །བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་རེ་རེས་བགྲོད་པ་འགྱུར་བའི་གནས་སྐབས་མེད་ཅིང༌། མཐོང་ལམ་ཐོབ་མ་ཐག་ཏུ་ཡན་ལག་འགར་གནས་པར་འདོད་པའི་ཕྱིར། ཚོགས་སྤྱོད་འདོད་པ་ལྟར་ན། བཟོད་པ་ཐོབ་ནས་སོ། །མཛོད་འགྲེལ་ལས། དེ་ལས་གཞན་པའི་རང་རྒྱལ་འདོད་པ་ནི། །བཟློག་པ་ལ་གང་ཟག་ཏུ་མེད་དེ་ཞེས་པ་ལྟར་རོ། །གསུམ་པ་ལ། བཤེས་གཉེན་དམ་པ་ཕྲད་པ་ནི། ཐོག་མར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལ་གནས་ནས། བདག་མེད་སྟོན་པའི་གསུང་རབ་ལ་ཐོས་པས་བཟུང་ཞིང༌། བསམ་བྱུང་གིས་རེ་འགའ་ཚིག་དང༌། རེ་འགའ་དོན་ལ་དམིགས་ཏེ། འཁོར་བ་ཐམས་ཅད་སྡུག་བསྔལ་དང༌། དེའི་རྒྱུ་གཙོ་བོ་བདག་འཛིན་དང༌། དེ་ཞི་བ་འགོག་པ་དང༌། བདག་མེད་སྒོམ་པ་ལམ་གྱི་མཆོག་ཏུ་རྟོགས་ནས་སྲིད་པ་ལ་ཡིད་འབྱུང་སྟེ་གྲོལ་བ་དོན་དུ་གཉེར་བར་འགྱུར་རོ། །མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཐོས་སོགས་ལས་བྱུང་སྒྲ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །འདིའི་དོན་ནི། ཐོས་པས་ནི་ཚིག་ལ་དམིགས་ལ། བསམ་བྱུང་གིས་ནི་རེས་འགའ་དོན་དང༌། རེས་འགའ་ཚིག་ལ་དམིགས་ལ། སྒོམ་བྱུང་ནི་དོན་ཁོ་ནའི་ཡུལ་ཅན་ནོ། །ཞེས་པའོ། །གཉིས་པ་ལ། ཉན་ཐོས་ཀྱི་ལམ། རང་རྒྱལ་གྱི་ལམ། བྱང་སེམས་ཀྱི་ལམ་མོ། །དང་པོ་ནི། དབང་པོ་བརྟུལ་པོས་ཚོགས་ལམ་དུ། རང་ཉིད་ཙམ་ཞིག་ཐར་བར་བྱ་བའི་ཕྱིར་དུ་བྱང་ཆུབ་ཆུང་ངུའི་སེམས་སྐྱེད་ནས་ངེས་འབྱུང་གི་ཚུལ་ཁྲིམས་ཡན་ལག་འགར་རོ་སྟེ། དེ་ནས་བཟུང་སྟེ་སྒོ་གསུམ་མི་དགེ་བའི་རྒྱུན་ལས་ཡན་ལག་འགར་བསྡམས་ཏེ། བདེན་གཉིས་དང་འཕགས་པའི་བདེན་པ་བཞི་སོགས་ལ་བླང་དོར་ཐབས་དང་བཅས་པ་རྣམས་ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱེད་དོ། །དེ་ནས་ཞི་གནས་དང་ལྡན་པའི་ལྷག་མཐོང་གིས་ཉོན་མོངས་པ་འཇོམས་པར་ཤེས་པར་བྱས་ནས། ཞི་གནས་ལ་འཇུག་པར་བྱེད་དོ། །ཞི་གནས་སྒྲུབ་ཚུལ་ལ་ནི་གཉིས་ཏེ། མི་སྡུག་པའི་ཏིང་ངེ་འཛིན་དང༌། དབུགས་རྒྱུ་བ་དྲན་པའི་ཏིང་ངེ་འཛིན་དང་གཉིས་སོ། །དེ་ཡང་འདོད་ཆགས་ལ་སྤྱོད་པས། མི་སྡུག་པའི་དང༌། རྣམ་པར་རྟོག་པ་ལ་སྤྱོད་པས་དབུགས་རྒྱུ་བ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལ་འཇུག་སྟེ། རིམ་པ་ལྟར། འདོད་ཆགས་དང་རྣམ་པར་རག་པ་ཞི་བར་བྱེད་པའི་ཕྱིར། དང་པོ་ནི། དམིགས་ཡུལ་ཀེང་རུས་ཀྱི་ཉམས་པ་ཡུལ་མཐའ་ཡས་པ་ལ་མོས་པའི་ཏིང་ངེ་འཛིན་ནོ། །མི་སྡུག་པ་ལ་དམིགས་པས་མི་སྡུག་པ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །དབྱེ་བ་ནི། མི་མཐུན་ཕྱོགས་སོ་སོ་དང༌། མཐའ་དག་གི་གཉེན་པོའོ། །དང་པོ་ལ། ཁ་དོག་དང༌། དབྱིབས་དང༌། རེག་བྱ་དང༌། བསྙེན་བཀུར་གྱི་འདོད་ཆགས་ལས། དང་པོ་ནི། གཉེན་པོའི་རྣམ་པ་སྣ་ཚོགས་པ་ལ་འཇུག་པ་དང༌། གཉིས་པ་ནི། རྣམ་པར་ཟོས་པ་དང༌། རྣམ་པར་འཐོར་བ་ལ་དམིགས་པས་སོ། །གསུམ་པ་ནི། རྣམ་པར་ཞིག་པ་དང༌། རུས་པ་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་ལ་དམིགས་པའོ། །བཞི་པ་ནི། རོ་གཡོ་བ་མེད་པ་ལ་དམིགས་པའོ། །གཉིས་པ་ལ། དབྱེ་བ་དང༌། རྟེན་གང་གིས་སྐྱེད་པའོ། །ས་གང་ལ་རྟེན་པའོ། །དང་པོ་ལ་གསུམ་སྟེ། ལས་དང་པོའི་ཏིང་ངེ་འཛིན་དང༌། ཡོངས་སུ་སྦྱངས་པ་བྱས་པ་དང༌། ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཐོག་མར་རང་ལུས་ཀེང་རུས་སུ་སྒོམ་པ་ནས་བཟུང་སྟེ། རྒྱ་མཚོའི་བར་དུ་ཀེང་རུས་ཀྱིས་ཁྱབ་པར་སྤྲོས་ནས་བསྡུ་བའི་ཚེ་ཡང་རང་ལུས་གཅིག་པུ་ཀེང་རུས་སུ་དམིགས་པ་ལ་བསྡུད་དོ། །གཉིས་པ་ནི། སྤྲོ་ཚུལ་སྔ་མ་ལྟ་བུ་ལས་བསྡུ་བའི་ཚེ་ཀེང་རུས་མན་ཆད་བོར་ནས་ལྷག་མ་ཡན་ཆད་ལ་བྱེད་པའོ། །དེ་བཞིན་དུ་ཐོད་པ་ཕྱེད་ཀྱི་བར་དུ་བོར་ནས་ལྷག་མ་མེད་ལ་བྱེད་པའོ། །གསུམ་པ་ནི། ཐོད་པའི་ཕྱེད་ཀྱང་བོར་ནས་སྨིན་མའི་བར་དུ་སེམས་འཛིན་པའོ། །གཉིས་པ་ནི། མིའི་རྟེན་ཅན་ཁོ་ན་ཡིན་ཏེ། སེམས་གསལ་བའི་ཕྱིར། གསུམ་པ་ནི། འདོད་པ་དང་བསམ་གཏན་གྱི་སྦྱོར་བ་དང༌། མེ་ལོང་བཞིན་ཐམས་ཅད་ལ་བརྟེན་ནོ། །གཉིས་པ་ལ། ངོ་བོ་དང༌། རྩོལ་བྱུང་དང༌། ཡུལ་ལ་འཇུག་ཚུལ་དང༌། ལུས་དག་པ་གང་ལ་བརྟེན་པའོ། །དང་པོ་ནི། དབུགས་འབྱུང་རྔུབ་ལ་རྣམ་པར་སྤྱོད་པའི་ཤེས་རབ་བོ། །གཉིས་པ་དབུགས་འབྱུང་རྔུབ་བོ། །གསུམ་པ་ལ་དྲུག་སྟེ། བགྲང་བ་དང༌། རྗེས་སུ་འགྲོ་བ་དང༌། འཇོག་པ་དང༌། ཉེ་བར་སྟོབ་པ་དང༌། བསྒྱུར་བ་དང༌། ཡོངས་སུ་དག་པའོ། །དང་པོ་ནི། དབུགས་འབྱུང་བ་དང་རྔུབ་པ་ལ་སེམས་གཏད་དེ། ཡིད་རྣལ་དུ་བཞག་ནས་བཅུའི་བར་དུ་བགྲང་བར་བྱེད་དོ། །དེ་ཡང་སྐྱོན་གསུམ་དང་བྲལ་བ་སྟེ། ལྷག་པ་དང༌། ཆད་པ་དང༌། འཆོལ་བའི་སྐྱོན་གསུམ་དང་བྲལ་བའོ། །གཉིས་པ་ནི། རིགས་མཐུན་ཇི་ཙམ་གྱི་བར་དུ་འགྲོ་བ་རྟོག་པའོ། །གསུམ་པ་ནི། ནོར་བུའི་ཐག་པ་བཞིན་དུ། སྣའི་རྩེ་མོ་ནས་རྐང་པའི་མཐེ་བོང་གི་བར་དུ་གནས་པའོ། །བཞི་པ་ནི། རླུང་འབིག་མིན་གྱི་འབྱུང་བ་བཞི་ལས་མངོན་པར་གྲུབ་པར་རྟོག་པའོ། །ལྔ་པ་ནི། རླུང་ལ་དམིགས་པའི་བློ་གོང་ནས་གོང་དུ་འཕགས་པར་བསྒྱུར་བའོ། །དྲུག་པ་ནི། མཐོང་ལམ་སོགས་ལ་འཇུག་པའོ། །ཇི་སྐད་དུ། དབུགས་རྔུབ་དབུགས་དབྱུང་དྲན་པ་ནི། །བགྲང་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་པ་དང་ནི་བསྒྱུར་བ་དང༌། །ཡོངས་དག་རྣམ་པ་དྲུག་དུ་འདོད། །ཅེས་སོ། །ས་ནི་བསམ་གཏན་དང་པོ་གསུམ་གྱི་ཉེར་ལྡོག་དང༌། བསམ་གཏན་ཁྱད་པར་ཅན་དང༌། འདོད་ཁམས་དང་ས་ལྔ་ན་ཡོད་ཀྱི། ཁྱད་པར་ཅན་མ་གཏོགས་པ་དང་པོ་གསུམ་ནི་དངོས་གཞི་ན་མེད་དེ། བཏང་སྙོམས་ཀྱི་ཚོར་བ་ཁོ་ན་དང་ལྷན་དུ་རྒྱུ་བའི་ཕྱིར། བསམ་གཏན་བཞི་པ་ཡན་ན་ཡང་མེད་དེ། དབུགས་འབྱུང་རྔུབ་ཀྱི་ས་མིན་པའི་ཕྱིར། ལུས་ཀྱི་རྟེན་ནི་འདོད་པའི་ལྷ་རྣམས་སོ། །ཏིང་འཛིན་དེ་གཉིས་ཀྱི་སྒོ་ནས་ཞི་གནས་ཐོབ་པར་བྱས་ནས། ལྷག་མཐོང་བསྒྲུབ་པའི་ཕྱིར་དུ་བདག་མེད་རྟོགས་པའི་དགེ་དུ་དྲན་པ་ཉེར་ལྡོག་སོགས་ལ་འཇུག་གོ །དེ་ལ་བདག་འཛིན་གྱི་ཉེར་ལེན། འདུ་བྱེད་མི་རྟག་པ་ཉིད་དང༌། འཁོར་བའི་ཉེས་དམིགས་དྲན་པའི་སྒོ་ནས། སེམས་རྒྱུད་ཐར་པའི་ལམ་ལ་ཡང་ཡང་དུ་བསྐུལ་བར་བྱེད་དོ། །གུས་སྦྱོར་དང་རྟག་སྦྱོར་གྱི་སྒོ་ནས་ཚོགས་ལམ་ཡང་དག་པར་རྫོགས་པར་བྱེད་ཅིང༌། སྦྱོར་ལམ་བཞི་ལ་ཡན་ལག་སྤོང་བཞི། རྫུ་འཕྲུལ་རྐང་བཞི། དབང་པོ་ལྔ། སྟོབས་ལྔ་རིམ་པ་བཞིན་དུ་རྫོགས་པར་བྱེད་དོ། །དེ་དག་གིས་བདེན་བཞི་དོན་སྤྱིའི་ཚུལ་དུ་སྒོམ་ནས་ཡོངས་སུ་རྫོགས་པ་ན། འཕགས་པའི་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་སྒོ་ནས། མངོན་སུམ་དུ་རྟོགས་པའི་མཐོང་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་བསྐྱེད་དེ། མཐོང་ལམ་ནས་མྱུར་བར་བགྲོད་པས་འཕགས་ལམ་ཡན་ལག་བརྒྱད་རྫོགས་པར་ངེས་སོ། །དེའི་ཚེ་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་ངོ༌། །མཐོང་སྤང་ཇི་ལྟ་བུ་སྙམ་ན། མཐོང་སྤང་གཏན་ལ་དབབ་པ་ལ། ངོ་བོ་དང༌། དབྱེ་བ་དང༌། མཚན་གཞིའི་རྣམ་གཞག་གོ །དང་པོ་ནི། ལོག་ལྟ་དང་ལྟ་བ་མཆོག་འཛིན་ནོ། །འགོག་པ་མཐོང་སྤང་ཡང་དེ་དེ་བཞིན་ནོ། །ལམ་མཐོང་སྤང་ལ་བརྒྱད་དེ། ལྷ་མིན་ལྔ་དང༌། ལྟ་བ་ལྷག་མ་གསུམ་མོ། །ཁམས་གོང་ན་ཁོང་ཁྲོ་ཕྲི་བས་སྡུག་བསྔལ་མཐོང་སྤང་དགུ། ཀུན་འབྱུང་དང་འགོག་པ་མཐོང་སྤང་ལ་དྲུག་དྲུག ལམ་མཐོང་སྤང་ལ་བདུན་ཏེ། མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིན་ཆེན་ཡོང་བར་བྱེད། །ཅེས་དང༌། ཁོང་ཁྲོ་ལ་གཏོགས་དགེ་ཉིད་དང༌། །གཟུགས་ཁམས་ཟག་མེད་དེ་དང་འདྲ། །ཞེས་སོ། །གསུམ་པ་ལ། དངོས་སུ་ལོག་པར་ཞུགས་པ་དང༌། བརྒྱུད་ནས་ལོག་པར་ཞུགས་པའོ། །དང་པོ་ནི། སྡུག་བསྔལ་མཐོང་སྤང་བཅུ་ལས། བདུན་ནི་ལོག་པར་ཞུགས་པ་སྟེ། ལྟ་བ་ལྔ་དང་མ་རིག་པ་དང༌། ཐེ་ཚོམ་དེ་ལ་ལྡོག་པར་ལྟ་བས་སྡུག་བསྔལ་ལ་སྐུར་པ་འདེབས་སོ། །འཇིག་ཚོགས་ལ་ལྟ་བས་བདག་དང་བདག་གིར་འཛིན་ནོ། །མཐར་འཛིན་གྱི་ལྟ་བས་རྟག་པ་དང་ཆད་པར་འཛིན་ནོ། །ལྟ་བ་མཆོག་ཏུ་འཛིན་པས་མཆོག་ཏུ་རློམ་མོ། །རྟུལ་ཞུགས་མཆོག་ཏུ་འཛིན་པས་རྟུལ་ཞུགས་ལ་དག་པ་དང་གྲོལ་བའི་ཐབས་སུ་འཛིན་ནོ། །མ་རིག་པས་སྡུག་བསྔལ་དུ་མི་ཤེས་སོ། །ཐེ་ཚོམ་གྱིས་སྡུག་བསྔལ་ལ་ཡིད་གཉིས་ཟ་བའོ། །ལྷག་མ་འདོད་ཆགས་གསུམ་ནི། བརྒྱུད་ནས་ལོག་ཞུགས་ཏེ། འདོད་ཆགས་ཀྱིས་ལྟ་བ་ལ་ཞེན་ཅིང༌། ཁོང་ཁྲོ་བས་དེ་དང་མི་མཐུན་པ་ལ་དེ་ཕྲག་དོག ང་རྒྱལ་གྱིས་ལྟ་བ་དེ་དག་ལ་ཁེངས་པར་འཛིན་པའི་ཕྱིར། ཀུན་འབྱུང་མཐོང་སྤང་ལ་ལྟ་བ་གཉིས་དང༌། མ་རིག་པ་དང༌། ཐེ་ཚོམ་གྱིས་དངོས་སུ་ལོག་ཞུགས་ཡིན་ལ། ལྷག་མ་གསུམ་ནི་བརྒྱུད་ནས་ལོག་ཞུགས་ཏེ་སྔ་མ་བཞིན་ནོ། །འགོག་པ་དངོས་སུ་ལོག་ཞུགས་ནི། ལོག་ལྟ་དང༌། མ་རིག་པ་དང༌། ཐེ་ཚོམ་གསུམ་ཉིད་དོ། །ལྟ་བ་མཆོག་ཏུ་འཛིན་པ་སོགས་གསུམ་ནི། འགོག་ལམ་ལ་དངོས་སུ་དམིགས་མི་ནུས་ཏེ། མཛོད་ལས། ཞིང་དང་དག་དང་མཆོག་གྱུར་ཕྱིར། །ང་རྒྱལ་མིན་མཆོག་འཛིན་མ་ཡིན། །ཞེས་སོ། །བརྒྱུད་ནས་ལོག་ཞུགས་ནི། འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་དང༌། ལྟ་བ་མཆོག་ཏུ་འཛིན་པ་སྟེ། མཆོག་འཛིན་གྱིས་འགོག་པ་ལ། སྐུར་པ་འདེབས་པའི་ལྟ་བ་ལ་མཆོག་ཏུ་འཛིན་པའི་ཕྱིར། མཐོང་སྤང་ལ་ཆེ་འབྲིང་ལ་སོགས་པའི་དབྱེ་བ་ཡོད་ཀྱང༌། མཐོང་ལམ་གྱིས་སྤོང་གི་ཚེ་གཅིག་པར་སྤོང་ལ། སོ་སོ་སྐྱེ་བོས་ནི་རིམ་གྱིས་སྤོང་ལ། འཇིག་ལྟ་དང་མཐར་འཛིན་གཉིས། སྡུག་བསྔལ་མཐོང་སྤང་ཁོ་ན་ཡིན་ཏེ་འབྲས་བུས་བསྡུས་པའི་ཉེར་ལེན་གྱིས་ཕུང་པོ་ཁོ་ན་ལ་ལོག་པར་ཞུགས་པའི་ཕྱིར། མཐོང་ལམ་བཅས་བྱ་དང་བསྟན་ཟིན་ཏོ། །སྒོམ་ལམ་གྱིས་བདག་མེད་མངོན་སུམ་དུ་རྟོགས་ཟིན་གོམས་ནས་བྱང་ཆུབ་ཡན་ལག་བདུན་སྔོན་དུ་བྱེད་དོ། །འདིར་སྒོམ་ལམ་དུ་བྱང་ཆུབ་ཡན་ལག་བདུན་བཞག་པ་ནི། བྱང་ཆུབ་ཏུ་ལྟེ་བའི་ཕྱིར་སྙམ་དུ་དགོངས་སོ། །སྤང་བྱ་ནི། འདོད་ཁམས་ན། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མི་རྟག་པ་དང༌། གཟུགས་དང་གཟུགས་མེད་གཉིས་ཀ་ཁོང་ཁྲོ་བོར་བས་དྲུག སྔ་མ་བཞི་དང་བསྡོམས་པས་བཅུ་སྟེ། མཛོད་ལས། བཅུ་ནི་སྒོམ་པས་སྤང་བྱ་ཉིད། །ཅེས་པ་ལྟར་རོ། །སྒོམ་ལམ་གྱི་དབྱེ་བ་ལ། ས་དགུ་ན་སྤང་བྱ་དགུ་དགུ་ཡོད་པའི་དབྱེ་བས་བརྒྱད་ཅུ་གྱ་གཅིག་གོ །སྤང་བྱ་ཡང་རིམ་གྱིས་སྤོང་བར་བྱེད་ཀྱི། ཀུན་ལ་བཏུས་ལས་འབྱུང་བ་ལྟར། གཅིག་པར་སྤོང་བའི་རྣམ་གཞག་ནི་འདིར་མི་འདོད་དོ། །ཉན་ཐོས་གྱི་ལམ་བསྟན་ཟིན་ཏོ། །གཉིས་པ་ལ། རྟེན་རང་གི་དང༌། བསམ་པའི་ཁྱད་པར་དང༌། ལམ་གྱི་བགྲོད་ཚུལ་ལོ། །དང་པོ་ནི། ང་རྒྱལ་ཤས་ཆེ་བ། འདུ་འཛི་ཤས་ཆུང་བ། སྙིང་རྗེ་ཡང་དམན་པ་སྟེ། འགྲན་ཟླ་མེད་པར་འཚང་རྒྱ་བར་འདོད་པའི་ཕྱིར་དང༌། དབེན་པ་ལ་དགའ་བའི་ཕྱིར་དང༌། གཞན་དོན་རྒྱ་ཆེན་པོ་ལ་འཇུག་པར་མི་འདོད་པའི་ཕྱིར། གཉིས་པ་ནི། རང་བྱང་ཆུབ་འདོར་བར་འདོད་པ་སྟེ། འདུལ་བ་ལས། ཁ་གཅིག་གི་རང་རྒྱལ་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ་ཞེས་པ་ལྟར་རོ། །གསུམ་པ་ལ། ཚོགས་གསོག་པའི་ཁྱད་པར་དང༌། ལམ་གྱི་རྣམ་གཞག་དངོས་དང༌། ལམ་གྱི་ཁྱད་པར་འབྱེད་ཆོས་སོ། །དང་པོ་ནི། བསེ་རུ་ལྟ་བུའི་ལམ་གྱི་གནས་སྐབས་སུ། བསྐལ་པ་བརྒྱར་རྒྱུད་སྨིན་པར་བྱེད་པའི་ཚོགས་བསགས་ཏེ། བསེ་རུ་སྙམ་པ་བརྒྱའི་ས་རྒྱུས་ཅེས་སོ། །ཉི་འོག་པས་ཚོགས་ཀྱི་སྤྱོད་པ་འདོད་པ་ན། དེའི་རྣམ་གཞག་དེ་ལ། ཉན་ཐོས་སྔོན་འགྲོའི་ཚོགས་སྤྱོད་དང༌། སོ་སྐྱེ་སྔོན་འགྲོའི་ཚོགས་སྤྱོད་དོ། །དང་པོ་ནི། བཟོད་འབྲིང་མན་ཆད་བསྐལ་པ་བརྒྱར་རྒྱུད་ཡོངས་སུ་སྨིན་པའི་ཚོགས་གསོག་པར་བྱེད་པ་སྔོན་འབྲས་བུ་མ་ཐོབ་པ་དང༌། རྒྱུན་ཞུགས་སམ་ཕྱིར་འོང་མན་ཆད་དུ་བསྐལ་པ་བརྒྱའི་བར་དུ་ཚོགས་ཡོངས་སུ་གསོག་པར་བྱེད་པ་ནི་སྔོན་འགྲོའི་ཚོགས་སྤྱོད་དོ། །གཉིས་པ་ནི། མཛོད་འགྲེལ་ལས། དཀའ་ཐུབ་པ་ལྔ་བརྒྱ་དཀའ་ཐུབ་དྲག་པོས་གདུངས་པ་རྣམས་ཀྱི་དྲུང་དུ། བསེ་རུ་ལྟར་སྤྱོད་པའི་རང་སངས་རྒྱས་ཀྱི་དྲུང་ན་གནས་པའི་སྤྲེའུ་ཞིག་གིས་ཕྱིན་ནས། དེའི་སྤྱོད་ལམ་བསྟན་པ་ན། རང་རྒྱལ་ཐམས་ཅད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། ངོ་བོ་ནི་རང་རྒྱལ་གྱི་བྱང་ཆུབ་ཏུ་བགྲོད་པ་ཡིན་ལ། དབྱེ་ན་སྔ་མ་ལྟར་ལྔའོ། །བགྲོད་ཚུལ་ནི་བསེ་རུ་ལྟ་བུས་ཐར་ཆའི་གནས་སྐབས་སྐྱེ་བ་གཅིག་གིས་ཐོགས་པའི་ས་མན་ཆད་དུ། ཚོགས་བསགས་ནས་སྲིད་པ་ཐ་མ་པའི་དུས་སུ་དྲོད་ནས་བཟུང་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་བར་སྟན་ཐོག་གཅིག་ལ་སྔོན་དུ་བྱེད་དོ། །མཛོད་ལས། བསམ་གཏན་ཐར་ཆ་གཅིག་ལ་ཀུན། །ཞེས་པ་ལྟར་རོ། །ཚོགས་སྤྱོད་ཆེ་ཆུང་གཉིས་ལས། ཆེན་པོས་ནི་སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ། བཟོད་འབྲིང་མན་རྫོགས་པར་བྱས་ནས་སྲིད་པ་ཐ་མ་པའི་དུས་སུ། བཟོད་ཆེན་ནས་བཟུང་སྟེ་ལམ་ལྷག་མ་རྣམས་སྔོན་དུ་བྱས་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ། །ཆུང་ངུས་ནི་སྐྱེ་བ་གཅིག་གིས་ཐོགས་པའི་ས་མན་དུ། རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་ཐོབ་པར་བྱས་ནས། སྲིད་པ་ཐ་མ་པའི་དུས་སུ། ལྷག་མ་རྣམས་སྔོན་དུ་བྱས་ནས་དགྲ་བཅོམ་ཐོབ་པར་བྱེད། ཕྱིར་མི་འོང་སྔོན་འགྲོ་ནི་མི་སྲིད་དེ། སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ་ཕྱིར་མི་འོང་ཐོབ་ནས། ཚེ་ཕྱི་མ་འདོད་ཁམས་སུ་སྐྱེ་མི་སྲིད་པའི་ཕྱིར་དང༌། རང་རྒྱལ་ནི་འདོད་པའི་རྟེན་ཅན་དུ་ངེས་པའི་ཕྱིར། ཚོགས་སྤྱོད་གཉིས་ལ་བསེ་རུ་ལྟར། ལྷག་མ་སྟན་ཐོག་གཅིག་ལ་སྔོན་དུ་བྱེད་པའི་རྣམ་གཞག་ནི་མི་སྣང་ངོ༌། །གསུམ་པ་ལ་གསུམ་ལས། རང་གི་ནི་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་མ་ཆགས་པའི་དགེ་རྩ། དབྱེ་བ་ནི་ཉན་ཐོས་ཀྱི་སྐབས་སུ་བསྟན་པ་ལྟར་རོ། །བསམ་པ་ནི། གཞན་དོན་དུ་བྱང་ཆུབ་ཏུ་སེམས་སྐྱེད་དོ་ཞེས་པ་ལྟར་རོ། །ལམ་བགྲོད་ཚུལ་ནི། ཐར་ཆ་མན་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། བསེ་རུ་ལྟ་བུ་དང་མཚུངས་པར་སྲིད་པ་ཐ་མ་པའི་དུས་སུ། བསམ་གཏན་རབ་མཐའ་ལ་བརྟེན་ནས། དྲོད་ནས་བཟུང་སྟེ་མི་སྐྱེ་བ་ཤེས་པའི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །མཛོད་ལས། སྟོན་དང་བསེ་རུ་ལྟ་བུའི་བར། །བསམ་གཏན་མཐར་རྟེན་གཅིག་ཀུན་ཏུ། །ཞེས་པ་ལྟར་རོ། །ལམ་བགྲོད་ཚུལ་ནི་བསྟན་ཟིན་ཏོ། །གསུམ་པ་འབྲས་བུའི་རྣམ་གཞག་ལ། རྟེན་གྱི་གང་ཟག་དང༌། ཐོབ་བྱའི་འབྲས་བུ་དང༌། ཡོན་ཏན་གྱི་རབ་དབྱེའོ། །དང་པོ་ནི། དབང་པོའི་སྒོ་ནས་དགྲ་བཅོམ་པ་དྲུག་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པས་རྗེས་སུ་བསྲུང་བ་སའི་ཆོས་ཅན། གནས་པ་ལས་མི་སྐྱོད་པ། རྟོགས་པའི་སྐལ་བ་ཅན། མི་གཡོ་བའི་ཆོས་ཅན་ནོ། །ཏིང་ངེ་འཛིན་ལ་ཇི་ལྟ་བུའི་ཚུལ་གྱི་སྒོ་ནས། དུས་སྦྱོར་དང༌། དུས་མི་སྦྱོར་གྱི་དགྲ་བཅོམ་གཉིས་སོ། །རྣམ་པར་གྲོལ་བ་ཐོབ་ཚུལ་གྱི་སྒོ་ནས་ཤེས་རབ་ཀྱི་སྟོབས་ཀྱིས་རྣམ་པར་གྲོལ་ཚུལ་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །གཉིས་པ་ནི། ལྷག་དང་ལྷག་མེད་ཀྱི་མྱང་འདས་གཉིས་ལས། དང་པོ་ནི། ཉོན་མོངས་པ་སྤངས་ལ། སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་རྟེན་གྱི་གང་ཟག་ལ་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་ཡོད་པས་ལྷག་བཅས་ཞེས་བརྗོད་དོ། །ཟག་མེད་ཀྱི་མྱང་འདས་ནི། དགྲ་བཅོམ་པ་སྐུ་ཚེའི་འདུ་བྱེད་བཏང་བའི་འོག་རོལ་གྱི་སོ་སོར་བརྟགས་འགོག ལས་ཀྱི་ལྷག་མ་ཙམ་ཡང་བོར་བའི་ཕྱིར་ལྷག་མེད་ཅེས་བྱའོ། །གཉིས་ཀ་ཡང་ཆུའི་ཆུ་ལོན་གྱིས་ཆུའི་རྒྱུན་འགོག་པའི་ཕྱིར་རྫས་སུ་གྲུབ་པར་འདོད་དོ། །ཟག་མེད་ཀྱི་ཤེས་རབ་ཀྱིས་བདེན་བཞིའི་གནས་ཚུལ་ལ། སོ་སོར་བརྟགས་པའི་སྟོབས་ཀྱི་ཐོབ་པས་སོ་སོར་བརྟགས་འགོག་སྟེ། བར་གྱི་ཚིག་མངོན་པར་བྱས་སོ། །གསུམ་པ་ལ། ཉན་ཐོས་ཀྱི་ཡོན་ཏན། རང་རྒྱལ་གྱི་ཡོན་ཏན། བྱང་སེམས་ཀྱི་ཡོན་ཏན། སངས་རྒྱས་ཀྱི་ཡོན་ཏན་ནོ། །དང་པོ་ལ། ཉན་ཐོས་ཀྱི་མི་སློབ་པ་ཐམས་ཅད་ལ་ཡོད་པའི་ཡོན་ཏན་དང༌། མི་སློབ་པ་འགའ་ཞིག་ལ་ཡོད་པའི་ཡོན་ཏན་དང༌། མི་གཡོ་བའི་ཆོས་ཅན་ལ་ཡོད་པའི་ཡོན་ཏན་དང་གསུམ་ཀ། དང་པོ་ནི། ཉན་ཐོས་མི་སློབ་པ་ཐམས་ཅད་ཀྱང༌། མདོ་ལས་བསྟན་པའི་ཟག་པ་ཟད་པ་སོགས་ཀྱི་ཡོན་ཏན་བཅོ་ལྔ་དང༌། མི་སློབ་པའི་ཆོས་བཅུ་དང་ལྡན་ནོ། །བཅུ་ནི་མི་སློབ་པའི་རྒྱུད་ཀྱི་འཕགས་ལམ་ཡན་ལག་བརྒྱད་དང༌། ཡང་དག་པའི་ཤེས་པ་དང༌། རྣམ་གྲོལ་ལོ། །དང་པོ་ནི། ཟད་པ་ཤེས་པ་ཡིན་ནོ། །རྣམ་གྲོལ་ལ་གཉིས་ཏེ། འདུ་བྱས་དང་འདུས་མ་བྱས་སོ། །དང་པོ་ནི། མི་སློབ་པའི་མོས་པ་རྣམ་གྲོལ་ཡིན་ལ། གཉིས་པ་ནི། སྤངས་པ་འདུས་མ་བྱས་སོ། །ཡན་ལག་ཏུ་བགྲང་བ་ནི་རྣམ་གྲོལ་འདུས་བྱས་ཡིན་ཏེ། འདུས་བྱས་ཡན་ལག་ཏུ་བཞག་ཏུ་མི་རུང་བའི་ཕྱིར་ཞེས་བརྗོད་དོ། །མཛོད་ལས། ཉོན་མོངས་བཅོམ་པས་འདུས་མ་བྱས། །མོས་པ་ཡན་ལག་འདུས་བྱས་ནི། །ཡིན་ན་དེ་ཉིད་རྣམ་གྲོལ་གཉིས། །བྱང་ཆུབ་ཇི་སྐད་བཤད་ཅེས་པའོ། །ཉན་ཐོས་མི་སློབ་པ་འགའ་ཞིག་ནི། རིག་པ་རྣམ་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང་ཡང་ལྡན་ནོ། །དེ་ལ་རིག་པ་གསུམ་ནི། མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ། ཟག་པ་ཟད་པའི་མངོན་ཤེས་སོ། །འདི་གསུམ་སློབ་པ་ལ་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་སློབ་པ་ལ་རིག་པ་གསུམ་མི་འདོད་ཅེ་ན། སེམས་རྒྱུད་མ་རིག་པས་བཅིངས་པའི་ཕྱིར། སློབ་པ་ལ་རིག་པ་གསུམ་མ་བཞག་གོ །མཛོད་ལས། སློབ་ལ་འདོད་དེ་མ་རིག་དང༌། །བཅས་རྒྱུད་ཕྱིར་ནི་རིག་མ་བཤད། །ཅེས་སོ། །མངོན་པར་ཤེས་པ་དྲུག་ནི། མཛོད་ལས། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང༌། །ཟད་ཤེས་སྔོན་དུ་བྱས་པ་ཡི། །མདོ་སྡེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་པ་ལྟར་རོ། །འདི་དག་དགྲ་བཅོམ་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནམ་ཞེ་ན། ཤེས་རབ་ཀྱི་རྣམ་གྲོལ་ལ་མ་ངེས་སོ། །དང་པོ་ལྔ་མེད་དེ། བསམ་གཏན་གྱི་དངོས་གཞི་མངོན་གྱུར་དུ་མེད་པའི་ཕྱིར་དང༌། དང་པོ་ལྔ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་དགོས་པའི་ཕྱིར། མཛོད་ལས། ལྔ་ནི་བསམ་གཏན་གཞི་དག་ན། །ཅེས་པའོ། །འགའ་ཞིག་བསམ་གཏན་གྱི་དངོས་གཞི་མ་ཐོབ་ཅེས་སྨྲ་བ་ནི་མི་འཐད་དེ། ཁམས་བྲལ་ལ་འདོད་ཆགས་དང་བྲལ་བ་ན་ས་དེའི་ཐོབ་པ་རྒྱུད་ལ་སྐྱེ་དགོས་པའི་ཕྱིར་རོ། །མཛོད་ལས། དག་པ་འདོད་ཆགས་བྲལ་བས་ཐོབ། །ཅེས་པ་ལྟར་རོ། །ཟག་ཟད་ཀྱི་མངོན་ཤེས་འཕགས་པ་ཐམས་ཅད་ལ་ཡོད་དེ། ཁམས་གསུམ་ལས་ངེས་པར་འབྱུང་བའི་ཐབས་སྔོན་དུ་རིག་པ་མེད་པར་འཕགས་པ་ཐོབ་པ་མི་འཐད་པའི་ཕྱིར་དང༌། དེ་ཉིད་ལ་ཟག་ཟད་མངོན་སུམ་དུ་འཇོག་དགོས་པའི་ཕྱིར། འགའ་ཞིག་ཟག་པ་ཟད་པ་ཁོ་ན་ལ་ངོས་བཟུང་ནས། སློབ་པ་ཁོ་ན་ཡོད་པར་སྨྲ་བ་ནི་མི་འཐད་དེ། མཛོད་ལས། སློབ་ལ་འདོད་དེ། ཞེས་པ་དང༌། གསེར་གླིང་པས། མདོ་ཁུངས་སུ་མཛད་ནས་བྱང་སེམས་འཕགས་པ་ཐམས་ཅད་ལ་ཡོད་པར་བཤད་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་མངོན་ཤེས་དང༌། གཞན་སེམས་ཤེས་པ་དང༌། ཟག་ཟད་མངོན་ཤེས་གསུམ་ལ་རིམ་པ་ལྟར། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཞེས་ཆོ་འཕྲུལ་གསུམ་ཡང་དེ་གསུམ་ལ་བཤད་དོ། །མཛོད་ལས། དང་པོ་གསུམ་ལ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན་བསྟན་པ་མཆོག །ཅེས་སོ། །མི་གཡོ་བའི་ཆོས་ཅན་ལ་ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་རིག་པ་བཞི་དང་ལྡན་ནོ། །མཛོད་ལས། ཉོན་མོངས་མེད་དང་སྨོན་ནས་ཤེས། །སོ་སོ་ཡང་དག་རིག་མངོན་སོགས། །ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །ཞེས་སོ། །གཉིས་པ་རང་རྒྱལ་གྱི་ཡོན་ཏན་ནི། ཡོན་ཏན་ཕལ་ཆེར་ཉན་ཐོས་ཀྱི་སྐབས་སུ་བཤད་པ་འདྲ་ཞིང༌། ཁྱད་པར་ནི་རྫོགས་པའི་སངས་རྒྱས་མ་བྱོན་པ་དང༌། ཉན་ཐོས་རྣམས་ཀྱང་ཡོངས་སུ་ཟད་པའི་གནས་སྐབས་ན། སྲིད་པ་མཐའ་མ་པའི་དུས་སུ་སློབ་དཔོན་གཞན་ལ་ལྟོས་པ་མེད་པར་རང་བྱང་ཆུབ་ཐོབ་པར་བྱེད་དོ། །འདི་ལ་རང་དོན་ལ་གནས་པ་དང༌། གཞན་དོན་ལ་འཇུག་པ་གཉིས་ལས། དང་པོ་ལ། སྐུ་ཡི་གནས་པ་བསེ་རུ་ལྟར་གཅིག་པོར་གནས་ཤིང༌། ཚོགས་སྤྱོད་དུ་མ་ལྷན་ཅིག་ཏུ་གནས་པ། གཉིས་ཀ་ཡང་གསུང་གི་གནས་པ་གཞན་ལ་སྨྲ་བ་དཔྱད་ཅིང༌། ཐུགས་ཀྱི་གནས་པ་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་གནས་པའོ། །གཉིས་པ་ནི། ངག་གི་སྒྲ་མེད་པར་ལུས་ཀྱི་རྣམ་འགྱུར་ལ་བརྟེན་ནས། མངོན་མཐོ་དང་ངེས་ལེགས་གནས་ལས་བརྩམས་པའི་ཆོས་ཕ་རོལ་པོའི་སེམས་རྒྱུད་ལ་གསལ་བར་བྱེད་དོ། །གསུམ་པ་བྱང་སེམས་ཀྱི་ཡོན་ཏན་ལ། སྤངས་རྟོགས་གཉིས་ལས། དང་པོ་སྤངས་པའི་ཡོན་ཏན་ནི། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་མ་ཡིན་པའི་སྒྲིབ་པ་གཉིས་པོ་རང་རྒྱུད་ལ་བྲལ་བའི་ཚུལ་གྱིས་བཅོས་ཏེ། སྒྲིབ་པ་ཐམས་ཅད་ཀྱིས་ཐོབ་པ་དང་མིང་འདོགས་པའི་ཡོན་ཏན་མ་ཡིན་པར། ཉན་རང་གཉིས་ཀྱིས་ཉོན་མོངས་པ་ཅན་གྱི་ཐོབ་པ་སྤྱོད་པ་པོའི་སྤངས་པ་ཐོབ་པ་ཡིན་ལ། ཉོན་མོངས་པ་ཅན་མ་ཡིན་པའི་ཐོབ་པ་གཅོད་པ་ནི་མ་ཡིན་ནོ། །འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་པར་འཇོག་དོན་ཏེ། རྒྱལ་སྲས་མ་ལས། ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་ཀྱང༌། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པར་བཤད་པའི་དགོངས་པ་ཡང་དེ་ཉིད་དུ་བཟུང་ངོ༌། །གཉིས་པ་རྟོགས་པའི་ཡོན་ཏན་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། ཉན་རང་ལ་བཤད་པའི་ཡོན་ཏན་དེ་དག་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་ལྡན་པ་ཡིན་ལ། ཐུན་མོང་མ་ཡིན་པ་ལ་མཁྱེན་བརྩེ་གཉིས་ལས། དང་པོ་ནི། མ་འོངས་པའི་ཡོན་ཏན་བཅོ་བརྒྱད་བརྙེས་པ་ཡིན་པའི་ཕྱིར། བཅོ་བརྒྱད་ནི། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་དྲན་པ་གསུམ་སྟེ་གསུམ་དང༌། ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་དོ། །ཁ་ཅིག་ན་རེ། སྙིང་རྗེ་ཆེན་པོ་ཉན་ཐོས་ཆེན་པོ་དང༌། རང་རྒྱལ་ལ་མེད་པར་འདོད་པ་ནི་མི་འཐད་དེ། ཐུགས་རྗེ་ཆེན་པོ་དང༌། སྙིང་རྗེ་ཆེན་པོའི་ཁྱད་པར་སྟོན་པ་ན། སྙིང་རྗེ་ཆེན་པོ་ནི་ཉན་ཐོས་ལའང་ཡོད་ལ།        རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*