དབྱངས་བསྟོད་དྲི་ཟའི་འཕོང་འགྲོས།
རྩོམ་པ་པོ། མཁན་པོ་མཁྱེན་རབ་བཟང་པོ།
པདྨའི་ཞལ་ལས་ཨུཏྤལ་དྲི་བཟང་འཛག།
བརྩེ་དགའི་བཞིན་ལས་ན་ཆུང་ཟུར་མིག་གཡོ།།
བཅུ་དྲུག་ལང་ཚོ་འཛིན་པའི་རི་བོང་ཅན།།
ངག་དབང་ལྷ་མོས་སྙན་གྱིས་གཡོ་ཙམ་མཛོད།།
མ་ཆགས་མཁྱེན་པའི་ཡེ་ཤེས་མདའ་བོ་ཆེ།།
བྲང་འགྲོའི་སྙིང་གི་མུན་པར་བསྣུན་པའི་ཚེ།།
ཀུན་རྨོངས་སྲིན་བྱ་ཡིད་ཀྱི་ཁུང་བུ་ནས།།
ཕྱོགས་སུ་བྲོས་པའི་ཚུལ་འདིས་ལྷག་ཏུ་དད།།
མཉེན་ཅིང་འཁྱུག་པའི་གཟུགས་ཀྱི་སྙེ་མ་ནི།།
ལྡེམ་ལྡེམ་གར་གྱི་སྟངས་སྟབས་མ་མཛད་ཀྱང།།
ཆུ་སྐྱེས་དབུས་ན་འགྱིང་བའི་སྒེག་ཉམས་ཀྱིས།།
ལེགས་བྲིས་བུ་མོ་དག་ཀྱང་དམན་སར་བཀོད།།
བལྟས་པས་མི་ངོམ་བཞིན་གྱི་ཁུར་ཚོས་ནི།།
དུང་གི་མདོག་ལ་བིམ་པའི་ཁ་དོག་ལྟར།།
མ་བྱུག་དཀར་དམར་མདངས་ཀྱི་འོད་རིས་མ།།
ཆགས་བྲལ་སྐྱེས་བུའི་ཡིད་ཀྱང་གཡོ་བར་སྙམ།།
སྤྱན་དཀྱུས་རིང་བའི་མིག་གི་བུང་བ་ནི།།
རྒྱག་བསྐྱེད་ཁུ་བ་བྱུག་འདྲའི་སྨིན་མའི་འོག།
ལྐོག་ནས་བོས་པ་ལྟ་བུས་གཡོ་ལྡན་མས།།
ཀུན་གྱི་ཡིད་ནི་ཁྱོད་ཀྱི་ཕྱོགས་སུ་འཐེན།།
ཀུ་མུད་མདོག་དང་སྟོན་ཟླ་ལས་དཀར་བའི།།
ཐགས་བཟང་ཚེམས་ནི་གངས་རིའི་ཕྲེང་བ་ལྟར།།
སྒྲོས་ལེགས་མཆུ་ཡི་དབུས་སུ་མངོན་པ་ནི།།
མཁའ་ཡི་མཛེས་བྱེད་སྤྲིན་གྱི་བླ་བྲེ་བཞིན།།
གནག་སྣུམ་ལན་བུ་ཅུང་ཟད་ལི་བའི་ཚུལ།།
སྟོད་གཡོག་ལྷ་ཡི་ན་བཟའ་ཕྱེད་བཀབ་སྟེ།།
འགྲམ་པའི་ཕྱོགས་སུ་ལྷོད་ཀྱིས་དཔྱངས་བས་ཀྱང།།
ཞལ་གྱི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་སྣང།།
རེག་ན་བདེ་བ་འཕེལ་བའི་བྲང་ཀྱི་ངོས།།
རབ་དཀར་འོ་མ་འཛིན་པའི་མྱོས་བུམ་ནི།།
ཅུང་ཟད་འབུར་དུ་ཐོན་པའི་ངང་ཚུལ་དེས།།
ཆགས་ལྡན་སྐྱེ་བོ་འགུགས་པའི་ཟོལ་དུ་གྱུར།།
འཕོངས་ཀྱིས་བཏེགས་པའི་རབ་ཕྲ་སྐེད་པའི་འོག།།
མཉེན་འཇམ་རླ་ཡི་གཤོགས་ཟུང་ཁུགས་པ་ན།།
འདོད་མྱོས་བདེ་བ་འཛག་པའི་གཉིས་དགའི་ཁྱིམ།།
སྨད་གཡོག་ན་བཟས་བསྐུམ་པའི་ཚུལ་འདི་འཚར།།
ཇི་སྙེད་འགྲོ་ཁམས་རྒྱ་མཚོ་རི་དགས་མིག།།
ཇི་ལྟར་གཟིགས་པའི་ཡེ་ཤེས་ཐག་པ་ཡིས།།
ལུས་པ་མེད་པར་རོ་གཅིག་བསྡོམ་པ་དེས།།
སྲས་བཅས་རྒྱལ་བའི་ཡིད་ལ་ངོ་མཚར་སྟེར།།
ཕྲ་ལ་ལྡེམ་པའི་ཕྱག་སོར་རྩེ་མོའི་ཟུང།།
དྲུག་ཅུའི་དབྱངས་ཀྱི་གོང་བུར་ཆགས་པ་ཡི།།
རྒྱུད་མངས་ཐག་པར་རེག་པ་ཙམ་གྱིས་ཀྱང།།
བརྟན་གཡོའི་སྙན་པ་དུས་གཅིག་དཀྲོལ་མཛད་མ།།
Leave a Reply