ཐུགས་རྗེ་ཆེན་པོ་ནི་སངས་རྒྱས་ཁོ་ན་ལ་ཡོད་ཅེས་སོ། །ཐུགས་རྗེ་ཆེན་པོའི་ངོ་བོ། རིགས་ཅན་གསུམ་ཀས་ཇི་ལྟ་བ་རྟོགས་པ་ལ་ཁྱད་པར་མེད་དེ། གསུམ་ཀས་ཀྱང་གང་ཟག་གི་བདག་མེད་རྟོགས་པ་ལས་གཞན་མེད་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པ་ཞེས་ཁས་མི་ལེན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་ཉན་རང་གཉིས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པར་མཚུངས་ཤིང༌། སྤངས་པའི་ཁྱད་གཞན་མེད་དོ། །གཅིག་པ་སངས་རྒྱས་ཀྱི་ཡོན་ཏན་ལ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡང་བྲལ་བའི་ཚུལ་གྱིས་བཅོམ་པས་སྤངས་པ་ལྷག་པའོ། །ཇི་སྙེད་པ་མཁྱེན་པ་ལ་ཁྱད་པར་ཡོད་དེ། མཛོད་ལས། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པ་ཀུན། །ཞེས་དང༌། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཞེས་པ་ལྟར་རོ། །རིགས་དང་ལྡན་པའི་གང་ཟག་རྣམ་གསུམ་གྱིས། །ཐོས་དང་བསམ་པས་བླང་དོར་ལེགས་རྟོགས་ནས། །གཞི་དང་མཐུན་པར་བདག་མེད་སྒོམ་པ་ལས། །རང་གི་བྱང་ཆུབ་གནས་སུ་བགྲོད་པར་གྱུར། །བསྡུ་བའི་ཚིགས་བཅད་དོ། །བྱེ་བྲག་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་བསྟན་པའི་ལེའུ་སྟེ་དང་པོའོ།། ༈ །གཉིས་པ་མདོ་སྡེ་པའི་གྲུབ་མཐའ་གཏན་ལ་དབབ་པའོ། །གཞི་དང༌། ལམ་དང༌། འབྲས་བུ་གསུམ་ལས། གཞི་ལ་ཕུང་ཁམས་སྐྱེད་མཆེད་དེ། ཕལ་ཆེར་སྔ་མ་དང་མཐུན་ལ། ཁྱད་པར་ནི། ཐུགས་རྗེས་གཞི་ལྔ་ལས། གཟིགས་པའི་གཞི་ལ་བྱེ་བྲག་པས་ཕྱོགས་དང་དབྱིབས་གཉིས་ཀ་རྫས་ཡོད་དུ་འདོད་ཅིང༌། བྱེ་བྲག་སྨྲ་བས། དབྱེ་བས་རྫས་ཡོད་ཡིན་ཞིང༌། ཕྱོགས་ནི་རྫས་སུ་མ་གྲུབ་སྟེ། ཤར་ཕྱོགས་སུ་འདོད་པ་སྤངས། ཡུལ་འགའ་ཞིག་ཏུ་ཕྱིན་པའི་ཚེ་ནུབ་ཕྱོགས་སུ་འགྱུར་ལ་ནུབ་ཕྱོགས་སུ་འདོད་པ་ཡང་ཡུལ་འགའ་ཞིག་ཏུ་ཕྱིན་པའི་ཚེ་ཤར་ཕྱོགས་སུ་འགྱུར་བའི་ཕྱིར། དེ་དང་དེར་རྟོག་པས་བཏགས་པ་ཙམ་དུ་ཟད་དོ་ཞེས་འདོད་ལ། མདོ་སྡེ་པ་ནི། དབྱིབས་ཀྱི་ཡང་རྫས་སུ་མེད་དེ། དཔེར་ན་ཚར་གནོན་གྱི་དབྱིབས་ཕང་གི་དབྱིབས་ལ་ལྟོས་ཏེ་རིང་པོའི་བློ་སྐྱེས་ལ། མདུང་ཤིང་གི་དབྱིབས་ལ་ལྟོས་ཏེ་ཐུང་ངུའི་བློ་སྐྱེ་བའི་ཕྱིར། ཟླ་བོ་གཞན་དང་ཕྲད་པ་ན་དེར་འཛིན་གྱི་བློ་འདོར་བས་རང་སྐྱ་ཐུབ་པའི་རྫས་ཡོད་དུ་མི་འཐད་ཅིང༌། གྲུ་བཞི་ལ་སོགས་པ་ཡང་ཁོག་གི་རྡུལ་གྱི་བཀོད་པ་ཙམ་ཡིན་ཏེ། ཁོག་གི་རྡུལ་ཕྱོགས་བཞིར་བཀོད་པ་ལས་གྲུ་བཞི་དང་ཟླུམ་པོའི་ཐ་སྙད་བྱེད་པའི་ཕྱིར། གཞན་ཡང་དབྱིབས་གཟུགས་ཅན་རྫས་གྲུབ་ཡིན་ཏེ། རྡུལ་ཕྲ་རབ་ལ་མེད་པའི་ཕྱིར་ཏེ། མིག་གི་ཡུལ་ཡིན་པའི་ཕྱིར་ཏེ། མིག་གིས་མཐོང་བ་ན་རིང་པོ་སོགས་ཀྱི་བློ་སྐྱེ་དོན་ཡིན་པའི་ཕྱིར། ཞེ་ན། འོ་ན་ལུས་ཀྱི་དབང་པོའི་ཡུལ་དུ་ཡང་འགྱུར་ཏེ་ལག་པས་རེག་པ་ན་རིང་པོ་སོགས་ཀྱི་བློ་སྐྱེ་བའི་ཕྱིར། འདོད་ན་སྐྱེ་མཆེད་གཅིག་དབང་པོ་རིགས་མི་མཐུན་གཉིས་ཀྱི་བཟུང་ཡུལ་དུ་འགྱུར་བས། དབང་པོ་ལྔ་དང་ཡུལ་ལྔ་ཡུལ་ཅན་སོ་སོར་ངེས་པ་མ་ཡིན་པར་འགྱུར་ཞིང༌། ལོང་བས་ཀྱང་གཟུགས་ཀྱི་སྐྱེ་མཆེད་བཟུང་ཡུལ་དུ་བྱེད་ནུས་པ་ཉིད་དུ་འགྱུར་རོ། །བྱེ་བྲག་སྨྲ་བས་འབྱུང་འགྱུར་རེ་རེ་ཡང་འབྱུང་བ་བཞི་ལས་སྐྱེ་བར་འདོད་ལ། མདོ་སྡེ་པས། འབྱུང་བཞི་གང་ཡང་རུང་བ་ལ་མི་འཁྲུལ་བ་ཡིན་གྱི་ཐམས་ཅད་མངོན་སུམ་ཡོད་པ་ལས་སྐྱེ་བ་མེད་ཅིང་གང་མངོན་དུ་གྱུར་བའི་ལྷག་མ་རྣམས་ནི་ས་བོན་གྱི་ཚུལ་གྱིས་མེད་དོ་ཞེས་འདོད་དོ། །སེམས་བྱུང་གི་གཞི་རྣམས་ལ། བྱེ་བྲག་སྨྲ་བས་ཡུལ་འཛིན་པའི་ཚེ་རྣམ་མེད་ཐུག་འཕྲད་ཀྱི་ཚུལ་དུ་འཛིན་པར་འདོད་ལ། དེ་ནི་མི་འཐད་དེ། སེམས་ཀྱིས་ཡུལ་གཟུང་ངོ་སྙམ་པའི་རྣམ་པ་ཁས་མི་ལེན་ན། མིག་ཤེས་ཀྱིས་གཟུགས་རྟོགས་ཀྱི་སྒྲ་མི་རྟོགས་པའི་ཁྱད་པར་གང་གིས་རྣམ་པར་འབྱེད། གཟུགས་ལ་ལྟོས་ཏེ་རིག་པ་ཡོད་པའི་ཕྱིར་ཞེ་ན། འོ་ན་སྒྲ་སོགས་གཞན་ཡང་རྟོགས་པར་འགྱུར་ཏེ། ཡུལ་གང་ལ་ལྟོས་ཀྱང་མྱོང་རིག་གི་ངོ་བོ་མི་འདོད་པའི་ཕྱིར། གལ་ཏེ་མེད་པར་འདོད་ན། ཡུལ་གཞན་རྣམས་ལ་ལྟོས་ཏེ་དངོས་པོ་རང་གི་ངོ་བོ་འདོར་བར་འགྱུར་ཏེ། བེམ་རིག་གང་གི་ཡང་མ་ཡིན་པར་མི་འཛིན་པའོ། །དེས་ན་གཟུགས་སོགས་ཡུལ་རྟོགས་པའི་རྣམ་པ་ཁས་ལེན་དགོས་ཏེ། གཟུགས་སོགས་ཡུལ་རྟོགས་མ་རྟོགས་ཀྱི་བྱེད་ན། ཡུལ་གྱི་རྣམ་པ་ཤར་མ་ཤར་གྱིས་འབྱེད་དགོས་པའི་ཕྱིར་རོ། །བྱེ་བྲག་སྨྲ་བས་རྣམ་པ་ཙམ་མི་འདོད་པ་ནི་མ་ཡིན་ཏེ། སེམས་སེམས་བྱུང་དམིགས་རྣམ་སོགས་མཚུངས་པ་ལྔ་མཚུངས་པར་འདོད་པའི་ཕྱིར་དང༌། རྣམ་པ་མ་རིག་ལ་སོགས་བཅུ་དྲུག་ཀྱང་ཁས་ལེན་པའི་ཕྱིར་རོ། །འོན་ཀྱང་ཕྱི་དོན་གྱིས་ཡུལ་ཅན་ཤེས་པ་ལ་གཏད་པའི་དོན་དང་འདྲ་བའི་རྣམ་པ་མི་འདོད་པས་འགོག་པ་ཡིན་ནོ། །ལྡན་མིན་འདུ་བྱེད་ཀྱང་བཏགས་ཡོད་དུ་འདོད་ཀྱི་རྫས་ཡོད་དུ་མི་འདོད་དེ། དཔེར་ན་འགོག་པའི་སྙོམས་འཇུག་ལྟ་བུ་ལུས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ཡིན་གྱི་རྫས་ཀྱི་དངོས་པོ་འདི་ཡིན་ནོ་ཞེས་བསྟན་དུ་མེད་དེ། འགོག་པའི་སྙོམས་འཇུག་ལུས་མ་ཡིན། དེ་ནི་རྣམ་སྨིན་སྐྱེས་ལུང་མ་བསྟན་ཡིན་ལ། འགོག་སྙོམས་དགེ་བ་ཡིན་པའི་ཕྱིར། སེམས་སེམས་བྱུང་གང་ཡང་མ་ཡིན་ཏེ། སེམས་ལ་རྣམ་ཤེས་ཚོགས་དྲུག་ལས་མི་འདོད་ཅིང༌། ཚོགས་དྲུག་འཁོར་བཅས་བཀག་པའི་ཕྱིར་དང༌། དེ་ལས་གཞན་པའི་དངོས་པོ་ཡིན་པ་ཡང་རིགས་པས་ཁེགས་སོ། །འདུས་མ་བྱས་ཀྱི་གཞི་ལ། བྱེ་བྲག་སྨྲ་བས། ནམ་མཁའ་དང་འགོག་པ་གཉིས་རྫས་སུ་གྲུབ་པར་མི་འཐད་དེ་འདུས་མ་བྱས་པའི་དངོས་པོ་མི་འཐད་པའི་ཕྱིར་ཏེ། དངོས་པོ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། འགའ་ཞིག་ནི་གྲུབ་མཐའ་དང་ཐེག་པ་ནི་དོན་གཅིག་པར་ཡིན་པ་ཐོགས་མེད་ཀྱི་ས་སྡེ་གཉིས་དང༌། ཀུན་ལས་བཏུས་ལས་གསུངས་ཤིང་ཐེག་པ་ཐུན་མོང་གི་རྣམ་གཞག་ཀྱང་གྲུབ་མཐའ་ཐུན་མོང་བ་ཡིན་པས་ན། ཉན་ཐོས་ཀྱི་བར་བཤད་པའི་རིགས་རྣམས་མདོ་སྡེའི་ལུགས་ཁས་ལེན་ནོ་འཆད་དོ། །འདི་ནི་མ་རྟོགས་པ་ཁོ་ན་སྟེ་འདི་ནི་གང་ཟག་རང་རང་གི་ལུང་རིགས་ཀྱིས་དཔྱད་ནས་ཤེས་རབ་ཀྱིས་རྙེད་པའི་དོན་རྟོགས་པ་ལྟ་བའི་ཆས་བསྡུས་པ་ཡིན་ལ། ཐེག་པ་ལ་ནི་རང་རང་གི་ལྟ་སྒོམ་སྤྱོད་འབྲས་གསུམ་ཀ་དགོས་ཤིང༌། བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་གྱི་རྣམ་གཞག་༼མདོ་ལས་༽གསུངས་པའི་རྗེས་སུ་འབྲངས་ནས། གྲུབ་མཐའ་སྨྲ་བ་བཞི་པོ་ཡང་རང་རང་གི་གཞུང་ལུགས་རྣམས་སུ་ཐེག་པ་གསུམ་གྱི་རྣམ་གཞག་བྱེད་ཀྱང༌། གྲུབ་མཐའ་བཞི་ཀའི་ཐུན་མོང་གི་རྣམ་གཞག་མ་ཡིན་ཏེ། རང་རང་གི་གྲུབ་མཐའ་ཁོ་ན་གསུང་རབ་ཀྱི་དགོངས་པ་༼ཞིང་དང་༽མི་མཐུན་པའི་གྲུབ་མཐའ་གཞན་རྣམས་གསུང་རབ་ཀྱི་དགོངས་པར་མི་འདོད་པའི་ཕྱིར་རོ། །ཅི་སྟེ་ཉན་ཐོས་སྡེ་གཉིས་ཀྱང་རང་ལུགས་ཀྱི་ཐེག་ཆེན་འདོད་ན་ཐེག་ཆེན་བཀའ་སྒྲུབ་ཀྱི་ལུང་རིགས་ཀུན་དགོས་པ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། ཉན་ཐོས་སྡེ་གཉིས་ལ་༼གཟུང་༽ཡུལ་ལ་སོགས་པ་ངོ་བོ་ཉིད་མེད་པར་རྒྱས་པར་སྟོན་པ་རྣམས་བཀའ་མ་ཡིན་པར་འདོད་པ་ཡིན་གྱི། དེ་མ་གྲགས་པའི་ཐེག་ཆེན་མི་འགོག་པས་མི་འགལ་ལོ། །ཉན་ཐོས་སྡེ་གཉིས་ཀས་ཀྱང༌། ཐེག་པ་གསུམ་གྱི་རྣམ་གཞག་བྱེད་པ་ཡན་སངས་རྒྱས་ཀྱི་ཐེག་པ་ཐེག་ཆེན་༼ཁོ༽ནའོ། །འགའ་ཞིག་རྒྱལ་བའི་ཡུམ་ལ་སོགས་པ་དྲང་དོན་དུ་འདོད། ཐེག་ཆེན་ལྟར་ན་བཀར་འདོད་པར་འགྱུར་བས་ཐེག་ཆེན་བཀའ་སྒྲུབ་དོན་གཉེར་མེད་པར་ཐལ་བ་བཟློག་ཏུ་མེད་ཅིང༌། འཕགས་པ་ཐོགས་མེད་ཀྱི་བཞེད་ཚུལ་ལ། ༼ས་སྡེ་དང་༽«་་་་་གུག་རྟགས་ནང་གི་ཡི་གེ་འདི་དག་མ་དཔེ་ལ་ཤོག་སྣེ་ནས་མི་གསལ་བ་རྣམས་འོལ་ཚོད་ཀྱིས་དཔྱད་གཞི་ཙམ་བཀོད་པ་ཡིན་པས་མཁྱེན་ལྡན་རྣམས་ཀྱིས་ཅིས་ཀྱང་དཔྱད་པར་འཚལ། མཆན།» མངོན་པ་གཉིས་གསུངས་པ་ལ། དང་པོ་ནི། ཡུལ་སྣ་ཚོགས་སུ་གང་ཟག་སྣ་ཚོགས་དུས་འཐོར་བུར་གསུངས་པ་ཡིན་གྱི། མདོ་སྡེ་དང་འདུལ་བ་ལྟར་རྒྱུན་ཆགས་གཅིག་ལ་གསུངས་པ་ནི་མེད་དོ། །གཉིས་པ་ནི། མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་ཞེས་བྱ་བ་གཅིག་རྒྱུན་ཆགས་སུ་གསུངས་སོ། །དེ་དག་གི་གླེགས་བམ་སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་བསྲེགས་པའི་ལྷག་མ་རྣམས་ཐུན་མོང་གི་མངོན་པའི་དོན་རྣམས་ས་སྡེ་ལྔར་བསྡུས་པ་ལ། དེ་དག་གི་ཡང་ཞེས་པའི་དོན་རྣམས་སླར་ཡང་མངོན་པ་ཀུན་ལས་བཏུས་སོ། །ཐུན་མོང་མ་ཡིན་པའི་ཆོས་ཅན་མངོན་མཐོའི་ལྷག་མ་ཟག་མེད་རྣམས་ཀྱི་དོན་བསྡུས་པ་ནི། ཐེག་པ་ཆེན་པོ་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་དོན་དུ་བཀོད་དོ། །དེ་ནས་ཐུན་མོང་གི་ཆོས་མངོན་པ་ལས་ནི། སེམས་ཙམ་རང་ལུགས་ཀྱི་ཐེག་པ་གསུམ་དེའི་རྣམ་བཞག་བཀོད་པ་ཡིན་ལ། ཐེག་བསྡུས་ལས་ནི་སེམས་ཙམ་རང་ལུགས་ཀྱི་ཐེག་པ་ཆེན་པོ་རྣམས་བཀོད་པའི་ཕྱིར་དང༌། སྔ་མ་ལ་ཐུན་མོང་བ་དང༌། ཕྱི་མ་ལ་ཐུན་མོང་མ་ཡིན་པ་ཞེས་གྲགས་སོ། །ཐུན་མོང་གི་དོན་ནི། རིགས་ཅན་གསུམ་ཀས་བསླབ་པར་བྱ་བའི་གནས་སྟོན་པ་ཡིན་ལ། ཐུན་མོང་མ་ཡིན་པ་ནི། ཐེག་ཆེན་ཁོ་ནས་བསླབ་པར་བྱ་བའི་གནས་སྟོན་པའི་ཕྱིར་རོ། །མདོ་སྡེ་པ་ལ་ཡང་ལུང་གཙོ་བོར་འཛིན་པའི་མདོ་སྡེ་པ་དང༌། རིགས་པ་གཙོ་བོར་འཛིན་པའི་མདོ་སྡེ་པ་གཉིས་ཡོད་པར་མངོན་ཏེ། མདོ་སྡེ་པའི་གྲུབ་མཐའ་ལ་མངོན་པའི་སྡེ་སྣོད་ལས་འབྱུང་བ་དང༌། རིགས་པའི་གཞུང་ལུགས་ལས་འབྱུང་བའི་ཚུལ་མི་འདྲ་བ་གཉིས་མཐོང་བའི་ཕྱིར། དེ་ལ་དང་པོ་ནི། ལུང་ལས། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། །ཤིན་ཏུ་ཟབ་པའི་ཆོས་རྣམས་ལ། །སྔོན་གྱི་ལུང་ཉིད་ཡོངས་བཏང་སྟེ། །རང་ལྟ་མཆོག་ཏུ་བཟུང་མི་བྱ། །ཞེས་པ་ལྟར་རིགས་པ་ལ་ཅུང་ཟད་འདྲིས་ཀྱང་ལུང་གཙོ་བོར་བྱེད་པ་ཉིད་དོ། །རིགས་པ་གཙོ་བོར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་ལྟར་ལུང་ལ་ཅུང་ཟད་བརྟེན་ཡང༌། རིགས་པ་གཙོ་བོར་བྱེད་པས་ན་མདོ་སྡེ་པ་ཚུལ་མི་འདྲ་བ་གཉིས་ཡོད་པར་མངོན་ནོ། །མངོན་པའི་རྗེས་སུ་འབྲང་བའི་རྗེས་གསུང་རབ་ཀྱི་ཚིག་དང་དོན་གཙོ་བོར་འབྱོར་བ་ཡིན་ལ། རིགས་པའི་རྗེས་འབྲང་གི་གྲུབ་མཐའ་རྣམས་གཙོ་བོར་འཐད་པ་སྒྲུབ་པའི་རིགས་པ་དང་མཐུན་ནོ། །མངོན་པའི་གྲུབ་མཐའ་ཡང་རིགས་པའི་སྟོབས་ཀྱིས་རང་གི་གྲུབ་མཐའ་དང་མཐུན་པར་བགྲངས་ནས་གཅིག་ཏུ་འཆད་པར་ཟད་དོ། །དེ་གཉིས་སོ་སོའི་བདེན་གཉིས་བསྟན་པ་ལ། མངོན་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་ནི། རྫས་ཡོད་བཞི་དང་བརྟགས་ཡོད་བཞིར་རྣམ་པར་འབྱེད་དེ། རྫས་ཡོད་དོན་བྱེད་ནུས་པ་དང༌། རང་སྐྱ་ཐུབ་པའི་རང་གི་རིགས་པས་གྲུབ་པའི་ཕྱིར། བསྟན་པའི་རྫས་ཡོད་དང་བཞིའོ། །བརྟགས་ཡོད་ལ་ཡང་གནས་སྐབས་ལ་བརྟགས་པ་དངོས་དང༌། ཆ་ལ་བརྟགས་པ་དང༌། སྒྲོ་བཏགས་པ་དང༌། དེ་ལས་གཞན་པའི་བརྟགས་ཡོད་དང་བཞིའོ། །དེ་ལ་རྫས་ཡོད་ཀྱི་དང་པོ་དངོས་པོ་ཐམས་ཅད་ཡིན་ལ། ཆ་ལ་བཏགས་པའི་སེམས་བྱུང་དང༌། གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་རྣམས་ཀྱང་གཏོགས་ཏེ་དོན་བྱེད་ནུས་པའི་ཕྱིར་རོ། །གཉིས་པ་ནི། བུམ་པའི་གཟུགས་ཀྱི་སྐྱེ་མཆེད་དང༌། དྲི་ལ་སོགས་པའོ། །དེ་ཡང་ཐོག་མར་ཆོས་ཅན་གཞན་བློ་ཡུལ་དུ་བཟུང་བ་ལ་མི་ལྟོས་པར་རང་གི་མཚན་ཉིད་རང་དབང་དུ་དབང་པོའི་ཡུལ་དུ་འགྱུར་བའི་ཕྱིར་རོ། །འདི་ནི་བརྟགས་ཡོད་བཞིར་མི་གཏོགས་སོ། །གསུམ་པ་ནི། གྲུབ་མཐའ་རང་ལུགས་ཀྱི་རིགས་པས་དཔྱད་བཟོད་པ་སྟེ། རིགས་པས་རྣམ་པར་དཔྱད་ནས་རྙེད་པའི་དངོས་པོའི་ངོ་བོའོ། །དཔེར་ན་རྟགས་གྲུབ་ལྟ་བུའོ། །བཞི་པ་བརྟན་པའི་རྫས་ཡོད་ནི། སྔར་ཇི་ལྟ་བ་བཞིན་ཕྱིས་ཀྱང་གནས་པ་སྟེ། འདུས་མ་བྱས་ཐམས་ཅད་ཡིན་ནོ། །བཏགས་ཡོད་བཞིའི་དང་པོ་ནི། ལྡན་མིན་འདུ་བྱེད་ཐམས་ཅད་ཡིན་ལ། དེ་ཡང་གནས་སྐབས་ཅན་གྱི་ཆས་རྗེས་སུ་འགྲོ་བ་ཡིན་གྱི། རིལ་པོའི་མཚན་ཉིད་རྗེས་སུ་མི་འགྲོ་སྟེ། སོར་མོའི་གནས་སྐབས་ལ་བཏགས་པའི་ཁུ་ཚུར་དང་ཐལ་མོ་བཞིན་ནོ། །ཐལ་མོ་དང་ཁུ་ཚུར་གཉིས་ལ་སོར་མོས་ཁྱབ་ཅིང༌། སོར་མོ་ཡོད་པའི་གནས་སྐབས་སུ་ཐལ་མོ་དང་ཁུ་ཚུར་ཡོད་པར་མ་ངེས་པའི་ཕྱིར་རོ། །གཉིས་པ་ནི། ཆ་ཅན་གྱི་ལྡོག་པའི་ཁྱད་པར་གཞན་ལ་བཏགས་པ་སྟེ། ཤེས་རབ་ཀྱི་ལྡོག་པའི་ཆ་ལ་སེམས་བྱུང་གཏི་མུག་མེད་པ་ཞེས་བརྗོད་པ་བཞིན་ནོ། །སེམས་བྱུང་གི་བརྟགས་ཡོད་རྣམས་འདི་ཁོ་ནར་ངེས་པ་མ་ཡིན་ནོ། །གསུམ་པ་ནི། གཞི་མེད་པར་རྟོག་པས་ཡོད་པར་སྒྲོ་བཏགས་པ་སྟེ། བདག་དང་གཙོ་བོ་ལ་སོགས་པ་བཞིན་ནོ། །བཞི་པ་ནི། འདུས་བྱས་གཞན་གྱི་བརྟགས་ཡོད་ནི། དོན་རྫས་ཡོད་ལ་རྟོག་པས་མིང་བཏགས་པ་སྟེ་མཚོན་བྱ་ཐམས་ཅད་ཀྱང་དེར་འདུའོ། །འོ་ན་ལྡན་མིན་འདུ་བྱེད། སེམས་བྱུང་བརྟགས་ཡོད་རྣམས་རྫས་བརྟགས་གཉིས་ཀར་ཡང་འགྱུར་ཏེ། དོན་བྱེད་ནུས་པའི་རྫས་ཡོད་ཡིན་པའི་ཕྱིར་དང༌། ཆ་དང་གནས་སྐབས་ལ་བརྟགས་ཡོད་ཡིན་པའི་ཕྱིར་ཞེ་ན། འདིར་རྫས་ཡོད་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཁོ་ན་ཡིན་ལ། དེ་ལས་ལོག་པ་ནི་བརྟགས་ཡོད་ཁོ་ནར་ངེས་པས་སོ་སོར་ངེས་པ་ཁོ་ནའོ། །རང་སྐྱ་ཐུབ་པ་ནི། སློབ་དཔོན་རྒྱལ་བའི་སྲས་ཀྱིས། དབང་པོའི་སྤྱོད་ཡུལ་དུ་གྱུར་པ་སྒྲ་ལ་མི་ལྟོས་པའི་དོན་དག་གམ། ཐོག་མར་ཆོས་གཞན་བློ་ཡུལ་དུ་བྱས་པ་ལ་མི་ལྟོས་པར། རང་དབང་དུ་ཡོངས་སུ་འཛིན་པ་ལ་བརྗོད་ཅིང་དེ་ལས་ལོག་པ་བཏགས་བརྗོད་དུ་བཤད་དོ། །མདོར་ན་གནས་སྐབས་ལ་བཏགས་པ་དང༌། ཆ་ལ་བཏགས་པ་ནི། གནས་སྐབས་ཅན་གྱི་དུས་ཀྱི་བྱེ་བྲག་དང༌། ཆ་ཅན་གྱི་བྱེ་བྲག་ལ་བཏགས་པའོ། །རིགས་པ་སྨྲ་བའི་མདོ་སྡེ་པ་ནི། རྫས་བཏགས་ཀྱི་སྒྲ་འཇུག་པའི་གནས་སྐབས་མང་ཡང༌། རང་ལུགས་ཀྱི་གྲུབ་མཐའི་གཞུང་དོན་ལ། དོན་བྱེད་ནུས་པ་ལ་རྫས་དང༌། མི་ནུས་པ་ལ་བཏགས་པར་འདོད་དེ། རིགས་པས་རྣམ་པར་དཔྱད་ན་རྫས་ནི་དངོས་པོ་ལས་གཞན་དུ་མི་འདོད་པའི་ཕྱིར། མངོན་པའི་མདོ་སྡེ་ལས། ཤེས་པ་འཁྲུལ་བའི་ཡུལ་གང་ཞིག་ཡིན་པ་ལ་ཀུན་རྫོབ་དང༌། སྐྱེ་འཕགས་ཀྱི་ཤེས་པ་མ་འཁྲུལ་བའི་ཡུལ་གྱི་འདུས་མ་བྱས་ཀྱི་ཆོས་ནི་དོན་དམ་དང༌། སྡུག་ཀུན་གཉིས་དང༌། འགོག་ལམ་དོན་དམ་འབའ་ཞིག་གོ །རིགས་པ་སྨྲ་བས་ནི། དོན་དམ་པར་དོན་བྱེད་ནུས་པ་གང་ཡིན་པ་དོན་དམ་དང༌། དེ་ལས་གཞན་པ་ལ་ཀུན་རྫོབ་ཏུ་འདོད་པའི་ཕྱིར། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་སོགས་ལྟར་རོ། །དངོས་པོ་མ་ཡིན་པའི་དོན་དམ་མི་འཐད་དེ། ཡུལ་གྱི་གནས་ཚུལ་ལ་མེད་པའི་ཕྱིར། ཀ་བ་བུམ་པ་སོགས་བྱེ་བྲག་གྲུབ་པ་རྣམས་ལ་དངོས་པོར་འདོད་པ་ཡང་དོན་དམ་མ་ཡིན་ཏེ། ཀུན་རྫོབ་པའི་དངོས་པོ་ཙམ་ཡིན་པའི་ཕྱིར་དང༌། རྟོག་ངོའི་དངོས་པོ་ཡང་དེ་དག་ལ་འདོད་དགོས་པའི་ཕྱིར། དེ་ལ་རྟོག་ངོའི་དངོས་པོར་མི་འདོད་པས་ནི་རང་གི་བློའི་འཇུག་ཚུལ་མི་ཤེས་པར་ཟད་དོ། །སྐྱེ་མཆེད་རིགས་མཐུན་ཚོགས་པའི་ཀ་བ་དང་བུམ་པ་ལ་སོགས་པ་ནི་རང་གི་ཡན་ལག་ཀུན་ཏུ་རྫས་བརྒྱད་འདུས་པ་ཙམ་ལ་བཏགས་པའི་ཕྱིར་གནས་ཚུལ་གྱི་དོན་དམ་པ་ནི་མ་ཡིན་ནོ། །གཞན་དུ་ན་རང་གི་ཡན་ལག་གཟུགས་སོགས་གང་རུང་ཞིག་ཐོག་མར་བློས་བཟུང་བ་ལ་མི་ལྟོས་པར། གཟུགས་སྒྲ་ལ་སོགས་པ་ལྟར་རང་འཛིན་གྱི་བློ་རང་དག་ཏུ་སྐྱེད་པར་འགྱུར་རོ། །དོན་དམ་པར་རྫས་སུ་གྲུབ་པའི་ཕྱིར། རང་གི་ཡན་ལག་གཞན་ཡང༌། རང་གི་གཟུགས་སོགས་དང་རྫས་གཅིག་གམ་རྫས་ཐ་དད། གཅིག་ན་རིགས་པ་མཚུངས་པས་དྲི་དང་རྫས་གཅིག་ཏུ་འགྱུར་རོ། །དེ་ལྟར་ན་བུམ་པའི་གཟུགས་སོགས་མཐོང་བའི་མིག་ཤེས་ཀྱི་བུམ་པ་མཐོང་བར་འགྱུར་རོ། །བུམ་པ་མཐོང་བ་ན་དེའི་དྲི་ཡང་མཐོང་བར་འགྱུར་ཏེ། རྫས་གཅིག་ལ་རྟོག་མེད་ཤེས་པས་མཐོང་མ་མཐོང་ལ་ཆ་གཉིས་མེད་པའི་ཕྱིར། ཡན་ལག་ལས་གཞན་པའི་ལྷག་ཅན་རྫས་གྲུབ་པ་ཡོད་པར་འགྱུར་རོ། །འཇིམ་རིལ་ལྕིད་མཉམ་བཅུ་སྲང་ལ་གཞལ་བ་ན། ཡན་ལག་རེ་རེའི་སྲང་གྲངས་སྡོམ་པ་ལས་ལྷག་པའི་ཡན་ལག་ཅན་གྱི་རྫས་ལྷག་པོ་སྲང་གིས་གཞལ་བ་ཉིད་དུ་འགྱུར་ཏེ། ཡན་ལག་ལས་རྫས་ཡོད་པའི་ཡན་ལག་རྫས་གྲུབ་པ་ལྷག་པོ་ཡོད་པའི་ཕྱིར་རོ། །གལ་ཏེ་སྔོན་པོའི་རྡུལ་རྣམས་ཀྱང་སྔོན་པོ་དང་རྫས་གཅིག་ན། སྔོན་པོའི་རྡུལ་ཀུན་སོ་སོ་བ་རྣམས་ཀྱང་རྫས་གཅིག་པ་ཉིད་དུ་འགྱུར་ལ། རྫས་གཞན་མ་ཡིན་ན། ཡན་ལག་གཞན་གྱི་རྫས་ཀྱང་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཀ་བ་ནི་སྐྱེ་མཆེད་རིགས་མི་མཐུན་དུ་མ་ཚོགས་པ་ལ་བཏགས་པ་ཙམ་ཡིན་པའི་ཕྱིར། སྐྱེ་མཆེད་བློས་སོ་སོར་བསལ་བ་ན་ཀ་བའི་བློ་འདོར་ལ། སྔོན་པོའི་རྡུལ་བློས་སོ་སོར་བསལ་བ་ན་ཡང་རང་འཛིན་གྱི་བློ་རང་དབང་དུ་སྐྱེད་པའི་ཕྱིར་དང༌། གཞན་ཡང་ཡན་ལག་ལས་རྫས་ཡོད་པའི་རྫས་གང་གིས་འགོག སྣང་རུང་མ་དམིགས་པས་འགོག་ཅེ་ན། བུམ་གསལ་ཀུན་ལ་ཁྱབ་པའི་བུམ་པ་རྫས་སུ་གྲུབ་པ་ལ་ཡང་རིགས་པ་དེ་དེར་མཚུངས་པ་ཡིན་ནོ། །བུམ་གཟུགས་སོགས་དང་དངོས་པོ་རྫས་སོ་སོར་འགྱུར་རོ། །མིག་ཤེས་ཀྱི་མཐོང་བྱའི་རྫས་དང༌། མཐོང་བྱར་འགལ་བའི་རྫས་གཉིས་སུ་གནས་པའི་ཕྱིར། གཟུགས་དང་དངོས་པོ་ཉེར་ལེན་སོ་སོ་ལས་སྐྱེ་བར་ཁས་ལེན་དགོས་པའི་ཕྱིར། གཟུགས་སོགས་སྐྱེ་མཆེད་ཀྱི་རྒྱུ་ལས་དངོས་པོ་སྐྱེ་བར་མི་རུང་བའི་ཕྱིར་དང༌། དངོས་པོའི་རྒྱུ་ཡང་གཟུགས་སོགས་ཀྱི་རྒྱུར་མི་རུང་བའི་ཕྱིར། སྐྱེ་འགག་སོ་སོར་བྱེད་པར་ཡང་འགྱུར་ཏེ། དངོས་པོ་གྲུབ་པའི་དུས་སུ་ཡང་གཟུགས་སོགས་གྲུབ་པར་མ་ངེས་ལ། གཟུགས་སོགས་ཞིག་པས་དངོས་པོ་ཞིག་པ་ཡང་མ་ཡིན་པའི་ཕྱིར། སྐྱེ་འགག་སོ་སོར་བྱེད་པར་འདོད་ན། རྫས་གཅིག་ཏུ་འདོད་པ་ཉམས། དངོས་པོ་མ་སྐྱེས་པའི་སྔ་རོལ་དུ་དངོས་པོ་མེད་ན། སྐྱེད་མཆེད་ཀྱི་རྒྱུ་མེད་པས་རྫས་སུ་གྲུབ་པ་འགལ་ལ། ཡོད་ན། སྤྱོད་འཇུག་ལས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་སོགས་ཀྱི་རིགས་པས་གནོད་ཅིང༌། དངོས་པོ་མེད་པའི་སྔ་རོལ་དུ་དངོས་པོ་ཡོད་ཅེས་ཁས་བླངས་འགལ་བ་སྤང་བ་མ་ཡིན་ནོ། །བེམ་པོ་མེད་པའི་སྔ་རོལ་དུ་བེམ་པོའི་ཉེར་ལེན་མི་རུང་བའི་ཕྱིར་དང༌། ཤེས་པ་མེད་པའི་སྔ་རོལ་དུ་ཤེས་པ་ཉེར་ལེན་མི་རུང་བའི་ཕྱིར་ཞེས་སོགས་ཀྱི་རིགས་པས། དངོས་པོ་དང་བེམ་པོ་དང་ཤེས་པ་སོགས་དོན་དམ་པར་རྫས་སུ་འདོད་པའི་རྣམ་གཞག་རིང་དུ་སྤང་བར་བྱའོ། །རིགས་པ་དེ་དག་རང་ལ་ཡང་མཚུངས་སོ་ཞེ་ན། དེ་དག་དངོས་པོའི་དངོས་པོ་ཙམ་དུ་འདོད་ཀྱི། དོན་དམ་པར་རྫས་སུ་གྲུབ་པར་མི་འདོད་པ་མཚུངས་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །བྱེ་བྲག་པས། བུམ་རྟོག་པའི་འཛིན་སྟངས་ལས་མ་རྟོགས་པར་དོན་དམ་པར་རྫས་སུ་གྲུབ་པར་འདོད་པ་མུ་སྟེགས་བྱེ་བྲག་པའི་ཕྱོགས་སུ་གནས་པ་མ་ཡིན་ཏེ། གལ་ཏེ་བུམ་གསལ་མ་རྟོགས་པའི་བུམ་པ་ཁས་མི་ལེན་པས་ཉེས་པ་མེད་དོ་ཞེ་ན། འོ་ན་བུམ་པ་གསེར་བུམ་ཟངས་བུམ་གང་དུ་གཏོགས་པའི་རྫས་སུ་འདོད། གསེར་བུམ་དུ་གཏོགས་པའི་རྫས་སུ་འདོད་དོ་ཞེ་ན། ཟངས་བུམ་དུ་གཏོགས་པའི་རྫས་སུ་འགལ་བ་ཡིན་ནོ། །ཡན་ལག་ལས་མ་གཏོགས་པའི་ཡན་ལག་མེད་པར་འགྱུར་བ་དང༌། དབྱེ་བའི་ཡ་གྱལ་ལས་མ་གཏོགས་པའི་དབྱེ་གཞི་ཡང་མེད་པར་འགྱུར་རོ། །ཁྱོད་ལ་ཡང་དེ་དག་མཚུངས་པ་མ་ཡིན་ཏེ། དེ་དག་དོན་དམ་པར་རྫས་སུ་གྲུབ་པ་འགོག་པ་ཡིན་གྱི་ཀུན་རྫོབ་ཙམ་དུ་ཁས་ལེན་པ་ཉེས་པ་མེད་དོ། །རྣམ་འགྲེལ་ལས། གྲུབ་ན་གྲུབ་པ་སྒྲུབ་པ་ཉིད། །ཞེས་གསུངས་པས། རྟོག་ངོའི་ཀུན་རྫོབ་པའི་ཡན་ལག་ཅན་ཁས་མི་ལེན་པ་མ་ཡིན་ནོ། །གལ་ཏེ་བུམ་སོགས་རང་གསིལ་བ་ལ་གཏོགས་པ་ཉིད་དུ་ཁས་ལེན་ན། འོ་ན་དངོས་པོ་ཡང་སྤང་བྱ་བདག་འཛིན་དང་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀར་རྟོགས་པར་ཁས་ལེན་དགོས་པས་སོ། །ལྷས་སྦྱིན་གྱིས་དགྲ་དང་གཉེན་གཉིས་ཀར་རྟོགས་པར་འགྱུར་བ་དང༌། སྣང་མུན་གཞི་འགར་རྟོགས་པར་ཁས་ལེན་དགོས་པ་སོགས་མཐའ་ཡས་སོ། །བུམ་སོགས་ཟངས་བུམ་སོགས་ལ་གཏོགས་ཞེས་པའི་དོན་སྤངས་ཙམ་ཞིག་ཡིན། གསེར་བུམ་གྱི་དངོས་པོ་ཡིན་པ་ལ་འདོད་ན། གསེར་བུམ་དང་ཟངས་བུམ་སོགས་གཉིས་ཀར་རྟོགས་པའི་ཕྱིར། གལ་ཏེ་རྫས་གཅིག་ལ་འདོད་ན་ནི། རྟོག་མྱོང་རང་རིག་མངོན་ཡང་རྟོགས་པར་འགྱུར་རོ། །དེ་དང་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་དེའི་རྫས་སུ་གཏོགས་པས་དེའི་རྫས་ཡིན་པར་འདོད་ན། ལྷས་སྦྱིན་གྱི་རིལ་བ་ཡང་ལྷས་སྦྱིན་ཡིན་པར་ཐལ། ལྷས་སྦྱིན་གྱི་རྫས་ཡིན་པའི་ཕྱིར་རོ། །དེ་ལྷས་སྦྱིན་གྱི་རྫས་སུ་མི་རུང་ངོ་ཞེ་ན། ཆོས་འདུལ་བ་ལས། དགེ་འདུན་གྱིས་བདག་ཏུ་བཟུང་བའི་དངོས་པོ་ལ་དགེ་འདུན་གྱི་རྫས་ཞེས་གསུངས་པ་མི་འཐད་པ་ཉིད་དུ་འགྱུར་རོ། །དེས་ན་བྱས་པ་དང་མི་རྟག་སོགས་བྱེ་བྲག་གྲུབ་པའི་དངོས་པོ་སོགས་དོན་དམ་བདེན་པར་མི་རིགས་པའི་ཕྱིར། ཀུན་རྫོབ་བདེན་པར་བཞག་གོ །འདི་ཡང་བདེན་གཉིས་སོ་སོར་ཕྱེ་ནས་རིགས་པས་དཔྱད་པའི་དབང་དུ་བྱས་སོ། །དེ་ཡང་དོན་དམ་པར་རྫས་གཅིག་ཐ་དད་ལས་གཞན་པའི་དངོས་པོ་མི་རིགས་ལ། རྫས་གཅིག་ལ་དོན་དམ་པར་སྤྱི་དང་བྱེ་བྲག་མི་འཐད་པའི་ཕྱིར་ཏེ། དོན་དམ་པར་སྤྱི་དང་བྱེ་བྲག་གཉིས་འཐད་པར་མི་རུང་བའི་ཕྱིར་ཏེ། དོན་དམ་པར་འཐད་ན་རྫས་གཅིག་ཏུ་འགྱུར་ལ། རྫས་གཅིག་ལ་སྤྱི་དང་བྱེ་བྲག་མི་རུང་བའི་ཕྱིར་ཏེ། རང་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པའི་ཕྱིར། རང་མཚན་དང་སྤྱི་མཚན་མི་འགལ་བར་འདོད་པ་ཡང་མི་འཐད་དེ། རང་མཚན་གང་ཡིན་པ་ནི་གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་ལས། དོན་དམ་པར་འབྲས་བུ་མི་འབྱུང་བའི་ཕྱིར། རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་ཡིན་པར་འདོད། །དེ་ཡང་རྗེས་འགྲོ་མེད་གང་གི། །རྗེས་འགྲོ་དེ་ལས་འབྲས་མི་འབྱུང༌། །ཞེས་པའི་དོན་ནོ། །རང་མཚན་གང་ཡིན་པ་དེ་ནི་སྤྱིར་མི་རུང་སྟེ། སྤྱི་ནི་གསལ་བ་དུ་མའི་ཐུན་མོང་གི་ཆོས་ཅན་ལ་འཇོག་པ་ཡིན་ལ། རང་མཚན་ནི་ཐུན་མོང་མིན་པའི་དངོས་པོ་ཁོ་ན་ཡིན་ཏེ། རྣམ་ངེས་ལས། དེ་ནི་ཐུན་མོང་མ་ཡིན་པའི་དངོས་པོའི་རང་མཚན་ཡིན་ཏེ། རང་གི་མཚན་ཉིད་དོ་ཞེས་སོ། །རྣམ་འགྲེལ་གྱི་ལེའུ་གསུམ་པར་ཡང་རྒྱས་པར་བཀག་ཅིང༌། ཀུན་བཏུས་ལས་ཀྱང༌། རང་དང་སྤྱི་དང་འགལ་བ་ཡིན་ནོ་ཞེས་གསུངས་སོ། །དེས་ན་རང་སྤྱི་མི་འགལ་བར་འདོད་པ་ནི། རྟོག་གེའི་བརྡ་ཆད་མི་ཤེས་པར་འཁྲུལ་པ་ཁོ་ནའོ། །འོ་ན་དངོས་པོའི་མཚན་ཉིད་རང་མཚན་ཁོ་ན་ཡིན་པར་ཁས་བླངས་ན། བདག་མེད་དང་སྟོང་ཉིད་འདུས་བྱས་དོན་དམ་མ་ཡིན་པར་འགྱུར་རོ་ཞེ་ན། འདུས་མ་བྱས་ཀུན་རྫོབ་དོན་དམ་དུ་མི་རིགས། གཞལ་བྱའི་ངོར་རྟོག་པས་བཏགས་ནས་བཞག་པ་ཙམ་ཡིན་པའི་ཕྱིར། དེས་ན་དངོས་པོའི་ཆོས་ཉིད་ནི། མེའི་རང་བཞིན་ཚ་བར་འདོད་པ་ལྟར། གཟུགས་སོགས་དངོས་པོའི་རང་གི་ངོ་བོར་སྐྱེས་པ་བདག་མེད་ཉིད་དོ། །གཟུགས་སོགས་ཀྱི་དངོས་པོ་རང་དང་རང་བཞིན་གཅིག་པ་ལ་རྣམ་པར་འཇོག་དགོས་ཀྱི་རང་དང་རང་བཞིན་མི་གཅིག་པ་ནི་རང་གི་ཆོས་ཉིད་དུ་མི་རིགས་པའི་ཕྱིར། གལ་ཏེ་ཡིན་ན། ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཆོས་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །འཇིག་རྟེན་པའི་སྒོམ་བྱུང་ཐོས་བསམ་གྱིས་བདག་མེད་དང་སྟོང་པ་ཉིད་སྤྱད་པའི་དངོས་ཡུལ་ནི། རྣམ་གྲངས་པའི་དོན་དམ་མོ། །རྣམ་མཁྱེན་ཕྱི་དངོས་ཀྱི་སྤྱོད་ཡུལ་ནི་སྒྲོ་བཏགས་ཡིན་པས་ཀུན་རྫོབ་ཡིན་གྱི་རྣམ་གྲངས་པའི་དོན་དམ་ཙམ་དུ་ཡང་མི་རུང་ངོ༌། །འོ་ན་ལུང་ལས་ཆོས་ཀྱི་དབྱིངས་ཀྱིས་ཆོས་ཀུན་ལ་ཁྱབ་པའི་ཕྱིའི་མཚན་ཉིད་དུ་གསུངས་པ་ཇི་ལྟར་འཆད་ཅེ་ན། གཟུགས་སོགས་ཀྱི་ཆོས་ཀུན་རང་གི་ངོ་བོ་བདག་མེད་འདྲ་བ་ཙམ་ལ་དགོངས་ཤིང༌། དགོས་པ་ཆོས་ཀྱི་བདག་མེད་རྟོགས་ན་ཆོས་ཀུན་བདག་མེད་རྟོགས་པའི་ཆེད་དུ་གསུངས། དཔེར་ན། ཚ་བར་འདྲ་བ་ཙམ་ལ་བསམས་ནས་ཚ་བས་མེ་ཀུན་ལ་ཁྱབ་པར་བརྗོད་ཀྱང༌། རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པའི་ཕྱིར། མེ་ཀུན་ལ་ཐུན་མོང་དུ་ཁྱབ་པའི་རྫས་རང་མཚན་མེད་པ་བཞིན་ནོ། །རྟོག་པའི་འཛིན་སྟངས་ལ་སོགས་པ་ཀུན་ལ་ཁྱབ་པའི་སྤྱི་རྫས་གྲུབ་པ་ཡོད་ན། གྲངས་ཅན་གྱིས་བ་ལང་གི་སྤྱི་རྫས་གྲུབ་པ་འདོད་པ་དང་ཡན་ལག་རྫས་གྲུབ་པ་འདོད་པ་རྣམས་གང་གིས་འགོག གལ་ཏེ་གསལ་བ་དང་ཡན་ལག་ལས་རྫས་ཐ་དད་པའི་སྤྱི་དང་ཡན་ལག་འགོག་པ་ཡིན་གྱི། རྫས་གཅིག་པ་ནི་མི་འགོག་གོ་ཞེ་ན། གྲངས་ཅན་པ་ཐལ། དངོས་པོ་ཀུན་གཙོ་བོ་དང་རང་བཞིན་རྫས་གཅིག་པ་འདོད་པའི་སྐབས་སུ། རྫས་གཅིག་ན་སྐྱེ་འཇིག་གཅིག་པར་འགྱུར་ཞེས་པའི་རིགས་པ། བ་ལང་དང་བ་ལང་གི་ལྭ་བ་རྫས་གཅིག་ཏུ་འདོད་པ་ལ་ཡང་ཅིའི་ཕྱིར་མི་མཚུངས། དེས་ནི་ཆོས་ཉིད་རྫས་གཅིག་ཏུ་འདོད་པ་ལ་གནོད་པ་ཡིན་ནོ་ཞེ་ན། འོ་ན་གྲངས་ཅན་གྱིས་གཙོ་བོ་དང་དངོས་པོ་ཀུན་རྫས་གཅིག་ཏུ་འདོད་པ་ལ་ཡང་གནོད་པར་འགྱུར་ཏེ། དེས་ཆོས་ཉིད་རྫས་གཅིག་ཏུ་འདོད་པའི་ཕྱིར་ཏེ། རང་བཞིན་གཅིག་ལ་གནས་སྐབས་རྫས་ཡོད་དུ་འདོད་པའི་ཕྱིར། གལ་ཏེ་ཐོག་མར་རྫས་གཅིག་ཁས་ལེན་དུ་བཅུག་ནས། ཕྱིས་ཐ་དད་མེད་པ་ཉིད་དུ་འཕངས་པའམ་རིགས་པས་འགོག་པ་ཡིན་ཏེ། གྲངས་ཅན་གྱིས་སྒྲ་རྟོག་དངོས་པོའི་དབང་གིས་འཇུག་པར་འདོད་པས་ན། རྫས་གཅིག་དང་གཅིག་ལ་ཐ་དད་མེད་པར་འདོད་དགོས་པས་སོ་ཞེ་ན། གྲངས་ཅན་གྱིས་རྫས་གཅིག་དང་གཅིག་ལ་ཁྱད་པར་མེད་པར་མི་འདོད་དེ། གཙོ་བོ་དང་དངོས་པོ་ཀུན་རྫས་གཅིག་ལ་གནས་སྐབས་ཐ་དད་པར་འདོད་པའི་ཕྱིར། རྣམ་ངེས་ལས། གནས་མལ་བུའི་སྡེ་པས། བུམ་སོགས་གྲུབ་དུས་སུ་འཇིག་པ་མི་གྲུབ་སྟེ། འཇིག་པ་ནི་འཇིག་རྒྱུ་དོན་གཞན་གྱི་ཕྱིས་འབྱུང་བའི་ཕྱིར་རོ། །ཞེས་འདོད་པ་འགོག་པའི་འཕྲོས་ལ་སྦྱར་ནས། འོ་ན་དངོས་པོ་དང་འཇིག་པ་རྫས་ཐ་དད་དུ་དགྱེས་པའི་ཕྱིར། དངོས་པོ་དང་འཇིག་པ་གྲུབ་དུས་སོ་སོ་ཐ་དད་པའི་ཕྱིར་དང༌། དངོས་རྒྱུ་སོ་སོ་ལས་སྐྱེས་པའི་ཕྱིར་རྒྱུ་མཚན་གཉིས་པོ་དེས་ཆོས་ཉིད་རྫས་ཐ་དད་པར་མི་འགྲུབ་ན། རྫས་ཐ་དད་དུ་འཇོག་བྱེད་མེད་པས། དངོས་པོ་ཐམས་ཅད་རྫས་གཅིག་པ་ཉིད་དུ་འགྱུར་རོ། །དེས་ན་སྐྱེ་འགག་གཅིག་ཏུ་བྱེད་པར་འགྱུར་རོ་ཞེས་པའི་དོན་དུ་བསམས་ནས། མུ་སྟེགས་པས་སྒྲ་རྟོག་སྒྲུབ་པས་འཇུག་པར་འདོད་པ་ཡོད་ལ། རྫས་གཅིག་གིས་ཐ་དད་མེད་པའི་གཅིག་འཕངས་ནས་སྐྱེ་འཇིག་གཅིག་པར་བྱེད་པར་འགྱུར་ཞེས་པའི་དོན་དུ་འཆད་པས་ཀྱང་རྣམ་པར་ངེས་པའི་གཞུང་མ་མཐོང་བར་ཟད་དོ། །གཞན་ཡང་རྫས་གཅིག་ན་རྫས་ཀྱི་དུ་མ་འདོད་དགོས་ཏེ། རྫས་ཀྱི་ཆ་ཤས་དུ་མ་ཡིན་ན། རྫས་གཅིག་པའི་དོན་མི