མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། ཇ༽

  སྟོང་པ་ཉིད་དང་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་སོ། །སྒྲིབ་པའི་ས་བོན་སྤོང་བའི་ནུས་པ་མ་ཐོབ་པར་གྲོལ་བ་ཐོབ་ནུས་པ་ཡང་མ་ཡིན་ཏེ། བསམ་གཏན་བཞི་པ་ཐོབ་པ་སླར་ཡང་ངན་སོང་དུ་ལྟུང་བ་བཞིན་ནོ། །ཡིད་བྱེད་སྤངས་པས་ནི་ཞི་གནས་ཁྱད་པར་ཅན་ཡང་མི་འགྲུབ་ན། སྟོང་ཉིད་རྟོགས་པའི་ལྷག་མཐོང་འགྲུབ་པའི་གོ་སྐབས་ག་ལ་ཡོད། གཞན་ཡང་ཡིད་བྱེད་སྤངས་པའི་རྣལ་འབྱོར་ནི་ཕྱི་རོལ་པ་ལ་ཡང་ཡོད་པས་དེ་དག་གིས་ཀྱང་ཅིའི་ཕྱིར་གྲོལ་བ་མི་ཐོབ། གཞན་དག་བསྒོམས་པའི་སྟོབས་ཀྱིས་དུ་བའི་མཚན་མ་ལ་སོགས་པ་མཐོང་བ་ཆོས་སྐུ་ལ་ངོ་སྤྲོད་པ་ཡང་འཁྲུལ་པ་ཁོ་ན་སྟེ། ཡེ་ཤེས་སྙིང་པོས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པ་ལྟར་དུ་བར་སྣང་ཡང་དུ་བའི་དོན་བྱེད་མི་ནུས་པས་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། ཆོས་སྐུ་ལྟ་ཞོག་གི་ཡང་དག་ཀུན་རྫོབ་ཙམ་དུ་ཡང་མི་འགྱུར་རོ། །ཁྱོད་ཀྱི་ཕྱོགས་ལ། མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཐབས་དང་རང་བཞིན་ཇི་ལྟ་བུ་ཞེ་ན། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་པའི་ཚུལ་གྱིས་ཐོག་མར་ཞི་གནས་ལ་འབད་པར་བྱ་སྟེ། ཞི་གནས་མེད་པའི་ལྷག་མཐོང་ནི་མར་མེ་རླུང་གིས་བསྐྱོད་པ་ལྟར་ཉོན་མོངས་པའི་བུད་ཤིང་བསྲེག་པ་ལ་མཐུ་ཆུང་བའི་ཕྱིར། ལྷག་མཐོང་མེད་པར་ཡང་མ་ཡིན་ཏེ། སྒྲིབ་པའི་ས་བོན་སྤོང་མི་ནུས་པས་སོ། །དེ་བས་ན་ཐོག་མར་ཞི་གནས་བཙལ་བས་ཞི་གནས་འགྲུབ་པ་ན། ཇི་སྐད་བརྗོད་པའི་རྣལ་འབྱོར་བཞིའི་རིམ་པས་བདག་མེད་གཉིས་ཀྱི་རྣམ་པ་ལེགས་པར་ཡོངས་སུ་བཟུང་བ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དུ་གོམས་པར་བྱས་པས་བསྒོམ་པ་ཡོངས་སུ་རྫོགས་པ་ན། མིང་དོན་གྱི་མཚན་མ་དང་མ་འདྲེས་པ་བདག་མེད་པའི་དོན་གསལ་བར་རྟོགས་པ་ལ་མི་རྟོག་པའི་ཡེ་ཤེས་ཞེས་བརྗོད་ཅིང༌། རྗེས་ཐོབ་ཏུ་དེ་ཡིས་དྲངས་པའི་བློ་ཕྱི་ནང་གི་དངོས་པོ་རྣམས་ཆུ་ཟླ་ལྟར་རང་བཞིན་མེད་པར་ཡོངས་སུ་གཅོད་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱའོ། །ཅི་སྟེ་ཡིད་ལ་བྱེད་པ་ཡོད་པ་དེ་སྲིད་དུ་ཡུལ་གྱི་མཚན་མ་དང་འབྲེལ་པས་རྣམ་པར་མི་རྟོག་པ་ཞེས་ཇི་ལྟར་བརྗོད་པར་བྱེད་ཅེ་ན། ཡུལ་གྱི་གནས་ཚུལ་མིང་དོན་གྱི་མཚན་མ་དང་མ་འདྲེས་པར་རྟོགས་པ་ལ་མི་རྟོག་པ་ཞེས་བརྗོད་ཀྱི་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ནི་མ་ཡིན་ཏེ། ལྟ་བས་སྣང་བའི་སྟེང་དུ་སྤྲོས་པའི་སྒྲོ་འདོགས་གཅོད་པའི་རྣམ་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཅེ་ན། ཐོག་མར་བདག་མེད་གཉིས་ཀྱི་རྣམ་པ་ཐོས་པའི་ཤེས་རབ་ཀྱིས་གཟུང་བའི་དོན་ལ་བསམ་བྱུང་གི་རིགས་པས་སྒྲོ་འདོགས་བཅད་པའི་དམིགས་རྣམ་མི་བརྗེད་པའི་དྲན་པས་བཟུང་བ་གོམས་པར་བྱེད་པའི་བློའི་རྒྱུན་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་སྨྲ་བ་ལ་དྲི་མ་སེལ་བ་མི་འཐད་པའི་ཚུལ་ནི། གལ་ཏེ་དངོས་པོ་དོན་དམ་དུ་མེད་པ་དེ་ལྟ་མ་ཡིན་ཏེ། སྐད་ཅིག་མའི་ཆོས་ཤེས་པ་ཙམ་དང་གཟུགས་སོགས་ཤེས་བྱའི་མཚན་ཉིད་དོན་དམ་པར་ཡོད་པ་ཉིད་དུ་གྱུར་ན། དེའི་ཚེ་མངོན་པར་ཞེན་པའི་དྲི་མ་དེ་དག་ལ། གཉེན་པོ་སྒོམས་པས་ནམ་མཁའ་བཞིན་དུ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་ཐལ། སྤོང་བྱེད་ཀྱི་གཉེན་པོ་བསྐྱེད་དུ་མེད་པ་དང༌། རང་སྤང་དུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར། དཔེར་ན་ནམ་མཁའ་ཐོགས་བཅས་ཀྱི་རྫས་མེད་པ་ཙམ་གྱི་ངོ་བོ་དུས་ཐམས་ཅད་དུ་འཛིན་པས་རྫས་མེད་པ་ཙམ་གྱི་ངོ་བོ་འདོར་དུ་མེད་པ་བཞིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་མི་ལྡོག་པར་ཐལ། འདོད་ན་སྒྲིབ་པ་གཉིས་ཟད་པར་མི་རུང་བར་འགྱུར་རོ། །གསུམ་པ་ནི། དངོས་པོར་སྨྲ་བ་གཞན་དག་གིས་བཅོམ་ལྡན་འདས་ཀྱིས་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དང༌། དྲི་མའི་ཆོས་རྣམས་ཀྱང་བདེན་པར་ཡོད་པར་ཁས་ལེན་པ་གང་ཡིན་པ་དེ་ནི་ཁོ་བོས་ངོ་མཚར་དུ་རྩིས་སོ། །གཞི་དྲི་མ་གཅིག་ལ་ཕན་ཚུན་འགལ་བའི་དོན་ཁས་ལེན་པས་སོ། །གསུམ་པ་ལ། མཚམས་སྦྱར་བ་ནི། དེ་ལྟར་དངོས་པོ་དོན་དམ་དུ་ཡོད་པའི་ཕྱོགས་བསལ་ནས་ངོ་བོ་ཉིད་མེད་པའི་ཕྱོགས་བརྟན་པོར་མཛད་པས་ཞེས་སོགས་སོ། །ཚིག་དོན་ལ། གང་ལ་ལྟ་བའི་ཡུལ། ཇི་ལྟར་ལྟ་བའི་ཚུལ། ལྟ་བ་བསྒོམས་པའི་བྱེད་པའོ། །དང་པོ་ནི། བརྟག་པར་བྱ་གང་ལ་ཞེ་ན། གཟུགས་ལ་སོགས་པ་རྟེན་ཅིག་འབྲེལ་བར་འབྱུང་བའི་ངོ་བོ་འདི་ཉིད་ལའོ། །གཟུགས་སོགས་མེད་པར་འདོད་པ་མ་ཡིན་ནམ་ཞེ་ན། དོན་དམ་དུ་མེད་པ་ཡིན་གྱི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པས་ཉེས་པ་མེད་དེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། དེ་ཕྱིར་རང་བཞིན་མེད་སྨྲ་ཡི། །སྣང་བ་བསལ་ཕྱིར་མ་ཡིན་ནོ། །ཞེས་པ་ལྟར་རོ། །གཉིས་པ་ནི། ཇི་ལྟར་བརྟག་ཅེ་ན། སྣང་བའི་ཆོས་གང་ལ་ཡང་མེད་དོ་ཞེས་སྐུར་པ་འདེབས་པའི་སྒོ་ནས་སྣང་བའི་ངོ་བོ་བསལ་བ་དང་དོན་དམ་དུ་ཡོད་དོ་ཞེས་སྒྲོ་འདོགས་པའི་སྒོ་ནས་དོན་དམ་གྱི་ངོ་བོ་བཞག་པར་མ་བྱས་པར་རང་བཞིན་མེད་པར་བརྟག་པར་བྱ་སྟེ། གང་གི་ཕྱིར་ཞེ་ན། རང་བཞིན་ཡོད་ན་དངོས་པོར་མངོན་པར་ཞེན་པ་ལས་གྲོལ་བར་མི་འཐད་པ་དེའི་ཕྱིར་རོ། །གསུམ་པ་ནི། བསལ་བཞག་སྤངས་ནས་རང་བཞིན་མེད་པར་བསྒོམས་པ་དེ་ལྟར་ན་དེ་ཁོ་ན་ཉིད་མཐོང་ལ། དེ་ཁོ་ན་ཉིད་མཐོང་བས་ནི་སྒྲིབ་གཉིས་ལས་གྲོལ་བར་འགྱུར་ཏེ། དངོས་འཛིན་ཕྱིན་ཅི་ལོག་ལྡོག་པས་སོ། །སྤང་གཉེན་བདེན་པ་བ་མེད་པ་མ་ཡིན་ནམ་ཞེ་ན། གཉེན་པོ་སྒྱུ་མ་ལྟ་བུས་སྤང་བྱ་སྒྱུ་མ་ལྟ་བུ་འཇོམས་པ་མི་འགལ་ཏེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་ནོ། །འདིར་རྒྱལ་པོར་བསྒྱུར་བ་ལེགས་ཡང༌། ག་ཛ་དང་རཱ་ཛའི་རྒྱ་གར་གྱི་ཡི་གེ་ལ་འཁྲུལ་གཞི་ཡོད་པས་གླང་པོར་བསྒྱུར་བར་སྣང་ངོ༌། །གཉིས་པ་མཐོང་ལམ་རྩེ་སྦྱོར་དངོས་ལ་གཉིས་ཏེ། བར་ཆད་མེད་ལམ་དང༌། ཁྱད་པར་གྱི་ལམ་མོ། །དང་པོ་ལ། མཚམས་སྦྱར་བ་ནི། དེ་ལྟར་མཐོང་ལམ་རྩེ་སྦྱོར་སྟོན་པའི་ཞར་ལ་འོངས་པའི་ཚིགས་སུ་བཅད་པ་གསུམ་གྱི་དོན་བརྗོད་ནས་རྣལ་མ་མཐོང་བའི་ལམ་ཉིད་སྟོན་ནོ། །དངོས་ཀྱི་དོན་ལ། མདོ་དགོད་པ་དང༌། མདོའི་དོན་བཤད་པའོ། །དང་པོ་ནི། བྱང་སེམས་སྦྱིན་པ་གཏོང་པའི་ཚེ་རྣམ་མཁྱེན་དུ་བསྔོ་ཞིང་གཏོང་སྟེ་ཞེས་སོགས་སོ། །གཉིས་པ་ལ། ངོ་བོ་དང༌། བྱེད་པ་གཉིས་ལས། དང་པོ་ནི། རྩེ་མོའི་མངོན་པར་རྟོགས་པ་འདིར་མཐོང་བའི་ལམ་ཡིན་ནོ། །གང་ཞེ་ན། སྐད་ཅིག་མ་གཅིག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་སྦྱིན་བྱ་སྦྱིན་བྱེད་སོགས་འཁོར་གསུམ་དུ་རྣམ་པར་རྟོག་པའི་དྲི་མ་དག་པས་རབ་ཏུ་ཕྱེ་བ་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཅན་དུ་སྐྱེས་པ་གང་ཡིན་པ་དེ་ནིའོ། །ཇི་ལྟར་དྲུག་ཚན་དྲུག་གིས་སུམ་ཅུ་རྩ་དྲུག་དུ་འགྱུར་ཞེ་ན། བསྡུ་བྱ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོར་སྡུད་བྱེད་སྦྱིན་སོགས་ཕར་ཕྱིན་དྲུག་གི་ངོ་བོ་རེ་རེར་སྔ་མ་གོ་སྒྲུབ་དུ་བསྟན་པ་བཞིན་དུ་ཕན་ཚུན་བསྡུས་པས་སོ། །གཉིས་པ་མཐོང་ལམ་གྱི་བྱེད་པ་ནི། མཐོང་ལམ་རྩེ་སྦྱོར་རྫོགས་པར་སྐྱེས་པ་ན་མཐོང་སྤང་རྟོག་པ་དེ་དག་གི་རྒྱུར་བསྡུས་པའི་རྣམ་པར་རྟོག་པ་བསྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་བོ། །མཐོང་སྤང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་སོ། །རྒྱུ་སྤངས་པའི་སྒོ་ནས་འབྲས་བུ་སྤོང་བ་རིགས་ཀྱི་འབྲས་བུ་སྤངས་པས་རྒྱུ་སྤངས་པ་མི་འཐད་དོ་ཅེ་ན། རྒྱུ་མ་སྤངས་པར་འབྲས་བུ་མི་སྤོང་བས་འབྲས་བུ་སྤངས་པར་བསྟན་པ་ན་རྒྱུ་ཡང་སྤངས་པར་དོན་གྱིས་འཐོབ་པར་བསྟན་པ་ཡིན་ནོ། །ཇི་ལྟར་བརྒྱ་རྩ་བརྒྱད་ཡིན་ཞེ་ན། གཟུང་རྟོག་གཉིས་འཛིན་རྟོག་གཉིས་ཏེ་རྣམ་པར་རྟོག་པ་བཞི་པོ་སོ་སོར་རྣམ་པ་དགུ་དགུར་ཡོད་པ་ཉིད་ཀྱིས་འདོད་པའི་ཁམས་ཀྱི་སུམ་ཅུ་སོ་དྲུག་དང་གཟུགས་ཀྱི་ཁམས་ཀྱི་སོ་དྲུག་གཟུགས་མེད་ཀྱི་ཁམས་ཀྱི་སོ་དྲུག་ཡོད་པའི་དབྱེ་བས་སོ། །གཉིས་པ་ལ། མཚམས་སྦྱར་བ་ནི། མཐོང་ལམ་གྱི་རྟོགས་པའི་རྒྱུན་དེ་ལ་དབང་ཐོབ་པར་བྱ་བའི་ཕྱིར། རྟོགས་པའི་རྒྱུན་དེ་ཉིད་ཁྱད་པར་གྱི་ལམ་གྱི་གནས་སྐབས་རྣམས་སུ་ཡང་དང་ཡང་དུ་བསྒོམ་པར་བྱེད་དོ་ཞེས་སོ། །མདོ་ནི། རྣམ་པར་ཐར་པ་བརྒྱད་དང་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཞེས་སོ། །ཚིག་དོན་ལ། གསུམ་སྟེ། མཉམ་བཞག་སེང་གེ་རྣམ་བསྒྱིངས། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ། རྟེན་འབྲེལ་གྱི་རང་བཞིན་བསྟན་པའོ། །དང་པོ་ལ། སྙོམས་པར་ཞུགས་སོ། །གང་ལ་ན། རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུའི་ངོ་བོ་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་ལའོ། །སུ་ཞིག་ཅེ་ན། མཐོང་བའི་ལམ་ཐོབ་ཟིན་པའི་རྣལ་འབྱོར་པ་དེའོ། །ཅིའི་ཕྱིར་སེང་གེ་རྣམ་བསྒྱིངས་ཞེས་བྱ་ཞེ་ན། སེང་གེ་རྣམ་པར་བསྒྱིངས་པ་རི་དྭགས་གཞན་གྱིས་བག་ཚ་བ་མེད་པ་ལྟར་མཐོང་སྤང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་རོ། །དགོས་པ་ནི། མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་གྱི་རྟོགས་པ་ཕུལ་དུ་བྱུང་བར་བྱ་བའི་ཕྱིར་རོ། །གཉིས་པ་ལ། རྟོག་གོ །གང་གིས་ན། མཐོང་ལམ་རྩེ་སྦྱོར་ཐོབ་ཟིན་པའི་བྱང་སེམས་ཀྱིས་སོ། །གང་གི་ཚེ་ན། དུས་ཕྱིས་རྗེས་ཐོབ་ཏུའོ། །གང་ལ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལའོ། །ཇི་ལྟར་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་ལུགས་དང་མཐུན་པ་དང༌། དེས་འཕངས་པ་མ་རིག་པ་འགགས་པས་འདུ་ཤེས་འགག་པའོ་ཞེས་སོགས་རྣམ་བྱང་གི་ལུགས་དང་མཐུན་པ་དང༌། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ལ་སོགས་པ་རྣམ་བྱང་གི་ལུགས་དང་མི་མཐུན་པ་དང༌། དེས་འཕགས་པ་རྒ་ཤི་གང་ལས་བྱུང་སྐྱེ་བ་ལས་བྱུང་ཞེས་སོགས་ཀུན་ནས་ཉོན་མོངས་པ་ལུགས་དང་མི་མཐུན་པར་རྟོག་གོ །དགོས་པ་ནི། འཁོར་བ་རྒྱུ་འབྲས་སྡུག་ཀུན་གྱི་བདེན་པ་ལ་མཁས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་ལུགས་མཐུན་དང་ལུགས་བཟློག་དང༌། མྱང་འདས་རྒྱུ་འབྲས་འགོག་ལམ་གྱི་བདེན་པ་ལ་མཁས་པའི་ཕྱིར། རྣམ་བྱང་ལུགས་མཐུན་ལུགས་བཟློག་བསྒོམ་པར་བྱེད་དེ། འདི་ལྟར་ཀུན་ནས་ཉོན་མོངས་ལུགས་མཐུན་དུ་བསྒོམས་པས། སྡུག་བསྔལ་གྱི་བདེན་པ་རྟོགས་པར་འགྱུར་ཏེ། རྒྱུ་ལས་ཉོན་གྱི་རྣམ་སྨིན་མཐར་ཐུག་པ་རྒ་ཤིར་རྟོགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་ལུགས་བཟློག་བསྒོམས་པས་ཀུན་འབྱུང་གི་བདེན་པ་རྟོགས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྩ་བ་ལས་ཉོན་དུ་རྟོགས་པའི་ཕྱིར་རོ། །རྣམ་བྱང་ལུགས་མཐུན་བསྒོམས་པས་ནི་འགོག་བདེན་རྟོགས་པར་འགྱུར་ཏེ། མ་རིག་པ་སོགས་ཡན་ལག་སྔ་མ་རྣམས་འགགས་པས་རྒ་ཤི་འགག་པར་རྟོགས་པའི་ཕྱིར་རོ། །རྣམ་བྱང་ལུགས་བཟློག་བསྒོམས་པས་ལམ་བདེན་རྟོགས་ཏེ། རྒ་ཤི་འགག་པ་ནི་ཡན་ལག་སྔ་མ་རྣམས་འགག་པ་ལ་ལྟོས་ལ། དེ་ཡང་འགོག་བྱེད་ཀྱི་ལམ་ལ་རག་ལས་པར་ཤེས་པའི་ཕྱིར་རོ། །གསུམ་པ་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང༌། རྣམ་བྱང་གི་རྟེན་འབྲེལ་གཉིས་སོ། །དང་པོ་ལ། ཡན་ལག་སོ་སོའི་ངོ་བོ། སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ། ས་མཚུངས་དཔྱད་པ། སྐྱེ་བ་དུ་ཞིག་གིས་རྫོགས་ཚུལ་ལོ། །དང་པོ་ལ། མ་རིག་པའི་ངོ་བོ་ནི་ཡུལ་ལ་མི་གསལ་བའི་རྣམ་པས་འཇུག་པའི་སེམས་བྱུང་ངོ༌། །འགའ་ཞིག་འདིར་མཐོང་སྤང་དང་བསྒོམ་སྤང་གི་མ་རིག་པ་གང་གཟུང་ཞེ་ན། དོན་གསང་རྣམ་པར་བཤད་པ་ལས་མཐོང་སྤང་ཁོ་ན་སྟེ། དེ་ནི་ཡང་སྲིད་འཕེན་བྱེད་ཡིད་པའི་ཕྱིར་དང༌། འཕགས་པ་ལ་ཡང་སྲིད་འཕེན་བྱེད་མེད་པའི་ཕྱིར་ཏེ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་བྱེད་མེད་ཅེས་གསུངས་པའི་ཕྱིར་ཞེའོ། །འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཡིན་པའི་ཕྱིར་སྒོམ་སྤང་ཁོ་ནའོ་ཞེས་འདོད་དོ། །གྲུབ་མཐའ་ལ་མ་བཞུགས་པའི་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་འཕེན་བྱེད་ཀྱི་མ་རིག་པ་ཡོད་པའི་ཕྱིར། མཐོང་སྤང་ཁོ་ནར་འདོད་པ་ཡང་མི་རིགས་ལ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཡང་འདིར་བསྡུས་པའི་ཕྱིར་དང༌། ལས་འབྲས་ལ་རྨོངས་པའི་མ་རིག་པས་ངན་སོང་དུ་འཕེན་པར་བྱེད་པ་ཡང་སྲིད་པའི་ཕྱིར། བསྒོམ་སྤང་ཁོ་ནར་འདོད་པ་ཡང་མི་རིགས་སོ། །དེས་ན་རྣལ་འབྱོར་སྤྱོད་པའི་ས་ལས་རྒྱུན་དུ་ཞུགས་པས་ཡན་ལག་ཏུ་སྤངས་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རིལ་གྱིས་སྤངས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་མཐོང་སྤང་སྒོམ་སྤང་གཉིས་ཀ་ཡོད་པར་རིགས་སོ། །འདུ་བྱེད་ནི། ཡང་སྲིད་འཕེན་པར་བྱེད་པའི་ཟག་པ་དང་བཅས་པའི་ལས་སོ། །རྣམ་པར་ཤེས་པ་ནི། འབྲས་བུའི་ཆ་བཟུང་ན། ལས་ལ་བརྟེན་ནས་སྐྱེ་གནས་སུ་དང་པོར་གྲུབ་པའི་རྣམ་ཤེས་སོ། །རྒྱུའི་ཆ་བཟུང་ན་ལས་ཀྱི་བག་ཆགས་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ནི་འབྲས་བུའི་ཆ་འཛིན་ལ། རྣལ་འབྱོར་སྤྱོད་པས་ནི་རྒྱུའི་ཆ་བཟུང་ངོ༌། །མིང་དང་གཟུགས་ནི། ཉིང་མཚམས་སྦྱར་བའི་སྐད་ཅིག་གཉིས་བར་ཕུང་པོ་ལྔ་གྲུབ་པའོ། །སྐྱེ་མཆེད་ནི། མིང་གཟུགས་ཡོངས་སུ་སྨིན་པ་ལས་མིག་སོགས་ཚང་བར་དོད་པའོ། །རེག་པ་ནི། སྐྱེ་མཆེད་དྲུག་ཡུལ་དང་ཕྲད་པ་ལས་ཡུལ་ཡོངས་སུ་སྤྱོད་པའོ། །ཚོར་བ་ནི། རེག་པས་ཡོངས་སུ་སྤྱད་པ་བཞིན་རྣམ་སྨིན་ཉམས་སུ་མྱོང་བའོ། །སྲེད་པ་ནི། ཚོར་བ་བདེ་སྡུག་བླང་དོར་དུ་ཆགས་པའོ། །ལེན་པ་ནི། ཚོར་བའི་རྒྱུ་ཡོངས་སུ་ཚོལ་བ་འདུན་པའི་འདོད་ཆགས་སོ། །སྔ་མ་དང་ཁྱད་པར་ཅི་ཡོད་ཅེ་ན། སྤྱིར་ཡང་སྲིད་མངོན་པར་འདོད་པ་ནི་སྤོང་པའོ། །ཡང་སྲིད་བྱེ་བྲག་ཅན་མངོན་པར་འདོད་པ་ནི་ལེན་པའོ་ཞེས་བཤད་དོ། །འཇུག་འགྲེལ་ལས། ཡང་སྲིད་ལ་མངོན་པར་འདོད་པ་ནི་སྲེད་པ་དང་དེ་ཉིད་འཕེལ་བ་ནི་ལེན་པའོ་ཞེས་གསུངས་སོ། །སྲིད་པ་ནི། རྒྱུ་འབྲས་ཆ་གཅིག་པ་ལྟར་ན། སྔར་གྱི་ལས་སྲེད་པས་གསོས་བཏབ་ནས་ལས་ཀྱི་བག་ཆགས་ནུས་པ་མཐུ་ལྡན་དུ་གྱུར་བའོ། །ཆ་གཉིས་པ་ལྟར་ན་ཡང་སྲིད་འཕེན་བྱེད་ཀྱིས་ལས་གསར་དུ་བསགས་པའོ། །སྐྱེ་བ་ནི། མའི་མངལ་དུ་ཞུགས་ནས་ཕུང་པོ་རིམ་གྱིས་གྲུབ་པའོ། །རྒ་ཤི་ནི་ན་ཚོད་ཡོངས་སུ་འགྱུར་པའོ། །རྒ་དང་ཤི་པ་ཡན་ལག་གཅིག་ཏུ་བྱས་པ་ནི། མ་རྒས་པར་འཆི་བ་ཡོད་པའི་ཕྱིར་རོ། །མིང་གཟུགས་དང་སྐྱེ་མཆེད་དྲུག་ཡན་ལག་སོ་སོར་བྱེད་པ་མི་རིགས་ཏེ། རྫུས་སྐྱེས་ལ་མིང་གཟུགས་གྲུབ་པ་དང་ལྷན་གཅིག་ཏུ་སྐྱེ་མཆེད་དྲུག་ཀྱང་ཚང་བར་འགྱུར་པའི་ཕྱིར་ཞེ་ན། འདི་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་པ་ཡིན་པས་ཉེས་པ་མེད་དོ། །གཉིས་པ་ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་ཚུལ་ནི་མ་རིག་པས་ཀུན་ནས་བསླང་ནས་ཡང་སྲིད་འཕེན་བྱེད་ཀྱི་ལས་སོག་པར་བྱེད་དོ། །དུག་གསུམ་ཀས་ཀུན་ནས་སློང་ཡང་མ་རིག་པ་ཁོ་ན་ཀུན་སློང་དུ་བཞག་པ་ནི། གཞན་ཐམས་ཅད་དྲི་མ་ཅན་དུ་སྐྱེ་བ་ནི་འདི་ཁོ་ནའི་བྱེད་པ་ཡིན་པའི་ཕྱིར་དང༌། གཞན་གཉིས་བསོད་ནམས་དང་མི་གཡོ་བའི་ལས་ཀྱི་ཀུན་སློང་ལ་མ་ཁྱབ་ལ། འདི་ནི་དེ་ལ་ཡང་རྗེས་ས་འགྲོ་བའི་ཕྱིར་རོ། །འདུ་བྱེད་ལས་ནི་རྣམ་པར་ཤེས་པ་འབྱུང་སྟེ། འབྲས་བུའི་ཆ་བཟུང་ན་རྣམ་ཤེས་སྐྱེ་གནས་སུ་འཕེན་བྱེད་ཡིན་པའི་ཕྱིར་རོ། །རྒྱུའི་ཆ་བཟུང་ན་ཡང་སྲིད་ཀྱི་བག་ཆགས་དང་ལྡན་པར་བསྐྱེད་བྱེད་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ལས་ནི་མིང་གཟུགས་འབྱུང་སྟེ། འབྲས་བུའི་ཆ་བཟུང་ན་རྣམ་ཤེས་མངལ་དུ་ཞུགས་པ་ལས་མིང་གཟུགས་རིམ་གྱིས་འགྲུབ་ལ། རྒྱུའི་ཆ་བཟུང་ན་བག་ཆགས་ཅན་གྱི་མིང་གཟུགས་འགྲུབ་པའི་ཕྱིར་རོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྟེ། མིང་གཟུགས་འཕེལ་བ་ལས་མིག་སོགས་སྐྱེ་མཆེད་དྲུག་དོད་ཅིང་ཚང་བར་གྲུབ་པའི་ཕྱིར་རོ། །ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་སྔར་ནས་ཡོད་ཀྱང་འདིར་སྐྱེ་མཆེད་དྲུག་ཆར་ཚང་བར་གྱུར་པས་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་དུ་བསྟན་ཏོ། །དེའི་རྐྱེན་གྱིས་རེག་པ་འབྱུང་བའི་ཕྱིར་སྟེ། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་ཡུལ་ཡོངས་སུ་གཅོད་པ་འབྱུང་བའི་ཕྱིར་རོ། །དེའི་རྐྱེན་གྱིས་ཚོར་བ་འབྱུང་སྟེ། རེག་པས་སྤྱོད་པ་ལྟར་བདེ་སྡུག་བར་མར་ཉམས་སུ་མྱོང་བ་འབྱུང་བའི་ཕྱིར་རོ། །ཚོར་བ་ལས་ནི་སྲིད་པ་འབྱུང་སྟེ། ཚོར་བའི་རྐྱེན་གྱིས་ཚོར་བ་གསུམ་ལ་བླང་དོར་དུ་ཆགས་པ་སྐྱེ་བའི་ཕྱིར། དེ་ལས་ལེན་པ་འབྱུང་སྟེ། ཚོར་བའི་རྒྱུ་ཚོལ་བ་ལ་འདུན་ཅིང་ཆགས་པ་འབྱུང་བའི་ཕྱིར་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་སྟེ། རྒྱུ་འབྲས་ཆ་གཉིས་པ་ལྟར་ན། ཡང་སྲིད་པ་འཕེན་བྱེད་ཀྱི་ལས་སོག་པའི་ཕྱིར། ཆ་གཅིག་པ་ལྟར་ན། སྔར་གྱི་ལས་ནུས་པ་མཐུ་ཅན་དུ་བྱེད་པའི་ཕྱིར། སྲིད་པ་ལས་ནི་སྐྱེ་བ་འགྲུབ་སྟེ། དེ་ལས་ཡང་སྲིད་ཀྱི་འགྲོ་བ་གཞན་འདྲེན་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ལས་རྒ་ཤི་འབྱུང་སྟེ། དེ་ཉིད་ལས་ཕུང་པོ་གནས་སྐབས་གཞན་དུ་འགྱུར་བ་དང་འཇིག་པ་འབྱུང་ཕྱིར། གསུམ་པ་ལ། རང་ས་ནས་རང་ས་དང༌། འོག་ས་ནས་གོང་ས་དང༌། གོང་ས་ནས་འོག་སར་སྐྱེ་བའི་གནས་སྐབས་གསུམ་དུ་ངེས་པ་ལ། དང་པོ་ལ། འདོད་པ་ནས་འདོད་པར་སྐྱེ་བའི་ཚེ་མ་རིག་པ་དང༌། ལས་དང་རྣམ་པར་སྨིན་པ་ཐམས་ཅད་མཚུངས་ཏེ། གོང་མའི་མ་རིག་པས་འོག་མའི་ལས་ཀྱི་ཀུན་སློང་མི་བྱེད་པའི་ཕྱིར། གོང་མའི་སེམས་ཐོབ་པ་ནི་འོག་མར་སྐྱེ་བའི་ལས་ལ་འགའ་ཡང་འབད་པ་མེད་པའི་ཕྱིར་ཏེ། འོག་མ་ནི་དམན་པ་བར་མཐོང་བའི་ཕྱིར་རོ། །བསམ་གཏན་དང་པོར་སྐྱེ་བ་ལ་ནི་མ་རིག་པ་འོག་སར་གཏོགས་ཏེ། དེར་སྐྱེ་བ་ལ་ཉེར་རྟོགས་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྙོམས་འཇུག་གིས་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་སྔོན་དུ་འགྲོ་དགོས་ལ། མ་རིག་པ་ནི་སྙོམས་འཇུག་མ་སྐྱེས་པའི་སྔ་རོལ་ཏུ་ཀུན་སློང་དུ་འགྲོ་དགོས་པའི་ཕྱིར་རོ། །གཉིས་པ་ནས་གཉིས་པར་སྐྱེ་བ་ལ་ནི་བསམ་གཏན་དང་པོར་གཏོག་སྟེ། འོག་མའི་མ་རིག་པས་བྱེད་པའི་ཕྱིར་དང༌། འདོད་པའི་སྒོམ་སྤང་གི་མ་རིག་པ་སྤངས་ཟིན་པའི་ཕྱིར་རོ། །གལ་ཏེ་མཐོང་སྤང་གྱིས་བྱེད་ན་འདོད་པའི་སར་གཏོགས་ཀྱིས་བྱེད་པ་ཡང་སྲིད་དེ། བྱིས་པ་རྣམས་ཀྱིས་མཐོང་སྤང་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར་ཞེ་ན། འདོད་པའི་མཐོང་སྤང་གི་ཉོན་མོངས་པ་ནི་མི་དགེ་བ་ཁོ་ན་ཡིན་ལ། མི་དགེ་བས་མི་གཡོ་བའི་ལས་སློང་བར་མི་བྱེད་དོ། །བྱེ་བྲག་སྨྲ་བས་འདོད་པའི་མཐོང་སྤང་ལ་འཇིག་ལྟ་དང་མཐར་འཛིན་ལྟ་བ་གཉིས་ལུང་མ་བསྟན་དུ་འདོད་པ་འདིར་མི་བཟུང་ས་ལྷག་མ་རྣམས་ཀྱི་ཚུལ་ཡང་འདིས་རྟོགས་པར་བྱའོ། །གོང་ས་ནས་འོག་སར་སྐྱེ་བ་ལ་ཡང་ཇི་སྐད་བཤད་པའི་རིགས་པས་གང་དུ་སྐྱེ་བའི་འོག་སར་གཏོགས་སོ། །གལ་ཏེ་གོང་མ་ནས་འོག་མར་སྐྱེ་བའི་ཚེ་འོག་མའི་སྲེད་ལེན་སྲེད་པ་མངོན་དུ་འགྱུར་རམ་མི་འགྱུར། དང་པོ་ལྟར་ན། གོང་མའི་རྟེན་ལ་འོག་མའི་ཉོན་མོངས་ཡོད་པར་འགྱུར་པས་འོག་མའི་ཉོན་མོངས་མ་སྤངས་པར་འགྱུར་རོ། །གཉིས་པ་ལྟར་ན། འགྲུབ་བྱེད་ཀྱི་རྒྱུ་མངོན་དུ་མ་གྱུར་བས་འོག་མར་སྐྱེ་བ་མི་མཐོང་ངོ་ཞེ་ན། གོང་མའི་སེམས་ལས་མ་ཉམས་པ་དེ་སྲིད་དུ་མངོན་དུ་མི་འགྱུར་ལ། ཉམས་ནས་མངོན་དུ་འགྱུར་བས་ཉེས་པ་མེད་དེ། དཔེར་ན་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་ཐོབ་པར་རློམ་པ་བསམ་གཏན་བཞི་པའི་བར་དོ་གྲུབ་པ་ནི་ཐར་བ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་པས་དམྱལ་བའི་བར་དོ་གྲུབ་པ་ལྟ་བུའོ། །འདི་ཡང་ལོག་ལྟའི་དངོས་རྒྱུས་གོང་མའི་སེམས་ལས་ཉམས་ནས་རྗེས་ཐོགས་སུ་ལོག་ལྟ་སྐྱེས་པ་ཡིན་གྱི་གོང་མའི་སེམས་ལས་མ་ཉམས་བར་སྐྱེས་པ་ནི་མ་ཡིན་ནོ། །གལ་ཏེ་གོང་མའི་མ་རིག་པ་ནི་ལུང་མ་བསྟན་ཡིན་པས་སྐྱེ་བ་འཕེན་བྱེད་དུ་མི་འཐད་དོ་ཞེ་ན། དེ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཁོ་ན་འདིའི་ཡན་ལག་དུ་འདོད་པ་ལ་ཡང་མཚུངས་མོད་འོན་ཀྱང་འཕེན་བྱེད་དངོས་ནི་ལས་ཡིན་ལ། མ་རིག་པ་ནི་ཀུན་སློང་ཡིན་པས་དེ་ལ་བརྟེན་ཏེ་འཕེན་པའི་ཕྱིར། འཕེན་བྱེད་ཀྱི་བཞི་ཡིན་པས་འཕེན་བྱེད་དུ་བསྡུས་པ་ཙམ་མོ། །ས་མཚུངས་ཀྱི་ཚུལ་འདི་ནི་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཀུན་སློང་དུ་འདོད་པ་དག་གི་དབང་དུ་བྱས་སོ། །ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ལ་འདོད་ན། འདོད་པར་རྣམ་སྨིན་དང་ས་མཚུངས་ལ། གོང་མར་ནི་མི་མཚུངས་སྟེ། ཁམས་གོང་མར་སྐྱེ་བའི་ལས་ནི་ས་འོག་མར་འོག་མར་སོག་ལ། ཉོན་ཡིད་ནི་ལས་སོག་པའི་རྟེན་དེའི་ས་ཁོ་ནར་གཏོགས་པའི་ཕྱིར་ཏེ། སུམ་བཅུ་པ་ལས། གང་དུ་སྐྱེས་པ་དེའི་འོ་ཞེས་སོ། །རྣམ་པར་ཤེས་པ་ཡང་ཀུན་སློང་ལ་འདོད་ན་ཚུལ་དེ་དང་འདྲའོ། །ལྷག་མ་རྣམས་ནི། རྒྱུ་འབྲས་ཆ་གཅིག་པ་ལྟར་ན། ས་མཚུངས་པ་ཡིན་ཏེ། ས་གཞན་གྱི་འཕེན་བྱེད་དང་འགྲུབ་བྱེད་ཀྱིས་ས་གཞན་གྱི་རྣམ་པར་སྨིན་པ་མི་འགྲུབ་པའི་ཕྱིར་རོ། །ཆ་གཉིས་པ་ལྟར་ན། འདུ་བྱེད་དང་ཚོར་བའི་བར་ས་མཚུངས་ལ། སྲེད་ལེན་སྲིད་པ་གསུམ་དང་སྐྱེ་བ་རྒ་ཤིས་གཞན་གྱིས་བསྡུས་པ་ཡང་ཡོད་དེ། སྔ་མ་དང་རྒྱུ་འབྲས་སོ་སོ་ཡིན་པའི་ཕྱིར། བཞི་པ་ལ་རྒྱུ་འབྲས་ཆ་གཉིས་དང་ཆ་གཅིག་ཏུ་འདོད་པའི་ལུགས་གཉིས་ལས། དང་པོ་ནི། རྒྱུ་འབྲས་སྔ་མ་ལ་མ་རིག་པ་དང་འདུ་བྱེད་ནི་རྒྱུ་སྟེ་ཚེ་སྔ་མས་བསྡུས་སོ། །རྣམ་པར་ཤེས་པ་ལས་ཚོར་བའི་བར་ལྔ་ནི་འབྲས་བུ་སྟེ་ད་ལྟར་གྱི་གནས་སྐབས་སོ། །རྒྱུ་འབྲས་ཕྱི་མའི་སྲེད་པ་དང་ལེན་པ་དང་སྲིད་པ་གསུམ་སྟེ། འདི་ཡང་ད་ལྟར་གྱི་གནས་སྐབས་སོ། །འབྲས་བུ་ནི་སྐྱེ་བ་དང་རྒ་ཤི་ཏེ་ཚེ་ཕྱི་མ་ལ་འབྱུང་ངོ༌། །དེ་ལྟར་ན་ཡན་ལག་བཅུ་གཉིས་ཚེ་གསུམ་གྱིས་རྫོགས་སོ། །གཉིས་པ་རྒྱུ་འབྲས་ཆ་གཅིག་པ་ལྟར་ན། ཡན་ལག་བཅུ་གཉིས་ལ་འཕེན་པའི་ཡན་ལག་དང༌། འཕངས་པའི་ཡན་ལག མངོན་པར་འགྲུབ་པའི་ཡན་ལག་དང༌། གྲུབ་པའི་ཡན་ལག་བཞི་ལས། དང་པོ་ལན་གྲངས་གཞན་ལ་མྱོང་འགྱུར་ལ་ནི་ཚེ་སྔ་མ་ལ་རྫོགས་ཏེ། སྐྱེ་བ་འཕེན་བྱེད་ཡིན་པའི་ཕྱིར། མངོན་པར་འགྲུབ་བྱེད་ནི་ཚེ་བར་པ་ལ་རྫོགས་ཏེ། སྔར་གྱི་ལས་ཀྱི་བག་ཆགས་གསོས་བཏབ་ནས་སྐྱེ་བ་མྱུར་དུ་འགྲུབ་པ་ལ་ཡང་མངོན་པར་ཕྱོགས་པར་བྱེད་པའི་ཕྱིར། འཕངས་པ་དང་གྲུབ་པའི་ཡན་ལག་གཉིས་ནི་ཚེ་ཕྱི་མར་རྫོགས་ཏེ་རྣམ་སྨིན་གྱི་ངོ་བོ་དང༌། དེའི་གནས་སྐབས་ཀྱི་ཉེས་དམིགས་ཡིན་པའི་ཕྱིར། འདི་ལ་འཕེན་བྱེད་དང་འགྲུབ་བྱེད་གཉིས་ནི་སྐྱེ་བ་བར་མ་ཆད་དུ་འབྱུང་བའི་ངེས་པ་མེད་དེ། བསྐལ་པ་དུ་མའི་སྔ་རོལ་གྱི་འཕེན་བྱེད་ཀྱིས་འགྲུབ་བྱེད་ཀྱིས་གསོས་མ་བཏབ་པ་སྲིད་པའི་ཕྱིར། འགྲུབ་བྱེད་དང་གྲུབ་པའི་ཡན་ལག་གཉིས་ནི་སྐྱེ་བ་བར་མ་ཆད་དུ་འབྱུང་སྟེ་ལས་ནུས་པ་མཐུ་ཅན་དུ་གྱུར་པས་ཕྱི་མ་དེ་ཉིད་ལ་སྨིན་པའི་ཕྱིར་རོ། །སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི་རྣམ་སྨིན་ཡིན་ན་ཚེ་གཉིས་ལ་རྫོགས་པས་བར་མ་ཆད་དུ་འབྱུང་བ་ཡིན་ནོ། །ཇི་ལྟར་ན་ཚེ་གཉིས་ལ་རྫོགས་ཅེ་ན། ཚེ་སྟོད་འཕེན་བྱེད་ཀྱི་ལས་བསགས་ཤིང༌། ཚེའི་མཇུག་ཏུ་འགྲུབ་བྱེད་ཀྱི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་ཏེ་ཕྱི་མ་དེ་ཉིད་དུ་རྣམ་སྨིན་འབྱུང་བའི་ཕྱིར་རོ། །འཕེན་བྱེད་ཀྱི་ཡན་ལག་གང་ཞེ་ན། མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟེ། མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱིས་རྣམ་ཤེས་ལ་བག་ཆགས་བགོས་པའི་ཚུལ་གྱིས་ཡང་སྲིད་འབྱུང་རུང་དུ་བྱེད་པའི་ཕྱིར་རོ། །འཕངས་པའི་ཡན་ལག་ནི་མིང་གཟུགས་ནས་ཚོར་བའི་བར་ཏེ་རྣམ་ཤེས་ལ་འདི་དག་འགྲུབ་འགྱུར་གྱི་ས་བོན་བཏབ་པའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི་སྲེད་ལེན་སྲིད་པ་གསུམ་སྟེ། འདི་ལས་ཡང་སྲིད་མྱུར་དུ་འབྱིན་པ་ལ་མངོན་པར་ཕྱོགས་པར་བྱེད་པའི་ཕྱིར་རོ། །གྲུབ་པའི་ཡན་ལག་ནི་སྐྱེ་བ་དང་རྒ་ཤི་ཡིན་ཏེ། འཕངས་པའི་མིང་གཟུགས་གྲུབ་པའི་གནས་སྐབས་ནི་དེ་གཉིས་སུ་ཟད་པའི་ཕྱིར་ཏེ། ཐོག་མར་མིང་གཟུགས་གྲུབ་པ་ནི་སྐྱེ་བ་ཡིན་ལ། གྲུབ་ནས་གནས་སྐབས་མི་འདྲ་བར་གྱུར་པ་ནི་རྒ་བ་དང་ཡོངས་སུ་གཏུགས་པ་ནི་འཆི་བ་ཡིན་པའི་ཕྱིར། འོ་ན་མདོ་ལས། ཚོར་བའི་རྐྱེན་གྱིས་སྲེད་ལེན་སོགས་འབྱུང་བའི་གོ་རིམ་དང་མི་མཐུན་པར་འགྱུར་ཏེ། སྲེད་ལེན་སྲིད་པ་གསུམ་མིང་གཟུགས་གྲུབ་བྱེད་ཀྱི་རྒྱུ་ཡིན་པས་དེ་དག་གི་སྔ་རོལ་དུ་འབྱུང་བའི་ཕྱིར་ཞེ་ན། འདིར་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ནི་རིང་བའི་རྒྱུ་འབྲས་གཉིས་སྔོན་སོང་ལ་བསྟན་ནས། ཉེ་བའི་རྒྱུ་འབྲས་གཉིས་རྗེས་སུ་བསྟན་པའི་རིམ་པའོ། །རིང་པའི་རྒྱུ་འབྲས་ལ་ཡང་འགྲུབ་བྱེད་རྒྱུ་འབྲས་གཉིས་དོན་གྱིས་ཡོད་ལ་དངོས་སུ་མ་བསྟན་པ་ནི་རིང་བའི་རྒྱུ་འབྲས་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །ཉེ་བའི་རྒྱུ་འབྲས་ལ་ཡང་འཕེན་བྱེད་ཀྱི་རྒྱུ་འབྲས་གཉིས་དོན་གྱིས་ཡོད་ལ། དངོས་སུ་མ་བསྟན་པ་ནི་ཉེ་བའི་རྒྱུ་འབྲས་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །འོ་ན་སྔ་མའི་འགྲུབ་བྱེད་ཀྱི་རྒྱུ་འབྲས་མི་རྟོགས་སོ་ཅེ་ན། མ་ཡིན་ཏེ་ཕྱི་མར་འགྲུབ་བྱེད་ཀྱི་རྒྱུ་འབྲས་དངོས་སུ་སྨོས་པ་ལ་བརྟེན་ནས་ཤེས་པར་འགྱུར་བའི་ཕྱིར། ཕྱི་མའི་འཕེན་བྱེད་ཀྱི་རྒྱུ་འབྲས་མི་རྟོགས་པ་སྔ་མ་ཡིན་ཏེ། སྔ་མའི་འཕེན་བྱེད་ཀྱི་རྒྱུ་འབྲས་དངོས་སུ་བསྟན་པས་དེ་ལ་བརྟེན་ནས་ཤེས་པར་འགྱུར་བའི་ཕྱིར་རོ། །མཛོད་ལས་བར་མའི་རྗེས་སུ་དཔག་པ་ལས། ཞེས་གསུངས་པ་དང་མཚུངས་སོ། །རྟེན་འབྲེལ་གྱི་དོན་ཆ་གཞན་དུ་གཏོགས་པའི་མིང་གཟུགས་སོགས་ཀྱི་རྐྱེན་ལས་ཡང་སྲིད་འགྲུབ་བྱེད་ཀྱི་སྲེད་ལེན་སོགས་འབྱུང་བས་ན་རྟེན་འབྲེལ་གྱི་ཆ་གཞན་དང་བསྲེས་པས་མི་འགལ་ལོ་ཞེས་དོན་གསང་རྣམ་པར་བཤད་པ་ལས་འབྱུང་བ་ནི་མི་རིགས་སོ། །འཁོར་ཚུལ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས། གསུམ་པོ་རྣམས་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་ཏེ། །དེ་ཉིད་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་རོ། །ཅིའི་ཕྱིར་སྲེད་ལེན་སོགས་འཕེན་བྱེད་མ་ཡིན་ཞེ་ན། ལས་སོག་པའི་དུས་ན་མ་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་དང་རྒ་ཤི། འཕངས་པའི་ཡན་ལག་མ་ཡིན་ཞེ་ན། མིང་གཟུགས་སོགས་ཀྱི་གནས་སྐབས་ཙམ་ཡིན་པས་དེ་དག་གི་ས་བོན་ལས་ལོགས་སུ་ས་བོན་གཞན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པ་སོགས་འགྲུབ་བྱེད་མ་ཡིན་ཞེ་ན། འབྲས་བུ་འགྲུབ་དུ་ཉེ་བའི་དུས་ན་འགགས་ནས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མིང་གཟུགས་སོགས་གྲུབ་པའི་འབྲས་བུ་མ་ཡིན་ཞེ་ན། མིང་གཟུགས་སོགས་གྲུབ་པའི་གནས་སྐབས་ཀྱི་ཉེས་དམིགས་ལ་མངོན་པར་གྲུབ་པ་ཞེས་བརྗོད་ལ་མིང་གཟུགས་སོགས་ཉེས་དམིགས་དང་ལྡན་པ་ཡིན་གྱི་ཉེས་དམིགས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར། རྟེན་འབྲེལ་གྱི་མདོ་འགྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང༌། །དེ་འགྲུབ་བྱེད་པ་དེ་ལ་ཡང༌། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །ཞེས་སོ། །རྒྱུ་འབྲས་ཆ་གཉིས་པ་ལྟར་ན་མིང་གཟུགས་ནས་ཚོར་བའི་བར་ལ་སྐྱེ་བ་དང་རྒ་ཤི་ཡང་ཡོད་མོད་ཀྱི་འབྲས་བུ་འཆད་པའི་ཚེ་འཇིག་པའི་ཆ་མ་བཟུང་བར་གནས་པ་དང་འགྲུབ་པའི་ཆ་བརྗོད་དོ། །ཆ་ཕྱི་མའི་འབྲས་བུ་ལའང་མིང་གཟུགས་ཡོད་མོད་ཀྱི་ཉེས་དམིགས་ཅན་དུ་སྟོན་པའི་གནས་སྐབས་ཡིན་པས་གནས་པའི་ཆ་མ་བཟུང་བར་སྐྱེ་བ་དང་འཇིག་པའི་ཆ་བརྗོད་དོ། །ཅིའི་ཕྱིར་ཉེས་དམིགས་ཀྱི་སྒོ་ནས་སྟོན་ཅེ་ན། འཁོར་བ་ལ་ཡིད་ཕྱུང་ནས་ཐར་འདོད་ཀྱི་བློ་བསྐྱེད་པའི་ཕྱིར་རོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ནི། ཉེ་བར་ལེན་པའི་རྒྱུ་རིགས་དང༌། ལྷན་ཅིག་བྱེད་པའི་རྐྱེན་བདག་མེད་པའི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་ལས་མ་རིག་པ་འགག་པར་འགྱུར་ལ། དེ་འགགས་པས་ཡན་ལག་ཕྱི་མ་རྣམས་རིམ་གྱིས་འགགས་ཏེ་མཐར་རྒ་ཤི་འགགས་པའི་རྣམ་གྲོལ་མངོན་དུ་བྱེད་པའོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ་གསུམ་སྟེ། གཉེན་པོ་སྒོམ་ལམ། སྤང་བྱ་རྣམ་རྟོག་རྟེན་པ་ཡོན་ཏན་ནོ། །དང་པོ་ལ། མཚམས་སྦྱར་བ་ནི། དེ་ལྟར་མཐོང་བའི་ལམ་ཁྱད་པར་གྱི་ལམ་དང་བཅས་པ་བརྗོད་ནས་ཡོན་ཏན་གྱི་རྟེན་བསྒོམ་ལམ་བསྟན་སྟེ། རྒྱུ་མཚན་མི་མཐུན་པའི་ཕྱོགས་སྤོང་བ་དང༌། སོགས་པ་རྟེན་པ་ཡོན་ཏན་ནི་བསྒོམ་ལམ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །དགོས་པ་ནི་གོ་སླ་བས་སོ། །ཚིག་དོན་ལ་གཉིས་ལས། སྤྱིའི་དོན་ལ། མདོ་ལས་གསུངས་པའི་ཚུལ། བསྟན་བཅོས་བསྡུས་པའི་ཚུལ། སྙོམས་འཇུག་གི་རང་བཞིན་བསྟན་པའོ། །དང་པོ་ནི། རབ་འབྱོར་བྱང་སེམས་ཆེན་པོའི་ཞེས་སོགས་དང༌། ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་སེམས་ཆེན་པོ་འདོད་པས་དབེན་པ་ཞེས་པ་ནས་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་དོ་ཞེས་པའི་བར་གྱིས་དངོས་གཞི་གསུངས་སོ། །གཉིས་པ་རྩ་བའི་དགོངས་པ་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་ནི་གཞུང་སྔ་ནས་བསྟན་ཟིན་ལ། བར་གྱི་རྟེན་འབྲེལ་ལ་རྟོག་པ་ནི་ཉི་ཁྲི་སྣང་བ་དང་ལེའུ་བརྒྱད་མ་གཉིས་ལ་སྣང་གི་མདོ་གཞན་ཐམས་ཅད་ལ་མེད་དོ། །གཞུང་འདིར་འབྱུང་བ་ལྟར་ན་ཐོག་མར་སེང་གེ་རྣམ་བསྒྱིངས་བསྒོམས་ནས་རྗེས་ཐོབ་ཏུ་རྟེན་འབྲེལ་ལ་རྟོག་ལ་དེ་ནས་དངོས་གཞི་ཐོད་རྒལ་ལ་འཇུག་གོ །ཐོད་རྒལ་གྱི་མདོ་ནི། སྔར་སྦྱིན་སོགས་རེ་རེས་ཕར་ཕྱིན་ལྔ་ལྔ་བསྡུས་པར་བསྟན་པའི་སྐབས་ཀྱི་ཤེར་ཕྱིན་གྱི་བསྡུ་བྱའི་བསམ་གཏན་གྱི་ཕར་ཕྱིན་སྟོན་པའི་མདོ་དེ་ལས་རྩ་ཚིགས་གིས་ནི་དངོས་གཞི་ཐོད་རྒལ་འབའ་ཞིག་བསྡུས་སོ། །གཞན་དག་གིས་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱང་རྩ་ཚིག་གིས་བསྡུས་པར་འདོད་པ་ནི་འཕགས་པས་སེང་གེ་རྣམ་བསྒྱིངས་ཀྱི་མདོ་དང་ཐོད་རྒལ་གྱི་མདོ་ལྷན་ཅིག་དྲངས་པས་འཁྲུལ་པར་ཟད་དོ། །དེས་ན་རྣམ་པ་གཉིས་སུ་སོང་ཞེས་པས་ནི་ཐོད་རྒལ་ཆུང་ངུ་དང་འབྲིང་བསྡུས་ལ། འོངས་ནས་ཞེས་པས་ནི་ཁྲི་བརྒྱད་སྟོང་པ་ནས་འབྱུང་བའི་ནུད་ཆུང་བསྡུས་སོ། །འདོད་པར་གཏོགས་པའི་རྣམ་པར་ཤེས་ཞེས་སོགས་རྐང་པ་གཉིས་ནི་འབྲིང་པོ་དང་ཆེན་པོའི་མཚམས་འཛིན་ནོ། །དེ་ནས་ཚིག་རྐང་པ་གཉིས་ཀྱིས་ཐོད་རྒལ་ཆེན་པོ་བསྟན་ནོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་པ་ཞེས་པས་ནི་མིང་གི་ཐ་སྙད་བསྟན་ནོ། །འགོག་པའི་བར་དུ་མི་འདྲ་འགྲོ་ཞེས་པས་ནི་དོན་བསྟན་ནོ། །གཞན་གྱིས་ནི་མདོ་མ་མཐོང་བས་ཕྱིན་ཅི་ལོག་ཏུ་གྱུར་ཏོ། །ཤན་ཏི་བས་སེང་གེ་རྣམ་བསྒྱིངས་སྔ་མས་བསྟན་ཟིན་པས་རྩ་བས་དངོས་གཞི་ཁོ་ན་བསྡུས་པར་བཤད་པ་ཉིད་ལེགས་སོ། །སློབ་དཔོན་གྱི་དགོངས་པ་ནི་འགྲེལ་པས་འཆད་དོ། །གསུམ?པ་ལ་སྙོམས་པར་འཇུག་པའི་ཚུལ། སྙོམས་པར་འཇུག་པའི་དགོས་པ། ཐོབ་པའི་ས་མཚམས། རྩོད་པ་སྤང་པའོ། དང་པོ་ལ་གསུམ་ལས། ཐོད་རྒལ་ཆུང་ངུའི་དུས་སུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་སྙོམས་པར་འཇུག་སྟེ། དགུ་པོ་འདིས་སེམས་གནས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཐོད་རྒལ་འབྲིང་པོའི་དུས་སུ་འགོག་སྙོམས་མ་གཏོགས་པའི་སྙོམས་འཇུག་བརྒྱད་ལ་འགོག་པ་རེ་སྤེལ་ནས་སྙོམས་པར་འཇུག་གོ །འདིར་འགོག་སྙོམས་སྤེལ་བའི་སྐབས་ཡིན་པས་གནས་ཀྱི་འགོག་པ་ལ་ལོགས་སུ་འཇུག་མི་དགོས་པས་ནུད་ཆུང་དང་བཅུ་བདུན་ནོ། །ཐོད་རྒལ་ཆེན་པོ་ལ་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་རེ་སྤེལ་ནས་ལུགས་མི་མཐུན་དུ་འཇུག་གོ །འགའ་ཞིག་འགོག་པ་དང་འགོག་པ་སྤེལ་བ་མེད་ན་ཐོད་རྒལ་འབྲིང་པོ་ལ་མ་ཚང་བའི་སྐྱོན་ཡོད་པར་འགྱུར་རོ་ལོ། །འོ་ན་ལུགས་མི་མཐུན་དུ་འཇུག་པའི་དུས་སུ་འགོག་པ་དང་འདོད་སེམས་སྤེལ་བ་མེད་པས་ཐོད་རྒལ་ཆེན་པོ་ལ་ཡང་མ་ཚང་བའི་སྐྱོན་ཡོད་པར་འགྱུར་ཞེས་བརྗོད་ན་ལན་ཅི་ཡོད། འདིར་འགོག་པ་དང་འདོད་སེམས་སྤེལ་བ་ནི། ཞི་བ་དང་མ་ཞི་བ་མཐར་ཐུག་པ་ཡིན་པས་འདི་གཉིས་སྤེལ་ཏེ་བསྒོམས་པས་སྙོམས་འཇུག་ལ་ཇི་ལྟར་འདོད་པ་བཞིན་དབང་ཐོབ་པར་འགྱུར་བ་ཡིན་ནོ། །ནུད་ཆུང་ནི་འདོད་སེམས་མངོན་དུ་བྱེད་པའི་ཆེད་དེ། སྲིད་རྩེའི་རྗེས་ཐོགས་ཀྱི་འགོག་པ་དེ་ནི་ཟག་བཅས་ཀྱི་སེམས་ཤིན་ཏུ་ཞི་བ་སྲིད་རྩེ་ལས་ཐོབ་པས་འགོག་པ་གཞན་ལས་ཆེས་ཞི་བ་ཡིན་ལ། འདོད་སེམས་ནི་ཤིན་ཏུ་མ་ཞི་བས་མཇུག་ཐོགས་དེ་མ་ཐག་མངོན་དུ་བྱེད་མི་ནུས་སོ་ཞེས་འདོད་དོ། །འོ་ན་མར་འོང་གི་འགོག་པའི་མཇུག་ཐོགས་སུ་ཡང་འདོད་སེམས་མངོན་དུ་བྱེད་མི་ནུས་པར་ཐལ་བར་འགྱུར་ཞིང༌། སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་གཞན་ལས་ནུད་ཆུང་མེད་པར་འགོག་པའི་མཇུག་ཐོགས་དེ་ཉིད་དུ་འདོད་སེམས་སྔོན་དུ་བྱེད་པར་བཤད་པ་ཡང་མི་འཐད་པར་འགྱུར་རོ། །ཁྲི་བརྒྱད་སྟོང་པ་ལས། ནུད་ཆུང་བྱེད་པར་བཤད་པས་མདོ་ནང་འགལ་བར་འགྱུར་རོ་ཞེ་ན། དང་པོར་སྤྱོད་པ་དང༌། ལེགས་པར་བྱང་བའི་གནས་སྐབས་གཉིས་སམ་དབང་པོ་རྟུལ་པོ་དང་རྣོན་པོའི་བྱེ་བྲག་ལས་ནུད་ཆུང་ཡོད་མེད་ཀྱི་བཤད་ཚུལ་གཉིས་འབྱུང་ངོ༌། །འདི་ནི་གཞན་གྱིས་མ་རྟོགས་སོ། །དེས་ནས་འབྲིང་པོའི་སྐབས་སུ་སྙོམས་འཇུག་བརྒྱད་ལ་འགོག་པ་རེ་སྤེལ་བས་ནུད་ཆུང་དང་བཅུ་བདུན་ཡིན་ལ། འདོད་སེམས་ནི་སྔ་ཕྱིའི་མཚམས་འཛིན་ཡིན་པས་གནས་སུ་མི་བགྲང་ངོ༌། །གཉིས་པ་ནི་ས་བདུན་པ་མན་ཆད་དུ་དབང་ཐོབ་པའི་ཆེད་དུ་འཇུག་ལ། བརྒྱད་པ་ཡན་ཆད་དུ་དབང་ཐོབ་པ་མཐར་ཕྱིན་པར་བྱ་བའི་ཆེད་དུའོ། །གསུམ་པ་ནི། འགའ་ཞིག་འཕགས་པ་དཀོན་མཆོག་སྤྲིན་དང་བསྡུ་བ་ལས། བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམ་ཐོད་རྒལ་ལ་སྙོམས་པར་འཇུག་པར་བཤད་པས་ས་བརྒྱད་པ་ཡན་ཆད་དུ་འཇུག་གོ་ཞེས་འདོད་པ་ནི་མ་བརྟགས་པ་སྟེ། ས་བརྒྱད་པ་ཐོབ་ནས་གྲངས་མེད་གཉིས་ཀྱིས་ངེས་པར་འབྱུང་བར་བྱར་མེད་པའི་ཕྱིར། བསྐལ་པ་གྲངས་མེད་གཉིས་ཀྱིས་ངེས་པར་འབྱུང་བ་ཞེས་གསུངས་ཀྱིས་བྱུང་བ་ཞེས་མ་གསུངས་པའི་ཕྱིར་རོ། །ལུང་གི་དོན་ས་གཉིས་པ་ནས་ཐོབ་པར་མངོན་ཏེ། ས་གཉིས་པ་ཐོབ་ནས་བསྐལ་བ་གྲངས་མེད་གཉིས་ཀྱིས་ངེས་པར་འབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ། །བཞི་པོ་ནི་མཛོད་ལས། ས་བརྒྱད་རྣམ་པ་གཉིས་འབྲེལ་དང༌། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པ་གསུམ་པར་འགྲོ། །ཞེས་པ་དང་མི་མཐུན་ནོ་ཞེ་ན། ཐེག་པ་ཆེ་ཆུང་གི་ཐོད་རྒལ་གྱི་འདོད་ཚུལ་ལ་བྱ་རོག་དང་འོ་ཐུག་ལྟར། མིང་འདྲ་ཡང་དོན་མི་མཐུན་པའི་ཕྱིར་ཉེས་པ་མེད་དོ། །གཉིས་པ་ཡན་ལག་གི་དོན་ལ་རྒྱས་པར་བཤད་པ་དང༌། ཐོད་རྒལ་གྱི་དོན་བསྟན་ཏེ་བསྡུ། བསྒོམ་ལམ་རྩེ་སྦྱོར་གྱི་ངོ་བོ་བསྟན་པའོ། །དང་པོ་ལ། སྦྱོར་བ་ནི་སོང་ཞིང་འོངས་པ་ཞིག་ན། བྱང་ཆུབ་སེམས་དཔའ་བསྒོམ་ལམ་པ་རྣམས་ནིའོ། །གང་ལ་ན་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་ལའོ། །ཇི་ལྟར་ན། ལུགས་དང་མཐུན་པ་དང་མི་མཐུན་པ་རྣམ་པ་གཉིས་ཀྱིས་སོང་ཞིང་འོངས་ནས་སོ། །དེ་གང་ཞེ་ན། བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོངས་སྟེ་ཚུལ་དེ་ལྟར་རོ། །གཉིས་པ་དངོས་གཞི་ལ་ཆུང་ངུ་ནི་སེང་གེ་རྣམ་བསྒྱིངས་ཀྱི་ཡར་འགྲོ་བསྟན་པས་གོ་སླ་བ་ལ་དགོངས་ནས་དངོས་སུ་མ་བཀོད་དོ། །འབྲིང་པོ་ནི། ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དེ་ལས་ལངས་ནས་འགོག་པ་ལའོ། །དེ་བཞིན་དུ་བསམ་གཏན་ལྷག་མ་རྣམས་དང༌། གཟུགས་མེད། འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་དང་བཅས་པའི་བར་དུ་ཡང་ས་རེ་རེའི་མཇུག་ཏུ་འགོག་པ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ནས་ཉེ་བས། དེ་མ་ཐག་པའི་སྙོམས་པར་འཇུག་པ་སྲིད་རྩེ་ལ་དམིགས་ཏེ་འཇུག་གོ །འདིས་འབྲིང་པོ་རྫོགས་སོ། །དེ་ནས་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་ཐུན་མཚམས་ཀྱི་ངོ་བོར་བཞག་ནས་ཐབས་ལ་མཁས་པའི་སྟོབས་ཀྱིས་ལངས་ཏེ་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་དེ་ལྟ་བུ་དེ་མངོན་དུ་བྱས་ནས་འདོད་སེམས། དེའི་འོག་ཏུ་འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །འདིར་བོར་ཅེས་པ་ནི་རྩ་བར་རྒལ་ཅེས་པའི་དོན་ནོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བོར་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་བརྒྱད་པོར་ལ་བསམ་གཏན་གཉིས་པའི་བར་དུ་སོང་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །གཉིས་པ་ནི་ས་གཉིས་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་ཆོས་ཅན། མི་འདྲ་བར་འགྲོ་བ་ཐོད་རྒལ་གྱི་སྙོམས་འཇུག་ཡིན་ཏེ། ཇི་སྐད་བཤད་པ་དེ་ལྟར་གཅིག་དང་གཉིས་ལ་སོགས་པ་བོར་ནས་བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང་འགོག་པའི་སྙོམས་པར་འཇུག་པ་ལ་ཐུག་པའི་བར་དུ་མཉམ་རྗེས་རིགས་མི་འདྲ་བ་སྤེལ་བའི་སྒོ་ནས་འགྲོ་བའི་སྙོམས་འཇུག་ཡིན་པས་ནའོ། །གསུམ་པ་ནི་བསྒོམ་ལམ་རྩེ་སྦྱོར་ཡིན་ཏེ། སྙོམས་འཇུག་ལ་དབང་བ་ཉིད་ཀྱི་མཚན་ཉིད་ཅན་ཐོད་རྒལ་མངོན་སུམ་དུ་བྱེད་པའི་རྗེས་ལ་མངོན་རྟོགས་ཡིན་པས་ནའོ། །གཉིས་པ་སྤང་བྱ་རྣམ་རྟོག་ལ་སྤྱིའི་མཚམས་སྦྱར་བ་དང༌། སོ་སོའི་ངོ་བོ་དང༌། གཉེན་པོའི་དབྱེ་བའོ། །དང་པོ་ནི། དེ་ལྟར་ཞེས་སོགས་སོ། །གཉིས་པ་ལ། གཟུང་རྟོག་དང༌། འཛིན་རྟོག་གོ །དང་པོ་ལ་གཉིས་ལས། འཇུག་པ་གཟུང་རྟོག་ལ་མཚམས་སྦྱར་བ་ནི། རེ་ཤིག་ཅེས་སོགས། རྩ་བ་ལ་འཕགས་པ་ལྟར་ན་རྟོག་པའི་ཡུལ། རྟོག་པའི་ངོ་བོ་དང་པོ་ལ། ཤེས་བྱའི་དབང་དུ་བྱས་པ་གསུམ། ལམ་གྱི་དབང་དུ་བྱས་པ་དྲུག་སྟེ། ཚིགས་བཅད་གཅིག་གིས་བསྟན་ནོ། །དེ་ཡང་དང་པོ་གཉིས་རྣལ་མ། དེ་ནས་བཞི་བཟློག་པ། དེ་ནས་གསུམ་རྣལ་མའི་སྒོ་ནས་བསྟན་ནོ། །གཉིས་པ་ངོ་བོ་ནི། ཐ་མ་གཉིས་ཀྱིས་བསྟན་ནོ། །བཟློག་པ་དང་རྣལ་མ་ཅི་རིགས་པར་སྦྱོར་བའི་ཡུལ་དགུ་ཡུལ་དུ་བྱེད་པས་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་གསུངས་སོ། །མིང་ཡང་སྦྱོར་བའི་ཡུལ་ཅན་དང༌། འཇུག་པའི་ཡུལ་ཅན་དང༌། གང་ཟག་ཏུ་གདགས་པ་དང༌། གདགས་པའི་རྒྱུ་མཚན་ལ་བརྟེན་པའོ། །སློབ་དཔོན་ནི་མཐོང་སྤང་གི་མིང་ལྟར་བཞེད་དོ། །མདོ་ནི་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱི་ཅེས་སོ། །ཚིག་གི་དོན་ལ་ཡུལ་ནི། སྟོན་པས་ཆོས་མདོར་བསྡུས་པ་གསུངས་ཏེ། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་སོ། །ཆོས་རྒྱས་པ་གསུངས་ཏེ། རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་སོ། །རྒྱས་བསྡུས་གཉིས་ལ་མི་སློབ་པ་སངས་རྒྱས་ཀྱིས་བཏང་སྟེ་ཡོངས་སུ་མ་བཟུང་སྟེ། སྟོན་པས་ཇི་སྐད་བཤད་པ་བཞིན་གྱི་དོན་ལ་ནན་ཏན་གྱིས་སྒྲུབ་པར་མི་བྱེད་པས་སོ། །ལམ་གྱི་ཡོན་ཏན་གྱི་དབང་དུ་བྱས་པ་གསུམ་ནི། མཐོང་ལམ་གྱི་དུས་སུ་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་དེ། བྱུང་ལ་འགགས་པ་ཉིད་ཀྱིས་སོ། །མཐོང་བའི་ལམ་གྱི་ཡོན་ཏན་བདེན་པར་མེད་དེ། ཡང་དག་པར་བྱང་ཆུབ་སྐྱེ་བའི་རྒྱུ་དང་མི་ལྡན་པས་སོ། །བསྒོམ་པའི་ལམ་གྱི་ཡོན་ཏན་མེད་དེ། མ་འོངས་པ་མ་སྐྱེས་པ་ཉིད་ཀྱིས་སོ། །བཞི་པོ་འདི་ལ་འཇུག་ཡུལ་བཟློག་པས་བསྟན་ནོ། །ལམ་གྱི་ངོ་བོའི་དབང་དུ་བྱས་པ་གསུམ་ནི། ཐེག་ཆེན་གྱི་མྱ་ངན་ལས་འདས་པ་ལ་སྦྱོར་བའི་ལམ་ནི་ལེགས་པའི་ལམ་ཡིན་ཏེ། ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་པས་སོ། །སོགས་པས་ཡ་མ་བརླ་དང༌། གསོག་དང་སྙིང་པོ་མེད་པ་བསྡུད་དོ། །ཞི་བ་སོགས་ཀྱི་དོན་ནི་འཕགས་པས་དངོས་པོ་འགོག་པས་ཞི་བ་རྐྱེན་དབང་ཡིན་པས་ཡ་མ་བརླའོ། །རང་བཞིན་སྟོང་ཉིད་ཡིན་པས་གསོག་གོ །རྣམ་པར་དཔྱད་མི་བཟོད་པས་སྙིང་པོ་མེད་པའོ་ཞེས་གསུངས་སོ། །མཐོང་བའི་ལམ་དང་སྒོམ་པའི་ལམ་ཡང་ལེགས་པའི་ལམ་ཡིན་ཏེ། རིམ་པ་ལྟར་སྟོང་པ་ཉིད་མངོན་སུམ་དུ་གསར་དུ་རྟོགས་པའི་ཡུམ་མངོན་པར་སྒྲུབ་པ་ཉིད་ཀྱིས་དང༌། རང་བཞིན་མེད་པ་མཐོང་ཟིན་བསྒོམ་པར་བྱེད་པ་ཉིད་ཀྱིས་སོ། །གཉེན་པོ་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་ཡིན་ཏེ། སྦྱོར་བའི་གནས་སྐབས་འདིར་སྤང་བར་བྱ་བ་ཉིད་གྱིས་སོ། །ངོ་བོ་ནི། གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་རྟེན་ཅན་ནོ། །དབྱེ་བ་ནི་རྣམ་པ་དགུའོ། །གཉིས་པ་ལྡོག་པ་གཟུང་རྟོག་ལ་མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །རྩ་བ་ལ་འཕགས་པ་ལྟར་ན། མིང་གི་སྒོ་ནས་མདོར་བསྟན། ཡུལ་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ཉན་རང་གི་སེམས་སེམས་བྱུང་གི་རྟོགས་པའི་རིམ་པ་རྣམས་གོང་ནས་གོང་དུ་འཇུག་པས་འཇུག་པ་ཞེས་བསྟན་ལ། འདི་དག་གི་ཡུལ་ཅན་ཡིན་པས་འཇུག་པའི་ཡུལ་ཅན་ཡིན་ནོ། །སློབ་དཔོན་གྱིས་གཉེན་པོའི་མིང་དུ་འདོད་དོ། །གཉིས་པ་ལ་ཉན་རང་གི་ཚོགས་ལམ་གྱི་གཉིས་སྦྱོར་མཐོང་སྒོམ་གསུམ་གྱི་རེ་རེ་བསྒོམ་མི་བསྒོམ། དེ་དག་དང༌། གཉིས་པོ་ལས་བཟློག་པ་དང་ཐ་མ་ལས་ཤེས་བྱ་མ་རྟོགས་པའི་དབང་དུ་བྱས་པའོ། །མདོ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་སོགས་སོ། །ཚིག་གི་དོན་ལ་ཡུལ་ནི་ཉན་རང་གི་ཚོགས་ལམ་དུ་བླ་མེད་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་སྟེ། ཐེག་ཆེན་དགེ་བའི་བཤེས་གཉེན་ལས་སོགས་པ་དང་བྲལ་བས་སོ། །བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་དེ། གཞན་དོན་དུ་སངས་རྒྱས་ལ་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་སོ། །ཉན་ཐོས་སྦྱོར་ལམ་པ་ནི་ཉན་ཐོས་དེའི་ཐེག་པ་ཡིད་ལ་བྱེད་དེ། གནས་སྐབས་ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར། རང་རྒྱལ་སྦྱོར་ལམ་པ་ནི་རང་རྒྱལ་དེའི་ཐེག་པ་མངོན་དུ་བྱེད་དེ། གནས་སྐབས་རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར། ཉན་རང་གི་མཐོང་ལམ་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་དེ། ཐབས་ཤེས་ཟུང་འབྲེལ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པ་མེད་པས་སོ། །བསྒོམ་ལམ་དུ་མི་རྟག་སོགས་སུ་བསྒོམ་པར་བྱེད་དེ། ཕུང་པོ་མི་རྟག་སོགས་སུ་དམིགས་པ་དང་བཅས་པ་ཉིད་ཀྱིས་སོ། །མི་སློབ་ལམ་དུ་མི་རྟག་སོགས་སུ་བསྒོམ་པ་མེད་པ་ཡིན་ཏེ། མི་རྟག་སོགས་སུ་དམིགས་པ་སླར་བསྒོམ་པ་ལ་བལྟོས་པ་མེད་པ་ཉིད་ཀྱིས་སོ། །སྤྲོས་བྲལ་བསྒོམ་པ་ཡང་མེད་མི་རྟག་སོགས་སུ་བསྒོམ་པ་མེད་པ་ཡང་མ་ཡིན་ཏེ། ཆོས་ཉིད་ལ་དམིགས་པ་ཡང་མེད་གང་ཟག་གི་བདག་མེད་ལ་མི་དམིགས་པ་ཡང་མེད་པས་སོ། །ཉན་རང་ཆོས་ཅན། གནས་ཚུལ་གྱི་དོན་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་ཏུ་མངོན་པར་ཞེན་པས་སོ། །རྟོག་པའི་ངོ་བོ་ནི། གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་རྟེན་ཅན་ནོ། །གཉེན་པོ་ནི་སྒོམ་ལམ་རྩེ་སྦྱོར་གྱི་སེམས་དང་སེམས་ལས་བྱུང་པ་བར་ཆད་མེད་ལམ་གྱི་གནས་སྐབས་གྱི་ཡུལ་ཅན་ནོ། །དབྱེ་བ་ནི་རྣམ་པ་དགུའོ། །གཉིས་པ་འཛིན་རྟོག་ལ་མཚམས་སྦྱར་བ་ནི། དེ་ལྟར་གཉིས་པ་ཞེས་སོགས་སོ། །རྩ་བ་ལ་ཡུལ་དང༌། རྟོག་པའི་ངོ་བོ། དང་པོ་ལ་ཤེས་བྱའི་དབང་དུ་བྱས་པ་གསུམ། ཉན་ཐོས་དང་བྱང་སེམས་ཀྱི་ཤེས་རབ་གཉིས། ཐབས་གཉིས། སོ་སྐྱེའི་ལྟ་སྤྱོད་གཉིས་སོ། །མདོ་ནི་བདག་དང་སེམས་ཅན་སོགས་དམིགས་སུ་མེད་ན་ཇི་ལྟར་བདག་དང་སེམས་ཅན་སོགས་སུ་གདགས་པར་བྱ་ཞེས་སོགས་སོ། །ཚིག་དོན་ལ་ཡུལ་ནི་སོ་སྐྱེ་ནི་སེམས་ཅན་དུ་བཏགས་པ་ཙམ་སྟེ། དོན་ལ་རྫས་སུ་ཡོད་པར་མི་སྐྱེ་བར་སྣང་བས་སོ། །གཟུགས་སོགས་ནི་ཆོས་སུ་བཏགས་པ་ཙམ་སྟེ། སེམས་ཀྱི་སྣང་བ་ཙམ་དུ་ཟད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མཁྱེན་གསུམ་གྱི་ཡུལ་དུ་བྱས་པའི་ཆོས་ཀུན་རྫོབ་དུ་སྟོང་པ་མ་ཡིན་ཏེ། བཞི་ལམ་རྣམ་པ་ཐམས་ཅད་དུ་འགྲོ་བའི་ཕྱིར། ཉན་ཐོས་ཀྱི་ཤེས་རབ་ནི་གཟུགས་སོགས་ཆོས་ལ་ཆགས་ཏེ། རྣམ་པ་ཐམས་ཅད་དུ་གཟུང་འཛིན་དུ་མངོན་པར་ཞེན་པ་མ་སྤངས་པས་སོ། །བྱང་སེམས་ཀྱི་ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་དེ། གཟུང་འཛིན་ངོ་བོ་ཉིད་མེད་པར་རྟོགས་པས་སོ། །ཉན་ཐོས་ཆོས་ཅན། དངོས་པོར་འཛིན་པ་དང་ལྡན་པའི་ཆེད་དུ་བྱ་བ་བྱེད་དེ། ཐེག་ཆེན་གྱི་ཆེད་དུ་བྱ་བ་མི་བྱེད་པར་དམན་པའི་ཆེད་དུ་འཇུག་པས་སོ། །བྱང་སེམས་ཆོས་ཅན། ཐེག་པ་གསུམ་གྱི་ལམ་གྱིས་ངེས་པར་འབྱུང་སྟེ། གཟུགས་སོགས་མི་དམིགས་པའི་ཚུལ་གྱིས་རྟོགས་པའི་ཕྱིར། སོ་སྐྱེ་ཆོས་ཅན། ཡོན་ཡང་དག་པར་སྦྱོང་ནུས་པ་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པ་ལ་ཡང་དག་པར་མ་ཞུགས་པ་ཉིད་ཀྱིས་སོ། །སྤྱོད་པ་རྣམ་པར་འཁྲུགས་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་དམིགས་ཏེ་བསྒྲུབ་པས་སོ། །ངོ་བོ་ནི་སྔ་མ་མཐོང་ལམ་དུ་བསྟན་པ་བཞིན་དུ་བདག་རྫས་ཡོད་དུ་འཛིན་པའི་རྣམ་པར་རྟོག་པ་དང་པོའོ། །གཉེན་པོ་ནི། བསྒོམ་པའི་ལམ་གིས་སྦྱོར་བའི་གནས་སྐབས་གྱི་ཡུལ་ཅན་ནོ། །དབྱེ་བ་ནི་རྣམ་པ་དགུའོ། །གཉིས་པ་རྟགས་འཛིན་རྟོག་པ་ལ་མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ལ་མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །མདོ་ནི་ཐ་སྙད་ནི་མིང་དང་མཚན་མ་དང་མངོན་པར་ཞེན་པ་མ་ཡིན་ནོ་ཞེས་སོགས་སོ། །ཚིག་དོན་ནི་སེམས་ཅན་དུ་བཏགས་པ་དང༌། སེམས་ཅན་དེར་རྣམ་པར་བཞག་པའི་རྒྱུ་ཕུང་པོའི་རྒྱུན་གྱི་སྣང་བ་ཙམ་གྱི་ཡུལ་ཅན་བསྒོམ་པའི་ལམ་གྱི་མི་མཐུན་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་དགུ་ཆོས་ཅན། སྒོམ་པའི་ལམ་དེ་དང་སྤང་གཉེན་དུ་འབྲེལ་བ་ཡིན་ཏེ། བསྒོམ་པའི་ལམ་གྱིས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་མཚམས་སྦྱར་བ་ནི། ཇི་ལྟར་ཞེས་སོགས་སོ། །རྩ་བ་ལ་ཡུལ་དང་ཡུལ་ཅན་རྟོག་པའོ། །དང་པོ་ལ་ལམ་གྱི་སྒྲིབ་པ་གསུམ། ལམ་གྱི་ངོ་བོ་གཅིག ཤེས་བྱ་གསུམ། སྤང་བྱ་དང༌། རྣམ་པའི་དབང་དུ་བྱས་པའོ། །གཉིས་པ་ནི་ཀུན་རྨོངས་ལ། རྣམ་པར་རྟོག་པ་ཐ་མར་བཞེད་ཅེས་པའོ། །སློབ་དཔོན་ཀུན་རྨོངས་ལ་ཞེས་པ་ཡན་ཆད་ཡུལ་དུ་བཞེད་དོ། །མདོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་ནོ་ཞེས་སོགས་སོ། །ཚིག་དོན་ལ་ཡུལ་སོ་སྐྱེ་ཐ་མལ་པ་ཆོས་ཅན། ཀུན་ཏུ་རྨོངས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གྱི་སྒྲིབ་པ་དང་ལྡན་ཏེ། ངོ་བོ་རྒྱུ་འབྲས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པས་སོ། །ཀུན་ཏུ་རྨོངས་པ་ལམ་ཤེས་ཀྱི་སྒྲིབ་པ་དང་ལྡན་ཏེ་ཐེག་པ་གསུམ་གི་ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་སོ། །ཀུན་ཏུ་རྨོངས་པ་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་དང་ལྡན་ཏེ། གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་མ་ཤེས་པ་ཉིད་ཀྱིས་སོ། །སྤང་བྱ་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་ཏེ། གཉེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཤེས་པས་སོ། །གཟུགས་ལ་སོགས་པ་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དབྱེར་མེད་དང་མི་ལྡན་པ་དབྱེར་མེད་མ་ཡིན་པ་ལ་ཀུན་ཏུ་རྨོངས་ཏེ་ཆོས་ཅན་གཟུགས་ལ་སོགས་པའི་ཤེས་བྱ་དང༌། ཆོས་ཉིད་དེ་བཞིན་ཉིད་དག་དབྱེར་མེད་དུ་ཡོངས་སུ་མ་ཤེས་པས་སོ། །ཐེག་དམན་དང་རྣམ་མཁྱེན་གྱི་ལམ་མཉམ་པ་ཉིད་ལ་ཀུན་ཏུ་རྨོངས་ཏེ། བར་ཆད་བྱེད་པའི་བདུད་ལ་སོགས་པ་རང་གི་ངོ་བོའམ་གནས་ཚུལ་ཡོངས་སུ་མ་ཤེས་པས་སོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་ཏེ། མི་རྟག་སོགས་དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱིས་སོ། །ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་ཏེ། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་གློ་བུར་བར་ཡོངས་སུ་མ་ཤེས་པ་ཉིད་ཀྱིས་སོ། །གཟུང་འཛིན་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་ཤེས་པས་སོ། །ངོ་བོ་ནི། སྔ་མ་མཐོང་སྤང་དུ་བསྟན་པ་བཞིན་དུ་བཏགས་པའི་དངོས་པོར་ཞེན་པ་འཛིན་པའི་རྣམ་པར་རྟོག་པ་ཐ་མའོ། །གཉེན་པོ་ནི། སྒོམ་པའི་ལམ་གྱི་ཞེས་སོགས་དབྱེ་བ་ནི་རྣམ་པ་དགུར་བཞེད་པ་ཡིན་ནོ། །གསུམ་པ་གཉེན་པོའི་དབྱེ་བ་ནི། སྒོམ་པའི་ལམ་གྱི་མི་མཐུན་ཕྱོགས་རྣམ་པར་རྟོག་པ་བཞི་པོ་དེ་དག་སྤང་པ་ཉིད་དུ། གཉེན་པོ་སྦྱོར་བ་དང་འཇུག་པ་རྣམ་པ་བཞི་ཡང་སྤང་བྱ་དེའི་དབྱེ་བས་ཐ་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གསུམ་པ་རྟེན་པ་ཡོན་ཏན་ལ་མཚམས་སྦྱར་བ་ནི། བྱང་ཆུབ་སེམས་དང་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པ་ཆོས་ཅན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རྟེན་ཏེ། སྔ་མ་མཐོང་སྤང་སྤོང་ཚུལ་བཞིན་དུ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་དེ་དག་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པའོ། །མདོ་ནི་ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟར་སེམས་ཅན་ལ་ཉེ་བར་འཚེ་བར་འགྱུར་ཞེས་སོགས་སོ། །ཚིག་གི་དོན་ནི་ངན་སོང་གི་གདུང་བ་ལས་སྐྱོབ་པའི་ལོ་མ་དང༌། བདེ་འགྲོའི་དགའ་བ་བསྐྱེད་པའི་མེ་ཏོག་དང་སྲིད་ཞིའི་རྒུད་པ་སེལ་བའི་མྱང་འདས་ཀྱི་འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་དེ་དག་གིས་མཛེས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་བསྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པ་ཆོས་ཅན། རྣམ་པ་ཐམས་ཅད་དུ་འགྲོ་བའི་བདེ་བ་བསྐྱེད་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཐམས་ཅད་འབད་རྩོལ་མེད་པར་རྟེན་པར་བྱེད་དེ། སྒོམ་པའི་ལམ་ལ་ཡུན་རིང་དུ་གོམས་པས་རྣམ་པར་རྟོག་པའི་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་དང་འདྲ་བར་འདི་རྣམས་ཟད་ནས་ཡོན་ཏན་གྱི་གེགས་བྱེད་པ་མེད་པས་སོ། །ནད་ཟད་ནས་བདེ་བ་བརྙེད་པ་ན་དགའ་བས་དབུགས་ཕྱིན་པ་ཐོབ་པ་བཞིན་དུའོ། །ཇི་ལྟར་རྟེན་ཅེ་ན། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་གངྒཱ་དང༌། པཀྵུ་ལ་སོགས་པ་དག་འབབ་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་མངོན་དུ་འོང་བའི་རྣམ་པས་སོ། །ཇི་ལྟར་ན་འགྲོ་བའི་བདེ་བ་སྐྱེད་པ་ལ་མཁས་པ་ཞེས་བརྗོད་ཅེ་ན། དམིགས་མེད་ཀྱི་སྙིང་རྗེས་སེམས་ཅན་གཞན་གྱི་དབང་དུ་གྱུར་པས་སོ། །བཞི་པ་བར་ཆད་མེད་རྩེ་ལ་གཉིས་ཏེ་གཉེན་པོ་བར་ཆད་མེད་རྩེ་མི་མཐུན་ཕྱོགས་ལོག་རྟོག་བསལ་པའོ། །དང་པོ་ལ་ངོ་བོ་དང་དམིགས་རྣམ་མོ། །དང་པོ་ལ་རྟེན་སྒོམ་ལམ་རྩེ་སྦྱོར་གྱི་རྗེས་ལ་བར་ཆད་མེད་པའི་རྩེ་སྦྱོར་འབྱུང་བས་བར་ཆད་མེད་པའི་ཏིང་ངེ་འཛིན་འཆད་དོ། །མདོ་ནི་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ཀྱི་ས་ལ་བཀོད་པ་བས། བྱང་ཆུབ་དུ་སེམས་བསྐྱེད་པ་བསོད་ནམས་མང་ཞེས་སོགས་སོ། །ཚིག་དོན་ནི། འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །གང་ཞེ་ན། འབྲས་བུ་སངས་རྒྱས་ཉིད་ལམ་གཞན་གྱིས་བར་དུ་ཆོད་པ་མེད་པར་ཐོབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནིའོ། །ཇི་ལྟར་བར་དུ་ཆོད་པ་མེད་པར་སངས་རྒྱས་ཐོབ་ཅེ་ན། དངོས་འབྲས་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་སངས་རྒྱས་ཉིད་ཡིན་པས་སོ། །འདི་ཡང་མདོ་ལས། བྱང་སེམས་འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ས་དང་པོ་ཡན་ཆད་ལ་བཀོད་ནས་བསོད་ནམས་བསྐྱེད་པ་གང་ཡིན་པ་དེ་དཔེར་མཛད་ནས་དེ་བས་བར་ཆད་མེད་རྩེ་བསོད་ནམས་ཁྱད་པར་དུ་འཕགས་ཞིང་གྲངས་མང་བ་ཉིད་གྱིས་གསུངས་སོ། །གཉིས་པ་དམིགས་རྣམ་ལ་མཚམས་སྦྱར་བ་ནི། སེམས་སེམས་བྱུང་རྣམས་ནི་དམིགས་རྣམ་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་གསུངས་པ་དེའི་དམིགས་པ་ཞེས་སོགས་སོ། །རྩ་བ་ལ་འདིའི་དམིགས་པ་དངོས་མེད་དེ། དྲན་པ་བདག་པོའི་རྐྱེན་དང་ནི། །ཞི་ཉིད་རྣམ་པ་ཡིན་པར་བཞེད། །ཅེས་སྦྱར་རོ། །མདོ་ནི། རབ་འབྱོར་རྣམ་མཁྱེན་གྱི་དམིགས་པ་ནི་དངོས་པོ་མེད་པའོ་ཞེས་སོ། །ཚིག་དོན་ནི། གཟུགས་སོགས་ཆོས་ཐམས་ཅད་ཆོས་ཅན། བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་ཡིན་ཏེ། བར་ཆད་མེད་རྩེས་ཁྱོད་ལ་བདེན་པའི་དངོས་པོ་མེད་པར་དམིགས་པའི་སྒོ་ནས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པའི་ཕྱིར། རྒྱུན་མཐའ་མན་ཆད་ཀྱི་མཁྱེན་གསུམ་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་ནི་བདག་པོའི་རྐྱེན་ཡིན་ཏེ། དེའི་མཐུས་བསྐྱེད་པའི་ཕྱིར། འདིས་མཉམ་བཞག་ན་བློ་མེད་པ་དང༌། དྲན་པ་མེད་པར་འདོད་པ་བཀག་གོ །རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ཏེ། སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས་སོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བར་ཆད་མེད་རྩེའི་དམིགས་པ་སོགས་ཀྱི་གནས་འདི་ལ་ཀླན་ཀའི་རྒོལ་བ་འབྱུང་ངོ༌། །གང་ཟག་གང་གི་ཞེ་ན། རྟོག་གེ་རབ་ཏུ་སྨྲ་བ་བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པ་མ་རྟོགས་པ་རྣམས་ཀྱིས་སོ། །ཚུལ་ནི་རྒྱུད་མར་རོ། །ཅིའི་ཕྱིར་འབྱུང་ཞེ་ན། གཏིང་དཔག་པར་དཀའ་བའི་ཕྱིར། ཀླན་ཀ་དེ་དག་བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པས་བསལ་བར་བྱ་སྟེ། བདེན་གཉིས་ཀྱི་ཚུལ་ལ་རྨོངས་པའི་རྩོད་པ་ཡིན་པས་སོ། །ཀླན་ཀ་འབྱུང་བར་བསྟན་པ་འདིས་ནི་བར་ཆད་མེད་རྩེ་འདིའི་ཟབ་པ་ཉིད་བསྙད་དོ། །གཉིས་པ་ལ། མཚམས་སྦྱར་བ་ནི། བློའི་ནོར་ཅན་ཞེས་སོགས་སོ། །རྩ་བ་ནི། ལོག་པར་རྟོག་པའི་ཡུལ་དང༌། ངོ་བོ་དང༌། དབྱེ་བ་དང་གསུམ་མོ། །མདོ་ནི། བཅོམ་ལྡན་འདས་ཅི་ལགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ་ཞེས་སོགས་སོ། །ཚིག་དོན་ལ་གཉིས་ཏེ། བསལ་བྱ་ཀླན་ཀ སེལ་བྱེད་ཏིང་ངེ་འཛིན་བསྐྱེད་ཚུལ་ལོ། །དང་པོ་ནི། ལོག་པར་རྟོག་པ་བཅུ་དྲུག་གོ །གང་ཟག་གང་གི་ལོག་པར་རྟོག་པ་ཡིན་ཅེ་ན། སྐྱེ་བོ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་མི་ཤེས་པ་རྟོག་གེ་རབ་ཏུ་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པའོ། །ངོ་བོ་གང་ཞེ་ན། ཕན་ཚུན་འགལ་བ་ལྟར་སྣང་བའི་དོན་གཞི་གཅིག་ལ་བསྒྲུབ་པ་མི་འཐད་པར་སེམས་པ་ཉིད་ཀྱིས་མཐའ་གཞན་དུ་དོགས་པ་དང་བཅས་པས་ཐེ་ཚོམ་གྱི་ངོ་བོའོ། །གཞི་གང་ལ་རྟེན་ཅེ་ན། ཇི་སྐད་བཤད་པའི་རྣམ་མཁྱེན་གྱི་ཡུལ་ལ་ལོག་པར་རྟོག་པ་ཅན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ཞེས་བསྟན་ནོ། །ཡུལ་གང་ལ་ཇི་ལྟར་ལོག་པར་རྟོག་ཅེ་ན། ཡུལ་ནི་རྣམ་མཁྱེན་གྱི་དམིགས་པར་འཐད་པ་ལའོ། །ཚུལ་ནི་རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་མེད་པ་ཉིད་ཀྱིས་སོ། །ཞེས་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པ་དོན་དམ་སྒོ་ཅན་གྱི་ཀླན་ཀའོ། །འདི་ལ་དོན་དམ་དུ་མེད་ཀྱང་ཀུན་རྫོབ་དུ་འཐད་དོ་ཞེས་ཀུན་རྫོབ་ཀྱི་སྒོ་ནས་ལན་འདབ་བོ། །ཡང་ན་དོན་དམ་པར་འདུས་བྱས་དང་འདུས་མ་བྱས་མེད་པས་རྣམ་མཁྱེན་གྱི་དམིགས་པ་མི་འཐད་སྙམ་པ་ནི། ལོག་རྟོག་ཡིན་ལ། ལོག་རྟོག་དེས་བསླང་བའི་རྩོད་པ་ནི་ཀླན་ཀའོ། །དེ་ལ་དང་པོ་ནི། བདེན་གཉིས་ཀྱི་རྣམ་དབྱེ་རྟོགས་པའི་ཤེས་རབ་ཀྱིས་སེལ་ལ། གཉིས་པ་ནི། ཤེས་རབ་ཀྱིས་བསླང་བའི་བདེན་གཉིས་རྣམ་འབྱེད་ཀྱི་རིགས་པས་སེལ་ལོ། །འདི་གཉིས་ཀྱིས་རིམ་པ་ལྟར་རང་རྒྱུད་ལ་སེལ་བ་དང༌། གཞན་རྒྱུད་ལ་སེལ་བའི་དབང་དུ་བྱས་སོ། །འདིས་ཐམས་ཅད་ལ་རིག་པར་བྱའོ། །དམིགས་པའི་ངོ་བོ་ཉིད་གཟུང་དུ་མེད་པར་ཐལ། རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར། ཞེས་དམིགས་པའི་ངོ་བོ་ཉིད་ངེས་པར་བཟུང་བ་ལ་ལོག་པར་རྟོག་པ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་མེད་པར་ཐལ། དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པས་སོ། །ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། བདེན་པ་གཉིས་མི་འཐད་པར་ཐལ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ། །ཞེས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་དང༌། སྦྱོར་བ་མི་འཐད་པར་ཐལ། སྦྱིན་པ་ལ་སོགས་པ་མི་དམིགས་པས་སོ། །ཞེས་སྦྱོར་བ་ལ་དང༌། སངས་རྒྱས་དཀོན་མཆོག་མེད་པར་ཐལ། རྟོགས་པར་བྱ་བ་མེད་པས་སོ། །ཞེས་སངས་རྒྱས་དཀོན་མཆོག་ལ་དང༌། ཆོས་དཀོན་མཆོག་མེད་པར་ཐལ། མིང་དུ་བཏགས་པ་ཙམ་དུ་ཟད་པས་སོ། །ཞེས་ཆོས་དཀོན་མཆོག་ལ་དང༌། དགེ་འདུན་དཀོན་མཆོག་མེད་པར་ཐལ། གཟུགས་ལ་སོགས་པ་དམིགས་པ་བཀག་པས་སོ། །ཞེས་དགེ་འདུན་དཀོན་མཆོག་ལ་དང༌། ཐབས་ལ་མཁས་པ་མེད་པར་ཐལ། སྦྱིན་པ་ལ་སོགས་པ་མི་དམིགས་པས་སོ། །ཞེས་ཐབས་ལ་མཁས་པ་ལ་དང༌། སངས་རྒྱས་ཀྱི་མངོན་རྟོགས་མེད་པར་ཐལ། རྟོགས་བྱ་དངོས་པོ་དང་དངོས་པོ་མེད་པ་དང༌། གཉིས་ཀའི་ངོ་བོར་རྟོགས་པ་བཀག་པས་སོ། །ཞེས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ལ་དང༌། རྟག་སོགས་ཕྱིན་ཅི་ལོག་མ་ཡིན་པར་ཐལ། མི་རྟག་པ་ལ་སོགས་པ་ཡང་སྤྲོས་པར་རྣམ་པར་བཞག་པ་ཉིད་ཀྱིས་སོ། །ཞེས་རྟག་སོགས་ཕྱིན་ཅི་ལོག་དང༌། ཉན་རང་གི་ལམ་བསྒོམ་པ་མི་འཐད་པར་ཐལ། ཉན་རང་གི་ལམ་རྣམ་པར་བསྒོམས་པའི་འབྲས་བུ་མངོན་སུམ་དུ་མི་བྱེད་པས་སོ། །ཞེས་ལམ་ལ་དང༌། མི་མཐུན་ཕྱོགས་མི་འཐད་པར་ཐལ། དོར་བྱ་མེད་པས་སོ། །གཉེན་པོ་མི་འཐད་པར་ཐལ། བླང་བྱ་མེད་པས་སོ། །ཞེས་མི་མཐུན་ཕྱོགས་དང་གཉེན་པོ་ལ་དང༌། ཆོས་ཀྱི་མཚན་ཉིད་མི་འཐད་པར་ཐལ། རྟེན་ཆོས་ཅན་མེད་པས་སོ། །ཞེས་ཆོས་ཀྱི་མཚན་ཉིད་ལ་དང་ཡུམ་བསྒོམ་པ་མི་འཐད་པར་ཐལ། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མི་འཐད་པས་སོ། །ཞེས་བསྒོམ་པ་ལ་ལོག་པར་རྟོག་པའོ། །གཉིས་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །སུ་ཞིག་གིས་ཞེ་ན། བྱང་ཆུབ་སེམས་དཔའ་བར་ཆད་མེད་རྩེའི་དགེ་བ་འདོད་པ་རྣམས་ཀྱིས་སོ། །ཐབས་གང་གིས་ཞེ་ན་འགལ་རྐྱེན་ལོག་རྟོག་རྣམ་པ་སྟོང་དུ་སྟེ། ཡང་དག་ཡང་དུ་བསལ་བ་སྔོན་དུ་འགྲོ་བའི་སྒོ་ནས་མཐུན་རྐྱེན་དམིགས་རྣམ་ཕྱིན་ཅི་མ་ལོག་པར་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་བསྐྱེད་ནས་སོ། །ལོག་རྟོག་གང་གིས་སེལ་ཞེ་ན། བདེན་པ་གཉིས་ཀ་ལ་བརྟེན་པའི་ཐབས་ལ་མཁས་པས་སེལ་ཏེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་གོ་རིམ་པ་བཞིན་དུ་དོན་དམ་དང༌། དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་པས་སོ། །ཅིའི་ཕྱིར་ཞེ་ན། རྩོད་པའི་ཚུལ། བདེན་གཉིས་གང་རུང་རེ་ཚད་མར་བྱས་ནས་གཅིག་ཤོས་སུན་འབྱིན་པར་བྱེད་པ་དེ་བས་ནའོ། །འདི་ཡང་དོན་དམ་རྟགས་སུ་བྱས་ནས་ཀུན་རྫོབ་སུན་འབྱིན་པའི་དོན་དམ་སྒོ་ཅན་དང༌། ཀུན་རྫོབ་རྟགས་སུ་བྱས་ནས་དོན་དམ་སུན་འབྱིན་པའི་ཀུན་རྫོབ་སྒོ་ཅན་གྱི་ལན་གདབ་ཚུལ་ཡིན་གྱི། དོན་དམ་དུ་ཡུམ་བསྒོམ་པ་མི་འཐད་པར་ཐལ། དོན་དམ་དུ་རང་སྤྱི་མེད་པས་སོ། །ཞེས་པའི་དོན་དམ་སྒོ་ཅན་དང༌། ཀུན་རྫོབ་ཏུ་རྟགས་སོགས་ཕྱིན་ཅི་ལོག་མ་ཡིན་པར་ཐལ། ཀུན་རྫོབ་ཏུ་མི་རྟག་པ་སོགས་སྤྲོས་པ་ཡིན་པའི་ཕྱིར། ཞེས་ཀུན་རྫོབ་སྒོ་ཅན་ལྟ་བུ་ལ་ནི་གཞུང་གི་སྒྲ་ཇི་ལྟ་བ་བཞིན་གྱི་ལན་མི་རུང་བས་སྤྱིར་མ་ངེས་སོ། །ལུང་གི་སྒོ་ནས་ནི་ཀུན་རྫོབ་མི་འཐད་པར་རྒོལ་བ་ཀུན་རྫོབ་སྟོན་པ་དྲང་དོན་གྱི་ལུང་གིས་སེལ་ལ། དོན་དམ་ལ་རྒོལ་བ་ནི་སྟོང་ཉིད་སྟོན་པ་ངེས་དོན་གྱི་ལུང་གིས་སེལ་ལོ། །དགོས་པ་ནི། ཀུན་རྫོབ་གྱི་ལན་གྱིས་སྐུར་བ་འདེབས་པ་བསལ་ནས་མངོན་པར་མཐོ་བའི་ལམ་ལ་འགོད་ཅིང་དོན་དམ་གྱི་ལན་གྱིས་སྒྲོ་འདོགས་བསལ་ནས་ངེས་པར་ལེགས་པའི་ལམ་ལ་འགོད་དོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་ལྔ་པའི་འགྲེལ་པ་རྣམ་པར་བཤད་པའོ།། །།གསུམ་པ་བསྟན་པ་ཐོབ་པའི་དོན་དུ་བསྒོམ་པ་མཐར་གྱིས་པ་ལ། འབྲེལ་དགོད་པས་མཚམས་སྦྱར། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། རྩེ་མོའི་འོག་ཏུ་མཐར་གྱིས་པའི་མངོན་པར་རྟོགས་པ་གསུངས་སོ། །ཇི་ལྟར་ཞེ་ན། སྒོམ་པར་བྱེད་དོ། །གང་གིས་ན། རྩེ་མོའི་མངོན་པར་རྟོགས་པ་ཐོབ་བས་སོ། །གང་ན། སོ་སོ་བ་མཁྱེན་གསུམ་གྱི་ཆོས་སེམས་བསྐྱེད་ལ་སོགས་པ་དང༌། བསྡུས་པ་རྣམ་ཀུན་རྩེ་སྦྱོར་ཉིད་དུ་རྟོགས་པའི་དོན་རྣམས་སོ། །འགའ་ཞིག་སོ་སོ་བ་ཕྱིན་དྲུག་དང་རྗེས་དྲན་དྲུག་བསྡུས་པ་དངོས་མེད་ངོ་བོ་ཉིད་ལ་འཆད་དོ། །ཚུལ་ནི་སྔར་རྒྱུད་ལ་བསྐྱེད་པའི་རིམ་པ་ལྟར་གོ་རིམ་བཞིན་དུ་བླགས་ནས་སོ། །དགོས་པ་ནི། བརྟན་པོར་བྱ་བའི་ཕྱིར་རོ། །མདོ་ནི། མཐར་གྱིས་བྱ་བ་དང༌། མཐར་གྱིས་བསླབ་པ་དང༌། མཐར་གྱིས་བསྒྲུབ་པ་རྩོམ་མོ་ཞེས་སོ། །གཉིས་པ་ལ། སོ་སོར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། རྣམ་པར་དག་བྱེད་ཀྱི་ཆོས་སོ། །དང་པོ་ནི། ཡང་དག་པར་བསྒྲུབ་པར་བྱེད་དོ། །གང་ན། རབ་དགའ་ལ་སོགས་པའི་ས་བཅུའོ། །གང་གི་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དྲུག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པས་སོ། །ས་བཅུ་རྫོགས་པ་ལ་ཕར་ཕྱིན་བཅུ་དགོས་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཤེས་རབ་ཉིད་བྱ་བ་མི་འདྲ་བ་བཞི་བྱེད་པའི་ལྡོག་པས་བཞིར་ཕྱེ་སྟེ། བསྔོ་བའི་སྒོ་ནས་དགེ་བ་མི་ཟད་པར་བྱེད་པས་ཐབས་དང༌། སྦྱིན་སོགས་འགྲུབ་པའི་དོན་དུ་འཇུག་པས་སྨོན་ལམ་དང༌། མི་མཐུན་ཕྱོགས་འཇོམས་པས་སྟོབས་དང༌། ཆོས་ཀྱི་སེམས་ཅན་སྨིན་པར་བྱེད་པས་ཡེ་ཤེས་སུ་ཕྱེ་བའི་ཕྱིར་རོ། །དབུས་མཐའ་ལས་མི་ཟད་པ་དང་རྟག་འཇུག་དང༌། ངེས་དང་ལོངས་སྤྱོད་སྨིན་པར་བྱེད་ཅེས་སོ། །གཉིས་པ་ལ། ལམ་གྱི་རྟེན་དཀོན་མཆོག་རྗེས་སུ་དྲན་པ་ལ། སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པ་ཉེར་བཞག་སོགས་ཀྱིས་བསྟན་པའི་ལམ་གསུམ་རྗེས་སུ་དྲན་པའོ། །ལམ་གསུམ་ནི་གོ་རིམ་བཞིན་དུ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱེད་པ་དྲན་པ་ཉེར་བཞག་སོགས་ཀྱི་མིང་དང༌། མཐོང་ལམ་བརྗོད་པར་བྱེད་པ་བྱང་ཆུབ་ཡན་ལག་གི་རྣམ་པ་ཞེས་པ་དང༌། སྒོམ་ལམ་བརྗོད་པར་བྱེད་པ་འཕགས་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་ཞེས་པའི་མིང་གིས་བསྟན་པ་དགག འདི་གསུམ་སློབ་དཔོན་གྱིས་མཐར་གྱིས་བྱ་བ་སོགས་གསུམ་གྱི་དོན་དུ་འདོད་པར་མངོན་ནོ། །ཁམས་གསུམ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་དུ་མཚན་ཉིད་ཀྱི་སྒོ་ནས་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ལམ་དྲན་པས་སངས་རྒྱས་དྲན་པར་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ནི་རྒྱུ་འདི་དག་ལས་སྐྱེས་སོ་ཞེས་རྒྱུའི་སྒོ་ནས་རྗེས་སུ་དྲན་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་སྔར་གྱི་དེ་བཞིན་དུ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་མཚན་ཉིད་ཀྱི་སྒོ་ནས་རྗེས་སུ་དྲན་པ་དང༌། བྱང་སེམས་འཕངས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་སྔ་མ་བཞིན་དུ་རྗེས་སུ་དྲན་པ་དང༌། ལམ་གྱི་གཞི་དྲན་པ་ནི། ཚུལ་ཁྲིམས་གསུམ་དང༌། གཏོང་པ་གསུམ་པོ་རྣམས་སྔ་མ་དེ་བཞིན་དུ་རྗེས་སུ་དྲན་པ་དང༌། ལམ་ཉམས་སུ་ལེན་པའི་དབང་པོ་དྲན་པ་ནི། ལྷར་སྐྱེས་པའི་འཕགས་པ་སྔ་མ་བཞིན་དུ་རྗེས་སུ་དྲན་པའོ། །གསུམ་པ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པས་རྟོགས་པའོ། །གཉིས་པ་ནི། བཅུ་གསུམ་པོ་གང་ཡིན་པ་དེ་ནི་འདིར་མཐར་གྱིས་པའི་སྦྱོར་བའི་ཉམས་སུ་བླང་བར་བྱ་བར་བཞེད་པ་ཡིན་ནོ། །རྣམ་ཀུན་རྩེ་སྦྱོར་གྱིས་རྟོགས་པའི་དོན་རྣམ་བསྒོམ་བྱར་བཤད་པ་མ་ཡིན་ནམ་ཞེ་ན། སྔ་མ་ལྟ་བ་དང་ཕྱི་མ་སྤྱོད་པ་གཉིས་ཟུང་འབྲེལ་དུ་ཉམས་སུ་ལེན་ཏེ། ལྟ་བ་མཐར་ཕྱིན་པའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་དཀོན་མཆོག་གསུམ་ལ་བརྟེན་ཏེ། ཚུལ་ཁྲིམས་དང་གཏོང་པ་གཉིས་ཀྱིས་གཞི་བཟུང་ནས། ལྷ་དཔང་པོར་བཞག་སྟེ་དེ་ཐམས་ཅད་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱེད་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐབས་དྲུག་པའི་འགྲེལ་པ་རྣམ་པར་བཤད་པའོ།། །།བཞི་པ་བརྟན་པ་ཐོབ་ནས་ཅིག་ཆར་དུ་བསྒོམ་པ་སྐད་ཅིག་སྦྱོར་ལ། འབྲེལ་དགོད་པས་མཚམས་སྦྱར། ངོ་བོ་རྒྱས་པར་བཤད་པ། སྐབས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི་མཐར་གྱིས་པའི་འོག་དུ་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་གསུངས་ཏེ། མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་སྒོམ་པ་ནི། སྔར་སྒོམ་པ་དེ་ཉིད་སྐད་ཅིག་མ་གཅིག་གིས་བསྒོམས་པས་སོ། །སྐད་ཅིག་མ་གཅིག་གིས་སྒོམ་མི་ནུས་སྙམ་ན་ནུས་ཏེ། བསྟན་པ་ཐོབ་པའི་དོན་དུ་ཤིན་དུ་གོམས་པར་པའི་ཕྱིར། གཉིས་པ་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་སྐད་ཅིག་མའི་སྦྱོར་བ་བཞི་སྟེ། རྟོགས་བྱའི་སྒོ་ནས་རྣམ་པར་སྨིན་པ་མ་ཡིན་པ་དང་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་གཉིས་དང༌། རྟོགས་ཚུལ་གྱི་སྒོ་ནས། མཚན་ཉིད་མེད་པའི་དང༌། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་གཉིས་ཡོད་པས་སོ། །དང་པོ་ནི། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་པར་བྱང་ཆུབ་པ་དེའི་བསྡུ་བྱ་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་མངོན་དུ་བྱེད་དེ་རྒྱུན་མཐར་ཐོབ་པའི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་གིས། རང་གི་བསྡུ་བྱ་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་རོ། །འདི་ནི་དངོས་རྒྱུས་དངོས་འབྲས་བསྡུས་པ་སྟེ། དངོས་རྒྱུ་དངོས་སུམ་དུ་བྱས་པ་ན་དངོས་འབྲས་མངོན་སུམ་དུ་བྱེད་པའི་ནུས་པ་ཐོབ་པའི་དོན་ཏོ། །ཇི་སྐད་དུ་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་པ་ན་དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །འདིར་མངོན་སུམ་དུ་བྱེད་ཅེས་འབྱུང་གི མངོན་སུམ་དུ་བྱས་ཅེས་པ་མི་སྣང་ངོ༌། །གཉིས་པ་ནི། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་དམིགས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པ་སྟེ། བསྡུ་བྱེད་མངོན་སུམ་དུ་བྱས་པ་ན། བསྡུ་བྱ་ཡང་མངོན་སུམ་དུ་བྱེད་པར་འགྱུར་པ་འཐད་པས་སོ། །དཔེ་ནི། ཇི་ལྟར་སྐྱེས་བུས་ཟོ་ཆུན་བརྒྱུད་རྟོག་ཐབས་གཅིག་གིས་བསྐྱོད་པ་ན། ཐམས་ཅད་ཅིག་ཆར་འགུལ་བ་ལྟར། སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པ་ལྟར་རོ། །གསུམ་པ་དང་བཞི་པ་གཉིས་ནི། ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཁོར་འདས་ཀྱི་ཆོས་རྣམས་མཚན་ཉིད་མེད་པ་དང་གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའོ། །སྦྱོར་བ་སྔ་མ་གཉིས་ཀྱིས་ནི། ཡུལ་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་ཞེས་བཤད་ལ། སྦྱོར་བ་ཕྱི་མ་གཉིས་ཀྱིས་ནི། ཡུལ་ཅན་ཡེ་ཤེས་སྐད་ཅིག་མ་གཅིག་གིས་རྟོགས་ཞེས་པ་ཡིན་ནོ། །གཞན་དག་གིས་ནི་ཐེ་ཚོམ་ཙམ་ཡང་མ་ཞུགས་ན། རྟོགས་པ་ལྟ་ཅི་སྨོས། ཡན་ལག་གི་དོན་ནི། སྦྱོར་བ་དེ་ཡང་མཚན་ཉིད་ཀྱི་སྒོ་ནས་རྣམ་སྨིན་མིན་པའི་སྐད་ཅིག་མའི་སྦྱོར་བ་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞི་ཡོད་པ་ལས། དང་པོ་ལ། དངོས་ཀྱི་དོན་དང༌། མཚོན་བྱེད་ཀྱི་དཔེའོ། །དང་པོ་ལ་མཚམས་སྦྱར་བ་ནི། དང་པོ་ཞེས་སོགས་སོ། །མདོ་ནི་སེམས་བསྐྱེད་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་སོགས་སོ། །ཚིག་དོན་ནི། ཐུབ་པ་བྱང་ཆུབ་སེམས་དཔའ་རྒྱུན་མཐའ་ལ་གནས་པའི་རྟོགས་པ་ནི་ཆོས་ཅན། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པའི་སྦྱོར་བར་ཤེས་པར་བྱ་སྟེ། རྣམ་པར་སྨིན་པ་མ་ཡིན་པའི་ཆོས་གཅིག་རྟོགས་པའི་དུས་སུ། གཞན་ཀུན་མངོན་དུ་བྱེད་པའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། ཇི་ལྟར་གཅིག་མངོན་དུ་བྱེད་པ་ན་གཞན་ཀུན་མངོན་དུ་བྱེད་ནུས་ཅེ་ན། དབུ་མའི་གཞུང་ལུགས་ལས། ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོར་གཅིག་པ་ལ་དགོངས་ནས། དོན་དམ་པར་དངོས་པོ་གཅིག་གི་ངོ་བོ་ཉིད་དེ། དངོས་པོ་ཀུན་གྱི་ངོ་བོ་ཉིད་དུ་འདུས་ལ། དངོས་པོ་ཀུན་གྱི་ངོ་གཉིས་ཀྱང་དངོས་པོ་གཅིག་གི་ངོ་ཉིད་དུ་འདུས་པས། བློ་གང་གིས་དངོས་པོ་གཅིག་གི་དེ་བཞིན་ཉིད་མཐོང་བ་དེ་ཡིས། དངོས་པོ་ཀུན་གྱི་དེ་བཞིན་ཉིད་མཐོང་ཞེས་འབྱུང་བའི་ཕྱིར་རོ། །ནགས་ཚལ་གྱིས་ཤ་པ་བསྡུས་པ་ལྟར། མང་པོས་གཅིག་བསྡུས་པ་འབའ་ཞིག་དུ་མ་ཟད་ཀྱི། འོན་ཀྱང་གཅིག་གིས་མང་པོ་བསྡུས་པ་ཡང་ཡོད་དེ། རྒྱུན་མཐའི་ཡེ་ཤེས་ཀྱིས་དམིགས་པར་བྱ་བའི་སྦྱིན་པ་ལ་སོགས་པའི་སྐད་ཅིག་མ་གཅིག་པའི་དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བའི་ངོ་བོས་བསྡུ་བྱ་སྦྱིན་པ་ལ་སོགས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར། དེས་ན་བསྡུ་བྱེད་གཅིག་མངོན་དུ་བྱས་པ་ན་བསྡུ་བྱ་ཐམས་ཅད་མངོན་དུ་བྱས་པ་འཐད་དོ། །རིགས་པ་ནི་སྤྱི་དོན་དུ་བརྗོད་ཟིན་ཏོ། །གཉིས་པ་ལ། མཚམས་སྦྱར་བ་ནི། ཡང་ཇི་ལྟར་ན་ཞེས་སོགས་སོ། །ཚིག་གི་དོན་ནི། རྒྱུན་མཐའི་གནས་སྐབས་སུ་སྐད་ཅིག་མ་གཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །རྒྱུ་གང་གི་ཞེ་ན། སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག ཅེས་པའི་སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང༌། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་བསྒོམས་པའི་མཐུས་སོ། །དཔེ་ཇི་ལྟར་ན། བཟོ་བོ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་མཐུས། སྐྱེས་བུས་རྡོག་ཐབས་ཅིག་གིས་བསྐྱོད་ན། ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཆར་དུས་གཅིག་དུ་འགུལ་བ་དེ་བཞིན་དུའོ། །གཉིས་པ་ལ་མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །མདོ་ནི་རྣམ་པར་སྨིན་པའི་ཆོས་ལ་གནས་པས་ཕྱིན་དྲུག་ཡོངས་སུ་རྫོགས་པ་དང་ཞེས་སོགས་སོ། །ཚིག་གི་དོན་ནི་རྒྱུན་མཐའི་ཡེ་ཤེས་ནི་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་སྟེ། དུས་སྐད་ཅིག་མ་གཅིག་ཁོ་ན་ལ་འབད་མེད་ལྷུན་གྲུབ་ཏུ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པའི་ཆོས་རྣམས་རྟོགས་པའི་རྣལ་འབྱོར་མཐར་ཐུག་ཡིན་པས་སོ། །གང་གི་ཚེ་རྟོགས་ཅེ་ན། རྣམ་པར་བྱང་བའི་ཕྱོགས་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སུ་ཐོབ་པའི་ཡོན་ཏན་དཀར་བའི་ངོ་བོ་ཉིད་རྒྱུན་མཐའི་ཡེ་ཤེས་སྐྱེས་པ་དེའི་ཚེའོ། །ཇི་ལྟར་ན་རྡུལ་གྱི་དྲི་མ་ཐམས་ཅད་བྲལ་བས་སྟོན་གའི་ཟླ་བའི་འོད་བཞིན་དུའོ། །ཅིའི་ཕྱིར་དཀར་བའི་ངོ་བོར་སྐྱེས་ཅེ་ན། བྱང་ཆུབ་སེམས་དཔས་གཉེན་པོ་བསྒོམས་པས་མི་མཐུན་ཕྱོགས་ཐམས་ཅད་དང་བྲལ་བས་སོ། །གསུམ་པ་ལ་མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །མདོ་ནི་ཤེར་ཕྱིན་ལ་སྤྱོད་པའི་ཚེ་རྨི་ལམ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ཤིང་ཞེས་སོགས་སོ། །ཚིག་དོན་ནི། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ཅེས་པ་ནས་མཚན་ཉིད་མེད་པ་ཉིད་དུ་ཤེས་པའི་རྣལ་འབྱོར་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཞེས་སྦྱར་རོ། །རྒྱུ་གང་གིས་ཅེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཞེས་པའོ། །གནས་སྐབས་གང་གི་ཚེ་ཞེ་ན། སྔོན་ཆོས་ཐམས་ཅད་ཞེས་སོགས་སོ། །བཞི་པ་ལ་མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །མདོ་ནི། རྨི་ལམ་མཐོང་བ་མི་མཐོང་ཞེས་སོགས་སོ། །ཚིག་གི་དོན་ནི། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། ཕྱི་ནང་གི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་མེད་པའི་ཚུལ་དུ་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པས་སོ། །གང་གི་ཚེ་ཞེ་ན། རྨི་ལམ་ལ་གཟུང་བ་དང༌། རྨི་ལམ་མཐོང་བ་ལ་འཛིན་པར་མི་མཐོང་བའི་ཚུལ་དུ་གཟུང་འཛིན་ཐ་དད་པར་མི་མཐོང་བ་དེའི་ཚེའོ། །གང་ཟག་གང་གིས་ཞེ་ན། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་བྱང་ཆུབ་སེམས་པས་སོ། །རྒྱུ་གང་གིས་བྱུང་ཞེ་ན། ཡུན་རིང་མོ་ཞིག་ནས་བར་ཆད་མེད་པར་གཉིས་སུ་སྣང་བ་སྤོང་བ་ལ་གོམས་པ་ངང་དུ་གྱུར་བས་སོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་བདུན་པའི་འགྲེལ་པ་རྣམ་པར་བཤད་པའོ།། །།གསུམ་པ་འབྲས་བུ་ཆོས་སྐུ་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། ངོ་བོ་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། སྐད་ཅིག་མའི་སྦྱོར་བའི་འོག་ཏུ་ཆོས་ཀྱི་སྐུ་གསུངས་ཏེ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། སངས་རྒྱ་བའི་རྒྱུ་དང༌། སངས་རྒྱ་བའི་ཚུལ་དང༌། འབྲས་བུའི་རྣམ་བཞག་གོ །དང་པོ་ནི། ཚོགས་གཉིས་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་ཡོན་ཏན་རྫོགས་པར་བྱེད་ཅིང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཉེས་པ་ཟད་པར་བྱེད་པའི་ཕྱིར་རོ། །ཚོགས་གཉིས་ཀྱི་ངོ་བོ་ནི་ཕྱིན་དྲུག་སྟེ། སྦྱིན་པ་སོགས་དང་པོ་གསུམ་ནི་བསོད་ནམས་ཀྱི་ཚོགས་དང༌། བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་དང༌། བརྩོན་འགྲུས་ནི་གཉིས་ཀ་མཐར་ཕྱིན་པའི་རྒྱུའོ། །གཉིས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུས་ཆོས་ཀྱི་སྐུ་མངོན་དུ་མཛད་ནས་གླིང་བཞི་པ་ཐེར་འབུམ་དུ་ཅིག་ཆར་སྤྲུལ་པའི་སྐུས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ཏེ། ལང་གཤེགས་ལས། གཙང་མའི་གནས་རྣམས་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་འདིར་ནི་མངོན་སངས་རྒྱ། །ཞེས་སོ། །གསུམ་པ་ལ་གསུམ་སྟེ། རྟེན་སྐུ་དང༌། རྟེན་པ་ཡེ་ཤེས་དང༌། མཛད་པ་ཕྲིན་ལས་སོ། །དང་པོ་ལ་དབྱེ་བ་དང༌། སོ་སོའི་དོན་དང༌། མཐའ་སྤྱད་པའོ། །དང་པོ་ལ་གཉིས་སུ་དབྱེ་བ་ནི། རང་དོན་དོན་དམ་པའི་སྐུ་དང༌། གཞན་དོན་ཀུན་རྫོབ་པའི་སྐུ་སྟེ། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་སོ། །གསུམ་དུ་དབྱེ་བ་ནི། གཟུགས་སྐུ་ལ་ལོངས་སྤྲུལ་གཉིས་སུ་ཕྱེ་བས་གསུམ་སྟེ། རྒྱུད་བླར། དག་ལས་ཉེ་དང་རིང་རྣམས་ལ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །ཞེས་སོ། །བཞི་རུ་དབྱེ་བ་ནི། སྤངས་པ་དང་རྟོགས་པ་གཉིས་ལ་སྐུ་སོ་སོར་བཞག་པས་བཞིའོ། །གཉིས་པ་སོ་སོའི་ངོ་བོ་ལ་གསུམ་ལས། ངོ་བོ་ཉིད་སྐུ་ནི། འདུས་མ་བྱས་པ་དང༌། གཉིས་སུ་དཔྱད་དུ་མེད་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། སྒྲིབ་པ་དག་པ་དང༌། རང་བཞིན་གྱིས་འོད་གསལ་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། གསུང་བརྗོད་པ་དང༌། སྐུ་སྣང་བ་དང༌། མཛད་པ་རྒྱུན་མི་འཆད་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པ་དང༌། སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མར་སྟོན་ཀྱང་དེའི་རང་བཞིན་དང་བྲལ་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །སྤྲུལ་པའི་སྐུ་ནི། ཞི་བའི་ལམ་སྟོན་པ་དང༌། གདུལ་བྱ་སྨིན་པར་བྱེད་པ་དང༌། ལུང་སྟོན་པར་བྱེད་པ་དང༌། གཞན་གྱི་རྣམ་རིག་ལ་སྣང་བ་དང༌། མཚན་ཉིད་བཞི་ལྡན་ནོ། །དེ་དག་ཐམས་ཅད་རྒྱུད་བླ་ལས་བཤད་དོ། །གསུམ་པ་མཐའ་དཔྱད་པ་ལ། འཕགས་པས་རྩ་བའི་དགོངས་པ་སྐུ་གསུམ་དུ་བཞེད་དེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་དོན་བསྟན་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཀྱིས་དེའི་ཡོན་ཏན་རྒྱས་པར་བཤད་དོ། །མཚན་ནི་སུམ་ཅུ་རྩ་གཉིས་དང་ཞེས་སོགས་ཀྱིས་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བསྟན་ལ། ཕྱག་ཞབས་འཁོར་ལོའི་མཚན་དང་ཞེས་སོགས་ཀྱིས་དེའི་ཡོན་ཏན་རྒྱས་པར་བསྟན་ནོ། །གང་གིས་སྲིད་པ་ཇི་སྲིད་པར་ཞེས་སོགས་ཀྱིས་སྤྲུལ་སྐུའི་ངོ་བོ་བསྟན་ལ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་སོགས་ཀྱིས་དེའི་ཡོན་ཏན་རྒྱས་པར་བཤད་པ་ཡིན་པས་ན་ཟག་མེད་ཀྱི་ཡེ་ཤེས་རྣམས་སྐུ་ལོགས་པར་བཞག་པ་མི་འཐད་དོ། །དེ་ལྟ་མ་ཡིན་ན་གཟུགས་སྐུ་དང་མཚན་དཔེ་གཉིས་ཀྱང་སྐུ་སོ་སོར་བཞག་དགོས་པ་དང༌། སྤྲུལ་པའི་སྐུ་དང་ཕྲིན་ལས་གཉིས་ཀྱང་སྐུ་སོ་སོར་བཞག་དགོས་པས་སྐུ་བཞིར་གྲངས་ངེས་པ་ཡང་ཉམས་སོ་ཞེས་དགོངས་སོ། །མཁན་པོ་རྣམ་སྣང་སོགས་ཀྱིས་ཟག་མེད་ཀྱི་སེམས་སེམས་བྱུང་རྣམས་སྐུ་གསུམ་ལས་ལོགས་སུ་སྐུར་མ་བཞག་ན་དེ་སངས་རྒྱས་ཀྱི་སས་མ་བསྡུས་པར་ཐལ་ལོ་ཞེས་པའི་རིགས་པའང་འདི་ཉིད་ཀྱིས་བཅོམ་མོ། །གང་དག ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། ཅེས་པའི་ལུང་ལ་བརྟེན་ནས་མཛད་པ་ཐམས་ཅད་རྟོགས་ཡེ་ཆོས་སྐུའི་མཛད་པར་འདོད་ཀྱང༌། འདི་ནི་སྤྱིར་སངས་རྒྱས་ལ་ཆོས་སྐུའི་སྒྲས་བརྗོད་པའི་ཕྲིན་ལས་སུ་བསྟན་པ་ཡིན་གྱི། ཡེ་ཤེས་ཁོ་ན་ལ་སྐུར་བཞག་པའི་ཕྲིན་ལས་ཁོ་ན་ལ་སྦྱོར་བ་ནི་མ་ཡིན་ཏེ། ཕྲིན་ལས་ཉི་ཤུ་རྩ་བདུན་གཟུགས་སྐུའི་ཕྲིན་ལས་སུ་བརྗོད་པའི་ཕྱིར་ཏེ། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་འབྲེལ་བས་སོ། །རྩ་བའི་དགོངས་པ་ནི་སྐུ་གསུམ་ཁོ་ནར་གནས་ཏེ། བྱམས་པའི་གཞུང་གཞན་རྣམས་ལས་ཀྱང་སྐུ་གསུམ་ཁོ་ནའི་རྣམ་བཞག་མཛད་ཀྱི། སྐུ་བཞིའི་རྣམ་བཞག་མཛད་པ་མེད་པའི་ཕྱིར་རོ། །སློབ་དཔོན་གྱིས་སྐུ་བཞིའི་རྣམ་བཞག་མཛད་པ་ཡང་མཁན་པོ་རྣམ་སྣང་མཛད་ལ་སོགས་པའི་བཀའི་དབང་གིས་རང་ལུགས་ལྟར་སྣང་དུ་བཀོད་པ་ཡིན་གྱི། རང་ལུགས་ངེས་པ་ནི་སྐུ་གསུམ་སྟེ། འགྲེལ་ཆེན་ལས། རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་ནི་གསུམ་པོ་ཐོབ་པར་ཤོག ཅེས་པས་སོ། །འགའ་ཞིག་སྐུ་གསུམ་དང་བཞིར་བཤད་པ་ནི། དབྱེ་བསྡུའི་བྱེ་བྲག་ཙམ་ཡིན་གྱི་དོན་ལ་མི་འགལ་ལོ་ཞེས་སྨྲ་བ་ནི་མི་འཐད་དེ། བསྡུ་བའི་ཚེ་གཅིག་དང་གཉིས་སུ་འདུ་བའི་ཕྱིར། ཁ་ཅིག་ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་མ་ཡིན་ཏེ། རྒྱས་པའི་དོན་མ་ཚང་བའི་ཕྱིར་ཏེ། མཁྱེན་པ་མ་ཡིན་པའི་ཕྱིར། ཞེས་ཟེར་འོ་ན་རྣམ་མཁྱེན་ཡང་སངས་རྒྱས་མ་ཡིན་པར་འགྱུར་ཏེ། སངས་པ་མ་ཡིན་པའི་ཕྱིར་ཏེ། སྤངས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སངས་པའི་དོན་ཚང་སྟེ། སྒྲིབ་གཉིས་སྤངས་པའི་ཕྱིར་ཞེ་ན། འོ་ན་ངོ་བོ་ཉིད་ཀྱི་སྐུ་ལ་ཡང་རྒྱས་པའི་དོན་ཚང་སྟེ། ཤེས་བྱ་མཁྱེན་པའི་ཕྱིར། གལ་ཏེ་ཤེས་བྱ་མཁྱེན་པ་དང་ལྡན་པ་ཡིན་གྱི་མཁྱེན་པའི་ངོ་བོ་མ་ཡིན་ནོ་ཞེ་ན། འོ་ན་རྣམ་མཁྱེན་ཡང་སྤངས་པ་དང་ལྡན་པ་ཡིན་གྱི་སྤངས་པའི་ངོ་བོ་མ་ཡིན་ནོ་ཞེས་མཚུངས་སོ། །འགའ་ཞིག་དུ་གཟུགས་སྐུ་གཉིས་སངས་རྒྱས་སུ་བཤད་པ་དང༌། གསེར་འོད་དམ་པ་ལས་མ་ཡིན་པར་བཤད་པ་དང༌། སངས་རྒྱས་མེད་པར་བཤད་པ་རྣམས་ནི། དྲང་དོན་དང༌། གནས་སྐབས་ཀྱི་ངེས་དོན་དང༌། མཐར་ཐུག་གི་ངེས་དོན་ཏེ། གཞན་གྱིས་མ་རྟོགས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ལ་གསུམ་སྟེ། བཞིར་དབྱེ་བ་དང༌། གཉིས་སུ་བསྡུས་པ་དང༌། ཤེས་བྱ་མཁྱེན་ཚུལ་ལོ། །དང་པོ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཤེས་བྱ་མ་ལུས་པ་མཁྱེན་པའོ། །མཉམ་ཉིད་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དུ་མཁྱེན་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཇི་སྙེད་པའི་ཆོས་པདྨའི་འདབ་མ་ལྟར་མ་འདྲེས་པར་མཁྱེན་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་གདུལ་བྱ་འདུལ་བའི་བྱ་བ་མཁྱེན་པའོ། །གཉིས་པ་ལ་ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་མཁྱེན་པ་གཉིས་ཏེ། ལུས་རྣམ་བཞག་དུ་བསྟན་ཟིན་ནོ། །གསུམ་པ་ཤེས་བྱ་མཁྱེན་ཚུལ་ལ་གཉིས་ཏེ། སྤྱིར་ཤེས་བྱ་མཁྱེན་ཚུལ་དང༌། བྱེ་བྲག་དུ་དུས་གསུམ་མཁྱེན་པའི་ཚུལ་ལོ། །དང་པོ་ནི། གྲུབ་མཐའ་སྨྲ་བ་དག་གིས་སྒྲོ་བཏགས་པས་དབེན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ཙམ་ནི་སྣང་བའི་ཚུལ་གྱིས་མཁྱེན་ཏེ། བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པ། །རྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་པ་ལྟར་རོ། །ཆོས་ཉིད་ནི་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་ལ། རང་རང་གིས་སྒྲོ་བཏགས་པའི་ཆ་ཡང་ལྟ་བ་པོར་རང་རང་གི་བློ་ལ་སྣང་བར་མཁྱེན་ཏེ། དཔེར་ན་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་ལ་གཉིད་ཀྱི་རྐྱེན་གྱིས་རང་རང་གི་རྨི་ལམ་གྱི་དོན། ཡུལ་སྣང་ཚུལ་མཁྱེན་པ་བཞིན་ནོ། །གལ་ཏེ་གཞལ་བྱ་ལྐོག་གྱུར་མཁྱེན་ནམ་མི་མཁྱེན་དང་པོ་ལྟར་ན། སངས་རྒྱས་ཀྱི་ངོ་ན་ལྐོག་དུ་གྱུར་པའི་དོན་ཡོད་པར་ཐལ་བར་འགྱུར་བས་ཤེས་བྱ་ཐམས་ཅད་ལ་མངོན་སུམ་མ་ཡིན་པར་འགྱུར་རོ། །གཉིས་པ་ལྟར་ན། ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། གཞལ་བྱ་ལྐོག་གྱུར་མི་མཁྱེན་པའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ངོ་ན་ལྐོག་དུ་གྱུར་པ་མེད་ཀྱང་སོ་སོ་སྐྱེ་བོའི་ངོ་ན་ལྐོག་དུ་གྱུར་པའི་དོན་ཡེ་ཤེས་ཀྱིས་མངོན་སུམ་དུ་མཁྱེན་པས་སྐྱོན་གཉིས་ཀ་མེད་ལ། གཉིས་པ་ནི། འདས་པ་ལ་འདས་པ་དང༌། མ་འོངས་པ་ལ་མ་འོངས་པ་དང༌། ད་ལྟར་བ་ལ་ད་ལྟར་བར་མཁྱེན་ཏེ། མདོ་ལས་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་ཞེས་གསུངས་པ་ལྟར་རོ། །གསུམ་པ་མཛད་པ་ཕྲིན་ལས་ལ་ངོ་བོའི་སྒོ་ནས་དབྱེ་ན་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པ་གཉིས་སོ། །གང་ལ་འཇུག་པའི་ཡུལ་གྱིས་དབྱེ་ན་ཉི་ཤུ་རྩ་བདུན་ནོ། །ཐམས་ཅད་ཀྱང་ལམ་གྱི་རྟེན་དང༌། ལམ་དང༌། ལམ་གྱི་འབྲས་བུ་ལ་འགོད་པར་འདུས་ཏེ། ཐོག་མར་ལམ་གྱི་རྟེན་ལྷ་མིའི་གོ་འཕང་ཐོབ་ནས་རྟེན་དེ་ལ་ངེས་པར་ལེགས་པའི་ལམ་བསྒྲུབས་ཏེ། འབྲས་བུ་ངེས་ལེགས་ལ་འགོད་པའི་བྱ་བས་ཕྲིན་ལས་ཀྱི་བྱ་བ་ཇི་སྙེད་བསྡུས་པའི་ཕྱིར་རོ། །ཡན་ལག་གི་དོན་ལ་གཉིས་ཏེ། རྟེན་སྐུ་བཤད་པ་དང༌། རྟེན་པ་ཕྲིན་ལས་བཤད་པའོ། །དང་པོ་ལ། ཆོས་ཀྱི་སྐུ་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པ་ལས། དང་པོ་ངོ་བོ་ཉིད་ཀྱི་སྐུ་བསྟན་ཏེ། འདི་ལ་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན། དེ་ཇི་ལྟར་ཐོབ་པའི་ཚུལ། སྐུ་ལྷག་མ་གསུམ་ཐ་དད་དུ་བཞག་པའི་དགོས་པས་སོ། །དང་པོ་ལ་མདོ་འགོད་པ་དང༌། དངོས་བཤད་པའོ། །དང་པོ་ནི། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྣམས་རྨི་ལམ་ལྟ་བུ། དངོས་པོ་དང་མི་ལྡན་པ། དངོས་པོ་མེད་པའི་རང་བཞིན་ཅན་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་སོགས་སོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྤངས་པ་དང་རྟོགས་པ་གང་དག་ཡིན་པ་དེ་དག་གི་རང་བཞིན་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ངོ་བོ་ཉིད་འདི་ནི་ཆོས་ཅན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། ཟག་པ་མེད་པའི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་སོ། །དག་པ་གཉིས་ལྡན་ཡིན་ཏེ། གདོད་མ་ནས་དྲི་མ་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་ཅིང༌། གློ་བུར་གྱི་དྲི་མ་རྣམས་པ་ཐམས་ཅད་དུ་རྣམ་པར་དག་པ་ཡིན་པའི་ཕྱིར། དྲི་མ་རྣམས་ཆོས་ཅན། གཉེན་པོས་དག་དུ་རུང་ཏེ། གློ་བུར་པ་ཡིན་པ་ཉིད་ཀྱིས་སོ། །གཉིས་པ་ནི། ངོ་བོ་ཉིད་ཀྱི་སྐུ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་གྱིས་སེམས་དྲི་མ་དང་བྲལ་བར་བྱས་པའི་སྒོ་ནས་འཐོབ་ཀྱི། ངོ་བོ་གསར་དུ་བྱས་པ་ནི་མ་ཡིན་ཏེ། བཅོས་མ་མ་ཡིན་པའི་དོན་གྱིས་སོ། །འོ་ན་ཇི་ལྟར་འཐོབ་ཅེ་ན། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་འཐོབ་པར་བཞག་པ་ཡིན་ནོ། །གསུམ་པ་ནི། སྐུ་ལྷག་མ་གསུམ་པོ་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་དེ། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དང༌། ལུགས་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་འབྱུང་བའི་ཕྱིར། འདིས་གཟུང་འཛིན་གཉིས་ཀྱིས་དབེན་པའི་སྟོང་ཉིད་དེ། དབེན་པར་གྱུར་པ་ཆོས་ཅན་ལས་ཐ་མི་དད་པར་དངོས་སུ་བསྟན་ནས། ཤུགས་པ་ཆོས་ཅན་ཀྱི་སྐུ་ཡང་ཆོས་ཉིད་ཀྱི་སྐུ་ལས་ཐ་མི་དད་པར་བསྟན་ནོ། །དོན་དམ་པར་ངོ་བོ་ཉིད་ཀྱི་སྐུ་དེ་དང་ཐ་མི་དད་ཀྱང༌། ཐ་དད་པར་རྣམ་པར་བཞག་སྟེ། གདུལ་བྱ་ཇི་ལྟར་མོས་པའི་བྱེ་བྲག་གིས་ཡང་དག་པའི་ཀུན་རྫོབ་དུ་སྣང་ཚུལ་ཐ་དད་པ་ལ་རྟེན་ནས་རབ་ཏུ་ཕྱེ་བའི་ཕྱིར། ཐ་དད་དུ་བསྟན་པའི་དགོས་པ་ཡོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་པ་དང༌། ཉན་ཐོས་ལ་སོགས་པ་སོ་སོའི་སྤྱོད་ཡུལ་དུ་སོ་སོར་སྣང་བ་ལ། སྐུ་ལྷག་མ་གསུམ་སོ་སོར་རྣམ་པར་བཞག་པ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ཆོས་ཀྱི་སྐུ་ལ། ཆོས་སྐུའི་རང་བཞིན། ཡོན་ཏན་གྱི་ཁྱད་པར། རྩོད་པ་སྤང་པའོ། །དང་པོ་ལ། ཡེ་ཤེས་དང་སྐུ་ཐ་དད་དུ་བསྟན་པ། ཐ་མི་དད་དུ་འདོད་པ་དགག ཐ་དད་དུ་བསྟན་པ་ལ་རྩོད་པ་སྤང་པའོ། །དང་པོ་ལ། མཚམས་སྦྱར་མདོ་དགོད། ཚིག་དོན་བཤད་པའོ། །དང་པོ་ནི དེ་ལྟར་སྐུ་དང་པོ་བསྟན་ནས། གཉིས་པ་ཆོས་ཀྱི་སྐུ་སྟོན་ནོ། །འདིའི་རང་བཞིན་ཅི་ཞེ་ན། སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད། ཟག་པ་མེད་པའི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ངོ་བོའོ། །གཉིས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་ཞེས་སོགས་སོ །གསུམ་པ་ལ། ཡོན་ཏན་སོ་སོར་དབྱེ་བ་དང༌། ཐམས་ཅད་ཆོས་སྐུར་བསྡུ་བའོ། །དང་པོ་ལ་སྡེ་ཚན་ཉེར་གཅིག་ལས་སྡེ་ཚན་དང་པོ་ནི། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་རྣམས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཆོས་ཅན། ཆོས་ཀྱི་སྐུ་ཡིན་ཏེ། གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། འདིས་འོག་མ་རྣམས་ལའང་རིག་པར་བྱའོ། །སྡེ་ཚན་གཉིས་པ་ནི། སྔ་མ་སྐབས་དང་པོའི་ནར་དུ་བསྟན་པ་བཞིན་དུ། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་བཞི་ཚང་པའི་གནས་པར་བསྟན་པ་རྣམས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཆོས་ཅན་ཞེས་སོགས་སོ། །གསུམ་པ་ནི་རྣམ་པར་ཐར་པ་བརྒྱད་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཞེས་སོགས་འགྲེའོ། །བརྒྱད་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་གཟུགས་ཅན་དུ་འདུ་ཤེས་པ་དང༌། གཟུགས་ཅན་མ་ཡིན་པར་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བ་ཞེས་བྱ་བའི་རྣམ་ཐར་གཉིས་དང༌། སྡུག་པའི་རྣམ་པར་ཐར་པ་དང་པོ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། མཐར་རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་གཅིག་དང༌། ནམ་མཁའ་དང་རྣམ་པར་ཤེས་པ་གཉིས་ལ་དམིགས་ནས་མཐའ་ཡས་པའི་རྣམ་པ་ཅན་དང་ཐོགས་བཅས་དང་ཐོགས་མེད་ཀྱི་དམིགས་པ་ཅི་ཡང་མེད་པ་དང༌། འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་མེད་པ་མ་ཡིན་པའི་སྐྱེ་མཆེད་ཞེས་བྱ་བའི་གཟུགས་མེད་ཀྱི་རྣམ་ཐར་བཞི་དང༌། དགག་བྱ་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གཅིག་སྟེ། དེ་ལྟར་ན་བརྒྱད་དོ། །བཞི་པ་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་འདྲེ། དགུ་གང་ཞེ་ན། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་དང་དགུའོ། །སྡེ་ཚན་ལྔ་པ་ཟད་པར་ལ། སྤྱི་གཞུང་གཉིས་ལས། དང་པོ་ལ། མཚན་ཉིད། མཚོན་བྱའི་སྒྲ་དོན། མཚན་བཞིའི་རྣམ་བཞག་གོ །དང་པོ་ནི། བསམ་གཏན་ལ་བརྟེན་ནས། དམིགས་པའི་སྣང་བ་མཐའ་ཡས་པ་སྤྲོ་བར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། རྒྱུན་མི་ཆད་པར་ཁྱབ་པར་སྤྲོ་བའི་ཕྱིར་ཟད་པར་ཞེས་བྱའོ། །གསུམ་པ་ལ་རྟེན། དམིགས་པ། སྦྱོང་ཚུལ། མཚན་མ། བྱེད་ལས་དང་ལྔའོ། །དང་པོ་ལ། ལུས་ཀྱི་རྟེན་དང་ས་གང་ལ་བརྟེན་པའོ། །དང་པོ་ལ་སྔ་མ་བརྒྱད་ནི་འདོད་པའི་རྟེན་ཅན་ཏེ། ཐོས་བསམ་གྱི་མཐུས་རབ་ཏུ་བསྐྱེད་པ་ཡིན་པའི་ཕྱིར། ཐ་མ་གཉིས་ནི་ཁམས་གསུམ་གའི་རྟེན་ཅན་ཏེ། མཛོད་ལས། གཟུགས་མེད་ཞེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་སོ། །གཉིས་པ་ནི། ཀུན་ལས་བཏུས་ལས་ཐམས་ཅད་ཀྱང་བསམ་གཏན་གྱི་དངོས་གཞི་ལ་རྟེན་པར་བཤད་ལ། མཛོད་ལས། ཐ་མ་གཉིས་གཟུགས་མེད་ཀྱི་དངོས་གཞི་དག་པ་བར་བཤད་དོ། །དམིགས་པ་ལ། ཟད་པར་ས་ལ་སོགས་པ་བཞིའི་དམིགས་པ་ནི། གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཀ་ཡིན་ལ། ཟད་པར་སྔོན་པ་སོགས་བཞིའི་དམིགས་པ་ནི། གཟུགས་ཀྱི་སྐྱེ་མཆེད་དོ། །ཐ་མ་གཉིས་ཀྱི་དམིགས་པ་ནི། ཆོས་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དོ། །གསུམ་པ་ལ། སྔར་སྦྱང་བ་བྱས་པའི་དང༌། མ་བྱས་པའི་སྦྱོང་ཚུལ་ལོ། །དང་པོ་ནི། སྔར་གོམས་པའི་སྟོབས་ཀྱིས། སོ་སོའི་དམིགས་པ་ཅུང་ཟད་མཐོང་བ་ཙམ་ལས། དེ་དང་དེའི་ཏིང་ངེ་འཛིན་གསལ་བར་འགྱུར་བ་སྟེ། འཕགས་པ་ལེགས་མཐོང་གིས། ཨུཏྤལ་སྔོན་པོ་མཐོང་བ་ཙམ་གྱིས་ཟད་པར་སྔོན་པོའི་ཏིང་ངེ་འཛིན་སྐྱེས་པ་བཞིན་ནོ། །གཉིས་པ་ལ། དམིགས་པའི་རྟེན་དང༌། ཡིད་གཏོད་པའི་ཚུལ་ལོ། །དང་པོ་ལ། སའི་དམིགས་རྟེན་མ་བཤད་ལ། གཞན་རྣམས་ཀྱི་རིམ་པ་ལྟར། སྣོད་དྲི་མ་མེད་པ་ཆུ་གཙང་མས་བཀང་བ་དང༌། ཐབ་ཁུང་གྲུ་བཞི་པར་འོག་དུ་བུད་ཤིང་དང་བར་དུ་མེ་དང་སྟེང་དུ་དུ་བ་འཐུལ་བ་དང༌། ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པར་འགྱུར་བའི་སྐར་ཁུང་སོགས་ལས་བྱུང་བའི་རླུང་དང༌། ཚོན་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་རྣམས་ཀྱིས་ཟླུམ་པོར་བྱས་ཏེ། ཁ་དོག་གཞན་གྱིས་བཅད་བྱས་པ་དང༌། མཐོ་གང་སོར་བཞི་ཙམ་གྱི་བུ་ག་ནམ་མཁའི་མཐོངས་བསྟོད་པ་དང༌། བུམ་པའི་ནང་གི་མར་མེའི་འོད་བུ་གའི་ངོས་ནས་རྩིག་པ་ལ་ཕོག་པ་རྣམས་སོ། །གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ལ་རྟེན་ནས། ཇི་སྐད་བརྗོད་པའི་དམིགས་པ་དེ་དག་ཡུལ་དུ་བྱས་ཏེ། བཅུ་པོ་སོ་སོའི་མིང་ཙམ་ལ་དམིགས་ནས་ཡང་དག་ཡང་དུ་གོམས་པར་བྱེད་པའོ། །བཞི་པ་མཚན་མ་ལ། འཛིན་པའི་མཚན་མ་དང༌། སྣང་བའི་མཚན་མའོ། །དང་པོ་ནི། རིམ་པ་ལྟར། ཆུའི་ལྦུ་བ་དང་ཆུ་བུར་འདྲེས་པའི་ཆུ་གཡོ་བའི་རྣམ་པ་ཅན་དང༌། མེ་ལྕེ་ཆད་ཅིང་ལྷུང་བ་ལྟ་བུར་གཡོ་བ་དང༌། འོ་མ་བསྐོལ་བ་ས་ལ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་ལྟ་བུ་དང༌། སྔོན་པོ་སོགས་བཞི་ལ། མེ་ཏོག་གེ་སར་དང་སྡོང་བུ་མེད་པ་ལྟ་བུ་དང༌། རྩིག་པའི་མཐའི་བུ་ག་དང་འདྲ་བར་གྱུར་ཏེ། བསྐྱེད་ཀྱང་མི་འཕེལ་བ་དང་ས་ལ་བྱས་པའི་དཀྱིལ་འཁོར་དང་འདྲ་བར་ཐོགས་བཅས་སུ་སྣང་བའོ། །གཉིས་པ་ནི་ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་ཡབ་ལྟར་མི་གཡོ་བའི་རྣམ་པ་ཅན་དུ་སྣང་བ་དང༌། ནམ་མཁའ་ལ་གནས་པའི་ཟླ་བ་དམར་པོ་ཟླུམ་པོ་ལྟར་ཉེ་བར་གནས་པ་དང༌། འདུག་པ་ལྟ་བུར་མི་གཡོ་བ་དང༌། སྔོན་པོ་སོགས་བཞི་ལ་དམིགས་པའི་རྟེན་མཁར་འཕགས་ནས་ནོར་བུའི་རླུང་ཡབ་ལྟར་ནམ་མཁའ་ལ་སྣང་བ་དང༌། སྣང་བའི་ཚོགས་སྟུག་པོ་རབ་ཏུ་དང་བ་དང་འདྲ་བར་ཐམས་ཅད་གསལ་བ་དང༌། ནམ་མཁའི་དཀྱིལ་འཁོར་ལྟར་གྱུར་ནས་བསྐྱེད་ནས་འཕེལ་བར་གྱུར་པ་རྣམས་སོ། །ལྔ་པ་བྱེད་ལས་ནི། རིམ་པ་ལྟར་གཅིག་དུ་གྱུར་ནས་མང་པོར་གྱུར་པ་དང༌། ནམ་མཁའ་དང་ཆུ་ལ་ཡང་གོམ་པ་དོར་ནས་འགྲོ་བ་དང༌། ས་ལ་ཡང་ཆུ་ལ་འཇུག་པ་ལྟར་བྱེད་པ་དང༌། བདུད་ཀྱི་གཞལ་ཡས་ཁང་བསྲེག་པའི་མེ་འབར་ཞིང་མེ་འདག་གི་ཆར་འབེབས་པ་སོགས་དང༌། རླུང་ལྟར་མགྱོགས་པར་འགྲོ་བ་དང༌། གཟུགས་སོགས་སྔོན་པོར་སྤྲུལ་ཞིང་མུན་པར་བྱེད་པ་དང༌། སེར་པོར་སྤྲུལ་ཞིང་གསེར་དུ་བསྒྱུར་བ་དང༌། གཟུགས་དམར་པོར་སྤྲུལ་པ་དང༌། དཀར་པོར་སྤྲུལ་པ་དང༌། རྩིག་པ་སོགས་ལ་ཐོགས་མེད་དུ་འགྲོ་བ་དང༌། གཟུགས་གསལ་བར་བྱེད་པ་དང༌། གཉིད་དང་རྨུགས་པ་རྒྱང་རིང་དུ་བྱེད་པའོ། །གཞུང་གི་དོན་ནི། བདག་རྐྱེན་བསམ་གཏན་ལ་རྟེན་ནས་དམིགས་ཡུལ་ས་དང༌། ཆུ་དང༌། མེ་དང༌། རླུང་སྟེ་འབྱུང་བ་བཞི་དང༌། འབྱུང་འགྱུར་ལ་ཁ་དོག་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་སྟེ་བཞི་དང༌། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ནམ་མཁའ་དང༌། ཡིད་ཀྱི་སྐྱེ་མཆེད་དུ་གཏོགས་པ་རྣམ་པར་ཤེས་པ་ཞེས་བྱ་བ་རྣམས་ལ་སོ་སོར་དམིགས་ནས་ཁྱབ་པར་སྤྲོ་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་ནི། རིམ་པ་ལྟར་ཟད་པར་རྣམ་པ་བཅུ་པོ་སོ་སོའི་དོན་ནོ། །ཅིའི་ཕྱིར་འབྱུང་བ་བཞི་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་ལ་ཟད་པར་འཇོག་ལ། སྐྱེ་མཆེད་ལྷག་མ་རྣམས་ལ་མ་ཡིན་ཅེ་ན། གཟུགས་དང་རེག་བྱ་གཉིས་ནི་རང་གཞན་གཉིས་ཀ་དང༌། གཟུགས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་པས་ཁྱབ་པར་སྤྲོ་ནུས་པ་དང༌། རྟེན་འབྱུང་བ་མེད་པར་རྟེན་པ་འབྱུང་འགྱུར་སྤྲོ་མི་ནུས་པས་འབྱུང་བ་བཞི་ཀའི་ཟད་པར་བཞག་ལ། ནམ་མཁའ་ནི་ཀུན་ལ་ཁྱབ་ཅིང་རྣམ་པར་ཤེས་པ་ཡུལ་ཅན་ཡིན་པས་དེ་དག་ལ་བཞག་གོ །སྐྱེ་མཆེད་གཞན་རྣམས་ལ་མ་ཡིན་ཏེ། དབང་པོ་ལྔ་ཕྱི་རོལ་དུ་སྤྲོ་མི་ནུས་པའི་ཕྱིར་དང༌། སྒྲ་ལ་རྒྱུན་མེད་པའི་ཕྱིར་དང༌། དྲི་རོ་གཉིས་གཟུགས་ཁམས་སུ་སྤྲོ་མི་ནུས་པའི་ཕྱིར་རོ། །དྲུག་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ། གཟུགས་ཅན་གཟུགས་ཆུང་ངུ་དང་ཆེན་པོ་ལ་ལྟ་བའི་ཟིལ་གནོན་གཉིས་ནི། རིམ་པ་ལྟར་རྣལ་འབྱོར་པ་ནང་གཟུགས་སུ་འདུ་ཤེས་པ་དག་གིས་དམིགས་པ་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལ་ལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བ་དང༌། ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བའོ། །གཟུགས་མེད་གཟུགས་ཆུང་ངུ་དང་ཆེན་པོ་ལ་ལྟ་བའི་ཟིལ་གནོན་གཉིས་ནི། རིམ་པ་ལྟར་ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང་ཆེན་པོ་རྣམས་ལ་ལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས། ཤེས་ཟིལ་གྱིས་མནན་ནས་མཐོང་བའོ། །དེ་ལ་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་སོ། །བཟང་པོ་དང་ངན་པ་ནི་ལྷ་དང་མིའི་འོ། །ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། མཛེས་མི་མཛེས་ནི་ཡིད་དུ་འོང་མི་འོང་ངོ་ཤེས་པ་དང་མཐོང་བ་ནི་ཞི་གནས་དང་ལྷག་མཐོང་གིས་སོ། །བཞི་པོ་འདི་དག་ནི་རྣམ་ཐར་དང་པོ་གཉིས་ཀྱི་རྒྱུ་ལས་བྱུང་བའོ། །ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ཞིང༌། དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །དེ་བཞིན་དུ་སེར་པོ་དང༌། དམར་པོ་དང༌། དཀར་པོ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་ཟིལ་གྱིས་མནན་ནས་མཐོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ། གསུམ་ནི་རིམ་པ་ལྟར། ཟིལ་གནོན་གང་དང༌། བདུན་པ་དང་བརྒྱད་པའོ། །མདོ་ལས། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་བཱ་རཱ་ཎ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱིས་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བའི་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ཞེས་སོ། །དེ་བཞིན་དུ་སེར་པོ་ལ་དོང་ཁའི་མེ་ཏོག་དང༌། དམར་པོ་ལ་མན་དྷུ་ཛི་བ་ཀའི་མེ་ཏོག་དང༌། དཀར་པོ་ལ་སྐར་མ་པ་བ་སངས་དང་སྦྱར་ནས་གཞན་གསུམ་ལ་ཡང་གསུངས་སོ། །དེ་ལ་སྔོན་པོ་ཞེས་སོགས་ཀྱིས་ནི་མདོར་བསྟན་ནོ། །ཁ་དོག་སྔོན་པོ་ཞེས་སོགས་ཀྱིས་ནི་ལྷན་སྐྱེས་དང༌། སྔོན་པོ་ལྟ་བུར་སྟོན་པ་ཞེས་སོགས་ཀྱིས་ནི་སྦྱར་བྱུང་དང༌། འོད་སྔོན་པོ་འབྱུང་བ་ཞེས་སོགས་ཀྱིས་ནི་གཉིས་ཀ་ལ་སྔོན་པོ་སོགས་ཀྱི་མདངས་ཡོད་པར་སྟོན་ནོ། །མེ་ཏོག་ནི་ལྷན་སྐྱེས་ཀྱི་དཔེའོ། །རས་ནི་སྦྱར་བྱུང་གི་དཔེའོ། །ཡུལ་བཱ་རཱ་ཎ་སིའི་རས་དཔེར་མཛད་པ་ནི་ཁ་དོག་ཆེས་གསལ་བའི་དཔེ་ཡིན་ནོ། །འདི་བཞི་ནི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བའོ། །སྔ་མ་དབྱིབས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་དང༌། ཕྱི་མ་ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ཡོད་པ་དེ་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དོ། །རྣམ་ཐར་དང༌། ཟིལ་གནོན་དང༌། ཟད་པར་གྱི་ཁྱད་པར་ནི། རྣམ་པར་ཐར་པ་རྣམས་ཀྱིས་དམིགས་པ་རྣམས་ཇི་ལྟར་སྤྲུལ་པར་འདོད་པ་དེ་ལྟར་དུ་མོས་པར་བྱེད་དོ། །ཟིན་གནོན་རྣམས་ཀྱིས་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་དབང་བྱེད་པ་དང༌། རང་བཞིན་གྱི་དམིགས་པ་ཟིལ་གྱིས་གནོན་ལ། ཟད་པར་གྱིས་མཐའ་ཡས་པར་སྤྲོ་བར་བྱེད་པ་ཡིན་ནོ། །རྣམ་ཐར་དང་ཟིལ་གནོན་ལ་འབྱུང་བཞི་མ་བཞག་པར་ཟད་པར་ལ་བཞག་པ་ཅི་ཞེ་ན། ཟད་པར་གྱི་དོན་ནི་ཁྱབ་པར་སྤྲོ་བ་ཡིན་ལ། འབྱུང་བ་མེད་ན་འབྲས་བུའི་གཟུགས་ཀྱིས་ཁྱབ་པར་བྱེད་མི་ནུས་པའི་ཕྱིར་རོ། །བདུན་པ་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཆོས་ཅན། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པར་མཛད་པའི་སེམས་རྩེ་གཅིག་པ་ཡིན་པའི་ཕྱིར། བརྒྱད་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། སྨོན་ནས་མཁྱེན་པ་ཡིན་ཏེ། གདུལ་བྱའི་དོན་དུ་དུས་འཁོར་བ་ཇི་སྲིད་པ་དང༌། རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུ་འཇུག་ནུས་པའི་ཕྱིར་ཏེ་ཡང་དག་པར་མཚན་མ་ཐམས་ཅད་དང་བྲལ་ཞིང་མངོན་པར་ཞེན་པའི་ཆགས་པ་བཅོམ་པའི་སྒོ་ནས་གདུལ་བྱའི་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་སོ། །དགུ་པ་ནི། སྔར་བཤད་པའི་མངོན་པར་ཤེས་པ་དྲུག་དང༌། བཅུ་པ་ནི། སོ་སོ་ཡང་དག་པ་རིག་པ་བཞིའོ། །བཅུ་གཅིག་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཡོངས་སུ་དག་པ་ཡིན་ཏེ། རྟེན་ལུས་འདོར་ལེན་ལ་དབང་ཐོབ་པ་དང༌། དམིགས་པ་སྤྲུལ་བསྒྱུར་དང༌། ཐུགས་ཏིང་ངེ་འཛིན་གྲངས་མེད་པ་དང༌། ཡེ་ཤེས་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་བྱེད་པའི་ཕྱིར། འདི་དག་ནི་ཡོངས་སུ་དག་པ་བཞིའོ། །བཅུ་གཉིས་པ་དབང་ལ་བཅུ་སྟེ། ཚེ་ལ་དབང་བ་ནི། ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པའི་ནུས་པ་ཐོབ་པའོ། །སེམས་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པའོ། །ཡོ་བྱད་ལ་དབང་བ་ནི་ནོར་གྱི་ཆར་འབེབས་ནུས་པའོ། །ལས་ལ་དབང་བ་ནི་གོང་མ་མྱོང་འགྱུར་གྱི་ལས་རྣམས་འདོད་པར་སྨིན་པར་བསྒྱུར་བ་ལ་སོགས་པའོ། །སྐྱེ་བ་ལ་དབང་བ་ནི་བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་པར་བྱེད་པའོ། །མོས་པ་ལ་དབང་བ་ནི། ས་དང་ཆུ་ལ་སོགས་པ་གང་མོས་པ་དེར་འགྱུར་བའོ། །སྨོན་ལམ་ལ་དབང་བ་ནི་གཞན་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་གྲངས་མེད་པ་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི། གདུལ་བྱ་འདུལ་བའི་ཕྱིར་རྫུ་འཕྲུལ་དཔག་མེད་སྟོན་པའོ། །ཡེ་ཤེས་ལ་དབང་བ་ནི། སོ་སོ་ཡང་དག་པའི་རིག་པ་བཞི་ཕུལ་དུ་བྱུང་བའི་མཐར་འགྲོ་བའོ། །ཆོས་ལ་དབང་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་མཛད་པའོ། །འདི་དག་ལ་དང་པོ་གསུམ་ནི་སྦྱིན་པ་གསུམ་གྱི་འབྲས་བུའོ། །ལས་དང་སྐྱེ་བ་གཉིས་ནི་ཚུལ་ཁྲིམས་དང༌། མོས་པ་ནི་བཟོད་པ་དང༌། སྨོན་ལམ་ནི་བརྩོན་འགྲུས་དང༌། རྫུ་འཕྲུལ་ནི་བསམ་གཏན་དང༌། ཐ་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུའོ། །བཅུ་གསུམ་པ་ནི་སྔར་བཤད་པའི་སྟོབས་བཅུ་དང༌། བཅུ་བཞི་པ་མི་འཇིགས་པ་བཞི་དང༌། བཅོ་ལྔ་པ་བསྲུང་བ་མེད་པ་གསུམ་སྟེ། གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་འདི་ལ་སྒོ་གསུམ་གྱི་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པའི་བསྙེངས་པས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་ཕྱིར་བཅུ་དྲུག་པ་ཉེ་བར་བཞག་པ་རྣམ་པ་གསུམ་སྟེ། གང་ཞེ་ན་ཆོས་སྟོན་པ་ན་གུས་པས་ཉན་པར་འདོད་པ་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང༌། ཉན་པར་མི་འདོད་པ་ལ་ཁོང་ཁྲོ་བ་དང༌། ཕྱོགས་ཅིག་ཉན་པ་དང་ཕྱོགས་ཅིག་མི་ཉན་པ་གཉིས་ཀ་དག་ལ་ཆགས་སྡང་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ་གསུམ་མོ། །བཅུ་བདུན་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། གཞན་དོན་ལ་བསྙེལ་པ་མི་མངའ་བའི་ཆོས་ཉིད་ཅན་ཡིན་ཏེ། སེམས་ཅན་གྱི་དོན་མཛད་པའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བའི་མཚན་ཉིད་ཅན་ཡིན་པས་སོ། །བཅོ་བརྒྱད་པ་ནི་བག་ཆགས་ཡང་དག་པར་བཅོམ་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་མ་ལུས་པར་སྤངས་པས་སོ། །བཅུ་དགུ་པ་ནི་སྐྱེ་བོ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། སྐྱེ་བོ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་དུ་ཕན་པའི་བསམ་པ་དང་རྟག་ཏུ་ལྡན་པ་ཉིད་ཀྱིས་སོ། །ཉི་ཤུ་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ཉེར་གཅིག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གོང་དུ་བཤད་ཟིན་ཏོ། །རྩ་བར་དང་ཞེས་བྱ་བའི་སྒྲས་བསྡུས་པ་ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་པའོ། །འཕགས་པས་དང་ཞེས་པའི་སྒྲ་རྣམ་པར་འབྱེད་པ་ལ་འདོད་ཀྱི་བསྡུད་པ་ལ་མི་བཞེད་དོ། །གཉིས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་བཅས་གནས་གྱུར་པས་ཟག་མེད་དུ་གྱུར་པ་ཐམས་ཅད་ཀྱང་ཆོས་ཅན། ངོ་བོ་ཉིད་ཀྱི་སྐུ་ལས་གཞན་པའི་ཆོས་ཀྱི་སྐུར་མངོན་པར་བརྗོད་དོ། །གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཡིན་པའི་ཕྱིར། ཞེས་བྱ་བ་ནི། མཁན་པོ་རྣམ་སྣང་དང་ཡེ་ཤེས་ཟླ་བ་ལ་སོགས་པ་ཁ་ཅིག་གི་བཞེད་པའོ། །གཉིས་པ་ལ་ཁས་བླངས་བརྗོད་པ་དང༌། སུན་འབྱིན་བཤད་པ་གཉིས་ལས། དང་པོ་ནི་སྐུ་བཞིར་འདོད་པ་ལས་གཞན་གསུམ་དུ་འདོད་པ་དག་ནི། ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེའི་མཚན་ཉིད་ཅན་ཡིན་ནོ། །ཆོས་གང་གི་རང་བཞིན་ཡིན་ཅེ་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའི་སྒྲ་ཇི་བཞིན་པ་ཉིད་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཟག་པ་མེད་པའི་ཆོས་རྣམས་ཁོ་ན་ཁས་བླངས་ནས་ཟག་མེད་ཀྱི་ཆོས་སུ་འདོད་པ་དེ་དག་གི་རང་བཞིན་ནོ། །སྐུ་བཞིར་འདོད་པས་ཀྱང་སྒྲ་ཇི་བཞིན་དུ་མ་བཤད་དམ་ཅེ་ན། མ་བཤད་དེ་ཟག་པ་མེད་པའི་ཆོས་ཞེས་པ་ཟག་མེད་ཀྱི་ཆོས་ཉིད་ལ་འདོད་པའི་ཕྱིར་ཏེ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཟག་པ་མེད་པ་ཞེས་བཤད་པས་སོ། །འོ་ན་བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཟག་པ་མེད་པའི་ཆོས་གང་དག ཅེས་པའི་དོན་རྒྱས་པར་སྟོན་བྱེད་མ་ཡིན་པར་འགྱུར་ཏེ། ཆོས་དབྱིངས་ཡིན་པས་སོ་ཅེ་ན། སྐུ་བཞིར་འདོད་པ་རྣམས་ནི་སྐུ་གཞན་སྟོན་པར་འདོད་ཀྱི་སྔར་གྱི་འཕྲོས་དོན་དུ་མི་འདོད་དོ། །སྐུ་གསུམ་དུ་འདོད་པ་ལྟར་ན་སྔར་གྱི་འཕྲོས་དོན་དུ་བཤད་དགོས་ཏེ། གཞན་དུ་ན་སྐུ་གཞན་སྟོན་པར་ཁས་ལེན་དགོས་པས་རང་གི་དམ་བཅའ་ཉམས་པར་འགྱུར་བས་སོ། །གལ་ཏེ་སྐུ་གཞན་སྟོན་པར་མི་འདོད་ན་འདིའི་དོན་ཇི་ལྟར་འཆད་ཅེ་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་འབྲེལ་བས་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཀྱང་དྷརྨ་ཏ་ཀ་ཡ་ཞེས་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས། སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ཏ་མི་མངོན་པར་བྱས་ནས། དྷརྨྨ་ཀ་ཡ་ཞེས་ཆོས་ཀྱི་སྐུའོ་ཞེས་བསྟན་ཏོ། །ཞེས་རྣམ་པར་བཤད་ནས། ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་གང་ཞེ་ན། ཟག་མེད་པའི་ཆོས་གང་དག་ཞེས་སོགས་ཀྱི་ཚིག་རྐང་པ་གསུམ་འདོན་ནོ། །ཆོས་ཀྱི་སྐུ་གང་དག་གི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་དག་གཅིག་ཡིན་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་ཞེས་བྱ་བ་ལ་སོགས་པའི་ཚོགས་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ། །འདི་དག་ནི་ཉི་ཁྲི་སྣང་བར་རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱས་ཏེ། གཞན་དུ་ན། ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ་ཞེས་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་བཀག་པར་འགྱུར་བ་དང༌། སྤྱོད་པའི་དོན་ཡིན་པའི་ཕྱིར་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །དེ་དག་ལ་སྐུ་ཞེས་བརྗོད་པ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་ཉེ་བར་བཏགས་པ་ཡིན་པར་རིག་པར་བྱའོ། །ཞེས་པའི་དོན་བཀོད་པ་ཡིན་ནོ། །འདིའི་དོན་ནི་རྐྱེན་ཕྱིས་ནས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུའོ་ཞེས་བརྗོད་པ་ལས་གཞན་དུ་ན། བྱང་ཆུབ་ཕྱོགས་མཐུན་སོགས་ཟག་མེད་ཀྱི་ཆོས་རྣམས་བསགས་པའི་སྐུ་ལ་ཆོས་ཀྱི་སྐུའོ་ཞེས་བརྗོད་པར་འགྱུར་ལ། དེ་ལྟར་ན་ངོ་བོ་ཉིད་ཀྱི་སྒྲའི་དོན་བཀག་པར་འགྱུར་ཏེ། དེ་དག་ནི་འདུས་བྱས་བསགས་པ་ཡིན་པས་སོ། །བྱང་ཆུབ་ཕྱོགས་མཐུན་སོགས་སྤྱོད་པའི་དོན་ཡིན་པས་འདུས་བྱས་སུ་ཡང་འགྱུར་རོ། །ཇི་ལྟར་ཆོས་ཀྱི་དབྱིངས་ལ་སྐུ་ཞེས་བརྗོད་ཅེ་ན། ཉེ་བར་བཏགས་ནས་བསྟན་ཏེ། འདོགས་པའི་རྒྱུ་མཚན་ནི། སྔོན་གྱི་གནས་སྐབས་སུ་སེམས་སེམས་བྱུང་གི་ཚོགས་པ་ལ་ལུས་ཞེས་ཐ་སྙད་འདོགས་པའི་རྗེས་སུ་འབྲངས་ནས། ཟག་མེད་ཀྱི་ཆོས་རྣམས་ཀྱི་ཚོགས་པ་ལ་སྐུ་ཞེས་བརྗོད་ཅིང༌། ཆོས་ཀྱི་དབྱིངས་ཀྱང་དེ་དག་དང་ཚོགས་པ་ཐ་མི་དད་པའི་ཕྱིར། དེས་ན་ཆོས་ཀྱི་དབྱིངས་ཟག་མེད་ཀྱི་ཆོས་རྣམས་དང་ལྷན་ཅིག་ཏུ་ཚོགས་པ་ནི་སྐུ་དངོས་ཡིན་ནོ། །གཞན་དག་ཉི་ཁྲི་སྣང་བའི་དགོངས་པ་ངོ་བོ་ཉིད་སྐུ་སྐུ་བཏགས་པར་འདོད་པ་ནི། དོན་འདི་མ་རྟོགས་པར་ཕྱིན་ཅི་ལོག་ཁོ་ནའོ། །གཉིས་པ་ནི་སྐུ་བཞིར་འདོད་པ་གཞན་དག་ན་རེ་སངས་རྒྱས་པའི་ཆོས་རྣམས་སྐུ་གསུམ་གྱི་བསྡུས་པར་འདོད་པ་དེ་དག་གི་ལྟར་ན། ཁྱད་པར་གསུམ་དང་ལྡན་པའི་ཡེ་ཤེས་གདོན་མི་ཟ་བར་ཁས་བླངས་དགོས་པ་རྣམས་ཆོས་ཅན། ཇི་ལྟར་སངས་རྒྱས་ཀྱི་སས་བསྡུས་ཏེ་མ་བསྡུས་པར་ཐལ། སྐུ་གསུམ་གང་ཡང་མ་ཡིན་པའི་ཕྱིར། ཁྱད་པར་གསུམ་གང་ཞེ་ན། བྱེད་པའི་ཁྱད་པར་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་གཟུགས་སྐུའི་སྣང་བ་བསྐྱེད་པའི་སྒོ་ནས་ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པའོ། །སྤངས་བའི་ཁྱད་པར། ཟག་བཅས་གནས་ཡོངས་སུ་གྱུར་པས་ཟག་མེད་དུ་གྱུར་པའོ། །ངོ་བོའི་ཁྱད་པར། གཟུང་འཛིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ། །གསུམ་པ་ལ་རྩོད་པ་དང༌། ལན་གཉིས་ལས། དང་པོ་ནི་སྐུ་གསུམ་དུ་འདོད་པ་ཁ་ཅིག་ན་རེ། སྐུ་ནི་གསུམ་ཁོ་ན་ཡིན་ཏེ། སྐུ་བཞིའམ་གསུམ་གང་རུང་དུ་གནས་པ་གང་ཞིག སྐུ་བཞི་ཡིན་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་ཞེས་སོགས་ཀྱི་ལུས་རྣམ་བཞག་གི་ཚིག་ལེའུར་བྱས་པ་ལས། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་འབྱུང་བར་རིགས་པ་ལས་མི་འབྱུང་བས་སོ་ཞེས་ཟེར་རོ། །གཉིས་པ་ལ་སྐུ་བཞིར་འདོད་པ་གཞན་དག་ན་རེ། དགོས་པ་ཉེ་བར་བསྟན་པའི་ཤུགས་སམ་སྟོབས་ཀྱིས་ཆོས་སྐུ་མཛད་པ་དང་བཅས་པ་ཞེས་དེ་སྐད་དུ་ཆོས་སྐུ་ཐ་མར་གསུངས་པ་ཡིན་ནོ། །དགོས་པ་གང་ཞེ་ན། ལུས་རྣམ་བཞག་གི་ཚིག་ལེའུར་བྱས་པ་སྦྱར་བདེ་བའི་ངོར་རམ་མཛད་པ་ཐམས་ཅད་ཆོས་སྐུའི་མཛད་པར་རྟོགས་པའི་དོན་དུ་ཡེ་ཤེས་ཁོ་ན་དང་མཛད་པ་སྦྱར་བར་བྱ་བའི་ཕྱིར་ཡིན་ནོ། །འགའ་ཞིག་ཡེ་ཤེས་ཁོ་ན་དང་མཛད་པ་ལྷན་ཅིག་དུ་སྦྱར་བའི་ཕྱིར། ཆོས་སྐུ་ཐ་མར་གསུངས་པ་ཡིན་ནོ། །འོ་ན་ཡེ་ཤེས་མཛད་པ་དང་བཅས་པ་ཞེས་ཅིའི་ཕྱིར་མ་སྨོས་ཅེ་ན། དེ་ནི་ཚིག་ལེའུར་བྱས་པ་སྦྱར་བདེ་བའི་ངོར་ཡིན་ནོ། །ཡེ་ཤེས་ཁོ་ན་དང་མཛད་པ་སྦྱར་བ་ལ་དགོངས་པ་ཅི་ཡོད་ཅེ་ན། ཡེ་ཤེས་སྐུ་ལོགས་པར་སྟོན་པའི་དགོས་པ་ཡོད་ཞེས་སོགས་ཀྱི་བཤད་པ་བྱེད་པས་ནི་ངམ་ཞེས་པའི་འདམ་ཀ་ཅན་གྱི་ཚིག་ཁོང་དུ་མ་ཆུད་ཅིང༌། ངོ་བོ་ཉིད་ཅེས་བྱ་བའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་ཞེས་པའི་རྩོད་སྤོང་དུ་སྨྲ་བའི་དོན་ཡང་མ་རྟོགས་པ་ཡིན་ནོ། །སྐུ་གསུམ་དུ་འདོད་པ་ལ་སྐྱོན་ཡོད་ལ་བཞི་ཡིན་པ་ལ་ཉེས་པ་མེད་པ་དེའི་ཕྱིར་ཕྱོགས་གཞན་སྔགས་ཀྱི་ཐེག་པར་སྐུ་བཞིར་གསུང་པ་ཐམས་ཅད་ཀྱང་མི་འགལ་བར་འགྱུར་རོ་ཞེས་ཟེར་རོ། །གང་ཡང་སྔགས་ནས་སྐུ་བཞིར་གསུངས་པ་དང༌། འདིར་སྐུ་བཞིར་བཤད་པ་མི་འགལ་ཞེས་འཆད་པ་ནི་མ་འབྲེལ་བ་ཡིན་ནོ། །ཞེས་སྨྲ་བ་ནི་གསལ་བྱེད་པའི་བཞད་གད་སྟེ། འགྲེལ་ཆེན་ལས། ཕྱོགས་གཞན་ནས་སྐུ་བཞིར་གསུངས་པ་ཐམས་ཅད་དང་ཡང་མི་འགལ་བར་འགྱུར་ཞེས་སོ། །གཉིས་པ་ཡོན་ཏན་གྱི་ཁྱད་པར་ལ། ཉོན་མོངས་པ་མེད་པ་དང༌། སྨོན་ནས་མཁྱེན་པའི་ཁྱད་པར་རོ། །དང་པོ་ལ་མཚམས་སྦྱར་བ་ནི། ཉན་ཐོས་ལ་སོགས་པའི་ཞེས་སོགས་སོ། །ཚིག་དོན་ལ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་ཐོག་མར་སྨོན་ནས་ཤེས་པས་བདག་ལ་དམིགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་རམ་མི་འགྱུར་ཞེས་བརྟགས་ནས། སྐྱེ་བར་ཤེས་ན། བདག་མཐོང་བ་ལས་འགའ་ཞིག་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ངོ་ཞེས་བསམས་ནས། ཉོན་མོངས་པ་མེད་པ་ལ་སྙོམས་པར་ཞུགས་ཏེ། མིའི་ཉོན་མོངས་པ་སྐྱེ་རུང་འགོག་པའི་སྒོ་ནས་ཡོངས་སུ་སྤོང་བ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་ཆོས་ཅན། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་ཏེ། གྲོང་ལ་སོགས་པར་བྱོན་ནས་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་འབྱིན་པར་མཛད་པ་ཡིན་པའི་ཕྱིར་རོ། །གཉིས་པ་སྨོན་ནས་ཤེས་པ་ལ། མཚམས་སྦྱར་བ་ནི། ཉན་ཐོས་ལ་སོགས་པའི་སྨོན་ནས་ཤེས་པ་ཞེས་སོགས་སོ། །ཚིག་དོན་ནི། དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ནི་ཆོས་ཅན། ལྷུན་གྱིས་གྲུབ་པ་ཡིན་ཏེ། འབད་རྩོལ་གྱི་མཚན་མ་མེད་པ་ཉིད་དུ་རང་གི་ངང་གིས་འཇུག་པའི་ཕྱིར། གཟུགས་ལ་སོགས་པ་ལ་ཆགས་པ་དང་བྲལ་བ་ཡིན་སྟེ། དངོས་པོ་ལ་མངོན་པར་མ་ཞེན་པར་འཇུག་པས་སོ། །ཤེས་བྱ་ཐམས་ཅད་ལ་མཁྱེན་པ་ཐོགས་པ་མེད་པར་འཇུག་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས་སོ། །གཞན་དོན་ལ་རྟག་ཏུ་གནས་པ་ཡིན་ཏེ། འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་བྱེད་པར་གནས་པའི་ཕྱིར། འདྲི་བ་ཀུན་གྱི་ལན་འདེབས་པར་མཛད་པ་ཡིན་ཏེ། སོ་སོ་ཡང་དག་པ་རིག་པ་བརྙེས་པས་སོ། །ཉན་ཐོས་ལ་སོགས་པའི་སྨོན་ནས་མཁྱེན་པ་ནི་ཆོས་ཅན། ཁྱད་པར་ལྔ་ལྡན་དེ་ལྟ་མ་ཡིན་ཏེ། མཚན་མ་མེད་པ་ཉིད་དུ་འཇུག་པ་སོགས་ཇི་སྐད་བཤད་པ་ལས་བཟློག་པ་ཉིད་ཀྱིས་སོ། །གསུམ་པ་རྩོད་པ་སྤང་བ་ལ། ཆོས་སྐུ་རྟག་པ་ལ་བརྩོན་པ་སྤང་བ་དང༌། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། ཆོས་ཀྱི་སྐུ་ཆོས་ཅན། རྟག་ཏུ་སེམས་ཅན་གྱི་དོན་ཇི་ལྟར་མི་མཛད་དེ་མཛད་པར་ཐལ། རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ལ་བཞུགས་པའི་ཕྱིར། ཞེས་པའི་ལན་བཏབ་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅས་པ་གསུངས་སོ། །གཉིས་པ་ལན་ལ་སྐལ་ལྡན་ལ་སྣང་བ་དང༌། སྐལ་མེད་ལ་མི་སྣང་བ་དཔེས་བསྟན་པའོ། །དང་པོ་ནི་བཅོམ་ལྡན་འདས་དེ་དང་དེར་གདུལ་བྱའི་སྣང་བ་དང་མཚམས་པར་གཞན་གྱི་བྱ་བ་མཛད་པས་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་གནས་པས་སོ། །གདུལ་བྱ་གང་ལ་ཞེ་ན། ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་དང་ཕྲད་པས་སྔོན་བསྐྱེད་པའི་དགེ་བའི་ས་བོན་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་རྒྱུ་རྐྱེན་གྱིས་ཡོངས་སུ་རྟས་པར་འགྱུར་པའི་སེམས་ཅན་ལའོ། །གང་གི་དུས་སུ་ཞེ་ན། ཆོས་སྟོན་པ་ལ་སོགས་པ་མཛད་ན་ཡུན་དུ་འཕྲོད་པར་གྱུར་པ་དེའི་ཚེའོ། །རྒྱུ་གང་ལས་ཤེ་ན་སེམས་ཅན་དེའི་དོན་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྲུབ་པས་སོ། །འགའ་ཞིག་ལ་མི་སྣང་བ་ཅི་ཞེ་ན་བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུ་ལྟར་གནས་ཀྱང་རང་གི་ལས་ཀྱི་ཉེས་པས་བསྐྱེད་པའི་སེམས་ཅན་ལ་སངས་རྒྱས་སུ་སྣང་བའི་རྒྱུ་མ་ཚང་བས་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་དགོངས་པ་ཡིན་ནོ། །གཉིས་པ་ལ་མཚམས་སྦྱར་བ་ནི། སངས་རྒྱས་ཉེ་བར་གནས་པར་ཁྱད་པར་མེད་བཞིན་དུ་འགའ་ཞིག་གི་དོན་བྱེད་ལ་འགའ་ཞིག་གི་དོན་མི་བྱེད་པ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པས་དཔེ་གསུངས་པ། ཚིག་གི་དོན་ནི། དཔེར་ན་ལྷའི་དབང་པོས་ཆར་ཕབ་དུ་ཟིན་ཀྱང་ཏིལ་ལ་སོགས་པའི་ས་བོན་རུལ་བའི་ངོ་བོ་ལ་སོགས་པ་ས་བོན་དུ་མི་རུང་བར་གྱུར་པས་མྱུ་གུ་མི་འཁྲུང་བ་དེ་བཞིན་དུ་ཡིད་ལ་རེ་བ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པའི་མཁས་པ་སངས་རྒྱས་རྣམས་བྱུང་ཡང་སྐལ་བ་མེད་པས་དམ་པའི་ཆོས་ཉན་པ་ལ་སོགས་པ་བཟང་པོ་ཐོབ་པར་མི་འགྱུར་རོ། །གཉིས་པ་ལ་མཚམས་སྦྱར་བ་ནི། ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་ཆོས་ཅན། ཇི་ལྟར་ཁྱབ་པ་དང་རྟག་པ་ཞེས་བརྗོད་དེ་བརྗོད་པར་མི་རིགས་པར་ཐལ། ཤཱཀྱ་སེང་གེ་ལ་སོགས་རྣལ་འབྱོར་པ་སོ་སོར་ངེས་པའི་རྒྱུད་ཀྱི་རྟེན་ལ་ཡོད་པའི་ཕྱིར་དང༌། སྐད་ཅིག་རེ་རེ་ལ་འབྱུང་བའི་ཕྱིར་ཞེ་ན། འདི་ནི་ཐོགས་པ་མེད་དང་རྟག་གནས་དང་ཞེས་པ་ལས་འཕྲོས་པའོ། །འདིའི་ལན་བར་སྐབས་ཀྱི་ཚིགས་སུ་བཅད་དེ་གསུངས་པས་སྟོན་ནོ། །ཚིག་གི་དོན་ལ་བཅོམ་ལྡན་འདས་ཆོས་ཅན། གོ་རིམ་བཞིན་དུ་ཁྱབ་པ་དང་རྟག་པ་ཞེས་མངོན་པར་བརྗོད་དེ། དེ་དང་དེ་ལ་དེ་སྣང་ཞེས་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ཐམས་ཅད་སྣང་བའི་སྒོ་ནས་བྱ་བ་མཛད་པ་རྒྱ་ཆེ་བའི་ཕྱིར་དང༌། རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་ཟད་པ་མི་མངའ་བའི་ཕྱིར། ཆོས་ཀྱི་སྐུ་བརྗོད་ཟིན་ནོ།། །།གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གཉིས་ཏེ། རང་བཞིན་མདོར་བསྟན་པ་དང༌། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི་དེ་ལྟར་སྐུ་གཉིས་པ་བསྟན་ནས་ཞེས་སོ། །མདོ་དགོད་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱི་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཞེས་སོགས་སོ། །གསུམ་པ་ཚིག་གི་དོན་ནི། འཆད་པར་འགྱུར་བའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་ཀྱིས་བརྒྱན་པའི་གཟུགས་སྐུ་འདི་ནི་ཆོས་ཅན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་རྣམས་དང་ཐབས་གཅིག་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པའི་སྐུ་ཡིན་པའི་ཕྱིར་མཚན་དཔེའི་འདི་དག་སྤྲུལ་སྐུ་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་ནི་གཟུགས་བརྙན་ཙམ་ཞིག་ཡོད་པ་ཡིན་གྱི། རྣམ་སྨིན་གྱི་འབྲས་བུ་དངོས་ནི་ལོངས་སྐུ་ཁོ་ན་ལ་མངའ་བ་ཡིན་ནོ། །རྒྱུད་བླར། དག་ལས་ཉེ་དང་རིང་རྣམས་ལས། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །ཞེས་སོ། །གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས་ཏེ། མཚན་བཤད་པ་དང་དཔེ་བྱད་བཤད་པའོ། །དང་པོ་ལ་མཚན་དངོས་དང་དེའི་རྒྱུའོ། །དང་པོ་ལ་མཚམས་སྦྱར་བ་ནི། མཚན་སུམ་ཅུ་རྩ་གཉིས་ཞེས་སོ། །གཉིས་པ་ཚིག་གི་དོན་ལ། ལོངས་སྤྱོད་རྫོགས་པའི་སྐུ་འདི་ལ་སྔོན་བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་ལ་སོགས་པ་བྱས་པ་སྔོན་དུ་སོང་བ་ཡིན་ཏེ། ཕྱག་དང་ཞབས་འཁོར་ལོའི་རྩིབས་སྟོང་མུ་ཁྱུད་དང་བཅས་པ་རྫོགས་པའི་མཚན་དང་ལྡན་པའི་ཕྱིར། འདིས་ཐམས་ཅད་ལ་རིག་པར་བྱའོ། །སྡོམ་པ་ཡང་དག་པར་བླངས་པ་བརྟན་པོར་བསྲུངས་པ་སྔོན་དུ་སོང་བ་ཡིན་སྟེ། ཞབས་རུ་སྦལ་བཞིན་དུ་ཤིན་ཏུ་མཉམ་པར་གནས་པའི་མཚན་མངའ་བའི་ཕྱིར་ཞེས་སོགས་སོ། །བསྡུ་བའི་དངོས་པོ་བཞི་བརྟན་པར་བྱས་པ་སྔོན་དུ་སོང་བ་ཡིན་ཏེ། ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་རིན་པོ་ཆེའི་དྲ་བས་འབྲེལ་བའི་མཚན་མངའ་བའི་ཕྱིར། བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པ་སྔོན་དུ་སོང་བ་ཡིན་ཏེ། ཕྱག་དང་ཞབས་ཤིང་བལ་ལྟར་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་ལྡན་པའི་ཕྱིར། མདུན་མཐོ་བ་ནི་ཕྱག་གི་བོལ་གཉིས་དང༌། ཞབས་ཀྱི་བོལ་གཉིས་དང་དཔུང་མགོ་གཉིས་དང༌། རྟག་པའི་ཕྱོགས་མཐོ་བའོ། །སོར་མོ་རིང་བ་ནི། ཞབས་མཐིལ་གྱི་ཀྱུས་དང་མཐོ་མཉམ་པའོ། །རྟིང་པ་ཡངས་པ་ནི་ཞབས་ཀྱི་བཞི་ཆ་ཕྱིར་འཕགས་པའོ། །སྟོན་པའི་སྐུ་མཐོ་དམན་གྱི་ཚད་ནི་སྟོན་པ་རང་གི་ཁྲུ་ཕྱེད་དང་བཞི་ཡིན་ནོ། །འཛམ་བུ་གླིང་པ་རྣམས་ཀྱི་ཚད་ཁྲུ་བཞི་པ་དང་ཕྱེད་དང་བཞི་ཅེས་པ་ལྟར་རོ། །སྟོན་པའི་ཁྲུ་རེ་ལ་རང་མཐོ་གཉིས་སོ། །སྟོན་པའི་མཐོ་རེ་ལ་འཛམ་བུ་གླིང་པའི་ཁྲུ་ཕྱེད་དང་གཉིས་ཏེ། མེ་ཏོག་ཕྲེང་རྒྱུད་ལས། བདེ་བར་གཤེགས་པའི་མཐོ་ཡི་ཚད། །འཇལ་བྱེད་མིའི་ཁྲུ་དག་ནི། །ཕྱེད་དང་གཉིས་ནི་ཡོད་པ་ཡིན། །ཞེས་སོ། །དེ་ལྟར་ན་སྟོན་པའི་སྐུའི་མཐོ་དམན་ལ། འཛམ་བུ་གླིང་པའི་ཁྲུ་ཕྱེད་དང་བཅུ་གཅིག་ཡོད་པས་འཛམ་བུ་གླིང་པའི་མིའི་ལུས་ཚད་ལས་ཁྲུ་བདུན་ལྷག་པར་མངའ་བས་སྐུ་ཚེ་ཞིང་དྲང་བ་དང༌། ཞབས་ཀྱི་ལོང་བུ་འབུར་བ་ཕྱིར་མི་མངོན་པ་དང༌། སྐུའི་སྤུ་གྱེན་དུ་འཁྱིལ་ཞིང་ཕྱོགས་པ་དང༌། བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་ནི་ཡོངས་སུ་ཉམས་ཞིང་རིམ་པར་འཚམ་ལ་རྒྱས་ཤིང་ཟླུམ་པོའོ། །ཕྱག་རིང་བ་ནི་མ་བཏུད་པར་ཕྱག་གི་སྤུས་མོའི་ལྷ་ངར་སླེབ་པའོ། །འདོམས་ཀྱི་རྦ་བ་སྦུབས་སུ་ནུབ་པ་ནི། གླང་པོ་ཆེའི་ལྟ་བུའོ། །ལྤགས་པ་གསེར་གྱི་མདོག་འདྲ་བ་ནི་གསེར་ལྟར་ཤིན་ཏུ་དངས་པའོ། །ལྤགས་པ་འཇམ་པ་ནི་གསེར་སྦྱངས་པ་ལྟར་སྙོམས་ལ་རྡུལ་གྱིས་མི་གོས་པའོ། །བ་སྤུའི་བུ་ག་གཅིག་ལ་གཉིས་མེད་པར་རེ་རེ་ནས་གཡས་སུ་ལེགས་པར་འཁྲུངས་པ་དང༌། མཛོད་སྤུ་ནི་སྨིན་འཚམས་སུ་སྤུ་དཀར་འཇམ་གཡས་སུ་འཁྱིལ་བ་ཉི་ཟླ་ལས་ལྷག་པའི་འོད་དང་ལྡན་པའོ། །རོ་སྟོད་འཕེལ་ཁ་ཆེ་བས་སེང་གེ་དང་འདྲ་བའོ། །དཔུང་པའི་མགོ་མགྲིན་པ་དང་འབྲེལ་ཞིང་ཟླུམ་པར་གནས་པ་དང༌། ཐལ་གོང་ནི་བྲང་ངོ་ཞེས་ཤན་ཏི་བ་གསུང་ངོ༌། །རོ་བྲོ་བའི་མཆོག་མཁྱེན་པ་ནི། །རྟ་ཆག་ཀྱང་རོ་མཆོག་དུ་སྣང་བའོ། །ཆུ་ཞེང་གབ་པ་ནི་སྐུའི་ཁྲུན་དང༌། འདོམ་གྱི་ཚད་དུ་མཉམ་པའོ། །ནྱགཱ་སྐུ་སྨད་དང་རོ་དྷ་སྐུ་སྟོང་མཉམ་པ་སྟེ། ལྟེ་བ་ནས་བཟུང་སྟེ་སྐུ་སྟོང་དང་སྐུ་སྨད་ཚད་མཉམ་པའོ། །དབུ་གཙུག་ཏོར་དང་ལྡན་པ་ནི་ཕལ་པའི་ངོར་སོར་བཞི་འཕགས་པའོ། །ལྗགས་རིང་མཛེས་པ་ནི་ཞལ་གྱི་དཀྱིལ་འཁོར་ཁེབས་པའོ། །ཚངས་པའི་དབྱངས་ནི་ཉེ་རིང་ཐམས་ཅད་ལ་མཉམ་པར་གསལ་བའོ། །ཡང་ན་ཡན་ལག་ལྔ་དང་ལྡན་པ་སྟེ། ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང༌། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་དང༌། ཟབ་ཅིང་རྗེས་སུ་སྒྲོགས་པ་དང༌། མི་མཚུངས་ཤིང་སྣང་བ་དང༌། རིག་ཅིང་རྣམ་པར་རིག་པར་བྱེད་པའོ། །འགྲམ་པ་སེང་གེའི་འདྲ་བ་ནི་མེ་ལོང་ལྟར་མཐའ་ཟླུམ་ཞིང་རྒྱས་པའོ། །ཚེམས་ཐགས་བཟང་བ་ནི་བར་མཚམས་མེད་པ་དང༌། བཞི་བཅུ་མངའ་བ་ནི་ཡན་མན་དུ་ཉི་ཤུ་རེ་མཉམ་པའོ། །སྤྱན་ཐོན་ཐིང་ནི་སྔོ་ནག་དུ་ཡོད་པའོ། །རྫི་མ་བའི་ལྟ་བུ་ནི་སྟེང་འོག་གི་རྫི་མ་རྣམས་མ་འདྲེས་པའོ། །གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་སོ། །དང་པོ་ལ་མཚམས་སྦྱར་བ་ནི། རྒྱུ་གྲུབ་ཞེས་སོགས་སོ། །ཚིག་གི་དོན་ནི་མཚན་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཆོས་ཅན། ཁྱོད་མཚན་བསྐྱེད་བྱེད་ཡིན་ཏེ། ཁྱོད་རབ་ཏུ་རྫོགས་པས་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འབྱུང་བའི་ཕྱིར། གཉིས་པ་ལ་མཚམས་སྦྱར་བ་ནི་རྒྱུ་དེ་གང་ཡིན་ཞེས་སོ། །ཚིག་དོན་གོང་དུ་བཤད་ཟིན་ཏོ། །གཉིས་པ་དཔེ་བྱད་ལ་མཚམས་སྦྱར་ནི་དེ་ལྟར་ཞེས་སོ། །ཚིག་དོན་ལ་སེན་མོའི་དབང་དུ་བྱས་པ་གསུམ། སོར་མོའི་དབང་དུ་བྱས་པ་གསུམ་ནི་རྟོགས་བླ་ལ། རྩ་མི་མངོན་པ་ནི་ཕྱི་རོལ་དུའོ། །ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ནི་གསང་བའི་གནས་ཟབ་མོ་རྟོགས་པའོ། །འདི་ལོང་བུ་ནང་མའོ། །ཞབས་རིང་ཐུང་མེད་པས་མི་མཉམ་པ་མེད་པའོ། །མཛེས་པར་མཁས་པ་ནི་བལྟ་ན་སྡུག་པའོ། །འཁྲིལ་བག་ཆགས་པ་ནི་སྐུ་ཤ་རྒྱས་པ་ཞེས་འབུམ་ཕྲག་གསུམ་པ་གསུང་ངོ༌། །ཆོས་འདུལ་བ་རྫོགས་པ་ནི་དྲི་མ་འཇོམས་བྱེད་ཀྱི་ཆ་ཤས་རྫོགས་པའོ། །ཁོ་ལག་ཡངས་པ་ནི་ཁྱོན་ཆེ་བའོ། །ཤ་མི་ལྷོད་པས་གྲིམས་པ་དང་ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་པ་ནི་ལྷུ་ཚིགས་སོགས་ཀྱི་རིང་ཐུང་མེད་པར་ཁ་ཕྱེད་པའོ། །སྐུ་ཟླུམ་པ་ནི་ལྟེ་བའི་འོག་ཟླུམ་པའོ། །སྐུ་སྐབས་ཕྱིན་པ་ནི་རྐེད་སྐབས?འཚམས་པའོ། །སྐུ་མ་རྙོངས་པ་ནི་རྐེད་པ་ཧ་ཅང་རིང་པ་མ་ཡིན་པའོ། །ཕྱལ་ཕྱང་ངེ་པ་ནི་མཐོ་དམན་མེད་པའོ། །ལྟོ་བ་ཟབ་པ་ནི་གཏིང་རིང་པའོ། །སློབ་མ་རང་གི་གདམས་ངག་ལ་མཐུན་པར་འཛིན་པ་ཉིད་ཀྱིས་ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང༌། དུས་མ་ཡིན་པ་ཞེས་སོགས་ནི་དུས་མ་ཡིན་པར་གདུལ་བྱ་འདུལ་བའོ། །པིམ་པ་ནི་ཤིང་ཐོག་དམར་པོ་ཅིག་གི་མིང་པོ་བྱས་པའི་སྐྱེ་བོ་བདག་དང་བདག་གི་བ་ལ་ཆགས་པ་ཅན་གྱིས་ཞེས་སོ། །བསྙེངས་པ་ནི་འཇིགས་པའོ། །སྲིད་པར་ཀུན་ཏུ་སྦྱོར་བ་ནི་ཉོན་མོངས་པའོ། །སྐྱེ་བོ་གདུལ་དཀའ་བ་ནི་དུག་གསུམ་ཤས་ཆེ་བའོ། །ཆོས་འདུལ་བ་ཤིན་ཏུ་དཀར་བ་ནི་ཉེ་བར་བསྟན་པའི་ཆོས་དྲི་མ་མེད་པའོ། །མཉམ་པའི་ས་ལ་གནས་པ་ནི་ཉེ་རིང་མེད་པའོ། །གདུལ་བྱ་བསྟན་པ་ལ་རིམ་གྱིས་འཇུག་པར་བྱེད་པ་ནི་མཐར་གྱིས་ཞེས་སོ། །སངས་རྒྱས་ཀྱི་ཆོས་ཟབ་ཅིང་གྲངས་མེད་པས་ཆོས་ཤིན་ཏུ་རྒྱ་ཆེ་བ་ཞེས་སོ། །ལྷ་མིའི་འགྲོ་བ་གཞོན་ནུ་མ་?ྣམས་ཀྱི་འདོད་པར་འོས་པས་མངོན་པར་མགུ་བ་ཞེས་སོགས་སོ། །མ་འོངས་པ་ན་ཇི་ལྟར་འགྱུར་ལྟ་བས་རྟག་ཏུ་ཕྱི་རྗེས་སུ་ཞེས་སོ། །ཀུན་ཏུ་མི་མཐུན་ཕྱོགས་ཀྱི་སྐྱོན་ཞེས་སོགས་སོ། །འདི་ཕྱིའི་སྡུག་བསྔལ་གྱི་གནས་སུ་གྱུར་པས། མཆོག་ཏུ་གནོད་པ་ནི་ཉོན་མོངས་པའོ། །ལྟ་བས་བྱས་པ་ནི་ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་སོ། །དཔྲལ་བ་ལེགས་པར་འབྱེས་པ་ནི་སྐྲ་མཚམས་དོད་པའོ། །དམིགས་པར་སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་བར་བྱེས་ཆེ་བ་ཉིད་དོ། །སྨོན་ལམ་གྱི་མཆོག་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའོ། །དབུ་སྐྲ་མི་བཤོར་བ་ནི་གྱེན་དུ་བརྫེས་པ་མ་ཡིན་པའོ། །དཔལ་གྱི་བེའུར་ནི་རྡོ་རྗེ་རྭ་ཆག་པ་ལྟ་བུ་སྟེ་མཐེ་བོང་གི་ངོས་ལ་ཡོད་པའོ། །བཀྲ་ཤིས་པ་ནི་ཞབས་ཀྱི་མཐིལ་ལ་རི་མོ་གྲུ་བཞི་ཡོད་པའོ། །སོར་མོའི་ཞབས་ན་རིམ་པ་བདུན་དུ་འཁྱིལ་བའི་རི་མོ་ཡོད་པ་ནི་གཡུང་དྲུང་འཁྱིལ་པའོ། །?ེས་འབུམ་ཕྲག་གསུམ་པ་གསུང་ངོ༌། །བཞི་པ་སྤྲུལ་པའི་སྐུ་ལ་མཚམས་སྦྱར་བ་ནི། དེ་ལྟར་སྐུ་གསུམ་པ་བསྟན་ནས་ཞེས་སོགས་སོ། །མདོ་དགོངས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་སྟེ་ཞེས་སོགས་སོ། །ཚིག་གི་དོན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ཆོས་ཅན། རྒྱུན་མི་ཆད་པ་ཡིན་ཏེ། འཁོར་བ་ཇི་སྲིད་པར་རྒྱུན་ཆགས་སུ་འཇུག་པ་ཉིད་ཀྱིས་སོ། །སྐུ་གང་ཞེ་ན། མཛད་ཅེས་དྲང་ངོ༌། །གང་གིས་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ཀྱིས་སོ། །དུས་ནི་འཁོར་བ་ཇི་སྲིད་པར་རོ། །ཡུལ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །བྱ་བའི་ངོ་བོ་སེམས་ཅན་རྣམས་ཀྱི་འདོད་པའི་དོན་ནོ། །ཚུལ་ནི་མཉམ་པ་ཉིད་དུ་མཛད་པ་སྟེ། སྐུ་དེ་ནི་སྤྲུལ་པའི་སྐུའོ། །གཉིས་པ་རྟེན་པ་ཕྲིན་ལས་ལ་མཚམས་སྦྱར་བ་དང༌། རྩ་བ་དང་ཚིག་དོན་ནོ། །དང་པོ་ལ་བཤད་ཟིན་གྱི་སྒོ་ནས་འཚམས་སྦྱར་བ་ནི། གོང་དུ་བཤད་པ་དེ་ལྟར་ཁྱད་པར་བཞི་ལྡན་གྱི་སྐུ་གསུམ་བསྟན་ཟིན་ནས་ཕྲིན་ལས་སྟོན་ནོ། །ཁྱད་པར་བཞི་གང་ཞེ་ན། རང་བཞིན་གྱི་ཁྱད་པར་ངོ་བོ་ཉིད་སྐུའི་བདག་ཉིད། རྒྱུའི་ཁྱད་པར་སྦྱོར་བ་བཞི་བསྒོམས་པའི་སྟོབས་ལས་བྱུང་བའོ། །ཡུལ་གྱི་ཁྱད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཡུལ་ཉིད་དུ་སྣང་བའོ། །ངོ་བོའི་ཁྱད་པར་ཡེ་ཤེས་དང་སོགས་པ་མཚན་དཔེ་དངོས་དང༌། མཚན་དཔེའི་གཟུགས་བརྙན་ལ་ལྟོས་ནས་སྐུ་གསུམ་དུ་རབ་ཏུ་བརྟགས་པའོ། །བཤད་པ་ལ་འཇུག་པའི་མཚམས་སྦྱར་བ་ནི། གདུལ་བྱའི་སྐྱེ་བོ་རང་རང་གི་སྣང་བ་ལ་བརྟེན་པའི་ཕྲིན་ལས་རྣམས་ནི་ཆོས་ཀྱི་སྐུའི་འཕྲིན་ལས་ཡིན་ནོ་ཞེས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་སྐུ་དེའི་བདག་རྐྱེན་ལས་བྱུང་བའི་ཕྱིར་ཏེ། ཀུན་རྫོབ་དུ་ཡེ་ཤེས་ཁོ་ན་གདུལ་བྱ་དག་མ་དག་གི་བྱེ་བྲག་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་དོན་གྱི་བྱ་བ་མཛད་པས་ནའོ། །རྩ་བ་ལ་དུས་ཀྱི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །མདོ་ནི་རབ་འབྱོར་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་ཤར་ཕྱོགས་གྱི་འཇིག་རྟེན་གྱི་ཁམས་ཞེས་སོགས་སོ། །གསུམ་པ་ཚིག་དོན་ལ། ཕྲིན་ལས་ཀྱི་དབྱེ་བ་དང༌། ཕྲིན་ལས་ཀྱི་དུས་དང༌། གོ་རིམ་གཞན་མཚོན་པའི་ཚུལ་ལོ། །དང་པོ་ལ་ལམ་གྱི་རྟེན་ལ་འགོད་པ་དང༌། ལམ་དང༌། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ནི་ཆོས་སྐུ་ཆོས་ཅན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པར་མཛད་དེ། གདུལ་བྱའི་ཕྲིན་ལས་ཀྱི་དང་པོར་འགྲོ་བ་བཟང་པོ་ལྷ་མི་དང༌། བཟང་པོ་མ་ཡིན་པ་ངན་སོང་གསུམ་ལ་མངོན་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་འགྲོ་བའི་སྡུག་བསྔལ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་པས་སོ། །གཉིས་པ་ལ་ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་ལ་འགོད་པ་བཞི་ལས། དང་པོ་ལ་སྦྱོར་བ་དང༌། ལྟ་བ་དང༌། སྤྱོད་པ་རྣམ་དག་གོ །དང་པོ་ནི་སྦྱོར་བ་རྣམ་དག་ལ་འགོད་དེ། སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ལ་འགོད་པར་མཛད་པའི་ཕྱིར། བསྡུ་བའི་དངོས་པོ་བཞི་ནི། ཟང་ཟིང་སྦྱིན་པ་ནི་སྦྱིན་པ་དང༌། ཕར་ཕྱིན་དྲུག་གི་ཆོས་བཤད་པ་སྙན་པར་སྨྲ་བ་དང༌། གཞན་ཕྱིན་དྲུག་ལ་སྤྱོད་དུ་འཇུག་པ་དོན་སྤྱོད་པ་དང༌། རང་ཉིད་སྤྱོད་པ་དོན་མཐུན་པ་སྟེ་བཞིའོ། །གཉིས་པ་ལྟ་བ་རྣམ་དག་ལ་འགོད་པར་བྱེད་དེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་དོར་བར་བྱ་བ་དང་བླང་པར་བྱ་བའི་སྒོ་ནས་རྟོགས་པར་མཛད་པས་སོ། །གསུམ་པ་ལ་གཞན་དོན་གྱི་སྤྱོད་པ་དང༌། རང་དོན་དང་གཉིས་དོན་གྱི་སྤྱོད་པ་གསུམ་ལས། དང་པོ་ནི། གཞན་དོན་གྱི་སྤྱོད་པ་རྣམ་དག་ལ་འགོད་དེ། སེམས་ཅན་གྱི་དོན་སྒྲུབ་པའི་ཐབས་བྱམས་པ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བའི་བདག་ཉིད་ལ་འགོད་པར་མཛད་པའི་ཕྱིར་རོ། །ཚུལ་ཇི་ལྟར་སྒྲུབ་ཅེ་ན། སྒྱུ་མ་མཁན་སྒྱུ་མ་ལ་ཆགས་སྡང་མེད་པ་བཞིན་དུ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱི་ཚུལ་གྱིས་སོ། །རང་དོན་གྱི་སྤྱོད་པ་རྣམ་དག་ལ་འགོད་དེ། རང་གི་དོན་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་གོམས་པ་ལ་འགོད་པའི་ཕྱིར། དུས་གང་གི་ཚེ་ཞེ་ན། གཞན་དོན་གྱི་སྤྱོད་པ་དེའི་རྗེས་ལའོ། །གཉིས་དོན་གྱི་སྤྱོད་པ་རྣམ་དག་ལ་འགོད་དེ། རང་དོན་གྱི་སྤྱོད་པ་དེའི་འོག་ཏུ་རང་དང་གཞན་གྱི་དོན་སྒྲུབ་པའི་མཚན་ཉིད་སངས་རྒྱས་ཀྱི་ལམ་ལ་འགོད་པར་མཛད་པས་སོ། །སངས་རྒྱས་ཀྱི་ལམ་ནི། དགེ་བ་བཅུའི་ལས་ཀྱི་ལམ་མོ། །གཉིས་པ་ནི་སྦྱོར་ལམ་ལ་འགོད་དེ། ཚོགས་ལམ་གྱི་རྗེས་དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་ཡོངས་སུ་གོམས་པ་ལ་འགོད་པར་མཛད་པའི་ཕྱིར། གསུམ་པ་ནི་ས་དང་པོ་ལ་འགོད་དེ། སྦྱོར་ལམ་དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་གཟུང་འཛིན་གཉིས་སུ་མེད་པའི་ཆོས་ལ་འགོད་པའི་ཕྱིར། བཞི་པ་སྒོམ་པའི་ལམ་ལ་འགོད་པ་ལ་དྲུག་ལས། དང་པོ་ནི་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་དེ། ཚོགས་གཉིས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཞི་ལ་རྟེན་ནས་ཚུལ་ཁྲིམས་ལ་སོགས་པའི་ཆོས་ཐམས་ཅད་བརྡར་བརྟགས་པར་ཤེས་པ་ལ་འགོད་པའི་ཕྱིར། དུས་ནི་ས་དང་པོའི་རྗེས་དེ་ནས་སོ། །ས་དྲུག་པ་ལ་འགོད་པར་བྱེད་དེ་སྔར་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་རྟེན་པ་དེ་བཞིན་དུ་རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་ནས་ཤེས་པ་དང་ཤེས་བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་ཆོས་ལ་འགོད་པའི་ཕྱིར། ས་བདུན་པ་ལ་འགོད་དེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་རྣམས་སྒྲིབ་པ་སྤང་རུང་སོགས་སུ་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པའི་ཕྱིར། དུས་ནི་ས་བདུན་པ་དེའི་འོག་ཏུའོ། །ས་བརྒྱད་པ་ལ་འགོད་དེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ཕྱིར་དུས་ནི་ས་བདུན་པའི་རྗེས་དེ་ནས་སོ། །ས་བརྒྱད་པ་དེ་ཉིད་ལ་འགོད་དེ། བྱང་ཆུབ་ཀྱི་ལམ་གྱི་རྗེས་དེ་ནས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལ་འགོད་པའི་ཕྱིར་ས་དགུ་པ་ལ་འགོད་དེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་གཟུགས་ཀྱི་སྐུར་བྱང་ཆུབ་ཐོབ་པ་ལ་འགོད་པའི་ཕྱིར། དུས་ནི་ས་བརྒྱད་པ་དེའི་རྗེས་ལའོ། །བརྒྱད་པ་ལ་སྨོན་ལམ་དང་དགུ་པ་ལ་སྟོབས་བཞག་པར་བྱ་བ་མ་ཡིན་ནམ་ཞེ་ན། སྨོན་ལམ་དག་ནི་མཐའ་ཡས་དང༌། །ཞེས་པའི་རྗེས་སུ་འབྲངས་ན་ས་དགུ་པ་ལ་སྨོན་ལམ་བཤད་ལ་དེའི་སྟོབས་ཀྱི་ས་བརྒྱད་པ་ལ་སྟོབས་བཞག་པ་ཡིན་ནོ། །ཞེས་འབུམ་ཕྲག་གསུམ་པའོ། །ས་བཅུ་པ་ལ་འགོད་པ་ལ་གསུམ་ཏེ། ས་བཅུ་ཐོབ་མ་ཐག་དང༌། སྐྱེ་བ་ཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་ལ་འགོད་པའོ། །དང་པོ་ནི། ས་བཅུ་པ་ལ་འགོད་དེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་དབང་བསྐུར་བའི་ས་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ལ་འགོད་དེ། ཡང་ས་བཅུ་པའི་གནས་སྐབས་དེ་ཉིད་ལ་སྐྱེ་བ་ཕྱི་མར་ཡང་དག་པར་རྫོགས་པའི་བྱང་ཆུབ་སོ་སོར་ངེས་པར་མཛད་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་མཛད་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་མཆོད་པའི་ཆེད་དུ་སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་ལ་སོགས་པའི་ཡོན་ཏན་ལ་འགོད་པར་བྱེད་པའི་ཕྱིར་གསུང་པ་ལ། ནུས་པ་དང༌། སྤངས་པ་དང༌། རྟོགས་པ་དང་རྒྱུ་ཚོགས་དག་པ་ལ་འགོད་པའོ། །དང་པོ་ནི་ཁྱད་པར་གྱི་ལམ་གྱི་རང་གི་ངོ་བོ་ལ་འགོད་པར་བྱེད་དེ། ས་བཅུ་ཐོབ་མ་ཐག་དང༌། སྐྱེ་བ་ཅིག་གིས་ཐོག་པ་ལ་འགོད་པ་དེ་ལྟ་བུའི་རིམ་པས་ཡང་ས་བཅུ་པའི་གནས་སྐབས་དེ་ཉིད་ལ་ཐེག་པ་གསུམ་གྱི་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་རྒྱུའི་ཡན་ལག་ལ་འགོད་པར་མཛད་པའི་ཕྱིར་དང༌། ཚོགས་གཉིས་ཀྱི་འབྲས་བུ་བྱང་ཆུབ་ཐོབ་པར་ངེས་པས་ལས་དང་འབྲས་བུར་འབྲེལ་པ་ཆུད་མི་ཟ་བ་ལ་འགོད་པའི་ཕྱིར། སྤངས་པ་ནི་བདེན་འཛིན་སོགས་ཕྱིན་ཅི་ལོག་ཐམས་ཅད་སྤངས་པ་དང༌། ཕྱིན་ཅི་ལོག་གི་གཞི་ས་བོན་མེད་པར་སྤངས་པའི་ཡེ་ཤེས་ལ་འགོད་པའོ། །རྟོགས་པ་ལ་གཉིས་ལས་ཇི་སྙེད་པ་རྟོགས་པ་ནི། བདེན་བཞིའི་དངོས་པོ་ཡང་དག་པར་ཇི་ལྟ་བ་བཞིན་རྟོགས་པ་དང༌། ཇི་ལྟ་བ་རྟོགས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་འདུས་བྱས་ཆོས་ཅན་དང༌། འདུས་མ་བྱས་ཆོས་ཉིད་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་འགོད་པའོ། །རྒྱུ་ཚོགས་དག་པ་ལ་འགོད་པ་ནི། རང་བཞིན་གྱིས་ཡོངས་སུ་དག་ཅིང་འོད་གསལ་བའི་མཚན་ཉིད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་དང༌། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཀྱི་རྣམ་པར་བྱང་བའི་རྒྱུ་ཚོགས་ལ་འགོད་པའོ། །གསུམ་པ་ལམ་འབྲས་ལ་འགོད་པ་ནི། ཆོས་སྐུ་ཆོས་ཅན་གདུལ་བྱ་ལམ་གྱི་འབྲས་བུ་ལ་འགོད་དེ། དེ་བཞིན་གཤེགས་པའི་ས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་མཛད་པའི་ཕྱིར། དུས་ནི་ལམ་གྱི་རྗེས་དེ་ནས་སོ། །གཉིས་པ་ཕྲིན་ལས་ཀྱི་དུས་ནི་ཇི་སྐད་བརྗོད་པའི་ཕྲིན་ལས་ཀྱི་རིམ་པ་དེ་ལྟར་ན། མཛད་པ་རྒྱུན་མི་ཆད་པ་ཡིན་ཏེ། ཆོས་ཀྱི་སྐུ་བཞིན་དུ་ཆོས་སྐུ་འདིའི་ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་པར་འཇུག་པར་བྱེད་པས་སོ། །གསུམ་པ་ནི་དང་པོ་སེམས་བསྐྱེད་པ་དང༌། ཐ་མ་ཆོས་ཀྱི་སྐུའི་ཕྲིན་ལས་བསྟན་པའི་གོ་རིམ་དངོས་སུ་བསྟན་པའི་རིམ་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་ལྷག་མ་བར་གྱི་ཚིག་དོན་རྣམས་ཀྱི་གོ་རིམ་སྟེ་ས་མཚམས་ཀྱང་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར། སེང་བཟང་བདག་གིས་ནི་ལྷག་མ་རྣམས་ཀྱི་གོ་རིམ་ནི་དངོས་སུ་མ་བྲིས་ཏེ། ཚིག་མངས་སུ་དགོས་པས་སོ། །གསུམ་པ་སྐབས་གྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་པ་རྣམ་པར་བཤད་པའོ།། །།གཉིས་པ་བར་མ་ལ་དགའ་བ་ལ་དྲུག་དུ་བཤད་པ་ལ་མཚམས་སྦྱར་བ་དང༌། རྩ་བ་དང༌། ཚིག་གི་དོན་ནོ། །དང་པོ་ནི་རྒྱས་པ་ལ་ཞེས་སོགས་སོ། །གཉིས་པ་ནི་ཤེས་རབ་ཕ་རོལ་ཕྱིན་པ་ནི་དངོས་པོ་དྲུག་གིས་ཡང་དག་བཤད། དྲུག་གང་ཞེ་ན། མཚན་ཉིད་དང་ཞེས་སོགས་སྦྱར་ནས་འདས་པ་ལ་སྙེག་པའི་སྒྲ་དེ་ལྔ་ཡོད་པ་ལས། འཕགས་པས་དང་པོ་ནི་མཁྱེན་པ་གསུམ། ཕྱི་མ་བཞི་ནི་སྦྱོར་བ་བཞི་ལ་སྦྱར་ཏེ་འཆད་དོ། །གསུམ་པ་ཚིག་དོན་ལ། དང་པོར་བསྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཆོས་ཅན། ལས་སྒྲུབ་ཀྱི་དབང་དུ་བྱས་ནས་མཚན་ཉིད་ཡིན་ཏེ། སེམས་བསྐྱེད་ལ་སོགས་པའི་ཆོས་སུམ་ཅུས་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་སོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ཡིན་ཏེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་རྗེས་དེ་ནས་དབང་དུ་བྱ་བའི་ཕྱིར་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྒོམ་པ་ལ་སྦྱོར་བའོ། །རྩེ་མོའི་མངོན་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་བསྒོམ་པ་ལ་སྦྱོར་བའི་རྗེས་དེ་ནས་ཤིན་ཏུ་གོམས་པས་མི་མཐུན་ཕྱོགས་སྤོང་བ་ལ་རྟོགས་པ་ཕུལ་དུ་བྱུང་བར་འགྲོ་བའི་ཕྱིར། མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམ་གྱི་གནས་སྐབས་ཡིན་ཏེ། རྟོགས་པ་རབ་ཏུ་གྱུར་པའི་རྗེས་དེ་ནས་སྔར་རྟོགས་པའི་མཁྱེན་གསུམ་གྱི་དངོས་པོ་ངེས་པར་བྱ་བའི་ཕྱིར། སོ་སོ་བ་མཁྱེན་གསུམ་དང་མཐའ་དག་རྣམ་ཀུན་རྩེ་སྦྱོར་དག་ཏུ་རྣམ་པར་བསྒོམ་པའི་དོན་སླར་ཡང་གཞུང་སྲོང་བར་བྱེད་པའི་ཚུལ་གྱིས་ཡིད་ལ་བྱེད་པའོ། །སྐད་ཅིག་མ་ཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། མཐར་གྱིས་པའི་རྗེས་དེ་ནས་བློའི་ནུས་པ་མཐར་ཐུག་པས་སྦྱོར་བའི་ནུས་པ་ཁྱད་པར་དུ་འགྲོར་མེད་པས་སོ། །ཆོས་སྐུ་མཛད་པ་དང་བཅས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པར་སྨིན་པ་ཡིན་ཏེ། སྦྱོར་བའི་ནུས་པ་མཐར་ཐུག་པ་དེ་ནས་མཁྱེན་གསུམ་བསྒོམས་པའི་འབྲས་བུ་མཐར་ཐུག་པ་ཡིན་པས་སོ། །ཇི་སྐད་བཤད་པའི་ཚུལ་དེ་ལྟར་ན་ཡུམ་གསུམ་པོ་ཐམས་ཅད་ཀྱི་དོན་བསྡུས་པ་བརྒྱད་ལས་གཞན་རྣམ་པ་དྲུག་སྟེ། རྒྱས་པར་ནི་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །བསྡུས་པ་ལ་དགའ་བ་ལ་གསུམ་དུ་བཤད་པ་ལ་མཚམས་སྦྱར་བ་ནི། བར་མ་ལ་དགའ་བ་ཞེས་སོགས་སོ། །རྩ་བ་ལ་ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་གསུམ་གྱིས་ཡང་དག་བཤད། །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་སྦྱར་ཏེ་བཤད་དོ། །ཚིག་གི་དོན་ནི་དང་པོར་བསྟན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ངོ་བོ་ཉིད་ཆོས་ཅན། འཇུག་པའི་ཡུལ་གྱི་རྒྱུ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཡུམ་དེ་ལ་ཇི་ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་བསྟན་པའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་ནི་ཆོས་ཅན། སྦྱོར་བ་ཡིན་ཏེ་མཁྱེན་གསུམ་གྱི་རྣམ་པ་ལ་འཇུག་པའི་རྣལ་འབྱོར་ཡིན་པས་སོ། །སྦྱོར་བ་དེ་ལྟ་བུ་དང་ལྡན་པའི་རྒྱུ་དེའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དེའི་འོག་ཏུ་བསྟན་པའི་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ཆོས་ཅན། འབྲས་བུ་ཡིན་ཏེ། སྦྱོར་བཞི་བསྒོམས་པས་ཐོབ་བྱ་ཡིན་པའི་ཕྱིར། རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དོན་བསྡུས་པ་སྔ་མ་གཉིས་ལས་གཞན་རྣམ་པ་གསུམ་སྟེ། རྒྱས་པར་ནི་སྔ་མ་བརྒྱད་དུ་ཕྱེ་བ་དེ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །རྒྱས་འབྲིང་བསྡུས་པའི་ཁྱད་པར་གང་ཞེ་ན། ཚིག་གི་སྒོ་ནས་ཕྱེ་བ་དང༌། བརྗོད་བྱའི་སྒོ་ནས་ཕྱེ་བའོ། །དང་པོ་ནི་ཚིག་གི་རྒྱས་འབྲིང་བསྡུས་པ་སྟེ། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་དབང་དུ་བྱས་སོ། །གཉིས་པ་ནི་བརྗོད་བྱ་རྒྱས་འབྲིང་བསྡུས་པ་སྟེ། དོན་རྒྱས་འབྲིང་བསྡུས་པ་ལ་དགའ་བ་གསུམ་གྱི་དབང་དུ་བྱས་པའོ། །ཡུམ་གསུམ་པོ་ཚིག་རྒྱས་འབྲིང་བསྡུས་པས་རྣམ་པར་ཕྱེའི་དོན་གྱི་སྒོ་ནས་མ་ཡིན་ཏེ། རེ་རེ་ཡང་དོན་རྒྱས་འབྲིང་བསྡུས་པ་ལ་དགའ་བའི་ངོ་བོར་མངོན་པར་རྟོགས་པ་བརྒྱད་དང༌། དྲུག་དང༌། གསུམ་དུ་ཕྱེ་ནས་བསྟན་པར་བྱ་བའི་ཕྱིར། གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ལ་ལྔ་སྟེ། ཡུམ་གསུམ་བརྗོད་བྱ་གཅིག་ཏུ་བསྟན། འགྲེལ་པ་ཇི་ལྟར་རྩོམ་པའི་ཚུལ། བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ། ནོངས་པའི་དོན་ལ་བཟོད་པར་གསོལ་བ། ཡུམ་དོན་རྟོགས་པའི་དུས་ཀྱི་ཁྱད་པར་བརྗོད་པའོ། །དང་པོ་ནི་ཀུན་གྱི་རྒྱན་དུ་འགྱུར་བར་ནི། རྣམ་པར་དབྱེ་ཞེས་བཤད་པ་མི་འཐད་དེ། ཡུམ་གསུམ་པོ་བརྗོད་བྱ་མི་གཅིག་པས་གཅིག་གི་དོན་བཤད་པས་གཞན་གྱི་དོན་བཤད་པར་མི་འགྱུར་བའི་ཕྱིར། གལ་ཏེ་གཅིག་ན་ཟླས་པའི་སྐྱོན་དུ་འགྱུར་རོ་སྙམ་ན། གཅིག་པར་སྟོན་པ་ནི་ལ་ལ་ལས་ཏེ་བརྒྱད་སྟོང་པ་ལས་མངོན་པར་རྟོགས་པ་བརྒྱད་ཀྱི་དོན་ཚང་བ་དང༌། གཞན་པར་མ་ལས་ཚིག་ཀྱང་ཚང་བ་དང༌། གཞན་རྒྱས་པ་ལས་དོན་རེ་རེ་ཡང་མིང་གི་རྣམ་གྲངས་དུ་མས་བཤད་པའི་ཕྱིར། མཁས་པ་རྣམས་ཀྱི་ཡུམ་གསུམ་པོ་ཀུན་ལའང་བརྗོད་བྱའི་དོན་བསྡུས་པ་བརྒྱད་པོ་དེ་ཙམ་དུ་ཤེས་པར་བྱའོ། །བརྒྱད་དུ་འདུས་པ་དེ་ལྟ་མ་ཡིན་ན། ཡུམ་གསུམ་པོ་ཐམས་ཅད་ཀྱི་མངོན་རྟོགས་ཀྱི་རིམ་པ་བསྟན་བཅོས་འདིས་ལེགས་པར་བསྡུས་པ་མ་ཡིན་པར་འགྱུར་རོ། །འོ་ན་ཟློས་པའི་སྐྱོན་ཡོད་ཅེ་ན། ཡུམ་གསུམ་པོ་དེ་ལ་ཚིག་གི་བསྡུས་པ་དང་རྒྱས་པ་སོགས་སུ་དབྱེ་བས་ཁྱད་པར་ཡོད་པ་ཁོ་ནར་ཟད་དོ། །གཉིས་པ་ནི་ཚིག་ལེའུར་བྱས་པ་མངོན་པར་རྟོགས་པའི་རྒྱན་གྱིས་འགྲེལ་པ་དོན་གསལ་བ་འདི་ནི་སེང་གེ་བཟང་པོས་བྱས་སོ། །ཚུལ་ཇི་ལྟར་ཞེ་ན། བླ་མ་བཟང་པོ་མཁན་པོ་ཡང་དག་རྣམ་སྣང་མཛད་ལ་ཕྱག་འཚལ་ཞིང་གནང་བ་མནོས་ནས་ཡུམ་གསུམ་པོའི་ཚིག་རེ་རེ་དང་བསྟན་བཅོས་ཀྱི་ངག་སྦྱར་བའི་མདོ་སྦྱོར་མ་བྱས་པར་དོན་ཡང་དག་པར་བླངས་ནས་སོ། །དགོས་པ་ནི་གོ་བར་སླ་བའི་ཕྱིར་དུའོ། །གང་གི་སྒོ་ནས་བྱས་ཞེ་ན། འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པའི་མཐུ་ཡིས་ཡུམ་གྱི་དོན་མཐོང་བའི་སྒོ་ནས་སོ། །གསུམ་པ་ནི་མཐར་ཐུག་གི་ཐོབ་བྱ་བདེ་གཤེགས་ཤེས་རབ་ཐོབ་པར་ཤོག གང་གིས་ན་སྐྱེ་བོ་ཐམས་ཅད་ཀྱིས་ནིའོ། །རྒྱུ་གང་གིས་ཅེ་ན། འགྲེལ་པ་དེ་བསྡེབས་པ་ལས་བྱུང་བའི་དགེ་བ་བདག་གིས་གང་ཐོབ་པ་དེ་ཡིས་སོ། །བཞི་པ་ནི། བསྟན་བཅོས་ཀྱི་དོན་ནི་བདག་གི་སྤྱོད་ཡུལ་གང་ན་ཡིན་ཏེ་མ་ཡིན་ནོ། །ཅི་ཞེ་ན། བདག་གིས་གང་ན་ཞིག་རྟོགས་ཏེ་མི་རྟོགས་པའོ། །དེའི་རྒྱུ་མཚན་ནི་ཤེས་རབ་མི་གསལ་བའི་ཕྱིར་དང༌། བསྟན་བཅོས་ཀྱི་དོན་ཀུན་བློ་ལས་ཕྱིར་རོལ་དུ་གྱུར་པས་སོ། །སུ་ཞིག་གི་སྤྱོད་ཡུལ་ཡིན་ཞེ་ན། བདག་ཉིད་ཆེན་པོ་འཕགས་པ་བྱམས་པ་ལ་སོགས་པའི་བློའི་སྤྱོད་ཡུལ་ལོ། །བདག་གི་སྤྱོད་ཡུལ་མ་ཡིན་པ་འོན་ཀྱང་རང་གི་རྟོགས་པ་མི་བརྗེད་པ་དང༌། གཞན་གྱི་རྒྱུད་ལ་རྟོགས་པ་བསྐྱེད་པའི་དོན་གྱི་ངོར་བདག་གིས་འབད་ནས་བགྱིས་པའི་འགྲེལ་པ་འདི་ལ་ནོར་པའི་ནོངས་པ་ཡོད་ན། བཟོད་པར་མཛོད་ཅིག གང་གིས་ན་སྐྱེ་བོ་མཁས་པ་རྣམས་ཀྱིས་སོ། །ལྔ་པ་ནི་མཐོང་བ་ཡིན་ནོ། །གང་ཞེ་ན་ངོ་མཚར་བས་ན་ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས་ཡིད་སུན་ཞིང་དུབ་པ་བདག་གི་ངལ་གསོ་བའི་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུགས་སོ། །དུས་གང་གི་ཚེ་ཞེ་ན། དུས་ཡུན་རིང་མོ་ཞིག་ནས་བློ་སྦྱངས་པ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་རྫོགས་སོ།། །།གསུམ་པ་བསྟན་བཅོས་ཇི་ལྟར་བསྒྱུར་བའི་ཚུལ་ནི། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱིས་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་
ཤེས་རབ་ཀྱིས་བསྒྱུར་ཞིང༌། འཆད་ཉན་གྱིས་སྒོ་ནས་ལེགས་པར་གཏན་ལ་ཕབ་ནས་དར་རྒྱས་སུ་མཛད་པའོ།། །།ཐུགས་རྗེའི་ཟླ་བ་རབ་གསལ་ཐུབ་དབང་མཁྱེན་པ་དག་པའི་མཁར་གནས་པ། །མི་ཕམ་གསུང་གི་ཆུ་འཛིན་ལས་འཐོན་ལེགས་བཤད་ཡན་ལག་བརྒྱད་ལྡན་ཆུ། །འཕགས་པ་ཐོགས་མེད་མཁྱེན་པ་ཟབ་ཡངས་རྒྱ་མཚོའི་སྣོད་དུ་ལྷུང་བ་གང༌། །རྣམ་དཔྱོད་ཡངས་པའི་ལྟོ་བར་རབ་འཐུངས་དབྱིག་གཉེན་ཞལ་གྱི་བུམ་པ་ལས། །རྣམ་གྲོལ་སྡེ་དང་བཟང་པོའི་ཞབས་ལས་རིམ་པར་བརྒྱུད་ནས་ལེགས་འོངས་པའི། །ཆ་ཤས་མ་ལུས་གཅིག་ཏུ་བསྡུས་པའི་རྣམ་བཤད་འདི་ནི་གཞུང་བརྒྱའི་དོན། །ཀུན་དང་མི་འགལ་རིགས་པའི་སྟོབས་ཀྱིས་དཀའ་བའི་གནས་རྣམས་མ་ལུས་པ། །རབ་ཏུ་ལེགས་པར་འབྱེད་པས་མཁས་རློམ་གཞན་གྱིས་ཀླན་ཀའི་གོ་སྐབས་མེད། །རྟོགས་པར་དཀའ་བའ?་ཆ་ཤས་རབ་སྟོན་མཁས་པའི་ཡིད་རབ་འཕྲོག་བྱེད་ཅིང༌། །གཉིས་མེད་སྨྲ་བའི་གསུང་གི་མཚན་མ་མེད་པའི་ཆོས་ཚུལ་ཟབ་མོའི་དོན། །གསལ་བར་རབ་སྟོན་སྟོན་པའི་གསུང་རབ་དྲི་མེད་མཆོག་ལ་རབ་བརྟེན་ནས། །ལུས་ཅན་ཉེར་ཞི་ཞི་བར་བསྒྲོད་པའི་བླ་མེད་ལམ་ཚུལ་རབ་སྟོན་ཅིང༌། །ཟབ་མོའི་ཆོས་ཚུལ་ཚུལ་བཞིན་རྣམ་པར་འབྱེད་པའི་རིགས་པའི་འོད་བརྒྱ་ཅན། །གསུང་རབ་དགོངས་འགྲེལ་འགྲེལ་པའི་དོན་ཀུན་ལེགས་པར་བཤད་པའི་རྣམ་བཤད་འདི། །ལེགས་གསུངས་འདུལ་བའི་ནགས་ཀྱི་ཚལ་གནས་ཕ་རོལ་ཕྱིན་པའི་སྟོབས་རྒྱས་ཤིང༌། །ཆོས་མངོན་རལ་པ་རྣམ་གཡོ་རིགས་པས་ཕ་རྒོལ་གླང་པོའི་སྟོབས་འཇོམས་པ། །འཕགས་པ་ཀླུ་སྒྲུབ་རི?ས་པའི་དོ་ཤལ་ཕྲེང་བས་མགྲིན་པ་རབ་བརྒྱན་ཅིང༌། །སྟོང་ཉིད་སེང་གེའི་སྒྲ་ཡིས་དངོས་པོར་སྨྲ་བའི་ཝ་ཚོགས་སྐྲག་མཛད་པ། །སྨྲ་བའི་སེང་གེ་རོང་སྟོན་ཆེན་པོས་བླ་མ་བརྒྱུད་པའི་མན་ངག་དང༌། །མཁས་མང་རིང་དུ་བསྟེན་པའི་བློ་གྲོས་མཐུ་ལས་ལེགས་པར་བསྒྲུབས་པ་ཡིན།། །།འདིར་འབད་ལས་བྱུང་དགེ་བ་གང་ཞིག་ཐོབ་པ་དེ་ཡིས་ལུས་ཅན་ཀུན། །སྒྲིབ་གཉིས་མུན་པ་རབ་སྤངས་ཆོས་ཀུན་གསལ་བའི་མཁྱེན་པ་འོད་སྟོང་ཅན། །ཡོན་ཏན་རྒྱ་མཚོའི་རྡུལ་རྙེད་རབ་འཛིན་སྲིད་པའི་དགྲ་ལས་རྣམ་རྒྱལ་བའི། །སྟོབས་བཅུ་མངའ་བ་ཐུབ་དབང་མཆོག་གི་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །བདག་ཀྱང་སྐྱེ་བ་ཀུན་ཏུ་ཆོས་ཚུལ་ཟབ་མོ་འདི་དང་མི་འབྲལ་ཞིང༌། །སྙིང་རྗེའི་ཁྱོན་དུ་ལྷག་པའི་བྱང་ཆུབ་སེམས་ཀྱི་ལྗོན་པ་རབ་རྒྱས་ཏེ། །མཚར་དུ་མངར་བའི་ཆོས་ཀུན་རོ་འཛིན་སྐུ་གསུམ་འབྲས་བུ་རབ་ཐོབ་ནས། །ཕྲིན་ལས་དྲི་བསྲུང་འཕྲོ་བས་མཐའ་ཡས་འགྲོ་བ་རྗེས་སུ་འཛིན་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། སངས་རྒྱས་དཔལ་ལ་སོགས་པ། མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་མང་པོའི་ཞབས་རྡུལ་སྤྱི་བོར་བླངས་པ་ལ་བརྟེན་ནས། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ། འཆད་པ་དང་རྩོད་པ་དང་རྩོམ་པ་དང་བསྒོམ་པའི་ཚུལ་ལ་བསྙེངས་པ་མེད་པའི་དགེ་སློང་ཤར་རྒྱལ་མོ་རོང་པ་རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས། མཁས་གྲུབ་མཐའ་ཡས་པའི་འབྱུང་གནས་སུ་གྱུར་པ། ན་ལེནྡྲའི་གཙུག་ལག་ཁང་ཆེན་པོ་དང་ཚུལ་མཚུངས་པ། དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་སྡེ་ཆེན་པོར་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་ཡུན་རིང་དུ་གནས་པར་གྱུར་ཅིག། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*