་གནས་པའི་ཕྱིར། རྫས་ཆ་ཤས་མེད་པའི་གཅིག་ཡིན་ན། རྫས་ལ་སྐྱེ་འཇིག་ཅིག་ཅར་བྱེད་པར་འགྱུར་དགོས་པས། ཆ་མེད་རྫས་གཅིག་གི་དབང་དུ་བྱས་ཀྱི་བའི་རྩོད་སྤོངས་ཀྱང་རྫུན་པ་ཁོ་ནའོ། །གཞུང་གི་གནད་ལ་མ་ཞུགས་པའི་ཚིག་གི་སྤྲོས་པ་ཙམ་དུ་ཟད་དོ། །ལྡོག་པའི་ཆ་ཤས་མེད་པ་ལ་འདོད་ན། ཕྱི་ནང་སུས་ཀྱང་ཁས་མི་ལེན་པས་སུ་ཞིག་ལ་རྩོད་པ་བྱེད་པར་བརྗོད། དེའི་ཕྱིར་ན་སྤྱི་དང་རགས་པ་ནི་ཀུན་རྫོབ་སྟེ། སྒྲ་རྟོག་གི་དངོས་ཡུལ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་འབྱུང་བས་ན། དོན་དམ་པར་དོན་བྱེད་ནུས་པ་ལ་རང་མཚན་དང་དོན་དམ་དུ་གསུངས་ལ། དེ་ལས་ལྡོག་པ་ལ་ཀུན་རྫོབ་དང་སྤྱི་ཉིད་དུ་འདོད་པར་མངོན་པས་ན་རང་སྤྱི་མི་འགལ་བར་འདོད་པ་ནི་གཞུང་གི་དོན་ལ་བློ་ཁ་མ་ཕྱོགས་པར་བླ་མཆོད་མཁན་བཞིན་དུ་ཚིག་གི་འདོན་པ་ལྷུར་ལེན་པའོ། །དེས་ན་སེལ་འཇུག་ཕྱིན་ཅི་ལོག་མ་ལོག་གི་སྒོ་ནས། ཀུན་རྫོབ་བདེན་པ་ལའང་ཡང་དག་པ་དང་ལོག་པའི་ཀུན་རྫོབ་བདེན་པ་གཉིས་སུ་རྣམ་པར་ཕྱེ་ཞིང༌། སྒྲ་རྟོག་རྣམས་ལ་ཡུལ་ཡོད་པ་དང་མེད་པ་དང༌། ཡོད་མེད་གཉིས་ཀའི་ཚུལ་གསུམ་གསུངས་པ་ལས། ཐ་སྙད་དུ་སྒྲ་དོན་ཙམ་མེད་པ་ནི་མ་ཡིན་པའི་ཕྱིར། འདི་ལ་དགོངས་ནས་སྒྲ་རྟོག་ཐམས་ཅད་ལ་ཡུལ་ཡོད་པར་གསུངས་ཏེ། མེད་པ་མ་རིག་སྒྲ་སྦྱོར་ཕྱིར། །ཞེས་པ་དང༌། དེ་ཡང་སྒྲ་འཇུག་པ་ཉིད་ཕྱིར། །ཡོད་ཅེས་ཐ་སྙད་བརྟེན་པར་འདོད། །ཅེས་པ་ལྟར་རོ། །སྒྲ་རྟོག་ཐམས་ཅད་བརྗོད་འདོད་ཙམ་གྱིས་འཇིགས། ཡུལ་དངོས་པོར་གྲུབ་པའི་དབང་གིས་གྲུབ་པ་མ་ཡིན་པའི་ཕྱིར། དངོས་ཡུལ་རང་མཚན་མེད་པ་ལ་དགོངས་ནས། ཡུལ་མེད་པ་ཉིད་དུ་གསུངས་ཀྱི། རྣམ་ངེས་ལས། རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ནི་ཡུལ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་པ་ལྟར་རོ། །ཡང་སྒྲ་རྟོག་དོན་མི་མཐུན་རྣམས་འཇུག་ཡུལ་ལ་མི་སླུ་བའི་ཕྱིར་དང༌། དོན་མཐུན་རྣམས་འཇུག་ཡུལ་ལ་སླུ་བའི་ཕྱིར། སྒྲ་རྟོག་འགའ་ཞིག་ལ་ཡུལ་ཡོད་པ་དང༌། འགའ་ཞིག་ལ་མེད་པའི་ཚུལ་གཉིས་གསུངས་སོ། །རིགས་པས་ཤིན་ཏུ་དཔྱད་པའི་ཚེ་ན། དོན་དམ་རང་མཚན་དང༌། ཀུན་རྫོབ་སྤྱི་མཚན་སྒྲོ་བཏགས་ཤིན་ཏུ་འགལ་བའི་ཕྱིར་ན། སྤྱི་ནི་རང་མཚན་ལ་རྗེས་སུ་མི་འགྲོ་ལ། རང་མཚན་ལ་ཡང་དོན་དམ་སྤྱི་མི་སྲིད་པའི་ཕྱིར་རོ། །དེས་ན་སྤྱི་ཀུན་རྟོག་ངོར་བཞིན་དུ་འཇོག་པ་ཡིན་ལ། རྟོག་ངོར་བྱེ་བྲག་དུ་མ་ལ་རྗེས་སུ་འགྲོ་བར་སྣང་བའི་ཕྱིར། སེལ་བའི་ངོར་བྱས་ནས་སྤྱི་དང་གཞན་གྱི་རྣམ་གཞག་བྱེད། རྣམ་འགྲེལ་ལས། སྒྲ་དོན་འདི་དང་གཞན་དུ་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ། །ཅེས་དང༌། དེ་ལ་བསམ་པའི་དབང་གིས་ནི། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །ཞེས་སོ། །ཁ་ཅིག་སྤྱི་ལ་དོན་སྤྱི་དང་རིགས་སྤྱི་གཉིས་སུ་ཕྱེ་ནས། རིགས་སྤྱི་ནི་རང་མཚན་ལ་རྗེས་སུ་འགྲོ་ཞིང་བུམ་པ་མིན་པ་རྣམ་པར་བཅད་ཙམ་ཞིག་བུམ་པའི་རིགས་སྤྱི་ཡིན་ལ། བུམ་སོགས་རྣམས་དོན་ལ་བུམ་མིན་ལས་ལོག་པར་གནས་པའི་ཕྱིར་རོ་ཟེར་རོ། །འདི་ལ་མ་དཔྱད་པ་དང༌། ཅུང་ཟད་དཔྱད་པ་དང༌། ཤིན་ཏུ་དཔྱད་པའི་རྣམ་གཞག་གསུམ་དུ་འདོད་པ་ལས། ཅུང་ཟད་དཔྱད་པའི་རྣམ་གཞག་ལ་རུང་གི། ཅུང་ཟད་དཔྱད་པའི་ཚེ་རྟོག་ངོར་སྤྱི་རྣམས་སྣང་ཚུལ་ལ་རྣམ་པ་ཕྱི་རོལ་ལྟ་བུར་སྣང་བ་དང༌། དེ་མིན་དང་བྲལ་བ་གཉིས་སུ་དབྱེ་རུང་བའི་ཕྱིར་དང༌། སྒྲ་མིན་རྣམ་པར་བཅད་པ་དེ་ཉིད་སེལ་ངོར་གསལ་བ་ལ་རྗེས་སུ་འགྲོ་བར་བཞག་ཏུ་རུང་བའི་ཕྱིར། ཤིན་ཏུ་རྣམ་པར་དཔྱད་པའི་ཚེ་མི་རུང་སྟེ། སྒྲ་དང་གསལ་བ་རྣམས་སྒྲ་མིན་ལས་ལོག་པར་སྣང་བ་ཙམ་ལ་བརྗོད་ན་ནི། གསལ་བ་རྣམས་གཅིག་གི་བདག་ཉིད་གཞན་ལ་རྗེས་སུ་འགྲོ་བ་མི་སྲིད་པས། ཕྱིའི་དོན་དུ་ཇི་ལྟར་འགྱུར། སྒྲའི་གསལ་བ་རྣམས་དེ་མིན་ལས་ལྡོག་པར་འདྲ་ཡང་རྟོག་པས་བཟུང་བ་ཙམ་ལ་བརྗོད་ན་ནི། རྟོག་པས་ཕྱི་རོལ་ལ་རྗེས་སུ་འགྲོ་བར་རློམ་པ་ཙམ་ཡིན་པ་ལས། དོན་སྤྱིའི་ནང་དུ་འདུས་པ་ཡིན་ནོ། །རིགས་གཏེར་ལས། དོན་སྤྱིར་མ་འདུས་པའི་རང་གི་སྤྱི་འདོད་པ་ནི། ཆུར་མ་འདུས་པའི་རྒྱ་མཚོ་འདོད་པ་དང་འདྲའོ་ཞེས་པའི་དོན་ཡང་དེ་ཉིད་དོ། །སྣང་བ་གསལ་བ་ཀུན་ལ་ཁྱབ་པའི་མེད་དགག་གི་གཞན་སེལ་རྟོག་ངོ་ཙམ་ལ་ཡོད་པར་བཞག་གི་གནས་ཚུལ་ལ་མི་སྲིད་དེ། དོན་དམ་པར་དངོས་སུ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དོན་དམ་པའི་དངོས་པོ་ཡིན་ན། གསལ་བ་ལས་རྫས་ཐ་དད་དུ་མི་འཐད་པས། རྫས་གཅིག་ཏུ་ཁས་ལེན་དགོས་ལ། གསལ་བ་གཅིག་དང་རྫས་གཅིག་པའི་ཆ་དེ་ཉིད་གསལ་བ་གཞན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ་སྤྱིའི་དོན་མེད་དོ། །དེས་ན་ཡུལ་ལ་རང་མཚན་དང་སྤྱི་མཚན་གཉིས། ཡུལ་ཅན་ལ་རྟོག་པ་དང་རྟོག་མེད་གཉིས། འཛིན་སྟངས་སྣང་བ་དང་སེལ་བ་གཉིས་སུ་ངེས་ལ། དེ་ལ་རྟོག་མེད་མ་འཁྲུལ་བ་དང༌། དེའི་ཡུལ་གྱི་དངོས་པོ་རང་མཚན་གཉིས་ནི། དོན་དམ་པ་མིན་ལ། སེལ་བས་འཇུག་པའི་དངོས་ཡུལ་སེལ་བའི་ཆ་ཀུན་རྫོབ་དང༌། སྤྱིའི་མཚན་ཉིད་དུ་ངེས་པའོ། །རྟོག་མེད་འཁྲུལ་བའི་ཡུལ་རྣམས་མ་ཤེས་པ་ལ་གསལ་བའི་ཆ་ནི་དོན་དམ་ཡིན་ལ། ཕྱིས་ཀྱི་རྟོག་པས་དངོས་ཡུལ་དུ་བྱས་པའི་ཆ་ནི་ཀུན་རྫོབ་བོ། །རྟོག་པས་ཕྱིའི་ཡུལ་དུ་རློམ་བྱ་ནི། དོན་དམ་ཀུན་རྫོབ་གཉིས་ཀ་མ་ཡིན་ཏེ། མེད་པའི་ཕྱིར་རོ། །བདེན་གཉིས་རྣམ་དབྱེ་ལ་མཁས་ཀྱང༌། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་དང༌། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་གི་དབྱེ་བ་མ་ཤེས་ན། རིགས་པའི་གནད་ཀྱི་འཆད་ལུགས་མེད་པས་གཞུང་གི་གནས་ལུགས་མ་རྟོགས་པར་བླ་མཆོད་མཁན་བཞིན་དུ་འཁྱམས་པར་ཟད་དོ། །དེས་ན་བདེན་གཉིས་སོ་སོར་ཕྱེ་བ་དང༌། ཡུལ་ལ་རང་མཚན་དང་སྤྱི་མཚན་དང༌། བློ་ལ་རྟོག་པ་དང་རྟོག་མེད་དང༌། འཛིན་སྟངས་སྣང་བ་དང་སེལ་བ། སྣང་བ་དང་བཏགས་པ་སོ་སོར་འབྱེད་པ་དང༌། ཡུལ་དང་དུས་ལ་སོགས་པའི་སྒོ་ནས་ཆོས་གཅིག་ལ་སོ་སོར་རྣམ་པར་ཕྱེ་བ་དང༌། རྫས་གཅིག་ལྡོག་པ་སོ་སོར་ཕྱེ་བའི་རྣམ་གཞག་དང༌། དངོས་ཀྱི་བརྗོད་བྱ་དོན་སྤྱི་དང༌། རྗོད་བྱེད་ངག་ཚིག་དོན་སྤྱི་ཡིན་པ་དང༌། སྒྲ་རྟོག་རང་མཚན་ལ་དངོས་སུ་མི་འཇུག་པ་དང༌། སྒྲ་རྟོག་གིས་དགག་སྒྲུབ་བྱེད་པ་ཐམས་ཅད་ཀྱང་རྟོག་ངོར་གནས་དོན་ལ་བརྟེན་ནས་བྱེད་པ་ཡིན་གྱི་རང་མཚན་ལ་བརྟེན་ནས་བྱེད་པ་མི་སྲིད་པའི་ཕྱིར་དང༌། རྟགས་དང་བསྒྲུབ་བྱ་འགལ་འབྲེལ་སོགས་ཀྱི་ཆ་སྒྲ་རྟོག་དངོས་མེད་ལ་འཇུག་པ་རྣམས་འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་གོ །དངོས་པོ་རྣམས་ལ་སྤྱི་དང་བྱེ་བྲག་དང༌། དབྱེ་གཞི་དབྱེ་ངོ་ལ་ཁྱབ་པ་དང༌། དབྱེ་ངོ་དབྱེ་གཞིའི་ངོ་བོར་གཏོགས་པ་དང་བདེན་གཉིས་དང༌། རང་སྤྱི་དང༌། ཡུལ་ཅན་རྟོག་པ་རྟོག་མེད་གཉིས་སུ་མ་ཕྱེ་བ་དང༌། འཛིན་སྟངས་ལ་སྣང་སེལ། སྣང་བཏགས་དང༌། ཡུལ་དུས་སོ་སོར་མ་ཕྱེ་བ་དང༌། རྫས་གཅིག་མ་ཡིན་པ་ཡང་ལྡོག་པ་ཐ་དད་པ་དང༌། ངག་ཚིག་དངོས་པོ་ཡིན་པ་དང༌། སྒྲ་རྟོག་གིས་རང་མཚན་ལ་དགག་སྒྲུབ་བྱེད་པ་དང༌། རྟགས་སུ་སོང་བའི་བྱས་པས་རྩོད་གཞི་དང་དཔེ་ལ་ཐུན་མོང་དུ་རྗེས་སུ་འགྲོ་ཞིང་རྟག་འཛིན་གྱི་སེམས་སྐྱེད་པ་མི་འགལ་བ་དང༌། བྱས་པ་སྒྲིག་པར་སྒྲུབ་པའི་རྟགས་ཆོས་དོན་གཉིས་རྫས་གཅིག་ཡིན་པ་དང༌། གནོད་བྱ་དང་གནོད་བྱེད་འགལ་བ་རྫས་སུ་གྲུབ་པ་དང༌། རྟོགས་སྦྱོར་དོན་གསུམ་རྫས་གཅིག་ཡིན་པ་དང༌། རྟགས་ཆོས་བདག་གཅིག་དང་དེ་བྱུང་དུ་འབྲེལ་བའི་རྣམ་གཞག་ཀུན་འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་ཡིན་ནོ། །སྔོན་རྣམ་གཞག་འདི་མ་ཤེས་པས་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ཀུན་གནས་ཚུལ་དོན་དམ་པའི་རྣམ་གཞག་ཏུ་བསམས་ནས། དངོས་པོར་གྱུར་པའི་སྤྱི་བྱེ་བྲག་རྫས་གཅིག་ཡིན་ཡང་ལྡོག་པ་ཐ་དད་པ་ཡིན་པ་དང༌། རྫས་གཅིག་མིན་ལ་ལྡོག་པ་ཐམས་ཅད་ཡིན་པ་དང༌། རྫས་སུ་གྲུབ་པའི་འགལ་འབྲེལ་དང༌། རྟགས་དང་བསྒྲུབ་བྱ་སོགས་རྫས་སུ་གྲུབ་པ་དང༌། རང་མཚན་ལ་དགག་སྒྲུབ་བྱེད་པ་སོགས་ཀྱི་རྣམ་གཞག་མང་པོ་དངོས་པོའི་གནས་ལུགས་སུ་བཟུང་ནས་སྨྲ་བ་ནི་རྟག་པར་སྨྲ་བའི་མུ་སྟེགས་པ་དང་མཚུངས་པར་པཎྜི་ཏ་དྷ་ན་ཤཱི་ལ་སོགས་པའི་མཁས་པ་རྣམས་ཀྱིས་གསུངས་སོ། །འདི་དག་རྫས་གྲུབ་འདོད་པ་ནི། །མཁས་པའི་གཙུག་རྒྱན་ས་སྐྱ་པས། །རིགས་པའི་གཏེར་དུ་བཀག་པའི་ཕྱིར། །དེ་ཡི་རྗེས་འབྲངས་ཤེས་པར་གྱིས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།དེས་ན་བློ་གསལ་དོན་གཉེར་རྣམས་ཀྱིས་འདི་ལ་བསྟེན་པར་བྱ་སྟེ། བྱིས་པ་ནས་མཁས་པའི་བར་གྱི་སྐྱེ་བོ་རྣམས་འཇུག་ཡུལ་རྣམས་ལ་འཇུག་པ་ན་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྟོག་པ་རང་རང་གི་འཁྲུལ་པ་རྣམས་ཀྱི་རྒྱུ་བྱས་ནས། ཡུལ་ཅན་ལ་རྟོག་པ་དང་རྟོག་མེད་གཉིས། ཡུལ་ལ་སྣང་བརྟགས་དང༌། ཡུལ་དུས་སོགས་ཅུང་ཟད་ཙམ་ཡང་མི་འབྱེད་པར་སྣང་བ་ལ་དོན་དུ་བཟུང་ནས་ཞུགས་པས། དེའི་རྗེས་སུ་མཐར་ཐུག་དོན་ཐོབ་པའི་ཕྱིར། དོན་རང་མཚན་རྟོགས་པའི་ཆེད་དུ་རྟགས་ཀྱི་རྣམ་གཞག་བྱས་པ་ཡང་འཁྲུལ་ཚུལ་གྱི་རྣམ་གཞག་ལ་བརྟེན་ནས་བྱས་པ་ཡིན་ཏེ། རྣམ་ངེས་ལས། ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱ་བ་ཡིན། །ཞེས་འབྱུང་བས། རྟགས་སྦྱོར་གྱི་རྣམ་གཞག་འཇུག་ཚེ་འཁྲུལ་པའི་རྣམ་གཞག་ཏུ་མངོན་ནོ། །ལ་ལས་ཡིན་ཚུལ་གྱི་རྣམ་བཞག་ལས། འཁྲུལ་ཚུལ་གྱི་རྣམ་གཞག་མང་སྦྱར་ནས། རྟགས་དང་བསྒྲུབ་བྱ་དང་སྤྱི་མཚན་ཀུན་རྫོབ་སོགས་ཀྱི་རྟོག་པའི་དངོས་ཡུལ་ཚད་མའི་གཞལ་བྱ་མ་ཡིན་ཞེས་སྨྲ་བ་ནི། ཚད་སྨྲའི་མུ་སྟེགས་དང་མཚུངས་སོ། །གཙོ་བོའི་སྒྲ་རྟོག་སོགས་གཞན་སེལ་ཕྱིན་ཅི་ལོག་གི་དངོས་ཡུལ་རྣམས་ཀྱང་ཡོད་པར་གསུངས་པའི་ཕྱིར་ན། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟགས་དང་བསྒྲུབ་བྱ་དང་སྤྱི་དང་བྱེ་བྲག་སོགས་ཅིའི་ཕྱིར་ཡོད་པར་མི་འགྱུར། འགའ་ཞིག་ཀུན་རྫོབ་པའི་དངོས་པོ་མི་འཐད་དེ། ཐ་སྙད་ཚད་མས་གྲུབ་ན་དོན་སྤྱིར་ཡོད་པར་འགོག་པ་འགལ་ལ། དེས་མ་གྲུབ་ན་ཡོད་པའི་འཇོག་བྱེད་མེད་པའི་ཕྱིར་ཞེས་ཟེར་རོ། །ཐ་སྙད་པའི་ཚད་མས་ཐ་སྙད་དུ་ཡོད་པར་གྲུབ་པ་ཡིན་ལ། དོན་དམ་དུ་གྲུབ་པ་མི་འགོག་པའི་ཕྱིར་དང༌། ཐ་སྙད་པའི་ཚད་མས་དོན་དམ་དུ་ཡོད་པ་འཇལ་བའི་ཕྱིར། ཚད་མ་གཅིག་གིས་གཅིག་གི་ཡུལ་ལ་གནོད་པར་ཇི་ལྟར་འགྱུར། འདིས་ནི་དོན་དམ་དུ་མེད་པ་དང་ཀུན་རྫོབ་ཏུ་ཡོད་པའི་མ་འགལ་བའི་བདེན་གཉིས་ཀྱི་རྣམ་དབྱེ་མི་ཤེས་པའི་བབ་ཅོལ་ཞིག་ཡིན་ནོ། །མུ་སྟེགས་པ་ཕལ་ཆེར་གྱིས་སྒྲ་རྟོག་སེལ་བས་འཇུག་པའི་གནད་འདི་མ་ཤེས་པས། གསལ་བ་དུ་མ་ལ་རིགས་གཅིག་ཏུ་འཛིན་པ་དང༌། གཅིག་ལ་དུ་མར་འབྱེད་པ་སོགས་ཀྱི་འཇིག་རྟེན་པའི་སྒྲ་རྟོག་འདི་རྒྱུ་མེད་པ་དང༌། རྒྱུ་གཞན་ཡིན་པ་མི་འཐད་པས་སྤྱི་སྒྲ་དང་སྤྱི་བློ་འཇུག་པའི་རྒྱུ་ནི། གསལ་བ་དུ་མ་ལ་ཁྱབ་པའི་སྤྱི་དངོས་པོ་བ་གཅིག་དགོས་ཞེས་འདོད་དོ། །འདི་ལ་འུ་ཡུག་པ་རིགས་པའི་སེངྒེས། སྒྲ་རྟོག་ནི་དངོས་པོ་སྒྲུབ་པ་མི་འཇུག་སྟེ། གཞན་དུ་མེ་མེད་པའི་གཞིར་མེའི་དོན་སྤྱི་མེད་པ་དང༌། མེ་ཞེས་བརྗོད་པའི་སྒྲ་མེད་པར་ཐལ་གྱི་སྐྱོན་བརྗོད་པས་བཀག་ཅིང༌། སྤྱི་དངོས་པོ་བ་འགོག་པའི་དོན་དུ་སྒྲ་རྟོག་སེལ་བས་འཇུག་ཚུལ་རྒྱས་པར་བཤད་པའི་དགོས་པ་ཡང་མ་རྟོགས་པར་ཟད་དོ། །གལ་ཏེ་གཞན་སེལ་ཕྱིན་ཅི་མ་ལོག་པ་ཐམས་ཅད་ཀྱི་དངོས་ཡུལ་ཡོད་པར་འགྱུར་རོ། །མེད་པར་གཞན་འཁྲུལ་བ་དང་མ་འཁྲུལ་བའི་རྣམ་དབྱེ་མེད་པར་འགྱུར་རོ་ཞེ་ན། འཁྲུལ་མ་འཁྲུལ་ནི། འཛིན་སྟངས་དོན་དང་མཐུན་མི་མཐུན་གྱི་སྒོ་ནས་རྣམ་པར་འབྱེད་པས་ཉེས་པ་མེད་དོ། །རིགས་པ་སྨྲ་བའི་མདོ་སྡེ་པའི་ལུགས་ཀྱི་གཞི་བསྟན་ཏོ། །མངོན་པའི་མདོ་སྡེ་པའི་གཞི་ལམ་འབྲས་གསུམ་ཕལ་ཆེར་ནི། བྱེ་བྲག་སྨྲ་བའི་ཚུལ་དང་མཚུངས་ལ་ཁྱད་པར་ཅུང་ཟད་འདིར་བརྗོད་པར་བྱ་བ་ནི་ཤེས་བྱ་གཞི་ལྔ་ལས། གཟུགས་ཀྱི་གཞི་ལ། ཕྲ་རྡུལ་གྱིས་རགས་པ་རྩོམ་པའི་ཚུལ་མི་མཐུན་ཏེ། བྱེ་བྲག་སྨྲ་བས་སྐོར་བ་བར་བཅས་ཀྱིས་རྩོམ་པར་འདོད་ཅིང༌། མདོ་སྡེ་བས་བར་མེད་རེག་མེད་ཀྱི་ཚུལ་གྱིས་དབང་འབྱོར་བར་འདོད་པའི་ཕྱིར་དང༌། ས་རྡུལ་ལ་བྱེ་བྲག་སྨྲ་བས་འབྱུང་བ་བཞི་ཆར་མངོན་གྱུར་དུ་ཡོད་པར་འདོད་ལ། མདོ་སྡེ་པས་གང་དམིགས་པ་དེ་མངོན་གྱུར་དུ་ཡོད་ལ། གཞན་ས་བོན་གྱི་ཚུལ་དུ་ཡོད་པར་འདོད་དོ། །གཞན་ཡང་དབྱིབས་རྫས་སུ་ཡོད་མེད་ལ་མི་མཐུན་ཏེ། སྔར་བཤད་པ་བཞིན་ནོ། །སེམས་ཀྱི་གཞི་ལ། དོན་རིག་གི་ཤེས་པས་དོན་རྣམ་མེད་ཀྱི་ཚུལ་གྱིས་འཛིན་པར་འདོད་ཀྱི། མདོ་སྡེ་པས་རྣམ་པ་གཏད་མེད་ཀྱི་ཕྱི་དོན་གྱིས་གཏད་པའི་རྣམ་པ་རིག་པར་འདོད་དོ། །སེམས་བྱུང་གི་གཞི་ལ་རྫས་བཏགས་ཀྱི་ཁྱད་པར་དུ་མ་མི་མཐུན་པ་ནི་མཛོད་ཀྱི་རྣམ་བཤད་དུ་བལྟ་བར་བྱའོ། །ལྡན་མིན་འདུ་བྱེད་ཀྱི་གཞི་ལ། བྱེ་བྲག་སྨྲ་བས། ཐམས་ཅད་རྫས་སུ་གྲུབ་པར་འདོད་ཅིང༌། མིང་ཚིག་ཡི་གེའི་ཚོགས་ཀྱང་ལྡན་མིན་འདུ་བྱེད་དུ་འདོད་དོ། །མདོ་སྡེ་པས་དེ་གསུམ་གཟུགས་ཀྱི་ཕུང་པོར་བསྡུས་ནས་ལྡན་མིན་འདུ་བྱེད་ཐམས་ཅད་ཀྱང་བཏགས་པ་ཙམ་དུ་འདོད་དོ། །འདུས་མ་བྱས་ཀྱི་གཞི་ལ། བྱེ་བྲག་སྨྲ་བས་རྫས་སུ་གྲུབ་པར་འདོད་ཅིང༌། མདོ་སྡེ་པས་རྫས་སུ་མ་གྲུབ་པར་ལྟའོ། །ཇི་སྙེད་དུ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་དག་གིས་ཀུན་སྟོང་སྟེ། །བྱེད་པ་པོ་མེད་སྐད་ཅིག་མ། །མི་ལ་སྐྱེ་བློ་རྣམས་མེད་ཅིང༌། །ཕྲ་མངོན་རིག་པར་རྡུལ་གྱི་ཚོགས། །བློ་ལྡན་ཞར་བཞེས་ཁས་འཆེ་བའི། །བྱེ་བྲག་སྨྲ་བའི་གཞུང་དུ་བཤད། །ཅེས་པ་དང༌། །མཐོང་བ་དབང་པོའི་ཡུལ་མིན་ཏེ། །ཤེས་པ་རྣམ་པར་བཅས་པ་སྐྱེ། །ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲའོ། །འདུ་བྱེད་བེམ་པོ་ཡོད་མིན་ལ། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །དེ་ཉིད་མདོ་སྡེ་པ་ཡི་རིག །ཅེས་གསུངས་པ་ལྟར་རོ། །དེས་བསྟན་ཟིན་ཏོ། །གཉིས་པ་ལམ་གཏན་ལ་དབབ་པ་ལ་ལྔར། ལམ་སྐྱེད་བྱེད་རྒྱུ། བརྟེན་པ་ལམ་གྱི་ངོ་བོ། ལམ་གྱི་ཁྱད་པར་གྱི་ཆོས། ལམ་ཇི་ལྟར་བགྲོད་པའི་ཚུལ་ལོ། །དང་པོ་ལ་ཉེར་ལེན་གྱི་རྒྱུ་ནི། རིགས་ཏེ། རྒྱལ་པོ་སྲས་ཀྱིས། ཟག་པ་མེད་པའི་ས་བོན་སེམས་ཀྱི་ནུས་པ་ལ་བཤད་དོ། །རིགས་པ་སྨྲ་བས་ནི། རྒྱུ་དུས་ཀྱི་འདུས་བྱས་ཀྱི་དགེ་རྩ་རྣམས་ལ་འདོད་དོ། །བསམ་པའི་ཁྱད་པར་ནི། ཐེག་གསུམ་སོ་སོའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་དོ། །གཉིས་པ་ནི། བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་དགེ་ཚོགས་ཏེ་ལམ་ཡང་ལྔའོ། །ཐོག་མར་ལམ་གྱི་གཙོ་བོ་སྒོམ་བྱུང་གི་རྟོགས་པ་སྐྱེ་བའི་སྣོད་དུ་རུང་བའི་ཕྱིར་དུ། དགེ་བའི་ཚོགས་གསོག་པའི་མགོ་བརྩམ་པ་ཚོགས་ལམ་དང༌། དེ་ནས་བདེན་པ་མངོན་སུམ་དུ་མཐོང་བ་ལ་སྦྱོར་བའི་དོན་དུ་སྦྱོར་ལམ་དང༌། སྦྱར་བ་ལྟར་བདེན་པ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དང༌། མཐོང་བ་དེ་ཉིད་གོམ་པར་བྱེད་པའི་སྒོམ་ལམ་དང༌། གོམས་པ་མཐར་ཕྱིན་པའི་མི་སློབ་པའི་ལམ་སྟེ་ལྔའོ། །ཅིའི་ཕྱིར་ལྔར་ངེས་ཤེ་ན། རྟོགས་པ་མཐར་ཕྱིན་པ་ཐོབ་པ་ལ་བདག་མེད་རྟོགས་པ་གོམས་པ་སྔོན་དུ་འགྲོ་དགོས་ཤིང༌། དེ་ལ་མཐོང་ལམ་སྔོན་དུ་འགྲོ་དགོས་ལ། དེ་མངོན་སུམ་དུ་མཐོང་བ་ལ། མཐོང་བ་ཐོབ་པར་བྱེད་པའི་གོམས་བྱེད་ཀྱི་སྦྱོར་བ་སྔོན་དུ་འགྲོ་དགོས་ལ། དེ་ལ་བསྒོམ་བྱ་ཐོས་བསམ་གྱིས་གཏན་ལ་ཕབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གསུམ་པ་ལ་ཞི་གནས། ལྷག་མཐོང་གཉིས་ལས། དང་པོ་སེམས་ཙམ་པ་དང་ཚུལ་མཐུན་པས་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ནི་བྱང་ཕྱོགས་སོ་བདུན་ཏེ། དེ་ལ་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་སྒོམ་ཞིང༌། འབྲིང་དུ་ཡང་དག་སྤོང་བཞི་དང༌། ཆེན་པོར་རྫུ་འཕྲུལ་རྐང་བཞི་དང༌། དྲོད་རྩེར་དབང་པོ་ལྔ། བཟོད་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན་སྐྱེད་པར་བྱེད་པའོ། །དེའི་ཚེ་ཉོན་མོངས་ཀུན་བཏགས་ཀྱི་ཆ་རྣམས་སྤོང༌། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་སྐྱེད་ནས། དེའི་ཚེ་ཉོན་མོངས་ལྷན་སྐྱེས་རྣམས་སྤོང་ངོ༌། །བཞི་པ་ནི་ཕལ་ཆེར་བྱེ་བྲག་སྨྲ་བའི་སྐབས་སུ་བཤད་པ་དང་ཚུལ་མཐུན་ལ། སོ་སོའི་ལམ་བགྲོད་ཚུལ་བསྡུ་ན། དབང་པོ་རྟུལ་པོ་དང་འབྲིང་པོས་རང་དོན་དུ་ལམ་བསྒོམས་པས་ཐེག་པ་དམན་པའི་བྱང་ཆུབ་ཐོབ་ལ། དབང་པོ་རྣོན་པོས་གཞན་དོན་དུ་ལམ་བསྒོམས་པས་རྫོགས་པའི་བྱང་ཆུབ་ཐོབ་པ་ཡིན་ནོ། །ཉན་རང་དང་སངས་རྒྱས་གསུམ་ཀ་ཡང་ཇི་ལྟ་བ་རྟོགས་པ་དང༌། ཉོན་སྒྲིབ་སྤངས་པ་ལ་ཁྱད་པར་མེད་པར་འདོད་ཅིང༌། རང་རྒྱལ་དང་ཉན་ཐོས་གཉིས་ཇི་སྙེད་པ་རྟོགས་པ་ལ་སྔར་བྱེ་བྲག་སྨྲ་བའི་སྐབས་སུ་བསྟན་པ་ལྟར་ཁྱད་པར་ཡོད་ལ། ཁྱད་པར་སངས་རྒྱས་ནི། ཉོན་མོངས་པ་མ་ཡིན་པའི་མི་ཤེས་པ་སྤངས་པས་ལྷག་གོ །གསུམ་པ་འབྲས་བུ་ལ་སོ་སོར་རྟོགས་པའི་འགོག་པ་ནི། གཉེན་པོ་བསྒོམས་པས་སྤང་བྱ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སོང་བའི་མེད་དགག་ཁོ་ན་ལ་འདོད་དོ། །རིགས་པ་གཙོ་བོར་བྱེད་པའི་མདོ་སྡེ་པ་ནི། དངོས་པོའི་ངོ་བོར་སྐྱེས་པའི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དོ། །ཆོས་ཉིད་ཀྱི་ངོ་བོ་ཡང་འདུས་བྱས་ཀྱི་ངོ་བོར་སྐྱེས་པའི་བདག་མེད་ལ་འདོད་དོ། །ཆོས་ཉིད་འདུས་མ་བྱས་ནི་འཁོར་འདས་ཀྱི་གཞི་ཡིན་པ་མི་འཐད་དེ། རྐྱེན་གྱི་ཁྱད་པར་བྱར་ཡོད་ན་འགྱུར་བའི་ཕྱིར་འདུས་མ་བྱས་སུ་འགལ་ལ། རྐྱེན་གྱི་ཁྱད་པར་བྱར་མེད་ན་བཅིང་གྲོལ་མི་སྲིད་པའི་ཕྱིར་རྣམ་ངེས་ལས། སྡུག་བསྔལ་སྐྱེད་པའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེད་རྒྱུ་ཉིད་ནི། །ཐར་མིན་རྟག་ལ་དེ་གང་ལས། །ཞེས་སོ། །དེ་ཡང་ཆོས་ཅན་གཟུགས་མཐོང་བའི་མངོན་སུམ་གྱིས་འདི་དང་ངོ་བོ་གཅིག་པའི་བདག་མེད་མཐོང་སྟེ། དོན་བྱེད་མེད་རྫས་གཅིག་ལ་རྟོགས་པར་ཤེས་པས་མཐོང་མ་མཐོང་ཆ་གཉིས་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་སོ། །འོ་ན་སེམས་ཅན་ཀུན་འབད་པ་མེད་པར་གྲོལ་བར་འགྱུར་ཏེ། གཟུགས་སོགས་མཐོང་བས་དེས་བདག་མེད་མཐོང་བའི་ཕྱིར་ཞེ་ན་མ་ཡིན་ཏེ། ཕྱི་ནང་གི་འཁྲུལ་རྒྱུ་ལ་བརྟེན་ནས་མིག་ཤེས་ཀྱིས་མཐོང་ཡང་རྟོག་པ་ཡིས་སྒྲོ་བཏགས་ནས་མཐོང་བའི་བདག་མེད་ལ་མཐོང་བ་ལྟར་ངེས་པ་འདྲེན་མི་ནུས་ལ། དེས་ན་མ་མཐོང་བ་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར། བདག་ཏུ་ལྟ་བ་དམ་པོས་བཅིངས་པར་འགྱུར་ལ། བདག་ཏུ་འཛིན་པའི་མཐུ་ལས་གཞན་དུ་འཛིན་པ་ལས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉེས་པ་དང་ཡོངས་སུ་འབྲེལ་བར་འགྱུར་ལ། དེའི་རྒྱུ་ལས་འགྲོ་བ་ལྔའི་འཁོར་བར་ཟོ་ཆུན་གྱི་རྒྱུད་ལྟར་འཁོར་བར་འགྱུར་རོ། །འདི་ཡི་ལམ་སྐྱེ་ཚུལ་ནི། ཐོག་མར་ཐོས་བསམ་ལ་ཞུགས་པས་ཁམས་གསུམ་འཁོར་བ་ཀུན་སྡུག་བསྔལ་ཉིད་དུ་ཡོངས་སུ་ཤེས་པར་བྱེད་ལ། དེའི་ཚེ་དེ་དང་བྲལ་བར་འདོད་པའི་བློ་རང་གི་སྐྱེ་བར་འགྱུར་རོ། །སྡུག་བསྔལ་ཡང་ཕྱིའི་ཚེར་མ་འདོན་པ་ལྟར་རྒྱུ་མ་སྤངས་པར་དེའི་ངོ་བོ་སྤོང་མི་ནུས་པས། རྒྱུ་ནི་རྟག་པ་ཡིན་ནམ་མི་རྟག་པ་ཡིན་ཞེས་ཐོས་བསམ་གྱིས་དཔྱོད་པར་བྱེད་དོ། །རྒྱུ་མེད་པའམ་རྟག་པ་ཡིན་ན་སྤོང་བར་མི་ནུས་པས་ཐོག་མར་རྒྱུ་ཁོང་དུ་ཆུད་པར་བྱེད་དོ། །ཁོང་དུ་ཆུད་པ་ན་སྡུག་བསྔལ་གྱི་རྩ་བ་ལོག་རྟོག་ཏུ་རིག་ནས་དེའི་གཉེན་པོ་འཚོལ་བ་ལ་འཇུག་གོ །གཉེན་པོ་དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཡིན། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་སྲེད་པ་ཡིན་ལ། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ལས་ལྷག་པ་གཞན་མེད་པའི་ཕྱིར། བདག་འཛིན་རྩ་བ་འབྱིན་པར་བྱེད་པ་ནི། བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་གོམས་པ་ལ་རག་ལས་པའི་ཕྱིར་རོ། །དེས་ན་ཚོགས་ལམ་གྱི་གནས་སྐབས་ན། ཐོས་བསམ་གྱི་ཤེས་རབ་རྣམ་དག་གིས་ལྷན་ཅིག་སྐྱེས་པ་དང་བཏགས་པའི་བདག་འཛིན་གྱི་ཡུལ་རྣམས་དང་པོར་འགོག་པར་བྱེད། རིགས་པས་ཡུལ་བདག་མེད་པར་ཁོང་དུ་མ་ཆུད་པར། ཡུལ་ཅན་བདག་འཛིན་མི་ལྡོག་པའི་ཕྱིར་རོ། །དེས་ན་ཐོས་བསམ་གྱིས་དཔྱད་པའི་བདག་མེད་ཅུང་ཟད་སྒོམ་ན་ཡང༌། གོམས་པ་དམན་པའི་ཕྱིར། སྒོམ་པའི་བྱེད་པ་ཉམས་པ་ན། བདག་འཛིན་ཡང་དང་ཡང་དུ་སྐྱེ་བར་འགྱུར་རོ། །སྦྱོར་ལམ་གྱི་གནས་སྐབས་སུ་དངོས་སྟོབས་ཀྱི་རིགས་པས་ཕྱི་ནང་གི་དངོས་པོ་ཀུན་བདག་མེད་དུ་རྟོགས་པའི་བསམ་བྱུང་གི་ཤེས་རབ་ཀྱིས་ཡང་དང་ཡང་དུ་གོམས་པར་བྱེད་དོ། །དེའི་ཚེ་བདག་མེད་དོན་སྤྱི་ལ་ངེས་པ་བརྟན་པོ་ཐོབ་པའི་ཕྱིར་རོ། །རྟོག་པ་ཕྲ་མོ་ཡོད་དུ་ཟིན་ཡང་གསལ་སྣང་ཅུང་ཟད་རིམ་གྱིས་སྐྱེས་ནས། གོམས་པ་ནི་གསལ་སྣང་སྐྱེ་བའི་རྒྱུ་ཡིན་ནོ། །གལ་ཏེ་དོན་དམ་སྤྱིའི་ཡུལ་ཅན་རྟོག་པ་ལ་གསལ་སྣང་མི་འཐད་དེ། རྣམ་པར་རྟོག་དང་རྗེས་འབྲེལ་བ། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་འབྱུང་བས་སོ་ཞེ་ན། འདིས་ནི་ཐ་ན་རང་གི་རྣམ་རྟོག་གི་འཇུག་ཚུལ་ཙམ་ཡང་མ་ཤེས་པར་ལོག་པར་རྟོག་པ་ཁོ་ན་སྟེ། འཇིག་རྟེན་ན་ཡང་ཡུལ་དེ་ཡང་དང་ཡང་དུ་གོམས་པར་བྱས་པ་ལས། གོམས་ཡུལ་ལ་གསལ་སྣང་འབྱུང་བ་མྱོང་བས་གྲུབ་པའི་ཕྱིར། གལ་ཏེ་རང་ཡུལ་ཡང་དང་ཡང་དུ་གོམས་པ་ལས་གསལ་སྣང་མི་འབྱུང་ན། གོམས་པ་གསལ་སྣང་གི་རྒྱུར་བཤད་པའི་གཞུང་རྣམས་ཇི་ལྟར་འཆད་པར་བྱེད་དོ། །རང་ཡུལ་ཡང་དང་ཡང་དུ་གོམས་པར་བྱས་ཀྱང་གསལ་སྣང་མི་རུང་ན། གོམས་པའི་འབད་པར་འབྲས་བུ་མེད་པར་འགྱུར་ཏེ། ཡུལ་གོམས་པར་བྱེད་པ་ནི་གསལ་སྣང་ཐོབ་པའི་ཆེད་ཡིན་པའི་ཕྱིར། གོམས་པ་ལ་མ་ལྟོས་པར་རྟོག་པ་རང་ཡུལ་གསར་པར་སྣང་ཞེ་ན། འོ་ན་གསལ་སྣང་གི་རྒྱུ་མེད་པར་འགྱུར་ཏེ། དེ་ལ་མ་གཏོགས་པའི་གང་ན་སྣང་བ་འབྱུང་བའི་རྒྱུ་གཞན་མེད་པའི་ཕྱིར། རྟོགས་པའི་མྱོང་བས་གྲུབ་པའི་སོ་སྐྱེའི་ཐོས་བསམ་གྱི་ཤེས་རབ་ལ་སོགས་པ་རྣམས་རང་ཡུལ་ཇི་ལྟར་གོམས་པ་བཞིན་ཡུལ་གྱི་གསལ་སྣང་གོམས་ནས་གོང་དུ་འཕེལ་བར་འགྱུར་བར་མཐོང་བའི་ཕྱིར་ན་རྟོག་པ་ལ་ཅིའི་ཕྱིར་གསལ་སྣང་མི་འདོད། འཇིགས་པ་དང་མྱ་ངན་ལ་སོགས་པས་སེམས་རྒྱུད་ཡོངས་སུ་སླད་པའི་ཚེ་རྟོག་པའི་བློ་ལ་འཇིགས་ཡུལ་ལ་སོགས་པ་གསལ་བར་སྣང་བ་ཡང་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང༌། གསལ་སྣང་འབྱུང་བའི་མཐུན་དཔེར་བྱས་པའི་ཕྱིར་དང༌། རྟོག་པ་ལ་དོན་གྱིས་གསལ་མི་གསལ་དང༌། གོམས་པ་ལས་ཡུལ་གསལ་པོར་བརྟན་མི་བརྟན་ལ་སོགས་པ་སྙོན་པ་མེད་པར་གྲུབ་པའི་ཕྱིར། གསལ་སྣང་འདོད་པར་བྱ་དགོས་སོ། །ལུང་ལས། རྟོག་པས་མི་གསལ་བར་བཤད་པ་དང༌། རྟོག་མེད་ལ་གསལ་བར་བཤད་པའི་དོན་ནི། རྟོག་པ་ཇི་ལྟར་གསལ་ཡང༌། དོན་རང་གི་མཚན་ཉིད་མ་འདྲེས་པར་མཐོང་མི་ནུས་ལ། རྟོག་མེད་ཇི་ལྟར་མི་གསལ་ཡང་རང་ཡུལ་གསལ་ལ་མ་འདྲེས་པར་མཐོང་བའི་ཕྱིར་རོ། །དེ་ཙམ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་རྟོག་མེད་ལ་གསལ་བ་ཁོ་ན་དང་རྟོག་པ་ལ་མི་གསལ་བ་ཁོ་ནར་ངེས་ན། དབང་པོ་གསལ་མི་གསལ་དང༌། ཡུལ་ཉེ་རིང་དང༌། རགས་པ་དང་ཕྲ་བ་ལ་སོགས་པའི་ཁྱད་པར་གྱིས། དབང་ཤེས་ལ་ཡང་ཡུལ་གསལ་མི་གསལ་དུ་མ་འབྱུང་བ་མེད་པར་ཐལ་བའི་ཕྱིར་དང༌། རྟོག་པ་ལ་ཡང་གོམས་པ་ཤས་ཆེ་ཆུང་གི་བྱེ་བྲག་གིས་རང་ཡུལ་གསལ་མི་གསལ་དུ་མ་སོགས་མེད་པར་འགྱུར་རོ། །ཁྱེད་ལྟར་ན། སྦྱོར་ལམ་མཉམ་གཞག་རྟོག་པའམ་རྟོག་མེད་གཅིག་ཡིན། གལ་ཏེ་རྟོག་པར་འདོད་ན། ཁྱེད་ལྟར་ན་གསལ་སྣང་མེད་པས། གསལ་སྣང་ཡོད་པར་བཤད་པའི་ལུང་དང་འགལ་བར་འགྱུར་རོ། །གཞན་ཡང་སྦྱོར་ལམ་གྱི་དུས་སུ་བདག་མེད་ལ་གསལ་སྣང་མེད་ན་མཐོང་ལམ་གྱི་དུས་སུ་མཐོང་ལམ་དུ་རྟོགས་པའི་རྒྱུ་མེད་པས། མཐོང་ལམ་བསྐྱེད་པའི་དོན་དུ་ཚོགས་སྦྱོར་སོགས་དོན་མེད་པར་འགྱུར་རོ། །མཐོང་ལམ་གྱིས་ནི་གོམས་པ་གསལ་སྣང་སྔོན་དུ་མ་སོང་ན། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་མི་འགྱུར་ཏེ། ཡིད་ཀྱིས་བདག་མེད་མངོན་སུམ་དུ་མཐོང་བ་ལ་ཡིད་ལ་བྱེད་པ་གོམས་པ་སྔོན་དུ་འགྲོ་དགོས་པར་ལུང་ལས་བཤད་པའི་ཕྱིར་རོ། །ཅི་སྟེ་རྟོག་མེད་དུ་འདོད་ན། ཡུལ་དོན་དམ་པ་རྟོགས་པའི་ཕྱིར་དང༌། ལམ་སྒྲ་དོན་འཛིན་པའི་རྟོག་པ་དང་བྲལ་བའི་ཕྱིར། རྣལ་འབྱོར་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་མཐོང་ལམ་ནི་བདག་མེད་མངོན་སུམ་དུ་གོམས་པར་བྱེད་པ་ཉིད་དུ་འགྱུར་བས་སྒོམ་ཉིད་དུ་འདོད་པར་བྱ་དགོས་སོ། །གལ་ཏེ་སྦྱོར་ལམ་དུ་ཆོས་ཉིད་མངོན་སུམ་དུ་མཐོང་ན་ཡང༌། མཐོང་བ་བཞིན་དུ་ངེས་པ་མ་དྲངས་པས། མཐོང་བའི་ལམ་གྱིས་དྲངས་པའི་ཕྱིར་ན། རྣལ་འབྱོར་མངོན་སུམ་དུ་ཐལ་བའི་ཉེས་པ་མེད་དོ་སྙམ་ན། རྣལ་འབྱོར་མངོན་སུམ་ནི་གོམས་པ་ཅན་ཡིན་པས་ཅིའི་ཕྱིར་མཐོང་བ་ལྟར་ངེས་པ་འདྲེན་མི་ནུས། མཐོང་བྱའི་ཆོས་ཉིད་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་གོམས་པར་བྱས་ནས་ཤེས་པ་ཙམ་ཡིན་ནོ། །ཅིའི་ཕྱིར་སྦྱོར་ལམ་མཉམ་གཞག་ནི། དོན་དམ་པ་གསལ་བར་སྣང་བའི་མཉམ་གཞག་རྟོག་མེད་ཡིན་ཡང་རྣལ་འབྱོར་མངོན་སུམ་མ་ཡིན་ན་མཐོང་སྒོམ་ཡང་མ་ཡིན་པར་མཚུངས་སོ། །ཇི་ལྟར་བཤད་པའི་དགག་སྒྲུབ་ཀྱི་རྣམ་གཞག་ཀུན་ཡང་དག་གིས་ཡུལ་ཅན་གྱི་དབང་དུ་བྱས་པ་ཡིན་ལ། སྐབས་འདིར་ཡང་དག་གིས་མ་ཡིན་པའི་ཡུལ་ཅན་གྱི་མི་སྡུག་པ་དང༌། ཟད་པར་ལ་སོགས་པའི་བསམ་གཏན་དང་ཐོས་བསམ་ལ་སོགས་གཞན་ཡང་ལམ་འདིར་མེད་པ་མ་ཡིན་ཏེ། ཚོགས་བསོག་ནས་མཐོང་ལམ་མ་སྐྱེས་གོང་གི་ཐར་པའི་དགེ་བ་ཀུན་འདིར་ཡོད་ཅིང༌། དེ་ཐམས་ཅད་མཉམ་གཞག་ཡིན་པ་མ་ངེས་པའི་ཕྱིར། སྦྱོར་ལམ་འདིར་ཇི་སྐད་བཤད་པའི་ཡང་དག་པའི་དོན་གོམས་པར་བྱས་པ་ལས་གོམས་པར་བྱས་པ་ཡོངས་སུ་རྫོགས་པ་ན། བདག་མེད་པའི་དོན་ལ་གསལ་སྣང་མི་རྟོག་པའི་བློ་འབྱུང་སྟེ། ཇི་སྐད་དུ། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པ་ལྟར་རོ། །མཐོང་ལམ་སྐྱེས་པའི་ཚེ་ཡེ་ཤེས་རྟོག་པ་གནས་འགྱུར་བའི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ནས། ཀུན་བཏགས་ཀྱི་བདག་ལྟ་དང་བཅས་པའི་སྒྲིབ་པ་ཀུན་བཏགས་ཀྱི་ཆ་རྣམས་སྤོང་ངོ༌། །དེ་ནས་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱས་པ་ལས། འཇིགས་ལྟ་ལྷན་སྐྱེས་དང་བཅས་པའི་ལྷན་སྐྱེས་ཀྱི་སྒྲིབ་པ་རྣམས་སྤོང་ངོ༌། །དེ་ནས་བསླབ་པར་བྱ་བ་མཐར་ཕྱིན་པས་འབྲས་བུ་བྱང་ཆུབ་ཐོབ་ལ། དེའི་སྐབས་སུ་བྱེ་བྲག་སྨྲ་བས་བཤད་པ་ལྟར་གྱི་ཡོན་ཏན་རྣམས་ཀྱང་ཐོབ་བོ། །གྲུབ་མཐའ་བཞིའི་རྣམ་པར་འབྱེད་པ་ལས། མདོ་སྡེ་པའི་གྲུབ་མཐའི་གཞི་ལམ་འབྲས་གསུམ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། ༈ །གསུམ་པ་སེམས་ཙམ་པའི་གཞི་ལམ་འབྲས་གསུམ་གྱི་ཚུལ་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞི་བསྟན་པ་ལ། ཤེས་བྱ་གཞི་ལྔ་ལས། ཕལ་ཆེར་སྔར་བསྟན་པ་དང་མཐུན་ལ། ཁྱད་པར་ནི། བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་ཕུང་པོ་དང༌། གཟུགས་ཅན་གྱི་སྐྱེ་མཆེད་དང༌། ཁམས་རྣམས་གསུངས་པ་དྲང་བའི་དོན་དུ་བཞེད་དེ། ཉི་ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེ་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་ནི། །བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ལྟར་རོ། །གང་ལ་དགོངས་ཤེ་ན། ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བག་ཆགས་གཉིས་གསུངས་པ་ལས། ཐུན་མོང་མ་ཡིན་པའི་བག་ཆགས་སད་པ་ལས་ནི་མིག་ལ་སོགས་པའི་དབང་པོ་ལྔར་སྣང་བ་འབྱུང་ལ། ཐུན་མོང་གི་བག་ཆགས་སད་པ་ལས་ནི། གཟུགས་སོགས་ཡུལ་ལྔར་སྣང་བ་ལ་དགོངས་ཏེ། ཉི་ཤུ་པ་ལས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་ཡིན་པ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་པ་ལྟར་རོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་ཀུན་བཏགས་པའི་གཟུགས་དང༌། རྣམ་པར་བཏགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་ཞེས་རྣམ་པ་གསུམ་གསུངས་པ་ལས། དང་པོའི་དབང་དུ་བྱས་ནས་གཟུགས་ཀྱི་ཕུང་པོའི་རྣམ་གཞག་མཛད་དོ་ཞེས་འདོད། སེམས་ཙམ་པ་ལ་མངོན་པ་བ་དང༌། རིགས་པ་གཙོ་བོར་བྱེད་པ་གཉིས་ལས། དང་པོ་ནི། གཞི་ལ་ཕུང་པོ་དང་ཁམས་དང་སྐྱེད་མཆེད་ཀྱི་རྒྱུ་རྣམ་པ་དུ་མ་ཡོད་པ་ལས། ནང་ཚན་མི་འདྲ་བའི་ཁྱད་པར་དུ་མ་ཡོད་ཀྱང༌། གཙོ་ཆེར་སྔ་མ་དང་མཐུན་ལ། ཁྱད་པར་གཟུགས་ཀྱི་ཕུང་པོ་དྲང་དོན་དུ་འདོད། ཀུན་གཞི་ལ་ཐུན་མོང་མ་ཡིན་པའི་ས་བོན་གཉིས་ལས། ཐུན་མོང་མ་ཡིན་པའི་བག་ཆགས་སད་པ་ལས་དབང་པོ་ལྔར་སྣང་བ་འབྱུང་ལ། ཐུན་མོང་བག་ཆགས་འདུལ་བ་ལས་ནི། གཟུགས་སོགས་སྣང་བ་འབྱུང་བ་ལ་དགོངས་ཏེ། དགོངས་པ་བསྟན་པས། འདུལ་བའི་གདུལ་བྱ་གཞུག་པའི་དོན་ཡིན་ཏེ། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །ཞེས་སོགས་དང༌། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་ཡིན་པ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་པ་ལྟར་རོ། །བསྡུས་ན། གཞིའི་ཆོས་ལ་མ་དག་གཞན་དབང་དུ་འདོད་ཀྱང༌། གཙོ་བོར་ཆོས་ཅན་གྱི་ཆ་ཀུན་གཞི་དང༌། དེའི་ཆོས་ཉིད་ཀུན་རྫོབ་སྟེ། འཁོར་འདས་གཉིས་ཀའི་ས་བོན་བྱིན་པ་ཡིན་པའི་ཕྱིར། འདི་ལྟར་དངོས་པོ་ཀུན་ཐོག་མ་མེད་པའི་དུས་ནས་བརྒྱུད་པའི་རང་གི་ས་བོན་ལས་སྐྱེས་པ་ཡིན་ལ། ཀུན་གཞི་མེད་ན། འཁོར་བར་སྐྱེ་བའི་རྒྱུ་རྐྱེན་དང༌། རྣམ་པར་བྱང་བའི་བདག་རྐྱེན་མེད་པའི་ཕྱིར་ཏེ། ས་བོན་གྱི་རྟེན་མེད་པའི་ཕྱིར་རོ། །གལ་ཏེ་ཚོགས་དྲུག་གི་རྣམ་ཤེས་སོགས་ཀྱི་རྟེན་དུ་འདོད་ཅེ་ན། ཚོགས་དྲུག་སོ་སོའི་ས་བོན་གྱི་རྟེན་དུ་མི་རུང་སྟེ། རྒྱུན་མི་བརྟན་པས་རེས་འགའ་རྒྱུན་ཆད་པར་འགྱུར་བའི་སྐབས་སྲིད་པའི་ཕྱིར། སྔར་གྱི་བག་ཆགས་ཆུད་ཟོས་པ་དང༌། ཕྱིས་ཀྱི་བག་ཆགས་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །ཉོན་ཡིད་ཀྱང་ས་བོན་གྱི་རྟེན་དུ་མི་རུང་སྟེ། དམིགས་རྣམ་གསལ་བས་བག་ཆགས་ཀྱི་སྒོ་བཞིར་མི་རིགས་པའི་ཕྱིར། དཔེར་ན་རླུང་གིས་དྲི་མི་འཛིན་པ་བཞིན་ནོ། །འཁོར་འདས་ཀྱི་ཆོས་ཀུན་བག་ཆགས་མེད་པར་སྐྱེ་ན་ནི། ཧ་ཅང་ཐལ་བ་དུ་མས་གནོད་པའི་ཕྱིར། བག་ཆགས་ཀྱི་རྟེན་ཀུན་གཞི་ཁས་ལེན་དགོས་སོ། །དེའི་ཆོས་ཉིད་ཡོངས་གྲུབ་མེད་ན། གཟུང་འཛིན་ཡོད་མེད་ནང་འགལ་ཡིན་པས་ཀུན་བཏགས་གནས་ཚུལ་ཡོད་པར་འགྱུར་ལ། དེ་ལྟ་ན་བྱིས་པ་འབད་པ་མེད་པར་འགྱུར་ཞིང༌། འཕགས་པ་འབད་ཀྱང་མི་གྲོལ་བར་གྱུར་ཏེ། བྱིས་པས་དེ་ཁོ་ན་ཉིད་དང་བཅས་སུ་མཐོང་བའི་ཕྱིར་དང༌། འཕགས་པ་ལ་ལམ་གྱི་དམིགས་པ་བདག་མེད་གཉིས་མེད་པས་རྣམ་པར་དག་པའི་རྒྱུ་མེད་པའི་ཕྱིར་རོ། །གཞི་དེ་དག་ཀྱང་བདེན་པ་གཉིས་སུ་གཏན་ལ་ཕབ་ནས་རྣམ་པར་འཇོག་སྟེ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི། གང་ལ་དམིགས་ནས་ཉོན་མོངས་འཕེལ་བར་འགྱུར་བ་ཡིན་ལ། དོན་དམ་བདེན་པ་ནི། གང་ལ་དམིགས་ནས་སྒྲིབ་པ་དག་ཅིང་ཡེ་ཤེས་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ལ་ཀུན་རྫོབ་བདེན་པའི་ངོ་བོ་ནི། ཡང་དག་པ་མ་ཡིན་པས་ཀུན་ཏུ་བཏགས་པ་ཡིན་ལ། བཏགས་པ་དེ་ཉིད་ཀྱིས་སྟོང་པའི་སྟོང་ཉིད་ནི་དོན་དམ་པར་ཤེས་པར་བྱའོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་བཏགས་པ་ནི། དོན་དམ་པ་མཐོང་བ་ལ་སྒྲིབ་པར་བྱེད་པས་སྒྲ་དོན་གྱི་སྒོ་ནས་ཀུན་རྫོབ་ཏུ་བཞག་ལ། གཟུང་འཛིན་གཉིས་བྲལ་གྱི་ཤེས་པ་ཡིན་པས་དོན་དམ་པ་སྟེ། གཏན་ལ་ཕབ་པ་བཏུས་པ་ལས། ཀུན་རྫོབ་རྣམ་གྲངས་པ་དང༌། དོན་དམ་མེད་པར་སྨྲའོ། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། གཟུང་དང་འཛིན་པ་གཉིས་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་འདོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །གྲུབ་མཐའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་པ་ལྟར་རོ། །མཁས་རློམ་ཁ་ཅིག་གཟུང་འཛིན་གཉིས་བཅས་དང་གཉིས་སྣང་གི་བྱེ་བྲག་མ་ཕྱེད་པར། སོ་སོ་སྐྱེ་བོའི་ཤེས་པ་ཀུན་གཟུང་འཛིན་གཉིས་བཅས་ཡིན། ཞེས་སྨྲའོ། །འོ་ན་མ་དག་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པར་འཇོག་པའི་སྒོ་མེད་པར་འགྱུར་རོ། །ཡུལ་གྱི་གནས་ཚུལ་གཟུང་འཛིན་གཉིས་བཅས་ཡིན་ཞིང༌། བློ་ཡང་གཟུང་འཛིན་གཉིས་ཀྱི་རྣམ་པ་ཅན་ཡིན་པས། འཛིན་སྟངས་མ་གྲུབ་པ་ཡིན་པའི་ཕྱིར། སོ་སོ་སྐྱེ་བོའི་ཤེས་པ་ལ་གཟུང་འཛིན་གཉིས་སྟོང་གི་ཆོས་ཉིད་མེད་པར་འགྱུར་ཏེ། བློ་གཟུང་འཛིན་གཉིས་བཅས་ཡིན་ལ། གཉིས་བཅས་གཉིས་མེད་དངོས་འགལ་ཡིན་པའི་ཕྱིར་དང༌། དགག་པ་སྒྲུབ་པ་ཡིན་པའི་ཕྱིར། དེས་ན་སེམས་གཟུང་འཛིན་གཉིས་མེད་དུ་གནས་ཀྱང་གཉིས་སུ་སྣང་བ་མི་འགལ་ཏེ། བདག་མེད་ཀྱང་བདག་ཏུ་སྣང་བ་བཞིན་དང༌། ཟླ་བ་གཉིས་མེད་ཀྱང་གཉིས་སུ་སྣང་བ་བཞིན་ནོ། །ཡོངས་གྲུབ་རྣམ་པ་གཉིས་ལས། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱང༌། དོན་དམ་བདེན་པ་ཉིད་དུ་གནས་ཏེ། ཡང་དག་པའི་དོན་མཐོང་བ་ལ་མི་སྒྲིབ་ཅིང༌། གཟུང་འཛིན་གཉིས་བྲལ་གྱི་རྫས་ཡིན་པས་ཀུན་རྫོབ་ཏུ་འཇོག་པའི་སྒོ་མེད་པའི་ཕྱིར། བདག་དང་ཆོས་སུ་སྣང་བའི་གཞན་དབང་ནི། སྟོང་གཞི་སྟེ། སྣང་བ་ལྟར་བདག་གཉིས་སུ་བཏགས་པའི་བཏགས་ཆ་ཀུན་བཏགས་སོ། །འདི་ཀུན་རྫོབ་ཙམ་དུ་ཡོད་པ་དེ་བཏགས་པ་ཀུན་རྫོབ། ཀུན་རྫོབ་ཙམ་དུ་མེད་པར་ལྟ་བ་ནི། བཏགས་ལ་སྐུར་པ་འདེབས་པའི་ལྟ་ངན་དུ་གསུངས་སོ། །བདག་གཉིས་སྟོང་པའི་སྟོང་ཉིད་ནི་ཡོངས་གྲུབ་བོ། །སློབ་དཔོན་ཤནྟི་པས་ནི། ཀུན་བཏགས་དང་ཡང་དག་མིན་པའི་ཀུན་ཏུ་རྟོག་པ་གཉིས་ཀུན་རྫོབ་ཏུ་བཤད་དོ། །མདོར་ན་བདག་དང་གཟུང་འཛིན་གཉིས་བཏགས་པ་ལྟར་དུ་བདེན་པར་མེད་པས། ཀུན་བཏགས་མེད་ཅེས་གསུངས་པ་ཡིན་ལ། རྫས་སུ་མེད་ཀྱང་ཐ་སྙད་དུ་ཡོད་པས་ངོ་བོ་ཉིད་ཅེས་བཤད་པ་དེས་ན། ཀུན་བཏགས་ནི་ཀུན་རྫོབ་ཏུ་འདོད་ལ་ཡང་དག་མིན་པའི་ཀུན་ཏུ་རྟོག་པ་ནི། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཆ་ནས་ཀུན་རྫོབ་ཏུ་བཤད་ཀྱང༌། བཤད་མ་ཐག་པ་ལྟར་དོན་དམ་མཚན་ཉིད་པའོ། །རིགས་པ་སྨྲ་བའི་སེམས་ཙམ་པ་ནི། གཞིའི་འདོད་ཚུལ་ནང་ཚན་མི་འདྲ་བའི་ཁྱད་པར་དུ་མ་ཡོད་ཀྱང༌། ཕལ་ཆེར་སྔ་མ་དང་མཐུན་ལ། བདེན་པ་གཉིས་ལ། དོན་དམ་པར་དོན་བྱེད་ནུས་པའི་སེམས་གང་ཡིན་པ་དེ། དོན་དམ་པར་ཡོད་པ་ཡིན་ཞིང༌། གཅིག་དང་དུ་མ་བྲལ་བའི་ཕྱིར། བེམ་པོ་དངོས་ཡོད་མ་ཡིན་པས་གཞན་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པ་ལྟར་རོ། །སེམས་ཙམ་པ་ཡང་རྣམ་བདེན་བརྫུན་གཉིས་ལས། རྣམ་བདེན་པ་རྣམས་ནི་བཟུང་བ་ཕྱི་དོན་བདེན་མེད་པས། དེར་འཛིན་གྱི་ཤེས་པ་འཁྲུལ་བ་ཡང་མེད་པ་ནི། བདག་མེད་པས་བདེན་འཛིན་གྱི་ཤེས་པ་འཁྲུལ་བ་མེད་པ་བཞིན་ནོ། །དེས་ན་བདག་དང་གཟུང་འཛིན་ཀུན་གནས་ཚུལ་ལ་གཏན་མེད་པས་ན། འཁོར་འདས་ཀྱི་སེམས་ཐམས་ཅད་གདོད་མ་ནས་གཟུང་འཛིན་གཉིས་སུ་མེད་པའི་ཕྱིར་རང་རིག་རང་གསལ་ཉིད་དུ་གནས་པ་འདི་ནི་སེམས་ཀྱི་ཆོས་ཉིད་ཡིན་ཏེ། དཔེར་ན་མེས་ཚ་བ་རང་གི་མཚན་ཉིད་དོར་ནས། གཞན་དུ་མི་འགྱུར་བ་ལྟར་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་གྱི་མཚན་ཉིད་དོར་ནས་གཞན་དུ་མི་འགྱུར་བའི་ཕྱིར། འགྱུར་མེད་ཡོངས་གྲུབ་ཏུ་བཤད་པ་ཡིན་གྱི། འདུས་མ་བྱས་ཡིན་པས་འགྱུར་མེད་དུ་བཤད་པ་མིན་ནོ། །གལ་ཏེ་གཟུང་འཛིན་གཉིས་སུ་མེད་པར་གནས་ན། ཅིའི་ཕྱིར་སེམས་ཡོངས་སུ་བཟུང་བ་ན། གཟུང་འཛིན་གཉིས་མེད་ཀྱི་སེམས་ཡོངས་སུ་བཟུང་བར་རྟོག་པར་མི་འགྱུར་ཞེ་ན། ཐོག་མ་མེད་པའི་གཉིས་སྣང་གི་བག་ཆགས་ཡོངས་སུ་སྨིན་པ་ལས། ང་དང་ང་ཡི་བ་དང་གཟུང་འཛིན་གཉིས་སུ་སྣང་བ་ལ་བདེན་པར་ཞེན་པའི་འཁྲུལ་རྒྱུས། ཇི་ལྟར་མཐོང་བའི་གཉིས་མེད་ཀྱི་དོན་ལ་ངེས་པ་མ་དྲངས་པས་མ་མཐོང་བ་དང་ཁྱད་པར་མེད་པའི་ཕྱིར། གཉིས་མེད་མཐོང་བ་ལ་ཡང་གཉིས་སུ་མངོན་པར་ཞེན་པའི་བློས་འཁོར་བར་ཡོངས་སུ་བཅིངས་པ་ཡིན་ནོ། །རིགས་པ་སྨྲ་བའི་སེམས་ཙམ་ལྟར་ན། སེམས་ཀྱི་ངོ་བོར་སྐྱེས་པའི་ཆོས་ཉིད་དྲི་བཅས་གཞི་ཡིན་གྱི་ཆོས་ཉིད་འདུས་མ་བྱས་སུ་འདོད་པ་ལ་ནི་མི་རུང་སྟེ། ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་བྱས་པ་དེ་ཉིད་གཉེན་པོས་མི་སྣང་བར་བྱེད་པ་ཡིན་ལ། འདུས་མ་བྱས་ལ་འཆིང་གྲོལ་མི་རུང་བའི་ཕྱིར་ཏེ། རྟག་པ་སྒྲིབ་གཡོགས་མེད་པའི་ཕྱིར། གལ་ཏེ་འདུས་མ་བྱས་ལ་སྒྲིབ་གཡོགས་འདོད་ན། རྟག་ཏུ་དྲི་བཅས་སུ་འགྱུར་རོ། །སྔར་དྲི་མ་དང་བཅས་པ་ཕྱིས་གཉེན་པོའི་རྐྱེན་གྱིས་དྲི་མེད་དུ་འགྱུར་བ་མེད་པའི་ཕྱིར་ཏེ། རྐྱེན་གྱིས་ཁྱད་པར་བྱར་མེད་པའི་ཕྱིར། དེ་ལྟ་ན་གྲོལ་བ་མི་སྲིད་པ་ཉིད་དུ་འགྱུར་རོ། །གལ་ཏེ་འབྲས་དུས་སུ་དྲི་མེད་དུ་འགྱུར་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། ཆོས་ཅན་དང་རྫས་གཅིག་ན་ཆོས་ཉིད་འདུས་མ་བྱས་སུ་འདོད་པ་འགལ་ལ། རྫས་གཞན་ཡིན་ན་དེའི་ཆོས་ཉིད་དུ་འདོད་པ་འགལ་ཞིང༌། གཉིས་ཀ་མིན་ན་དོན་དམ་དུ་འདོད་པ་འགལ་ཏེ། སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར། དེས་ན་སེམས་ཀྱི་ངོ་བོ་རང་བཞིན་རྣམ་དག་གི་དབྱིངས་གཟུང་འཛིན་གཉིས་སུ་མེད་པའི་རང་རིག་རང་གསལ་ཉིད་གཞིར་བཟུང་ནས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྐྱོན་གྱིས་དྲི་བཅས་དང་དྲི་མེད་དུ་འགྱུར་བའི་ཕྱིར་ན། འདི་ཡང་རང་རིག་མངོན་སུམ་གྱིས་དེའི་བདག་མེད་མཐོང་བར་འགྱུར་ཡང༌། ཡིད་ཤེས་ཀྱིས་ཆོས་དང་གང་ཟག་ཏུ་སྒྲོ་བཏགས་པའི་ཕྱིར། མཐོང་བ་ལྟར་ངེས་པ་མ་དྲངས་པས་ལོག་པའི་ལམ་དུ་ཞུགས་ཏེ་ལས་ཉོན་གྱིས་བཅིངས་པ་ཡིན་ནོ། །དེ་ལྟར་ཡང༌། རྣམ་འགྲེལ་ལས། སྡུག་བསྔལ་སྐྱེད་པའི་རྒྱུ་ཉིད་ནི། །འཆིང་ཡིན་རྟགས་ལས་དེ་གང་ལས། །ཞེས་བཤད་པ་ལྟར་རོ། །བདེན་གཉིས་སོ་སོའི་ངོ་བོ་ལ། གནས་ཚུལ་ལ་དོན་བྱེད་ནུས་པའི་སེམས་དོན་དམ་དུ་འདོད་པ་ཡིན་ལ། དེ་ལས་གཞན་པ་ནི་ཀུན་རྫོབ་ཏུ་འཇོག་པ་ཡིན་ནོ། །ཕྱི་རོལ་གྱི་བེམ་པོ་ལ་ནི་དོན་དམ་དུ་མི་འཇོག་སྟེ། སྒྲུབ་བྱེད་མེད་ལ་གནོད་བྱེད་ཀྱི་རིགས་པ་ཡོད་དེ། གལ་ཏེ་བེམ་པོའི་དངོས་པོ་ཡོད་ན། དབུས་རྡུལ་གྱི་ཕྱོགས་དྲུག་ན་རྡུལ་ཡོད་དམ་མེད། གལ་ཏེ་མེད་ན་རགས་པ་རྩོམ་པ་མི་འགྱུར་ཏེ། རྒྱུ་མེད་པའི་ཕྱིར། ཡོད་ན་དབུས་རྡུལ་ལ་ཤར་རྡུལ་གྱིས་ལྟ་བའི་ངོས་ཀྱིས་ཕྱོགས་གཞན་གྱི་རྡུལ་ལྟའམ་མི་ལྟ། ལྟ་བར་འདོད་ན། ཕྱོགས་གཞན་གྱི་རྡུལ་རྣམས་ཤར་རྡུལ་གྱི་གོ་སར་ཐིམ་པར་འགྱུར་ཏེ། དབུས་རྡུལ་ཤར་ཕྱོགས་ལ་ལྟ་བའི་ལྟ་ས་ཡིན་པའི་ཕྱིར། ཤར་རྡུལ་ཉིད་བཞིན། གལ་ཏེ་མི་ལྟ་ན་ཆ་བཅས་སུ་འགྱུར་ཏེ། ཕྱོགས་གཞན་ལ་ལྟ་མི་ལྟ་གཉིས་ཡོད་པའི་ཕྱིར། འདོད་ན་ཆེད་དུ་འདོད་པ་འགལ། སྒྲུབ་བྱེད་ཀྱང་མེད་དེ། དོན་འདྲ་བ་ལས་ལྷག་པའི་དོན་རྟོགས་ཀྱི་སྒྲུབ་བྱེད་མེད་ལ། འདྲ་བ་ཉིད་ཀྱང་མི་འཐད་པ་དང༌། ཁྱབ་ཆེས་པའི་རིགས་པ་གཉིས་ཀྱིས་བཀག་པའི་ཕྱིར། གལ་ཏེ་དབང་ཤེས་དོན་གྱི་རྣམ་པ་ཅན་དུ་སྐྱེས་པ་ཡིན་ན། དེ་ཡང་རྣམ་པར་གཏོད་མེད་ཀྱི་རྒྱུ་མི་རུང་བའི་ཕྱིར་ཞེ་ན། དེ་ཉིད་ཕྱི་རོལ་གྱི་དོན་ཡིན་པར་གང་གིས་ཤེས་པར་འགྱུར། རྒྱུའི་ཁྱད་པར་དཔོག་པའི་འབྲས་རྟགས་ལས་ཤེས་སོ་ཞེ་ན། དོན་སྣང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་སྐྱེ་དོན་དུ་སྣང་བ་སྐྱེས་ལ། དེ་ཉིད་མ་ཡིན་ཏེ་ཡིན་ཞེ་ན་ཅིས་འགོག དེས་ན་མ་ངེས་པ་ཉིད་དོ། །ཕྱི་དོན་གྱི་རྒྱུ་འབྲས་སུ་མི་འགྲུབ་སྟེ། འབྲེལ་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཕྱི་རོལ་གྱི་དོན་གང་གིས་ཀྱང་མ་མཐོང་བའི་ཕྱིར། ཞེས་པ་ས་སྐྱ་པཎྜི་ཏས་གྲུབ་མཐའ་རབ་འབྱེད་དུ་གནད་དེ་བཀོད་དོ། །སེམས་ཙམ་པ་ལ་ཡང་རྣམ་བདེན་རྫུན་གཉིས་ལས། རྣམ་བདེན་པས་དོན་དུ་སྣང་བ་འདི་ཕྱི་རོལ་གྱི་དོན་གྱིས་རྣམ་པ་གཏད་པ་མ་ཡིན་གྱི། སེམས་ཉིད་དོན་དུ་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སད་པ་ལས། སེམས་ཉིད་ཕྱི་རོལ་གྱི་དོན་དུ་སྣང་བ་ཡིན་པས། བློ་ཚུལ་གཉིས་པ་ཅན་དུ་གྲུབ་པ་ཡིན་ནོ། །དེ་འདྲ་ཐ་དད་པའི་ཆ་ནི་ཀུན་བཏགས་ཏེ། གཉིས་སྣང་ཡང་དོན་ལ་མི་གནས་པའི་ཕྱིར་ཏེ། ལྷན་ཅིག་ཏུ་དམིགས་ངེས་ཡིན་པའི་ཕྱིར། གཉིས་སུ་སྣང་བ་ཙམ་ཐ་སྙད་དུ་ཡོད་པས་ཐ་སྙད་དུ་ཀུན་བཏགས་ཡོད་ཅེས་བཏགས་ཤིང༌། ཀུན་ལས་བཏུས་ལས། འཕགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལྟ་ངན་དུ་གསུངས་པ་ཡང་དེ་ལ་དགོངས་སོ། །གཟུང་བ་ཕྱི་དོན་མེད་པས་དེར་འཛིན་གྱི་ཤེས་པ་མ་འཁྲུལ་བ་མེད་དེ། དཔེར་ན། རི་བོང་གི་རྭ་མེད་པས། དེར་འཛིན་གྱི་ཤེས་པ་མ་འཁྲུལ་བ་མེད་པ་བཞིན་ནོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་གཟུང་འཛིན་གཉིས་མེད་དུ་གྲུབ་པའི་ཕྱིར། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཅན་དུ་གྲུབ་ལ། གཉིས་སྟོང་གི་ཆོས་ཉིད་དེ་ཉིད་དོན་དམ་པའི་བདེན་པར་འདོད་དོ། །མེའི་ཚ་བ་རྐྱེན་གྱིས་ཆོས་གཞན་དུ་མི་འགྱུར་བ་ལྟར། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་གཉིས་སྟོང་གི་སེམས་ཀྱི་ངོ་བོ་མྱོང་རིག་ཙམ་ཆོས་གཞན་དུ་མི་འགྱུར་བར་རྗེས་སུ་འགྲོ་བའི་ཕྱིར། འགྱུར་མེད་ཡོངས་གྲུབ་ཅེས་བཤད་པ་ཡིན་གྱི། འདུས་མ་བྱས་སུ་འདོད་པས་དེ་སྐད་དུ་བསྟན་པ་མ་ཡིན་ནོ། །དོན་དུ་སྣང་བའི་རྣམ་པ་སེམས་དུ་བདེན་པའི་ཁ་ཕྱིར་ལྟས། གཉིས་སྣང་གི་བློ་ཐམས་ཅད་ནང་ལྟས་གཉིས་རང་རིག་རང་གསལ་ཀུན་དོན་དམ་དུ་འདོད་པ་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པའི་ཕྱིར། ཐོས་བསམ་དང་འཇིག་རྟེན་པའི་སྒོམ་བྱུང་གིས་དངོས་སུ་ཡུལ་གྱི་བདག་མེད་དུ་བཟུང་བ་ནི་མཐུན་པའི་དོན་དམ་མོ། །དེ་ལས་གཞན་པའི་ཡིད་ཀྱི་རྟོག་པའི་ཡུལ་རྣམས་ཀུན་རྫོབ་བདེན་པ་ཡིན་ཏེ། ཀུན་རྫོབ་ལ་ཡང་ཡུལ་ཅན་སེམས་ལ་འཇུག་ལོག་མ་ལོག་གི་སྒོ་ནས་ཡང་ལོག་གཉིས་སུ་འབྱེད་ལ། བདག་དང་གཟུང་འཛིན་གཉིས་ཆོས་སུ་ཡེ་ཤེས་ཀྱིས་བཏགས་པའི་ཆ་རྣམས་ཀུན་བཏགས་ཡིན་ལ། འདི་ནི་རྟོག་པས་བཏགས་པ་ཙམ་ཡིན་ལ་དམ་པའི་དོན་དུ་མེད་དོ། །རྣམ་འགྲེལ་ལས། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་སོ། །བཏགས་ཆ་དོན་སྤྱི་ཙམ་ཐ་སྙད་དུ་མེད་པ་མ་ཡིན་པས་ཀུན་རྫོབ་ཉིད་དུ་རིགས་པ་ཡིན་ནོ། །གཉིས་སུ་སྣང་བའི་བློ་ཁ་ཕྱིར་ལྟས་པའི་ཆ་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པས་གཞན་དབང་ངོ༌། །གཉིས་སུ་སྣང་བའི་བློ་ལ་ཡང༌། རྟོག་མེད་གཉིས་སྣང་དང༌། ཏིང་ངེ་འཛིན་གཉིས་སྣང་དང༌། གཉིས་སུ་ཞེན་པའི་བློ་དང་གསུམ་མོ། །དང་པོ་ནི། དབང་ཤེས་ཉིད་གཟུང་འཛིན་གཉིས་སུ་སྣང་བ་ཡིན་ལ། གཉིས་པ་ནི། མི་སྡུག་པའི་ཏིང་ངེ་འཛིན་ནི། གཟུང་འཛིན་གཉིས་སྣང་དུ་སྐྱེས་པའོ། །ནང་ལྟས་རང་བཞིན་གྱི་ཆ་དང༌། འཕགས་པའི་མཉམ་གཞག་ཡོངས་གྲུབ་བོ། །ཕྱི་བལྟས་གཉིས་སྣང་དང་ནང་བལྟས་རང་རིག་གཉིས། རྟོག་པ་དེ་མྱོང་བཞིན་དུ་རྫས་གཅིག་ཏུ་གྲུབ་པ་ཡིན་ཡང༌། ཕྱི་ལྟ་མ་འཁྲུལ་བའི་རྐྱེན་ལས་སེམས་ཀྱི་ངོ་བོ་རིག་ཅིང་གསལ་ཙམ་དང་འབྲས་རུང་དུ་འབྱུང་བའི་ཕྱིར། སེམས་དེ་ཁོ་ན་ཉིད་མ་ཡིན་ཏེ། གསེར་དང་གསེར་གྱི་གཡའ་བཞིན་ནོ། །ནང་ལྟའི་རང་རིག་རང་གསལ་གྱི་ངོ་བོ་ཉིད་ནི་ནམ་ཡང་སེམས་དང་འབྲལ་མི་སྲིད་པའི་ཕྱིར་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར། དེ་འོད་གསལ་བའི་དོན་ནི། དྲི་མ་དང་ལྡན་ཡང་དྲི་མ་དང་བྲལ་རུང་གི་ངོ་བོར་གནས་པའི་ཕྱིར། རང་བཞིན་རྣམ་དག་དང་འོད་གསལ་ཞེས་བརྗོད་དེ། རང་བཞིན་རྣམ་དག་ཅེས་པའི་དོན་ཡང༌། དྲི་མ་སེམས་ཀྱི་རང་བཞིན་དུ་མ་སྐྱེས་པས་སེམས་དྲི་མའི་རང་བཞིན་གྱིས་དག་པ་ཞེས་པའི་དོན་ནོ། །སེམས་ཀྱི་རང་བཞིན་དང་སེམས་གཉིས་ནི་འབྲལ་དུ་མི་རུང་ངོ༌། །གསེར་དང་དེའི་སེར་པོ་བཞིན་ནོ། །སེམས་ཙམ་རྣམ་རྫུན་པ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་གཟུང་འཛིན་དུ་བཏགས་པའི་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སད་པའི་མཐུ་ལས་ཕྱི་རོལ་དོན་དུ་སྣང་བ་ཐམས་ཅད་ཀུན་རྫོབ་དང༌། སྣང་བའི་དྲི་མས་མ་གོས་པའི་སེམས་ནི་དོན་དམ་པར་བཞེད་དོ། །དོན་དུ་སྣང་བའི་རྣམ་པ་རབ་རིབ་ཅན་སྐྲ་ཤད་ལྟར་རྫུན་པར་འདོད་པས་རྣམ་རྫུན་པ་ཞེས་བྱའོ། །སྣང་བ་བཟུང་དོན་ལ་མ་འཁྲུལ་བ་མེད་པས་བློ་ཀུན་གཟུང་འཛིན་གཉིས་སུ་མེད་པའི་རང་རིག་རང་གསལ་དུ་གནས་སོ། །དེས་ན་སྣང་བའི་ཆ་ནི་ཀུན་བཏགས་ཡིན་ལ། སྣང་མཁན་གྱི་སེམས་ནི་གཞན་དབང་དང༌། སེམས་ཀྱི་ཆོས་ཉིད་བདེན་རྫུན་གཉིས་སྟོང་གི་ངོ་བོ་ནི་ཡོངས་གྲུབ་བོ། །རྣམ་འགྲེལ་ལས། ཐ་དད་མེད་ཅན་ཤེས་པ་ཡིས། །ཐ་དད་སྣང་བ་སླད་པ་ཡིན། །དེ་ལ་གཉིས་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པས། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལམ་གྱི་རྣམ་གཞག་ལ། ལམ་གྱི་བྱེད་རྒྱུ་རིགས་ངོས་བཟུང་བ་ནི། མངོན་པའི་སེམས་ཙམ་པ་དག་གིས་ནི། ཀུན་གཞི་ལ་གནས་པའི་ཐར་པའི་རྒྱུ་ལ་འདོད་དོ། །མིང་གི་རྣམ་གྲངས་ལ། ཟག་པ་མེད་པའི་ས་བོན། སྐྱེ་མཆེད་དྲུག་གི་ཁྱད་པར། སྒྲིབ་པ་སྤོང་རུང༌། ཐོས་པའི་བག་ཆགས་དང་བཞིར་བཤད་དོ། །ཟག་མེད་ནི་འཕགས་པའི་ཡེ་ཤེས་ཡིན་ལ། དེའི་རྒྱུ་ཡིན་པས་ཟག་མེད་ཀྱི་ས་བོན་དང༌། གང་གི་སྐྱེ་མཆེད་ཀྱི་ངོ་བོ་ཡིན་པས་སྐྱེ་མཆེད་དྲུག་གི་ཁྱད་པར་དང༌། ཐར་པ་ཐོབ་རྒྱུ་ཡིན་པས་སྒྲིབ་པ་སྤོང་རུང་དང༌། ཐེག་པའི་རྐྱེན་གྱིས་གསོ་བར་བྱ་བ་ཡིན་པས་ཐོས་པའི་བག་ཆགས་ཞེས་བཤད་དོ། །གང་ཟག་ལ་ཡང་རིགས་ཆད་དང༌། རིགས་དང་ལྡན་པ་གཉིས་སུ་ངེས་ལ། རིགས་ཆད་ནི་ཐར་པའི་རྒྱུ་མེད་པས་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པ་ལ་བཤད་དོ། །རིགས་ཅན་ལ་ཡང་ངེས་པ་དང་མ་ངེས་པ་གཉིས་ལས། མ་ངེས་པ་ལ་ཡང༌། ཉན་ཐོས་ཀྱི་ལམ་གྱི་རྐྱེན་དང་འཕྲད་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་སྐྱེད་ནས། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་བ་ལ་ངེས་པའི་རིགས་ཅན་དང༌། རང་རྒྱལ་གྱི་ལམ་གྱི་རྐྱེན་དང་འཕྲད་ན། ཐེག་འབྲིང་དུ་སེམས་སྐྱེད་ནས་རང་རྒྱལ་གྱི་བྱང་ཆུབ་ཐོབ་པར་འགྱུར་བ་རང་རྒྱལ་མ་ངེས་པའི་རིགས་ཅན་དང༌། ཐེག་ཆེན་ལམ་གྱི་རྐྱེན་དང་འཕྲད་ན་དེར་སེམས་སྐྱེད་ནས་ཐེག་ཆེན་གྱི་བྱང་ཆུབ་ཐོབ་པར་འགྱུར་བ། ཐེག་ཆེན་མ་ངེས་པའི་རིགས་ཅན་དང་གསུམ་མོ། །ཉན་ཐོས་མ་ངེས་པ་ཐེག་ཆེན་དུ་འགྱུར་བའི་ཚུལ་ནི། རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་དང༌། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །ཞེས་པ་ལྟར་རོ། །འདི་ཡི་དོན་ནི། སོ་སྐྱེ་དང་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་ཐོབ་ནས་ཀྱང་ཐེག་ཆེན་དུ་འགྱུར་ཞེས་པའི་དོན་ནོ། །གཏན་ལ་དབབ་པ་བཏུས་པ་ལས། ལྷག་བཅས་ཐོབ་ནས་འགྱུར་ཞིང༌། ལྷག་མེད་ནས་མི་འགྱུར་ཏེ། འབད་པའི་རྩོལ་བ་ཀུན་དང་བྲལ་བའི་ཕྱིར་ཞེས་བཤད་དོ། །འདིའི་རིགས་པས་རང་རྒྱལ་མ་ངེས་པའི་རིགས་ཅན་ཡང་སོ་སྐྱེ་ནས་ལྷག་བཅས་ཀྱི་བར་དུ་འགྱུར་བ་སྲིད་ཅིང༌། ལྷག་མེད་ཐོབ་ནས་ནི་མི་འགྱུར་བར་གྲུབ་པ་ཡིན་ནོ། །བྱང་སེམས་མ་ངེས་པའི་རིགས་ཅན་ནི་རིགས་ཀྱི་སྟོབས་ཀྱིས་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་འབྲིང་པས། སྦྱོར་ལམ་དང་མཐོང་ལམ་དང་ས་བརྒྱད་པ་རིམ་བཞིན་དུ་མ་ངེས་པའི་ས་ཐོབ་པ་ཡིན་པར་འདོད་ལ། རྟོགས་པའི་སྟོབས་ཀྱིས་ངེས་པ་ནི། ཐམས་ཅད་ཀྱིས་སྦྱོར་ལམ་ནས་ཐོབ་བོ། །ངེས་པའི་རིགས་ཅན་ལ་ཡང༌། ཉན་ཐོས་དང་རང་རྒྱལ་དང་ཐེག་ཆེན་པའི་ངེས་པའི་རིགས་ཅན་གསུམ་མོ། །དབྱེ་བ་འདི་དག་ཀྱང་གདོད་མ་ནས་སོ་སོར་ངེས་པ་མ་ཡིན་གྱི་གསར་དུ་ཐོབ་པ་ཡིན་པར་འདོད་དོ། །རིགས་ལ་ཡང་ཐོག་མ་མེད་པ་ནས་གནས་པ་དང༌། གསར་དུ་ཡང་དག་པར་བླངས་པའི་དབྱེ་བས། རང་བཞིན་དུ་གནས་པའི་རིགས་དང༌། སྒྲུབ་པའི་རིགས་གཉིས་སོ། །དང་པོ་གདོད་མ་ནས་ངེས་པར་གྱུར་ཀྱང༌། གསར་དུ་ལམ་དུ་ཞུགས་ནས་ཡེ་ཤེས་ཀྱི་ཚོགས་སྐྱེད་པའི་ནུས་པར་འགྱུར་བར་མངོན་ལ། གཉིས་པ་སྒྲུབ་པའི་རིགས་ནི། བསོད་ནམས་ཀྱི་ཚོགས་སྐྱེད་པའི་ནུས་པས་གསར་དུ་ཐོབ་པ་གདོད་མ་ནས་ཡོད་པ་མ་ཡིན་ཏེ། རྐྱེན་གྱིས་གསར་དུ་སྒྲུབ་པའི་ཕྱིར། རང་བཞིན་གནས་རིགས་ལ་ཡང༌། ཀུན་གཞི་རྣམ་པར་རགས་པ་ན། ཀུན་གཞིའི་རྣམ་ཤེས་ལ་གནས་པའི་ཟག་པ་མེད་པའི་ས་བོན་ཡིན་ནོ། །ས་བོན་དེ་དག་ཀྱང་ནུས་པ་ཅན་ལས་རྫས་གཅིག་དང༌། རྫས་གཞན་གང་དུ་རྣམ་གཞག་བྱ་མི་རུང་སྟེ། ངོ་བོ་མངོན་འགྱུར་དུ་རྫས་སུ་མེད་པའི་ཕྱིར། དེས་ན་ཡེ་ཤེས་དང་སེམས་ལས་བྱུང་བ་ནི་ནམ་ཡང་མཚུངས་པར་མི་ལྡན་པའི་འདུ་བྱེད་བཏགས་ཡོད་ཙམ་ཡིན་པས། དམིགས་རྣམ་མི་འཛིན་པར་དོན་གསང་དུ་བཤད་པ་ཉིད་ཐོགས་མེད་ཀྱི་དགོངས་པར་གནས་སོ། །གལ་ཏེ་དམིགས་རྣམ་མ་འཛིན་ན། ཀུན་གཞི་རྣམས་ལ་ཟག་བཅས་དང་ཟག་མེད་དང༌། དགེ་མི་དགེ་དང༌། སྤང་གཉེན་སོགས་དུ་མའི་ས་བོན་ལྷན་ཅིག་ཏུ་གནས་པའོ། །གང་དམིགས་རྣམ་གསལ་བར་འཛིན་པ་དེ་ཉིད་ཀྱིས་གཅིག་ཤོས་གཏན་ནས་བཅོམ་པས། འབད་པ་མེད་པར་གྲོལ་བའམ་འབད་ཀྱང་མི་གྲོལ་ཞེས་པར་འགྱུར་རོ། །དོན་གསང་ནས་གསུངས་པའི་རྣམ་གཞག་འདི་ལྟར་ན། གཟུགས་མེད་ནས་གཟུགས་སུ་སྐྱེས་པའི་བར་དོའི་གཟུགས་ཀྱི་ཉེར་ལེན་དང༌། འགོག་པ་སེམས་མེད་ཀྱི་སྙོམས་འཇུག་ལས་ལངས་ནས་སེམས་ཀྱི་ཉེ་བར་ལེན་པའི་རྒྱུ་རྣམས་བཞག་སླ་སྟེ། ཀུན་གཞི་ལ་ཡོད་པའི་གཟུགས་ཀྱི་ས་བོན་དང༌། སེམས་ཀྱི་ས་བོན་ལས་སྐྱེ་བའི་ཕྱིར་དང༌། ཀུན་གཞི་མ་བཞག་ན་གཞན་ནས་གཟུགས་ཀྱི་ས་བོན་དང་གཟུགས་ལ་སེམས་ཀྱི་ས་བོན་རྣམས་ཡོད་པ་ལས་སྐྱེ་བའི་ཕྱིར་རོ། །ཅི་སྟེ་ཟག་མེད་ཀྱི་སེམས་ལ་ཡོད་པའི་གཟུགས་ཀྱི་ས་བོན་དེ་སེམས་གཟུགས་གཅིག་ཡིན། དང་པོ་ལྟར་ན་ཐམས་ཅད་ཀྱང་གཟུགས་ཀྱི་ཉེར་ལེན་ཉིད་དུ་ཐལ་བར་འགྱུར་ལ། གཉིས་པ་ལྟར་ན་ཟག་མེད་ལ་གཟུགས་ཡོད་པར་འགྱུར་རོ་ཞེ་ན། མངོན་པའི་སེམས་ཙམ་པ་ལ་ནི་སྐྱོན་ཡོད་པ་མ་ཡིན་ཏེ། ནུས་པའི་ཡོན་ཏན་ཐམས་ཅད་ནི་གཟུགས་སེམས་གང་དང་ཡང་མཚུངས་པར་མི་ལྡན་པའི་འདུ་བྱེད་དུ་བཞེད་པས། སེམས་ལ་ཡོད་པའི་གཟུགས་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཕུང་པོར་རྟོགས་པའི་ཐ་དད་ཡོད་པ་ཙམ་མ་ཡིན་པའི་ཕྱིར། རྫས་གཅིག་དང་རྫས་ཐ་དད་ནང་དུའང་རྟག་ཏུ་མེད་དོ། །མདོ་སྡེ་པས་རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས་འགྲོ་ཀུན་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་བྱ་ཞེས་འགྲེལ་པ་དོན་གསང་གིས་བཤད་པ་མི་འཐད་པའི་ཕྱིར། རིགས་ཅན་གྱི་སེམས་ཅན་ལ། རྣམ་པར་བྱང་བའི་སེམས་ཅན་མེད་ཀྱི་བདེ་གཤེགས་སྙིང་པོ་ཡིན་པའི་ཕྱིར། གལ་ཏེ་བདེ་གཤེགས་སྙིང་པོ་ཡང་མི་འདོད་ན། མདོ་ལས། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་པ་དང་འགལ་བར་འགྱུར་རོ། །ཐེག་བསྡུས་ཀྱི་འགྲེལ་པ་བཤད་སྦྱར་ལས། བདེ་གཤེགས་སྙིང་པོ་ཐམས་ཅད་ལ་ཁྱབ་པར་བཤད་པའི་དོན། དྲི་བཅས་དེ་བཞིན་ཉིད་ཀྱི་དབང་དུ་བྱས་པ་ལེགས་ཏེ། མདོ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་ལ། །དེ་བཞིན་དེ་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདེ་གཤེགས་སྙིང་པོ་དང༌། སེམས་ཀྱི་དེ་བཞིན་ཉིད་རང་གི་ཆོས་སྐུ་སོགས་དོན་གཅིག་ཅིང༌། ཐམས་ཅད་ལ་ཁྱབ་པ་ཡིན་ལ། རིགས་དང་མི་ལྡན་པ་ཡོད་པས་ཁྱད་པར་ཡོད་པར་ཤེས་པར་བྱའོ། །ཐེག་གསུམ་སོ་སོའི་ལམ་གྱི་བགྲོད་ཚུལ་སྟོན་པ་ནི། ཉན་ཐོས་ཀྱི་རིགས་ཅན་རྣམས་རྒྱུའི་རྐྱེན་ཟག་པ་མེད་པའི་ས་བོན་དང་བདག་པོའི་རྐྱེན་བཤེས་གཉེན་དམ་པ་ལ་བསྟེན་ནས། འཁོར་བ་ལ་ཡིད་ངེས་པར་འབྱུང་ནས་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་སྐྱེད་དོ། །དེ་ཙམ་གྱིས་མངོན་པར་འདོད་པའི་དོན་མི་འགྲུབ་པས་དེ་ཐོབ་པའི་དོན་དུ་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་སྟེ་མཁས་པར་བྱ་བའི་དངོས་པོ་ལ་ཐོས་བསམ་གྱིས་མཁས་པར་བྱས་ནས། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཚོགས་སྐྱེ་བ་དུ་མར་ཡོངས་སུ་སྒྲུབ་པར་བྱེད་དོ། །ལམ་རྒྱུད་ལ་སྐྱེ་བའི་དོན་དུ་འདུ་འཛི་རྣམ་པར་གཡེང་བ་བཅུ་སྤངས་ནས་སྤྱོད་པ་རྣམ་པར་སྦྱོང་བའི་གཉེན་པོས་ཉོན་མོངས་པ་ཤས་ཆེ་བ་རྣམས་རྣམ་པར་བཅོམ་ནས་སེམས་གནས་པའི་དོན་དུ་ཞི་གནས་སྐྱེད་པའི་ཐབས་དགུ་ལ་འཇུག་སྟེ། དེ་ལ་ནང་ཉིད་ལ་མཉམ་པར་འཇོག་པ་སོགས་དང་པོ་གསུམ་གྱིས་ནི་སེམས་མི་གནས་པ་གནས་པར་བྱེད་ལ། དེ་ནས་གསུམ་གྱིས་ནི་གནས་པ་ཁྱད་པར་དུ་འགྲོ་བར་བྱེད་ཅིང༌། དེ་ནས་གསུམ་གྱིས་ནི་རང་གི་ངང་གིས་ལྷུན་གྱིས་གྲུབ་པར་གནས་པར་བྱེད་དོ། །ལྷག་མཐོང་མེད་པར་ཞི་གནས་ཙམ་གྱིས་མྱ་ངན་ལས་འདས་པ་མི་ཐོབ་པས། ལྷག་མཐོང་གི་བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་རྣམས་ཚོགས་སྦྱོར་སོགས་ལམ་བཞིར་རིམ་གྱིས་གོམས་པར་བྱས་ནས་ལྷག་མཐོང་གི་སྐབས་སུ་མཐོང་བ་དང༌། སྒོམ་ལམ་གྱི་དུས་སུ་སྒོམ་སྤངས་རྣམས་ལེགས་པར་སྤངས་ནས་ལམ་མཐུན་པར་བྱེད་དོ། །རང་རྒྱལ་ནི་རྒྱུའི་དུས་སུ་རང་གི་འདོད་པ་ཆུང་བའི་ཕྱིར་དུ་འཛི་ལ་མི་འཇུག་པ་དང༌། སྙིང་རྗེ་ཤས་ཆུང་བས་གཞན་དོན་རྒྱ་ཆེན་ལ་མི་འཇུག་པ་དང༌། ང་རྒྱལ་ཤས་ཆེ་བས་སློབ་དཔོན་མེད་པར་མངོན་པར་བྱང་ཆུབ་པར་འདོད་པའི་རིགས་ཅན་ཡིན་ལ། བསམ་པའི་ཁྱད་པར་རང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །རང་རྒྱལ་གྱི་སྡེ་སྣོད་ལོགས་སུ་མེད་པས་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ཏེ་སྔར་བཤད་པའི་གདམས་ངག་གི་བར་དང༌། བདེན་བཞི་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས་ནས་བསྐལ་པ་བརྒྱའི་བར་དུ་རྒྱུད་ཡོངས་སུ་སྨིན་པའི་ཚོགས་གསོག་པར་བྱེད་དོ། །ཁྱད་པར་སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ་ང་རྒྱལ་ཤས་ཆེ་བས། ཕྱི་མར་སངས་རྒྱས་མེད་པའི་ཞིང་ཁམས་སུ་སྐྱེ་ཞིང༌། སློབ་དཔོན་གཞན་ལ་མ་ལྟོས་པར་རང་བྱང་ཆུབ་མངོན་དུ་བྱེད་པ་དང༌། སྙིང་རྗེ་ཤས་ཆུང་བས་སྒྲ་མེད་ལུས་ཀྱིས་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་བྱེད་དོ། །ཁྱད་པར་བསེ་རུ་ལྟ་བུ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཡན་དུ་བསྐལ་པ་བརྒྱར་ཚོགས་བསགས་ཤིང༌། སྲིད་པ་ཐ་མ་པའི་ཚེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་མངོན་དུ་བྱས་ཤིང༌། སྦྱོར་ལམ་ཡན་གྱི་ལམ་མྱུར་བར་བགྲོད་པར་བྱེད་དོ། །ཚོགས་སྤྱོད་ལ་འབྲས་བུ་སྔོན་དུ་སོང་མ་སོང་གཉིས་ཡོད་པ་ལས། གཉིས་ཀ་མདོ་དྲིན་ལན་གསབ་པ་དང༌། ས་སྡེ་ནས་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་པ། བསྐལ་པ་བརྒྱའི་བར་དུ་རྒྱུད་ཡོངས་སུ་སྨིན་པའི་དོན་དུ་ཚོགས་སྤྱོད་པའོ། །ཁྱད་པར་ནི་འབྲས་བུ་སྔོན་དུ་མ་སོང་བའི་ཚོགས་སྤྱོད་ཀྱིས་སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ། བཟོད་ཆེ་འབྲིང་མན་ཐོབ་པར་བྱས་ནས་སྲིད་པ་ཐ་མ་པའི་ཚེ་ལམ་ལྷག་མ་རྣམས་མངོན་དུ་བྱེད་དོ། །འབྲས་བུ་སྔོན་དུ་སོང་བས་ནི། སྐྱེ་བ་གཅིག་གིས་ཐོགས་པའི་དུས་སུ། རྒྱུན་ཞུགས་སམ་ཕྱིར་འོང་གི་འབྲས་བུ་ཐོབ་པར་བྱས་ནས། སྲིད་པ་ཐ་མ་པའི་དུས་སུ་བྱང་ཕྱོགས་ལྷག་མ་རྣམས་མངོན་དུ་བྱེད་དོ། །བྱང་སེམས་ཀྱི་རིགས་ཅན་རྣམས་ནི། རིགས་སད་པའི་མཐུ་ལས་སྙིང་རྗེ་ཆེན་པོས་བསམ་པ་ཡོངས་སུ་བསྐུལ་ཏེ། གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པར་བྱེད་དོ། །དེ་ནས་ཇི་ལྟར་སེམས་སྐྱེད་པ་ལྟར་མཐོང་བར་སྒྲུབ་པའི་དོན་དུ། འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས་ཤུགས་ཀྱིས་མྱུར་བར་སྒྲོལ་བའི་ཆེད་དུ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས། བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་གཉིས་གསོག་པ་ལ་འཇུག་ཅིང༌། ཟབ་པ་དང་རྒྱ་ཆེ་བའི་སྟོན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་པར་བརྩོན་པར་མཛད་དོ། །དེ་ཡང་སོ་སྐྱེའི་དུས་སུ་རྟོག་པས་སེམས་རྒྱུད་འཆིང་བར་བྱེད་ནུས་པ་དེ་གཞོམ་པའི་དོན་དུ་ཉན་ཐོས་ལས་ལྷག་པར་ཡང་བརྩོན་པ་ཆེན་པོའི་ཁུར་ཡོངས་སུ་ཁྱེར་ནས་བདེན་པ་མཐོང་བ་ལ་ཡང་དག་པར་སྦྱོར་ཞིང༌། མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པ་རྣམས་ཡང་དག་པར་ཟད་པའི་ཐབས་ལ་འཇུག་གོ །མཐོང་སྤོང་སྤངས་ནས་སླར་ཡང་ཤེས་བྱའི་སྒྲིབ་པ་སྤོང་བའི་ཆེད་དུ་སྒོམ་པ་ལ་ཡང་དག་པར་སྦྱར་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རིམ་གྱིས་སྤྱོད་པའི་སྒོ་ནས་ས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །གཞན་ཡང་སྨོན་ལམ་ཡོངས་སུ་རྫོགས་པ་དང༌། སེམས་ཅན་སྨིན་པ་དང༌། ཞིང་སྦྱོང་བར་བྱེད་དོ། །ལམ་བསྟན་ཟིན་ཏོ། །འབྲས་བུ་ལ། ཉན་རང་གི་རིགས་ཅན་རྣམས་གང་ཟག་གི་བདག་མེད་པར་རྟོགས་པའི་ལམ་གྱིས་ཉོན་མོངས་སྤངས་པའི་རྣམ་པར་གྲོལ་བའི་སྐུ་ཐོབ་ནས། བསྟན་པའི་སྟོན་པ་བརྒྱད་གྲངས་ངེས་པ་ནས་བཤད་པའི་ཟག་པ་ཟད་པ་སོགས་བཅོ་ལྔ་དང༌། འཕགས་ལམ་ཡན་ལག་བརྒྱད་དང༌། མི་སློབ་པའི་ལྟ་བ་དང་ཡང་དག་པའི་ཤེས་པ་སྟེ། མི་སློབ་པའི་ཆོས་བཅུ་ཡང་ཐོབ་ལ། ཚེ་དང༌། རྣམ་ཐར་དང༌། ཟིལ་གནོན་དང༌། ཟད་པར་དང༌། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པ་རིགས་བཞི་དང༌། མངོན་པར་ཤེས་པ་དྲུག་ལ་སོགས་པ་ཅི་རིགས་པ་ཐོབ་བོ། །འདི་གཉིས་ཡང་ཇི་ལྟ་བ་རྟོགས་པ་ལ་གང་ཟག་གི་བདག་མེད་རྟོགས་པ་ཙམ་དུ་མཚུངས་པས་ཁྱད་པར་མེད་ལ། འཇིག་རྟེན་མཁྱེན་པ་ལ་སྔར་བྱེ་བྲག་སྨྲ་བའི་སྐབས་སུ་བསྟན་པ་བཞིན་ཁྱད་པར་ཡོད་དོ། །གཉིས་ཀ་ཡང་ལྷག་མེད་ཀྱི་དུས་སུ་ཀུན་གཞི་རྣམས་ཀྱང་འགགས་ནས། བུད་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉོན་སྒྲིབ་ཀྱི་རྩ་བ་གང་ཟག་གི་བདག་ཏུ་འཛིན་པའི་གཉེན་པོར་གང་ཟག་གི་བདག་མེད་སྒོམ་པས་རྣམ་པར་གྲོལ་བའི་སྐུ་ཐོབ་ཅིང༌། ཤེས་རབ་ཀྱི་རྩ་བ་གཟུང་འཛིན་གྱི་སོགས་ཆོས་བདག་འཛིན་གྱི་གཉེན་པོར་གཉིས་སུ་མེད་པའི་ཆོས་ཀྱི་བདག་མེད་སྒོམ་པས་ཆོས་ཀྱི་སྐུ་ཐོབ་པར་བྱས་ནས་སྔར་བཤད་པའི་ཐུན་མོང་གི་ཡོན་ཏན་དང༌། མཚན་དང་དཔེ་བྱད་ཡོངས་སུ་དག་པ་དང༌། དབང་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་རྟེན་བཞི་དང༌། བསྲུང་མེད་དང༌། བསྙེལ་བ་མི་མངའ་དང༌། བག་ཙམ་པ་དང༌། ཐུགས་རྗེ་ཆེན་པོ་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་མཁྱེན་སོགས་བྲལ་བའི་ཡོན་ཏན་ཀུན་ལྡན་ནོ། །འདིས་ལྷག་མེད་ཐོབ་ཀྱང་ཡོན་ཏན་མི་ཟད་པར་འཇུག་ཏེ། རྣམ་སྨིན་གྱི་ཡོན་ཏན་དང་ལྡན་པའི་ཕྱིར་དང༌། སྐྱེ་དགུ་དྲི་མ་གདུལ་བྱ་མཆོག་དམན་གྱི་དོན་རྟག་ཏུ་མཛད་པའི་ཕྱིར། བློ་གྲོས་མི་ཟད་པའི་མདོ་ལས་མི་ཟད་པ་བརྒྱད་ཅུ་བསྟན་པ་ལས་ཤེས་པར་བྱའོ། །མངོན་པ་བའི་གཞི་ལམ་འབྲས་གསུམ་བསྟན་ཟིན་ཏོ།། །།ད་ནི་རིགས་པ་སྨྲ་བའི་སེམས་ཙམ་པའི་ལམ་གྱི་འདོད་ཚུལ་བསྟན་པར་བྱ་སྟེ། དེ་ལ་སྔར་གྱི་རྒྱུ་རིགས་ལ་ཐེག་ཆེན་གྱི་རྒྱུ་རིགས་ནི། རྒྱུ་དུས་ཀྱི་བརྩེ་བ་དང་ཤེས་རབ་ཀྱི་བདག་ཉིད་དུ་འདོད་དེ། ཕྱོགས་གླང་གིས་བརྒྱད་སྟོང་དོན་བསྡུས། འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན། །ཞེས་པ་ལྟར་རོ། །འདི་ཡི་རིགས་པས་ཉན་རང་གི་རིགས་ཀྱང༌། རང་གི་རྒྱུ་དུས་ཀྱི་དགེ་རྩ་ལ་འདོད་པར་མངོན་ནོ། །དེས་ན་ཐར་ལམ་མི་ཞུགས་པ་རྣམས་ལ་རིགས་མེད་པར་འདོད། བདེ་གཤེགས་སྙིང་པོ་དང་རིགས་སོ་སོར་འདོད་དེ། བདེ་གཤེགས་སྙིང་པོ་ནི་བརྒྱད་སྟོང་དོན་བསྡུའི་འགྲེལ་པར། སེམས་རིག་ཅིང་གསལ་ཙམ་ལ་བཤད་པས། སེམས་ཀུན་ལ་ཡོད་དོ། །ལམ་གྱི་བགྲོད་ཚུལ་ནི། ཉན་རང་རྣམས་གང་ཟག་གི་བདག་མེད་པ་ཙམ་ཞིག་རང་ཉིད་ཞི་བ་ཐོབ་པའི་དོན་དུ་སྒོམ་པར་བྱེད་ཅིང༌། བརྩེ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ནི། གཞན་གྱི་སྡུག་བསྔལ་གཞོམ་པའི་དོན་དུ་ཐོག་མར་རང་ཉིད་ཞི་བའི་ཐབས་ལ་འབད་ཅིང༌། གཞན་གྱི་དོན་ཡང་གཞན་ལ་བླང་དོར་སྟོན་པ་ལ་རགས་ལས་པ་མིན་ལ། དེ་ཡང་ཐོག་མར་རང་གིས་མངོན་སུམ་དུ་རྟོགས་པར་བྱ་དགོས་ཏེ། མངོན་སུམ་དུ་མ་རྟོགས་ལྐོག་ཏུ་གྱུར་པ་ཙམ་གྱིས་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་མི་ནུས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་སོ། །རང་ཉིད་ཞི་བ་ཐོབ་པ་ལ་ཡང་ཐོབ་བྱའི་དངོས་པོ་དང་ཐོབ་བྱེད་ཀྱི་ལམ་རིགས་པས་གཏན་ལ་ཕབ་པའི་རྗེས་སུ་འབྲངས་དགོས་ཏེ། རིགས་པས་གཏན་ལ་མ་ཕབ་པར་བློ་གྱི་ན་བས་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་མི་འགྱུར་བའི་ཕྱིར། དེས་ན་དངོས་སྟོབས་ཀྱི་རིགས་པས་འདི་ལྟར་དཔྱད་པར་བྱ་སྟེ། ཐར་པ་ཞེས་པ་ནི་སྡུག་བསྔལ་ཞི་བའི་དངོས་པོ་ཐོབ་པ་ཡིན་ལ། དེ་ལ་སྡུག་བསྔལ་གྱི་རྒྱུ་ལོག་སྲེད་མ་སྤངས་ན། འབྲས་བུ་སྡུག་བསྔལ་ཞི་བ་མི་ཐོབ་པས། སྡུག་བསྔལ་གྱི་རྒྱུ་ལོག་སྲེད་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ལ་འཇུག་དགོས་ཏེ་བདག་འཛིན་གྱིས་ནི་སྡུག་བསྔལ་གྱི་རྒྱུ་ལ་མི་གནོད་པས། འབྲས་བུ་སྡུག་བསྔལ་སྤོང་བར་བྱེད་མི་ནུས་པའི་ཕྱིར། དཔེར་ན་མངར་བ་དང་བསིལ་བ་དང་སྐྱུར་བ་དག་གིས་བད་ཀན་ལ་མི་གནོད་པས་བད་ཀན་ལས་གྱུར་པའི་ནད་ཞི་བར་མི་ནུས་པ་བཞིན་དུ་ལས་དང་ཉོན་མོངས་པ་གཞན་དག་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་མོད་ཀྱི་རྩ་བ་ལོག་སྲེད་མ་སྤངས་ན་དེ་ལས་ཆགས་སོགས་ཉོན་མོངས་པའི་དབང་གིས་ལས་གསོག་པ་ན་གཞན་ལས་གསོག་པ་སྤངས་ཀྱང་སྡུག་བསྔལ་ཞི་བར་མི་འགྱུར་བས། རྩ་བ་ལོག་སྲེད་ལྡོག་ན། ཤིང་གི་རྩ་བ་བཏོན་པ་བཞིན་ཉོན་མོངས་པ་རང་གི་ངང་གིས་འགགས་པ་ན། ལས་དང་ཉོན་མོངས་པ་གཞན་ལ་ལོགས་སུ་གཉེན་པོ་བརྟེན་མི་དགོས་སོ། །འདིར་ལྡོག་པ་ནི་བདག་ཏུ་འཛིན་པ་སྟེ་ཕུང་པོ་ལ་ཡོད་པ་མ་ཡིན་པའི་བདག་འདོགས་པའི་ཕྱིར། གཉིས་པར་ནི་གཉིས་ཏེ། ལྷན་སྐྱེས་དང༌། ཀུན་བཏགས་གཉིས་ལས། དང་པོ་ནི། གྲུབ་མཐའ་ལ་མ་ཞུགས་པ་དང༌། ཞུགས་པ་ཐམས་ཅད་ལ་ཡོད་པའི་བདག་ཏུ་འཛིན་པ་སྟེ། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་ལྡན་པའི་ཕྱིར་རོ། །གཉིས་པ་ནི། ལྷན་སྐྱེས་ཀྱི་ངར་འཛིན་གྱི་ཡུལ་གྱི་བདག་གི་འདོད་ཚུལ་ལ། གྲུབ་མཐའ་སྨྲ་བ་སོ་སོས་འདི་དག་ཕུང་པོ་དང་གཅིག་དང་ཐ་དད་དང་ལྡན་པ་དང༌། འདྲེས་པའི་ཚུལ་དུ་ཡོད་པར་འཛིན་པ་སྟེ། ཕུང་པོ་ལྔའི་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་པོ་རྒྱུ་ནས་བསྟན་ཏོ། །དེས་ན་ལྷན་སྐྱེས་ཀྱི་བདག་འཛིན་གྱིས་བཏགས་པའི་ཡུལ་གྱི་འདོད་ཚུལ་ཕན་ཆད་ནས། ཀུན་བཏགས་ཀྱི་བདག་གི་ནང་དུ་གཏོགས་སོ། །ཅིའི་ཕྱིར་བདག་མེད་པ་ཞེ་ན། གལ་ཏེ་ཕུང་པོའི་གནས་ཚུལ་བདག་ཡིན་ན། བདག་འཛིན་གྱིས་ཕུང་པོའི་གནས་ཚུལ་མཐོང་བའི་ཕྱིར། སྔར་ཉིད་དུ་འབད་པ་མེད་པར་གྲོལ་བར་ཐལ་བ་ཉིད་དུ་འགྱུར་རོ། །རིགས་པ་འདིས་ཕུང་པོའི་གནས་ཚུལ་བདག་མ་ཡིན་པར་གྲུབ་པས་ན། ཕུང་པོའི་གནས་ཚུལ་བདག་མེད་དུ་གྲུབ་སྟེ། ཕུང་པོ་ལ་བདག་ཡོད་མེད་དངོས་འགལ་ཡིན་པའི་ཕྱིར། ཕུང་པོ་ལ་བདག་མེད་དུ་རྟོགས་པའི་ཤེས་རབ་ཉིད་བདག་འཛིན་གྱི་གཉེན་པོར་རིགས་པས་ངེས་པའི་ཕྱིར་ན། ལམ་ལ་འཇུག་པའི་ཐོག་མར་ཕུང་པོ་བདག་མེད་དུ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དེ་མེད་རྟོགས་པ་ལ་འཇུག་པར་བྱེད་དོ། །རིགས་པས་གང་ལ་རྟོགས་ཤེ་ན། ཀུན་བཏགས་ཀྱི་བདག་གིས་གཞན་གྱི་མཐའ་གང་དུ་བཏགས་པའི་དོན་རིགས་པས་སོ་སོར་མཐའ་བཀག་པའི་ཚུལ་གྱིས་གཏན་ལ་ཕབ་པ་ན་བདག་མེད་པར་ཁོང་དུ་ཆུད་པར་འགྱུར་ཏེ། དཔེར་ན་གྲུབ་མཐའ་སོ་སོ་ཡིས་མཐའ་བཞིའི་སྐྱེ་བ་འདོད་ཚུལ་སོ་སོའི་རིགས་པས་མཐའ་ཁེགས་པ་ན་ལྷན་སྐྱེས་ཀྱིས་མཐའ་བཞིར་སྐྱེ་བ་འཛིན་པ་ཟློག་པ་བཞིན་ནོ། །ཐོས་བསམ་གྱིས་ཁོང་དུ་ཆུད་པ་ཙམ་གྱིས་ཉོན་མོངས་པ་སྤོང་བར་བྱེད་མི་ནུས་པའི་ཕྱིར། ཐོས་བསམ་གྱིས་རྟོགས་པའི་དོན་སླར་ཡང་ཤིན་ཏུ་གོམས་པར་བྱེད་པ་ལ་འཇུག་སྟེ། ཞི་གནས་མེད་ན་ལྷག་མཐོང་གི་ནུས་པ་མཐར་ཐུག་པར་མི་འགྱུར་བའི་ཕྱིར་ཞི་གནས་སྒྲུབ་པར་བྱེད་ཅིང༌། ལྷག་མཐོང་མེད་ན་ཡང་ཐར་པ་མི་ཐོབ་པས། རྟག་ཏུ་ཟུང་འབྲེལ་དུ་སྒོམ་པ་ལ་བསླབ་པར་བྱ་དགོངས་ཏེ། ཐོས་བསམ་གྱིས་རྟོགས་པའི་དོན་སྒོམ་པར་བྱེད་པའི་བློ་རྣམས་ནི། ཡུལ་གོམས་པར་བྱ་བ་ན་རྟོགས་པ་གསལ་ལ་རབ་ཀྱི་མཐར་ཕྱིན་པ་འབྱུང་དུ་རུང་སྟེ། རྟེན་བརྟེན་ལ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་ཡང་དག་པའི་དོན་སྒོམ་པའི་བློ་ཡིན་པའི་ཕྱིར། ཇི་ལྟ་ཇི་སྙེད་ལ་མཁས་པར་སྦྱོང་བའི་བློ་རྣམས་ནི་ཤིན་ཏུ་གོམས་པར་གྱུར་པ་ན་གོམས་ཡུལ་ཤེས་བྱའི་གནས་ལ། གསལ་སྣང་རབ་ཀྱི་མཐར་ཕྱིན་པ་འབྱུང་དུ་རུང་སྟེ། རྟེན་བརྟེན་ལ་གོམས་པ་རང་གི་ངང་གིས་རྩལ་འཕེལ་བར་འགྱུར་བའི་ཤེས་བྱའི་གནས་གོམས་པར་བྱེད་པའི་བློ་ཡིན་པའི་ཕྱིར། འཆལ་ཁྲིམས་དང་ཡིད་ལོག་བཞིན་ནོ། །རིགས་པ་འདིས་འབྱོར་པའི་ཐར་པ་དང༌། ཀུན་ཉོན་གཉིས་འདོར་སྒྲུབ་ནུས་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཐོབ་བྱེད་ཀྱི་ལམ་ལ་ཇི་ལྟར་ཞེ་ན། དཔེར་ན་ཞིང་ཤིན་ཏུ་དུལ་བ་ཆུ་ལུད་སོགས་དང༌། དུས་སུ་བཏབ་པའི་ས་བོན་ལ་སོགས་པའི་རྒྱུ་རྣམས་ཚང་བ་ལས་མྱུ་གུ་འགྲུབ་པར་འགྱུར་གྱི། ལོག་པ་ལ་མི་དམིགས་པ་ལྟར་ཐར་ལམ་རྣལ་མ་སྐྱེ་བ་ལ་སེམས་རྒྱུད་སྤང་བྱ་འབྲལ་རུང་དང་གཉེན་པོ་སྐྱེ་རུང་དུ་བྱས་པའི་སྒོ་ནས། རྒྱུད་ཡོངས་སུ་སྨིན་པ་ཞིག་ངེས་པར་དགོས་པས་ན། ཐོག་མར་ཚོགས་ཀྱི་ལམ་དུ་རྒྱུད་ཡོངས་སུ་དག་པའི་ཡན་ལག་ཚུལ་ཁྲིམས་ལ་གནས་ཤིང༌། ཡན་ལག་བཅུ་གཉིས་ཀྱི་གསུང་རབ་ལ་ཐོས་བསམ་གྱིས་གཏན་ལ་དབབ་ནས་རྟོགས་པའི་དོན་སྒོམ་པའི་སྒོ་ནས་སེམས་རྒྱུད་ལས་སུ་རུང་བར་བྱེད་དོ། །དེའི་ཚེ་རང་རིག་སེམས་ཀྱི་ངོ་བོ་ཐ་དད་མེད་པ་རུ་གདོད་མ་ནས་གནས་ཀྱང་ཡིད་ཀྱིས་བདག་ཏུ་སྒྲོ་བཏགས་པའི་མ་རིག་མཐུག་པོས་སེམས་རྒྱུད་ཡོངས་སུ་སླད་པའི་དབང་གིས་ངེས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་མ་ནུས་པས། ལོག་སྲེད་དབང་གིས་ལས་བསགས་ནས། འཁོར་བར་ཡང་དང་ཡང་དུ་ཤིང་རྟའི་འཁོར་ལོའི་ཚུལ་དུ་ཡང་དང་ཡང་དུ་འཁོར་བ་ཡིན་ནོ། །དེས་ན་ཡིད་ཀྱི་ཤེས་པས་བདག་མེད་མངོན་སུམ་དུ་མཐོང་དགོས་ཤིང༌། དེ་ཡང་དབང་པོའི་མངོན་སུམ་ལྟར་མ་གོམས་པས་ཡུལ་མངོན་སུམ་མཐོང་བ་མ་ཡིན་པས། ཚོགས་ལམ་གྱི་རྗེས་དེ་ནས་བདག་མེད་དོན་སྤྱིའི་ཚུལ་གྱིས་གོམས་པར་བྱེད་པའི་སྒོ་ནས་སྒོམ་དགོས་ཤིང་གོམས་པ་གསལ་སྣང་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། དྲོད་རྩེ་བཟོད་པ་གསུམ་པོ་རིམ་པ་བཞིན། བཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ཆུང་འབྲིང་ཆེ་གསུམ་ནི་རིམ་གྱིས་སྐྱེས་པས། སྐྱེ་མེད་ཀྱི་དོན་ལ་ངེས་པ་བརྟན་པོ་ཐོབ་པར་འགྱུར་རོ། །གཟུང་བ་རང་བཞིན་མེད་པར་ངེས་པ་དང༌། གཟུང་བའི་དོན་ལ་སྒྲོ་བཏགས་པའི་ཡིད་གནོད་བྱ་གནོད་བྱེད་ཡིན་པས། མཐོང་སྤོང་ཀུན་རྟོག་མངོན་འགྱུར་བ་སྤོང་བར་བྱེད་ཅིང༌། སླར་ཡང་བདག་མེད་ཀྱི་དོན་ཤིན་ཏུ་གོམས་པར་བྱས་པ་ལས། འཇིག་རྟེན་ཆོས་མཆོག་ཐོབ་པའི་ཚེ་འཇིགས་མེད་ཀྱི་དོན་ལ་གསལ་སྣང་ཐོབ་ནས་ངེས་པ་བརྟན་པོ་སྐྱེས་པའི་སྒོ་ནས། མཐོང་སྤང་འཛིན་རྟོག་མངོན་འགྱུར་བ་སྤོང་ངོ༌། །དེ་ལྟར་ཤིན་ཏུ་གོམས་པར་བྱས་པའི་གོམས་པ་ཡོངས་སུ་རྫོགས་པ་ན་བདེན་བཞིའི་བདག་མེད་པའི་རང་གི་མཚན་ཉིད་མ་འདྲེས་པར་སྔར་མེད་གསར་དུ་མཐོང་བའི་ཡེ་ཤེས་སྐྱེས་ནས་སྤང་བྱ་རགས་པ་ཀུན་བཏགས་ཀྱི་ཆའི་ས་བོན་རྣམས་སྤངས་པའི་སྒོ་ནས་མཐོང་སྤང་ཐམས་ཅད་སླར་མི་ལྡོག་པའི་སྒོ་ནས་མཐོང་སྤང་ཐམས་ཅད་སླར་མི་ལྡོག་པའི་ཚུལ་གྱིས་སྤོང་བར་བྱེད་དོ། །ས་བོན་ཡང་ཐོག་མ་མེད་པ་ནས་གོམས་པའི་སྤང་བྱ་ལྷན་སྐྱེས་པ་རྣམས་ཆོས་ཉིད་མཐོང་བ་ཙམ་གྱིས་སྤོང་བར་མ་ནུས་པས། སླར་ཡང་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ། ཡང་དང་ཡང་དུ་གོམས་པར་བྱས་པས་སྤང་བྱ་ལྷན་ཅིག་སྐྱེས་པ་རྣམས་སྤོང་བར་བྱེད་དོ། །དེ་ལྟར་སྤང་བྱ་ཀུན་བཏགས་དང་ལྷན་སྐྱེས་རྣམས་མཐོང་སྒོམ་ལམ་གྱིས་སྤངས་པ་ན། སྤང་བྱའི་སྒྲིབ་པ་གཞན་མེད་པས་སྤོང་བ་ཡོངས་སུ་རྫོགས་ཤིང༌། སྤང་བྱ་མེད་པས་སྤང་བྱའི་གཉེན་པོ་བག་ཆགས་ལ་བསླབ་པར་བྱར་མེད་པས། མི་སློབ་པའི་ལམ་མངོན་དུ་བྱེད་དོ། །ཐོབ་བྱེད་ཀྱི་ལམ་བསྟན་ཟིན་ཏོ། །གསུམ་པ་འབྲས་བུའི་རྣམ་གཞག་ལ། མི་སློབ་ལམ་ཐོབ་པ་དེའི་ཚེ་ཉན་རང་དགྲ་བཅོམ་རྣམས་ལ་ལས་ཀྱི་ས་བོན་ཡང༌། སླར་ཉིང་མཚམས་མི་སྦྱོར་ཏེ། ཕུང་པོ་ལེན་པའི་རྐྱེན་བདག་ཏུ་འཛིན་པའི་མཚང་བ་བཅད་ཟིན་པའི་ཕྱིར་རོ། །འོན་ཀྱང་སྲིད་པར་ཡུན་རིང་དུ་གནས་པར་མི་བྱེད་དེ། སྙིང་རྗེ་དམན་པའི་ཕྱིར་དང༌། སྲིད་པར་གནས་པའི་འཕེན་ཤུགས་ཟད་ནས་ནུས་པ་མེད་པའི་ཕྱིར་དང༌། དངོས་པོ་གང་རྒྱུ་མ་ཚང་ན་འབྲས་བུ་མི་འབྱུང་བ་རིགས་པའི་ཚུལ་ཡིན་པའི་ཕྱིར་རོ། །བརྩེ་ཆེན་རྟོགས་པའི་སངས་རྒྱས་རྣམས་ནི། གཞན་དོན་དུ་སྙོམས་འཇུག་ལ་ཞུགས་པ་ཡིན་ཏེ། གཞན་དོན་དུ་གནས་པའི་རྒྱུ་སྙིང་རྗེ་ཆེན་པོ་རྒྱུན་མི་ཆད་པར་མངའ་བའི་ཕྱིར་དང༌། གཞན་དོན་བསྒྲུབ་པའི་ཐབས་དུ་མ་མངོན་དུ་མཁྱེན་པའི་ཕྱིར་རོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ཏེ། ཇི་ལྟ་ཇི་སྙེད་ཀུན་གསལ་ལ་རབ་ཀྱི་མཐར་ཕྱིན་པའི་ཕྱིར། བསྐལ་པ་གྲངས་མེད་པ་ནས་ཀུན་ལ་གོམས་པ་མཐར་ཕྱིན་པའི་ཕྱིར། ཤེས་བྱ་མ་ལུས་པ་མཁྱེན་པའི་ཡེ་ཤེས་མཐར་ཐུག་བརྙེས་པའི་ཕྱིར། དེས་ན་སྤངས་རྟོགས་ཕུན་སུམ་ཚོགས་པའི་སྐུ་གསུམ་རབ་ཏུ་བརྙེས་པར་མཛད་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་གཟུང་འཛིན་གཉིས་མེད་ཀྱི་ཤེས་ཕྱིན་ལ་ཕྱོགས་ཀྱི་གླང་པོས་བཤད་དོ། །འདི་གཞན་སྤྱི་འདོད་ཚུལ་ལྟར། འདིར་འདུས་མ་བྱས་སུ་ནི་མི་འདོད་དེ། བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འཁྲུངས་པའི་ཕྱིར་དང༌། མངོན་སུམ་ཚད་མ་ཡིན་པའི་ཕྱིར་དང༌། གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབས་པར་མཛད་པའི་ཕྱིར། འདུས་མ་བྱས་ཀུན་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར། གནས་ཚུལ་ལ་གྲུབ་པ་རང་མཚན་གཅིག་པུར་གནས་པའི་ཕྱིར། རྣམ་འགྲེལ་ལས། གཅིག་ཉིད་ཅེ་ནའང་ཁོ་ནར་འདོད། །ཅེས་པ་ལྟར་རོ། །རྟོགས་ཚུལ་གཅིག་ན་གཞལ་བྱ་གཉིས་སུ་བཤད་པ་ཡིན་ནམ་ཞེ་ན། གནས་ཚུལ་གཅིག་ཡིན་ཡང་རྟོགས་ཚུལ་གཉིས་སུ་འབྱེད་པའི་ཕྱིར་སྐྱོན་མེད་དོ། །གལ་ཏེ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་བྱུང་ཡང༌། འདུས་མ་བྱས་སུ་ལེགས་སོ་ཞེ་ན། མི་འཐད་དེ། རྒྱུ་ལ་ལྟོས་པའི་ཕྱིར་དང༌། ཚད་མ་རྟག་པ་དགག་པའི་དོན་དུ་མདོ་ལས་གྱུར་པ་ཞེས་པའི་སྒྲ་གསུངས་པའི་ཕྱིར། རྟག་ཀྱང་གཞན་དོན་མཛད་པ་མི་འགལ་ན། གཞན་དོན་མཛད་པ་མི་སྲིད་པས། ཡང་ན་ཅིག་ཅར་དུ་མཛད་པར་འགྱུར་བས། གདུལ་བྱ་ཐམས་ཅད་དུས་གཅིག་ལ་གྲོལ་བ་ཐོབ་པར་འགྱུར་རོ། །སྒྲོ་བཏགས་མ་ཡིན་པའི་འདུས་བྱས་འདོད་ནའང༌། མངོན་སུམ་གྱིས་ཡུལ་ལ་སྣང་བས་རྟོགས་པ་དང༌། རྟོག་པའི་ཡུལ་ལ་སེལ་བས་རྟོགས་ཚུལ་ཇི་ལྟར་འཐད་པར་འགྱུར། དེས་ན་བཅོམ་ལྡན་འདས་ནི་ཆོས་མ་ལུས་པ་མངོན་སུམ་དུ་ཐུགས་སུ་ཆུད་པས་ཟབ་པ་དང་རྒྱ་ཆེ་བའི་སྐུ་གཉིས་ཀྱི་སྒོ་ནས། གདུལ་བྱའི་སྐལ་བ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡོངས་སུ་བསྐོར་བར་མཛད་ནས་གཞན་དོན་ལ་རྟག་ཏུ་ཞུགས་པ་ཡིན་ནོ། །ཆོས་ཀུན་མ་ལུས་པ་ཐུགས་སུ་ཆུད་པའི་རྣམ་མཁྱེན་ཡོད་པར་ཇི་ལྟར་གྲུབ་ཅེ་ན། རྣམ་མཁྱེན་ལ། རང་དོན་དུ་དགོས་པའི་དོན་ཀུན་མཁྱེན་པ་དང༌། ཤེས་བྱ་མ་ལུས་པ་མཁྱེན་པའི་ཐམས་ཅད་མཁྱེན་པའི་ཚུལ་གཉིས་གསུངས་པ་ལས། དང་པོ་ནི། ཐར་པ་དོན་གཉེར་གྱི་སྐྱེས་བུའི་བླང་དོར་གྱི་དོན་ཀུན་མཁྱེན་པ་སྟེ། རང་དོན་དུ་ཉེ་བར་མཁོ་བའི་བླང་བྱ་དང་དོར་བྱའི་དོན་དེ་ཁོ་ན་ཉིད་ཐབས་དང་བཅས་པ་ཇི་ལྟ་བ་བཞིན་དུ་རིག་པར་མཛད་པའི་ཕྱིར་དང༌། འདི་ཉིད་ལ་ཐམས་ཅད་རིག་པའི་ཚད་མར་འདོད་ཀྱི་སྲིན་བུའི་གྲངས་སོགས་མཁྱེན་པར་མཛད་པ་ལ་འདོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ཐམས་ཅད་མཁྱེན་པར་འགྱུར་ཅེ་ན། ཐར་པ་དོན་གཉེར་གྱི་སྐྱེས་བུའི་བླང་དོར་གྱི་གནས་ཐམས་ཅད་མཁྱེན་པ་ཙམ་གྱིས་སྟོན་པ་ཡོངས་སུ་རྫོགས་པར་འདོད་དོ། །མཐོང་ལམ་དང་རྣམ་པར་གྲོལ་བའི་ལམ་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་ལ་འདོད་དེ། ཆོས་མ་ཤེས་ཀྱང་དེ་དང་འཚམས་པའི་གཞན་དོན་མི་འགྲུབ་པས་ཐམས་ཅད་ཤེས་པ་དགོས་པའི་ཕྱིར། རྣམ་ངེས་ལས། ཆོས་གཅིག་མ་ཤེས་ནའང༌། བྱ་བ་དང་བྱ་བ་མ་ཡིན་པ་མཐར་ཕྱིན་པ་མི་རྟོགས་པའི་ཕྱིར་ཞེས་པ་ལྟར་རོ། །སྔར་སྲིན་བུའི་གྲངས་སོགས་མཁྱེན་པ་ཉེར་མཁོ་མེད་ཅེས་བཤད་པ་ནི་རང་དོན་དུ་མི་མཁོ་བའི་དབང་དུ་མཛད་ཀྱི་གཞན་དོན་དུ་ཤེས་པར་བྱ་དགོས་སོ། །ཐམས་ཅད་མཁྱེན་པའི་ཚུལ་གཉིས་བཤད་པ་འདི་ཡང༌། ཕྱོགས་གླང་ཆོས་གྲགས་གཉིས་ཀྱིས་དངོས་སྟོབས་ཀྱི་རིགས་པས་སྒྲུབ་པར་མཛད་པ་ཡིན་གྱི། རྟོག་གེ་མི་ཤེས་པ་དག་གིས་ལུང་སྒྲུབ་ཁོ་ན་ཡིན་གྱི་དངོས་སྟོབས་ཀྱིས་མི་གྲུབ་བོ་ཟེར་བ་ནི། གཞན་ལ་རང་མཚང་སྟོན་པར་ཟད་དོ། །མུ་སྟེགས་པ་འགའ་ཞིག་གིས་རྟོགས་པ་ཕུན་སུམ་ཚོགས་པའི་ཀུན་མཁྱེན་མི་འགྲུབ་སྟེ། མཆོངས་པ་དང་ཆུའི་དྲོད་དང་གསེར་བཞུ་བའི་དཔེས། གོམས་པ་ལས་ཅུང་ཟད་འཕེལ་དུ་རུང་གི་མཐའ་མེད་དུ་འཕེལ་དུ་མི་རུང་བའི་ཕྱིར་ཞེས་ཟེར་རོ། །དཔེ་དོན་མི་མཚུངས་ཏེ། མཆོངས་པ་ལུས་ཀྱི་འབད་རྩོལ་ལ་ལྟོས་ཤིང༌། ཆུའི་དྲོད་མེ་ལ་བརྟེན་ལ། གསེར་བཞུ་བའི་ནུས་པ་སླར་ལྡོག་པའི་ཕྱིར་དང༌། བདག་མེད་གོམས་པ་དང་ཇི་སྙེད་པ་མཁྱེན་པའི་བློ་གཉིས་ནི་དེ་ལས་ལྡོག་པའི་ཕྱིར། ཡང་དཔྱོད་པ་བ་ལ་སོགས་པ་འགའ་ཞིག སྒྲིབ་པ་མ་ལུས་པ་དང་བྲལ་བའི་སྤངས་པ་ཕུན་སུམ་ཚོགས་པ་མི་འགྲུབ་སྟེ། དྲི་མ་སྤོང་བར་མི་ནུས་པའི་ཕྱིར་དང༌། ནུས་ཀྱང་སྤོང་བྱེད་ཀྱི་ཐབས་མེད་པའི་ཕྱིར་དང༌། ཐབས་ཀྱིས་སྤངས་སུ་ཟིན་ཀྱང་སླར་ལྡོག་པའི་ཕྱིར་ཞེས་འདོད་པའི་ཕྱིར། སྤོང་བར་མི་ནུས་པ་ཡིན་ཏེ། དྲི་མ་རྣམས་སེམས་དང་འབྲལ་རུང་ཡིན་པའི་ཕྱིར། གལ་ཏེ་སེམས་ཀྱི་རང་བཞིན་མ་ཡིན་ན། འདོད་ཆགས་མངོན་འགྱུར་པ་ཡོད་པའི་རྒྱུད་ལ། ཞེ་སྡང་ནམ་ཡང་སྐྱེ་བར་མི་ནུས་ཏེ། གཉིས་པོ་དམིགས་རྣམ་འགལ་བས་སེམས་རྒྱུད་ལ་ལྷན་དུ་མི་འཇུག་ཅིང༌། འདོད་ཆགས་སེམས་ཀྱི་རང་བཞིན་ཡིན་པས་ནམ་ཡང་ལྡོག་པ་མེད་པའི་ཕྱིར། དེ་བཞིན་དུ་ཞེ་སྡང་ཡོད་པའི་རྒྱུད་ལ་ཡང་འདོད་ཆགས་ནམ་ཡང་སྐྱེ་བ་མེད་པར་འགྱུར་རོ། །དྲི་མ་དག་པར་འདོད་པ་ཡང་རིགས་པ་འདི་ཉིད་ཀྱིས་གསལ་བར་བྱས་པ་ཡིན་ནོ། །སྤོང་བའི་ཐབས་མེད་པ་ཡང་མ་ཡིན་ཏེ། བདག་མེད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། སླར་ལྡོག་པ་ཡང་མ་ཡིན་ཏེ། བདག་མེད་ཡུལ་ཅན་གྱི་གོམས་པ་མཐར་ཐུག་པ་ན་སྤང་བྱའི་ས་བོན་ལྡོག་པས་ཕྱིས་རྐྱེན་དང་འཕྲད་ཀྱང་མི་སྐྱེ་བའི་ཆོས་ཅན་གྱུར་པའི་ཕྱིར། ཚད་མ་མི་ཤེས་པའི་མཁས་རློམ་འགའ་ཞིག ཀུན་མཁྱེན་དང་སྐྱེ་བ་སྔ་ཕྱི་ལ་སོགས་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས། ལུང་སྒྲུབ་ཁོ་ནའོ་ཞེས་འདོད། འོ་ན་དཔྱོད་པ་བ་སོགས་ཀྱི་ངོར་ཀུན་མཁྱེན་དང་སྐྱེ་བ་སྔ་ཕྱི་སོགས་མེད་པ་འགོག་མི་ནུས་ཏེ། དེའི་ངོར་ལུང་རིགས་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། རིགས་པ་མི་འགྲུབ་ཀྱང་རིགས་པས་འགྲུབ་བོ་སྙམ་ན། མི་འཐད་དེ། ལུང་གི་ནང་ཚད་མར་ཁས་ལེན་པ་དེ་ཁོ་ན་ལ་ཚད་མར་འགྱུར་གྱི་ཁས་མི་ལེན་པ་ལ་མི་འགྱུར་ལ། ཀུན་མཁྱེན་སོགས་ཡོད་པར་སྟོན་པའི་ལུང་ཚད་མར་ཁས་མི་ལེན་པའི་ཕྱིར་རོ། །གང་ཟག་ལ་ལའི་རྒྱུད་ལ་ཟག་པ་ཟད་པར་འགྱུར་ཏེ། དྲི་མ་རྣམས་ནི་གཉེན་པོའི་ཕྱོགས་འཕེལ་བ་ན་འགྲིབ་པ་དང༌། གཉེན་པོ་དང་བྲལ་ན་སླར་ཡང་འཕེལ་བར་འགྱུར་བ་ནི་མཐོང་བའི་ཕྱིར་རོ། །ཞེས་གསུངས་པའི་རིགས་པ་དང༌། བུ་ཆུང་སྐྱེས་མ་ཐག་པ་ལ་རིགས་འདྲ་ཤེས་པ་སྔ་མ་སྔོན་དུ་སོང་སྟེ། རིགས་འདྲ་ཤེས་པ་སྔ་མ་སྔ་མ་ལས་གང་ཟག་ལ་ལྟོས་པ་མེད་པར་རིགས་ཙམ་དུ་སྐྱེས་པའི་ཕྱིར། ད་ལྟར་གྱི་རིག་པ་འདི་བཞིན་ཞེས་པ་དང༌། འཆི་ཁ་མའི་རིག་པ་འདི་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་བར་ནུས་ཏེ། རང་གི་རིགས་འདྲའི་ཕྱི་མ་གཞན་ལ་ལྟོས་མེད་རིག་ཙམ་དུ་སྐྱེས་པའི་ཕྱིར། ད་ལྟར་གྱི་རིག་པ་འདི་བཞིན་ནོ། །རིགས་པ་འདི་དག་ལ་བརྟེན་པའི་རྗེས་སུ་དཔགས་པས་གདོན་མི་ཟ་བར་སྒྲུབ་པའི་ཕྱིར། ཇི་ལྟར་རིགས་པས་མ་གྲུབ་པའི་ལུང་ཁོ་ནར་འགྱུར། དེས་ན་ཀུན་མཁྱེན་དང་སྐྱེ་བ་སྔ་ཕྱི་སོགས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པའི་ཚུལ་རྒྱས་པར་བཤད་པའི་དོན་ཆོས་རྗེ་ས་སྐྱ་པཎྜི་ཏ་ཁོ་ནས་ཤིང་རྟའི་ཚུལ་བཙུགས་པ་ལ་ཡིད་ཆེས་པར་བྱའོ། །གཞིའི་དོན་ཀུན་རྣམ་པར་རིག་པ་ཙམ། །རིགས་པས་གཏན་ལ་ཕབ་པའི་དོན་གོམས་པས། །གཟུང་འཛིན་དོན་ལ་ཞེན་པའི་རྣམ་རྟོག་ཀུན། །ལེགས་པར་སྤངས་ནས་གྲོལ་བ་ཐོབ་པར་འགྱུར། །བསྡུ་བའི་ཚིགས་སུ་བཅད་པའོ། །སེམས་ཙམ་པའི་གཞི་དང་འབྲས་བུའི་རྣམ་གཞག་གཏན་ལ་ཕབ་པའི་ལེའུ་གསུམ་པའོ།། །།ལེའུ་བཞི་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་ནི། ཁོ་བོས་བྱས་པའི་དབུ་བསྡུས་ཆེ་ཆུང་གཉིས་ཡོད་པ་དེར་སྐལ་ལྡན་ཀུན་ལ་གསལ་བར་བྱས་པ་དེ་ཉིད་དུ་བལྟ་བར་བྱའོ། །ལུང་རིགས་དཔག་བསམ་ལྗོན་པའི་ནགས་ཁྲོད་དུ། །གཞི་ལམ་འབྲས་བུའི་མེ་ཏོག་རྣམ་བཀྲ་བའི། །གྲུབ་མཐའ་བཞི་ཡི་སྐྱེད་ཚལ་ཡིད་འཕྲོག་འདི། །སྐལ་ལྡན་གྲངས་མེད་གདུལ་བྱའི་དོན་དུ་བསྒྲུབས། །དེ་ལས་བྱུང་བའི་དགེ་བ་སྟོན་ཟླའི་འོད། །རབ་དཀར་དྲི་མེད་བདག་གིས་ཐོབ་པ་དེས། །འགྲོ་ཀུན་ཡང་དག་ལམ་ལ་བཞུགས་པ་དང༌། །བློ་མུན་མཐའ་དག་སེལ་བའི་རྒྱུ་རུ་བསྔོ། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལ་འཇུག་པའི་སྒོ་གྲུབ་མཐའ་བཞིའི་དགོངས་དོན་རྣམ་པར་འབྱེད་པའི་རྒྱན་ཞེས་བྱ་བ་འདི་ནི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་འདི་ལ་བརྟེན་ནས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག། །།དགེའོ།། །།«་་་་་མ་དཔེ་ཤིན་ཏུ་མི་གསལ་ཤིངབསྐུང་ཡིག་ཐུན་མོང་མིན་པ་ཧ་ཅང་མང་བ་དང༌། སྐྱར་དཔར་བྱེད་པའི་སྐབས་སུ་ལྡེབ་མ་འགའ་རེའི་ཡིག་ཕྲེང་གི་མཇུག་མ་ཚང་བ་དང༌། བར་བར་ལ་སྐྱ་ཐིག་བབས་ཏེ་གཏན་ནས་མི་མཐོང་བའི་དབང་གིས་གུག་རྟགས་ནང་དུ་ས་ཆ་ལ་དཔག་ནས་ཚིག་ཁ་བསྐངས་ཏེ་དཔྱད་གཞི་ཙམ་བྲིས་ཡོད། དཔེ་འདི་འབྲས་སྤུངས་ལ་འདུག་པས་རྗེས་སུ་བལྟ་ས་རྙེད་ན་སླར་བསྡུར་དགོས་འདུག སྒྲིག་པོས་མཆན།» ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply