༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ། རོང་སྟོན་ཆོས་རྗེས་མཛད་པ་བཞུགས་སོ།།
༈ ཨ་བྷི་ས་མ་ཡཱ་ལངྐཱ་ར་ནཱ་མ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤ་ཤཱ་སྟྲ་པྲྀཏྟི་བྱཱ་ཁྱ་ན་པང་ཨརྠ་པྲདྱུ་ཏི་ན་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རབ་བརྗིད་ཤེལ་གྱི་རི་དབང་ལྟ་བུའི་སྐུ། །ཐར་ལམ་སྟོན་པ་འཆི་མེད་རྔ་སྒྲའི་གསུང༌། །སྒྲིབ་བྲལ་རྣམ་པར་དག་པའི་ཐུགས་མངའ་བ། །བློ་གཏེར་གངས་རིའི་མདོག་ཅན་ལ་ཕྱག་འཚལ། །མཁྱེན་གསུམ་ལྗོན་པ་ཚང་མེད་ཡལ་གའི་ཁྱོན། །སྦྱོར་བཞིའི་མེ་ཏོག་ཕྲེང་བ་རབ་རྒྱས་ཤིང༌། །སྐུ་གསུམ་འབྲས་བུ་ཕྲིན་ལས་དྲི་བསུང་ལྡན། །རྒྱལ་ཡུམ་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །མཁྱེན་པའི་དཀྱིལ་འཁོར་བརྩེ་བའི་ཚ་ཟེར་འགྱེད། །དོན་གཉིས་ཕུན་ཚོགས་ཤིང་རྟའི་འགྲོས་ལྡན་ཞིང༌། །མཐའ་ཡས་འགྲོ་བ་བློ་ཡི་པདྨོའི་གཉེན། །ཐུབ་དབང་ཕྲིན་ལས་འོད་སྟོང་ལྡན་པར་འདུད། །ཞི་ལམ་སྟོན་པའི་གསུང་གི་རྔ་བོ་ཆེ། །ལེགས་བཤད་དག་གི་འབྱོར་པ་མི་ཟད་གཏེར། །འགྲོ་ལ་ཕན་བདེའི་འབྲས་བུ་སྦྱིན་མཛད་པ། །ཐུབ་པའི་གསུང་རབ་མཆོག་ཏུ་བསྟོད་པར་བགྱི། །འགྲོ་ཀུན་བྱམས་པའི་ཐུགས་ཀྱིས་ཉེར་འཚོ་ཞིང༌། །གཟུངས་དང་ཏིང་འཛིན་ཚད་མེད་ཡོན་ཏན་ལྡན། །ཕན་བདེའི་འབྱོར་བ་མི་ཟད་ཆུ་གཏེར་ཆེ། །རྒྱལ་སྲས་ཐུ་བོ་མི་ཕམ་རྒྱལ་གྱུར་ཅིག །མཁྱེན་པའི་ཆུ་འཛིན་དཀར་པོ་ལྷུན་སྟུག་ཅིང༌། །རྨད་བྱུང་སྤོབས་པའི་གློག་འོད་རབ་འཁྱུག་ལ། །ལེགས་བཤད་སྤྲིན་གྱི་རྔ་སྒྲ་མངོན་མཐོ་བའི། །འཕགས་པ་ཐོགས་མེད་སྤྲིན་གྱི་དབང་པོར་འདུད། །མཁྱེན་པའི་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང༌། །ཚད་མེད་ཡོན་ཏན་ནོར་བུ་རྣམ་འཕེལ་བའི། །གསུང་རབ་རྒྱ་མཚོར་རྣམ་པར་རོལ་བྱེད་པ། །དབྱིག་གཉེན་གདེངས་ཅན་དབང་པོ་ལ་ཕྱག་འཚལ། །ཟབ་མོའི་དོན་རྟོགས་བློ་གྲོས་སྟོན་ཀའི་ཟླ། །ཉེར་འཚེའི་སྒྲ་གཅན་གདོང་ལས་རྣམ་གྲོལ་ཞིང༌། །ཚད་མེད་ཡོན་ཏན་བསིལ་བའི་འོད་བརྒྱ་པ། །རྣམ་པར་གྲོལ་སྡེ་སྨྲ་བའི་ཟླ་བར་འདུད། །དད་པའི་ཁྱོན་དུ་མང་ཐོས་ལྗོན་པའི་ཚོགས? །རྣམ་གྲོལ་འབྲས་བུའི་ཁུར་གྱིས་རབ་ལྕི་ཞིང༌། །ལེགས་བཤད་དྲི་བསྲུང་ཕུན་ཚོགས་ལྡན་པ་ཅན། །བཙུན་པ་རྣམ་གྲོལ་སྡེ་ལའང་གུས་ཕྱག་འཚལ། །གསུང་རབ་རལ་པའི་ཅོད་པན་གཙུག་ན་འཛིན། །ལྟ་ངན་རི་དྭགས་འཇོམས་པའི་སྟོབས་ལྡན་ཞིང༌། །སྤོབས་པའི་ཞབས་བརྟན་མི་འཇིགས་གདོང་ལྔ་པ། །སྨྲ་བའི་སེང་གེ་བཟང་པོའི་ཞབས་པད་མཆོད། །སངས་རྒྱས་གསུང་རབ་ཟབ་མོའི་རྒྱ་མཚོ་ལ། །ལེགས་བཤད་ངག་གི་གར་གྱིས་རོལ་བྱེད་ཅིང༌། །མཁས་མང་གཙུག་གི་ནོར་བུའི་དགའ་སྟོན་ཅན། །དཔལ་ལྡན་བླ་མ་སྨྲ་བའི་དབང་པོར་འདུད། །རྒྱལ་ཡུམ་ཟབ་ཅིང་གཏིང་དཔག་དཀའ་བའི་མཚོ། །རྣམ་དཔྱོད་མཐུ་ཡིས་ཡོངས་སུ་བསྲུབས་པ་ལས། །ལེགས་པ?་འཐོན་པའི་རྣམ་བཤད་པདྨོའི་གཉེན། །ལེགས་བཤད་ཕུལ་བྱུང་འོད་རིས་གཡོ་བ་ཅན། །ལུང་རིགས་བྱེ་བའི་གཟི་འོད་རབ་འབར་བ། །ངོ་མཚར་སྤོབས་པའི་ངག་གི་ཤིང་རྟ་ཡིས། །བློ་གྲོས་ཤར་རིའི་རྩེ་ནས་ལེགས་དྲངས་ཏེ། །ཐུབ་བསྟན་གླིང་བཞིའི་ཁྱོན་འདིར་གསལ་བར་བྱ།། ༈ །།ཐུབ་པའི་དབང་པོས་འགྲོ་བ་མཐའ་དག་སྡུག་བསྔལ་ལས་བསྒྲལ་ནས་རྣམ་པར་གྲོལ་བ་མཆོག་ལ་འགོད་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། ཐབས་ལ་མཁས་པ་དང་བརྩོན་འགྲུས་དཔག་ཏུ་མེད་པའི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཤིན་ཏུ་གོམས་པར་མཛད་པའི་སྟོབས་ཀྱིས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་ཏེ། གདུལ་བྱ་རྣམས་ཀྱི་བློའི་རིམ་པ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་རོ། །དེ་རྣམས་ཀྱི་ཤིན་ཏུ་ཟབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེའི་དོན་ནི་རྣམ་པ་གཉིས་ཏེ། དངོས་བསྟན་སྟོང་པ་ཉིད་ཀྱི་དོན་དང༌། སྦས་དོན་མངོན་པར་རྟོགས་པའི་རིམ་པའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་ཀྱིས་གསལ་བར་བསྟན་པར་དག་ཡིན་ལ། གཉིས་པ་ནི། འཕགས་པ་བྱམས་པས་ཡུལ་སྟོང་པ་ཉིད་དང་སྦྱར་ནས་བསྟན་པའི་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པའོ། །དགོངས་འགྲེལ་གྱི་བསྟན་བཅོས་འདི་གཉིས་ལ་ནི་ཤིང་རྟའི་སྲོལ་འབྱེད་རྣམ་པ་གཉིས་ཞེས་གྲགས་ཏེ། དགོངས་འགྲེལ་རྩོམ་པ་པོ་གཞན་དག་ནི་འདི་གཉིས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །གང་དང་དཔའ་བོའི་སྟོང་ཕྲག་བརྒྱ་པའི་བཤད་པ་དང༌། ཕྱོགས་བླང་གི་བརྒྱད་སྟོང་དོན་བསྡུ་དང་བཞི་ཡིན་ཞེས་སྨྲ་བ་ནི་མི་འཐད་དེ། སྔ་མ་གཉིས་ལས་སྲོལ་འབྱེད་གཞན་མ་ཡིན་པའི་ཕྱིར་རོ། །ཡང་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་མ་ཕམ་པ་ལ་མདོ་དང་བསྟན་བཅོས་དངོས་སུ་གསན་ནས་མདོའི་འགྲེལ་བ་མཛད་ཅིང༌། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མདོའི་འགྲེལ་བ་མཛད་ལ། གཉིས་ཀས་ཀྱང་མདོ་དང་རྒྱན་མ་སྦྱར་རོ་ཞེས་གྲག་གོ །འོན་ཀྱང་སྦྱོར་བར་འདོད་པ་ཉིད་ལེགས་སོ། །ཡང་འཕགས་པ་རྣམ་གྲོལ་སྡེ་རྒྱན་དང་སྟོང་ཕྲག་ཉི་ཤུ་ལྔ་པ་སྦྱར་བའི་འགྲེལ་པ་བྱས་ཤིང༌། སླར་ཡང་སློབ་དཔོན་སེང་གེ་བཟང་པོས་འཕགས་པ་རྣམ་གྲོལ་སྡེའི་རྗེས་སུ་འབྲངས་ནས་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་དང་སྦྱར་བ་ལེ་བརྒྱད་མའི་བསྡུས་དོན་མཛད་ལ། བརྒྱད་སྟོང་པས་ཀྱང་མངོན་པར་རྟོགས་པའི་དོན་ཚང་བར་སྟོན་པར་དགོངས་ནས་རྒྱན་དང་སྦྱར་བའི་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་མཛད་ཅིང༌། ཡུམ་ཀུན་གྱི་རྒྱན་དུ་རྟོགས་པའི་ཆེད་དུ་རྒྱན་དང་ཡུམ་གསུམ་ཀ་སྦྱར་བའི་འགྲེལ་པ་དོན་གསལ་མཛད་དོ། །འདི་ལ་དོན་གསུམ་ཏེ། བསྟན་བཅོས་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས། བསྟན་བཅོས་ཇི་ལྟར་བསྒྱུར་ཚུལ་ལོ། །དང་པོ་ལ། ཐ་སྙད་རྟོགས་པའི་དོན་དུ་མཚན་གྱི་དོན། གཞུང་ཚད་རྟོགས་པའི་དོན་དུ་བམ་པོའི་གྲངས། གུས་པས་འཇུག་པའི་དོན་དུ་ཕྱག་བྱ་བའོ། །དང་པོ་ལ། མཚན་བསྒྱུར་བ་དང༌། བཤད་པ་གཉིས་ལས། བསྒྱུར་བ་ནི། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ནི། བོད་སྐད་དུ། མངོན་པར་རྟོགས་པ། ཨ་ལངྐཱ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲཛྙཱ་ནི་ཤེས་རབ། པཱ་ར་མི་ཏཱ་ནི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག ཤཱསྟྲ་ནི་བསྟན་བཅོས། བྲྀཏྟ་ནི་འགྲེལ་པའོ། །གཉིས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཞུང་ཤེར་ཕྱིན་ཏེ་རྒྱས་འབྲིང་བསྡུས་པ་གསུམ་མོ། །མན་ངག་ནི་གཉིས་ཏེ། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པར་བྱེད་པ་དང༌། སྦས་པའི་དོན་གསལ་བར་བྱེད་པའོ། །འདིར་གཉིས་ཀ་ལ་འཇུག་སྟེ། ཚིག་ཉུང་ངུས་སྟོང་ཕྲག་བརྒྱ་པའི་དོན་སྟོན་པ་དང༌། སྦས་དོན་མངོན་པར་རྟོགས་པའི་རིམ་པ་གསལ་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པ་ནི་གཉིས་ཏེ། ཡང་དག་པའི་དོན་ལ་མངོན་དུ་ཕྱོགས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ། །བསྟན་བཅོས་ལ་བཞི་ལས། དང་པོ་མཚན་ཉིད་ནི། འདིར་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཐར་བ་ཐོབ་པའི་ཐབས་སུ་བཀའི་དོན་བཤད་པའི་ངག་ཡིན་ལ། བསྟན་བཅོས་ཙམ་ལ་ནི་མ་ངེས་སོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི་ཤསྟྲ་ལས། ཤ་ས་ན་ནི་འཆོས་པ་སྟེ། གདུལ་བྱའི་སེམས་རྒྱུད་བསླབ་པ་གསུམ་ལྡན་དུ་འཆོས་པའོ། །ཏ་ར་ནི་སྒྲོལ་བ་འམ་སྐྱོབ་པ་སྟེ། ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པའོ། །དབྱིག་གཉེན་གྱིས་རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །གསུམ་པ་དབྱེ་བ་ལ། དགོས་པའི་སྒོ་ནས། དོན་དང་ལྡན་པའི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་སོ། །བྱེད་ལས་ཀྱི་སྒོ་ནས་འཐོར་བ་སྡུད་པར་བྱེད་པ་དང༌། འཁྲུགས་པ་གོ་རིམ་སྡེབ་པ་དང༌། རྒྱ་ཆེན་པོ་སྡུད་པར་བྱེད་པའོ། །བཞི་པ་མཚན་གཞི་ལ་གཉིས་ཏེ། མིང་ཚིག་ཡི་གེ་གསུམ་གྱི་ངོ་བོ། སློབ་དཔོན་སོ་སོའི་འདོད་ཚུལ་ལོ། །དང་པོ་ལ། མིང་གི་ཚོགས་ནི། དོན་གྱི་རང་གི་ངོ་བོ་ཙམ་གསལ་བར་བྱེད་པ་སྟེ། བུམ་པ་ཞེས་པ་བཞིན་ནོ། །ཚིག་གི་ཚོགས་ནི། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པར་བྱེད་པ་སྟེ། བུམ་པ་མི་རྟག་ཞེས་པ་བཞིན་ནོ། །ཡི་གེའི་ཚོགས་ནི། མིང་ཚིག་གཉིས་ཀ་གསལ་བར་བྱེད་པ་སྟེ། གསལ་བྱེད་དང་དབྱངས་ཡིག་གཉིས་སོ། །ཇི་ལྟར་གསལ་བར་བྱེད་ཅེ་ན། ཡི་གེ་འདུས་ཚུལ་གྱི་གནས་སྐབས་ཀྱི་བྱེ་བྲག་གིས། ཆོས་རྣམས་ཀྱི་ངོ་བོ་དང༌། ཁྱད་པར་གསལ་བར་བྱེད་པའི་བརྗོད་པ་དེ་དང་དེ་ལ་མིང་དང་ཚིག་ཏུ་བཏགས་པའི་ཕྱིར་རོ། །ཅིའི་ཕྱིར་མིང་ཚིག་ཡི་གེ་གསུམ་དུ་བཞག་ཅེ་ན། གནས་སྐབས་དང་མཐར་ཐུག་གི་བླང་དོར་ནི་བསྟན་བཅོས་ཀྱིས་སྟོན་ལ། བསྟན་བཅོས་ཀྱང་གསུམ་པོ་འདི་དག་གི་སྒོ་ནས་རྣམ་པར་འཇོག་པའི་ཕྱིར་རོ། །གཉིས་པ་ལ། འགའ་ཞིག་ཆོས་ཀྱི་གྲགས་པའི་དགོངས་པ་ནི་ཡི་གེ་སྒྲ་རང་མཚན་ཁོ་ན་སྟེ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ་ཅེས་དང༌། །དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་གྱུར་བ་ཡིན། །ཤེས་དེས་བསྐྱེད་པའི་ཤེས་པ་ཅན། །དེ་ཐོས་མྱུར་མིན་ཐོས་པ་ཅན་ཅེས་པས་སོ། །ཞེས་འདོད་དོ། །མི་འཐད་དེ། དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་བས་རྫོགས། །ཞེས་འབྱུང་བས། ཡི་གེ་ཐུང་ངུ་ཞིག་ཀྱང་སྐད་ཅིག་དུ་མས་རྫོགས་དགོས་ལ། སྐད་ཅིག་རེ་རེ་ཡང་ཡི་གེ་མ་ཡིན་ཞིང༌། སྔ་ཕྱི་དུ་མ་ལྷན་ཅིག་ཏུ་ཚོགས་པ་ཡང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡི་གེ་ཐུང་ངུ་ཅིག་ལ་ཡང་སྐད་ཅིག་དུ་མ་ཡོད་ཅེས་བསྟན་གྱི། སྐད་ཅིག་རེ་རེ་བ་དག་ཡི་གེ་མ་ཡིན་ཞེས་བསྟན་པ་ནི་མ་ཡིན་ནོ་ཞེ་ན། འོ་ན་ཡི་གེའི་སྐད་ཅིག་རེ་རེ་བ་དེ་དག་ཆོས་ཅན། མིག་འཛུམས་ཚད་དུ་གནས་པར་ཐལ། ཡི་གེ་ཡིན་པའི་ཕྱིར་རོ། །རྣམ་འགྲེལ་ལས། ཡི་གེའི་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམས་ཚད་དུ་གནས་པ་ཡིན། །ཅེས་སོ། །གལ་ཏེ་ཡི་གེ་དེ་སྐད་ཅིག་མ། ཅིག་ཡིན་ནམ་དུ་མ་ཡིན། དང་པོ་ལྟར་ན་ཡི་གེ་རིང་ཐུང་གི་ཐ་སྙད་མི་འཐད་དེ། སྐད་ཅིག་མ་ཅིག་ལ་རིང་ཐུང་གི་བྱེ་བྲག་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོར་གྲུབ་པས་དོན་དམ་པར་རྫས་སུ་མ་གྲུབ་པར་འགལ་ལོ་ཞེ་ན། དོན་དམ་པའི་དངོས་པོར་མི་འདོད་པས་རྫས་ཅིག་དང་ཐ་དད་ཀྱི་བརྟག་པ་མི་འཇུག་གོ །འོ་ན་ཀུན་སློང་ཤེས་པ་ལས་སྐྱེ་བ་དང་ཉན་ཤེས་ཀྱིས་ཐོས་པར་བཤད་པ་དང་འགལ་ལོ་ཞེ་ན། ཡི་གེའི་ཆ་ཤས་རིམ་ཅན་དུ་སྐྱེ་བ་དང་ཆ་ཤས་ཉན་ཤེས་ཀྱིས་ཐོས་པ་ཙམ་ལ་ཐ་སྙད་དུ་སྐྱེ་བ་དང་ཐོས་པར་བཞག་པ་ཡིན་གྱི་དངོས་པོའི་གནས་ཚུལ་ལ་མ་ཡིན་ཏེ། སྐད་ཅིག་དང་པོ་ཐོས་པའི་དུས་དང་བར་པ་དང་ཐ་མ་ཐོས་པའི་དུས་སུའང་ཐོས་པ་མ་ཡིན་པའི་ཕྱིར་ཏེ། སྐད་ཅིག་རེ་རེ་ཡི་གེར་མི་རུང་བའི་ཕྱིར་རོ། །ཐ་མའི་དུས་སུ་ཐོས་སོ་ཅེ་ན། མ་ཡིན་ཏེ་སྔ་མ་གཉིས་འགགས་པས་དངོས་པོར་མེད་ལ་ཕྱི་མ་ཡང་ཡི་གེ་མ་ཡིན་པའི་ཕྱིར་རོ། །མིང་ཚིག་གཉིས་ཀྱང་དོན་དམ་པར་སྒྲ་མ་ཡིན་ཏེ། འདི་གཉིས་བརྗོད་བྱའི་དོན་ལ་དོན་གྱི་ངོ་བོ་དང་ཁྱད་པར་སྟོན་བྱེད་དུ་བརྡ་སྦྱར་བར་བྱ་བ་ཡིན་ལ། ཉན་ཤེས་ཀྱི་གཟུང་དོན་ལ་བརྡ་སྦྱར་མི་ནུས་པའི་ཕྱིར་ཏེ་བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བའི་ཕྱིར་རོ། །ཇི་སྐད་དུ། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །དངོས་པོ་ཡིན་ནི་འབྲེལ་པ་འདི། །ཇི་ལྟ་བུར་ན་འཇུག་པར་འགྱུར། །ཅེས་སོ། །ཐོས་པའི་ཐ་སྙད་བྱེད་པ་ནི་མ་དཔྱད་པར་འཇུག་པའི་ཐ་སྙད་ཀྱི་གྲགས་པ་ཙམ་ལ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་མངོན་པ་བ་དག་ནི། ཡི་གེའི་ཆ་ཤས་ཐོས་པ་ན་ཡི་གེ་བྱུང་ངོ་སྙམ་པའི་རྟོག་པ་སྐྱེ་ལ། རྟོག་པའི་བཟུང་བྱ་དོན་ཤེས་གང་དུ་ཡང་མ་གྲུབ་ཅིང་སྒྲོ་བཏགས་པ་ཡང་མ་ཡིན་པ་ཞིག་ཡི་གེར་འདོད་ལ། མིང་དང་ཚིག་ནི། ཡི་གེའི་གོ་རིམ་སྡེབ་ཚུལ་གྱི་ཁྱད་པར་ལས། རྟོག་པས་དོན་གྱི་ངོ་བོ་དང་ཁྱད་པར་གསལ་བྱེད་དུ་སྒྲོ་འདོགས་པར་བྱེད་ལ། བློ་དེའི་བཟུང་བྱར་གྱུར་པ་རྫས་སུ་གྲུབ་པ་ལ་འདོད་དོ། །མདོ་སྡེ་པ་དག་ནི། ཡི་གེའི་ཆ་ཤས་ཉན་ཤེས་ཀྱིས་ཐོས་པ་ན། རྗེས་ཀྱི་རྟོག་པས་ཡི་གེའོ་སྙམ་དུ་འཛིན་པའི་བཟུང་བྱ་གང་ཡིན་པ་དེ་ཉིད་ཡིན་ཏེ། དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ཡང་རྟོག་བློའི་རྗེས་སུ་འབྲངས་ནས་འཇིག་རྟེན་ན་དེ་ལ་ཡི་གེའི་ཐ་སྙད་འདོགས་པའི་ཕྱིར་རོ། །བཏགས་པ་ཙམ་དུ་མེད་པ་ཡང་མ་ཡིན་ཏེ། སྐད་གདངས་ཀྱི་གནས་སྐབས་ལ་འདོགས་པས་ངག་གི་རྣམ་པར་རིག་བྱེད་ཀྱི་ཐ་སྙད་བྱེད་དོ། །འཕགས་པ་ཐོགས་མེད་ཀྱང་ཕལ་ཆེར་བྱེ་བྲག་སྨྲ་བའི་མངོན་པ་བ་དང་མཐུན་ལ། ཁྱད་པར་ནི། འདི་དག་ནི་བཏགས་ཡོད་ཙམ་ཡིན་པས་རྫས་སུ་མེད་ཅིང༌། གདགས་གཞི་འདུས་བྱས་ལ་བཏགས་པས་འདུ་བྱེད་ཀྱི་ཕུང་པོར་འཇོག་པ་ཡང་མི་འགལ་ལོ་ཅེས་པའོ། །གལ་ཏེ་མིང་ཚིག་སོགས་དངོས་པོར་མེད་ན་བསྟན་བཅོས་རྩོམ་པ་དང་འཆད་པ་དང་ཉན་པ་སོགས་ཇི་ལྟར་རུང་ཅེ་ན། རྩོད་པ་པོ་རང་གི་མངོན་པར་འདོད་པའི་དོན་སྟོན་པའི་ཆེད་དུ། རྟོག་པས་དོན་གྱི་ངོ་བོ་དང་ཁྱད་པར་གསལ་བར་བྱེད་པའི་ཡི་གེའི་གོ་རིམས་སྡེབ་པ་ལ་བསྟན་བཅོས་རྩོམ་ཅེས་ཐ་སྙད་འཇུག་ཅིང༌། འཆད་པ་པོའི་བྱེད་པ་ལྕེ་རྐན་སོགས་ལས། ཡི་གེའི་ཆ་ཤས་རྣམས་ཀུན་སློང་གི་རིམ་པ་ཇི་ལྟ་བ་བཞིན་སྐྱེ་བ་དང༌། ཉན་པ་པོས་ཡི་གེའི་ཆ་ཤས་འབྲེལ་ཆགས་སུ་ཐོས་པ་ལ་རྗེས་ཀྱི་རྟོག་པས་དོན་གྱི་ངོ་བོ་དང་ཁྱད་པར་གསལ་བྱེད་དུ་ཡོངས་སུ་བཟུང་བས། རྟོག་པ་དེའི་རྗེས་སུ་འབྲངས་ནས་འཆད་པ་དང་ཉན་པའི་ཐ་སྙད་ཀྱང་འཇུག་གོ །གལ་ཏེ་ཕྱིས་ཀྱི་འཆད་པ་པོས་རྩོམ་པ་པོ་སྔ་མའི་བསྟན་བཅོས་འཆང་བར་མི་རུང་སྟེ། ཕྱིས་ཀྱི་འཆ་པ་པོའི་ངག་ལས་བྱུང་བ་དེ་ཉིད་སྔར་གྱི་རྩོམ་པ་པོས་བྱས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། རྩོམ་པ་པོས་ཇི་ལྟར་བསྡེབས་པ་ལྟར་གྱི་གོ་རིམས་མ་འཆོལ་བར་འདོན་པ་ནི། རྩོམ་པ་པོ་དེ་ཉིད་ཀྱི་མཐུ་ལས་བྱུང་བ་ཡིན་པས། དེ་ལ་གཞན་གྱི་བསྟན་བཅོས་འཆད་ཅེས་པའི་ཐ་སྙད་ཐོབ་པ་ཡིན་ཏེ། ཐ་མལ་པ་དག་གིས་གླེགས་བམ་ལ་སྔོན་སངས་རྒྱས་ཀྱིས་གསུངས་པའི་ཡི་གེའི་གོ་རིམས་དང་ཁྱད་པར་མེད་པར་འདོན་པས། སངས་རྒྱས་ཀྱི་བཀའ་ཀློག་གོ་ཞེས་ཐ་སྙད་བརྗོད་པ་བཞིན་ནོ། །རྒྱན་ལ་མཛེས་བྱེད་དང་གསལ་བྱེད་ཀྱི་རྒྱན་གཉིས་ལས། འདིར་ཐ་མ་སྟེ་ཡུམ་གྱི་སྦས་པའི་དོན་གསལ་བར་བྱེད་པའི་ཕྱིར་རོ། །འགྲེལ་པ་ནི། རྣམ་པར་འབྱེད་པ་སྟེ། རྒྱ་ཆེར་འགྲེལ་དང༌། ཚིག་གི་འགྲེལ་པ་དང༌། དོན་ཙམ་གྱི་འགྲེལ་པ་དང༌། དཀའ་འགྲེལ་དང༌། བསྡུས་དོན་གྱི་འགྲེལ་པ་རྣམས་ལས། འདི་ནི་དོན་ཙམ་འགྲེལ་པའོ། །གཉིས་པ་ནི། བམ་པོ་ལྔའོ། །ཚད་ནི་ཤླཽ་ཀ་སུམ་བརྒྱ་ལ་བམ་པོར་བྱས་པ་སྟེ། རྒྱ་དཔེ་ལས་ཤླཽ་ཀ་སྟོང་ལྔ་བརྒྱའོ་ཅེས་འབྱུང་བས་སོ། །གསུམ་པ་ནི། སངས་རྒྱས་དང་ཞེས་སོགས་སོ། །གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་ལ། །བཤད་པ་ལ་འཇུག་པ་དང༌། བཤད་པ་ཉེ་བར་དགོད་པ་དང༌། བཤད་པ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་པའི་དོན། སློབ་དཔོན་སྔ་མས་ཇི་ལྟར་ཕྱེ་བའི་ཚུལ། རང་ཉིད་འགྲེལ་པ་རྩོམ་པའི་རྒྱུའོ། །དང་པོ་ལ། བསྡུས་པའི་དོན་ནི། ཡུལ་གང་ལ། དགོས་པ་གང་གི་དོན་དུ། ཚུལ་ཇི་ལྟར་ཕྱག་འཚལ་བ་སྟེ། ཚིག་རྐང་ཅིག་དང༌། ཕྱེད་དང་གསུམ་དང༌། ཕྱེད་ཀྱིས་རིམ་པ་བཞིན་ནོ། །འདི་དག་གཅིག་ཡིན་པས་དོན་ཚན་མང་དུ་འཆང་བ་ནི་མི་འཐད་དོ། །ཚིག་དོན་ནི། ཕྱག་འཚལ་ལོ། །གང་ལ་ན། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་བྱ་དང་བཅས་པ་ལའོ། །ཚུལ་ནི་གུས་པས་སོ། །དགོས་པ་ནི་ཤེར་ཕྱིན་དེའི་རྒྱན་གྱི་ཚིག་ལེའུར་བྱས་པ་དག་རྣམ་པར་དབྱེ་བར་བྱ་བའི་ཕྱིར་དུའོ། །ཇི་ལྟར་དབྱེ་ན་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་འགྱུར་བར་ནིའོ། །འདི་ཇི་ལྟར་རྟོགས་ཅེ་ན། དགོས་འབྲེལ་ལས། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་ཅེས་དང༌། འཕགས་གཞིའི་མངོན་རྟོགས་བསྡུས་ཚུལ་དུ་ཡུམ་གསུམ་ཆར་ཁུངས་སུ་མཛད་པ་དང༌། སེམས་བསྐྱེད་ཀྱི་སྐབས་སུ་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་ཅེས་གསུམ་ཀ་དང་སྦྱར་བའི་ཕྱིར་རོ། །གཉིས་པ་ལ། སྔོན་གྱི་སློབ་དཔོན་དག་གིས་ཕྱེ་བ་ཡོད་དམ་མེད། །ཡོད་ན་ཟློས་པར་འགྱུར་ལ། མེད་ན་རང་བཟོའི་ཉེས་པ་ཡོད་དོ་ཞེ་ན། སྔོན་གྱི་སློབ་དཔོན་རྣམས་ཀྱིས་རྣམ་བཤད་མཛད་ཚུལ་དང་ཞར་ལ་ཟློས་པའི་སྐྱོན་མེད་པའི་སྟོན་པ་ལ་བཞི་ལས། ཐོགས་མེད་ཀྱིས་རྣམ་བཤད་མཛད་ཚུལ་ནི་རྣམ་བཤད་མཛད་དོ། །གང་གིས་ཞེ་ན་འཕགས་པ་ཐོགས་མེད་ཀྱིས་སོ། །འདི་ནི་བསམ་པའི་ཁྱད་པར་འགྲོ་ལ་ཆགས་པའི་སྙིང་རྗེས་ཀུན་ཏུ་ཆགས་པར་མཛད་ཅིང༌། སྦྱོར་བའི་ཁྱད་པར་རང་གིས་གཟིགས་པའི་ལམ་བསྟན་པས་གཞན་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་ཡོན་ཏན་དང་ལྡན་པའོ། །གང་ལ་རྟེན་ནས་ཞེ་ན། རྗེ་བཙུན་མི་ཕམ་མགོན་པོ་ལ་མདོ་དང་བསྟན་བཅོས་དངོས་སུ་གསན་པ་ལ་བརྟེན་ནས་སོ། །གང་གི་མཛད་ཅེ་ན། བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་མདོ་དང་བཅས་པའི་འོ། །གང་དག་འདིའི་བསྟན་བཅོས་མདོ་ཉིད་ལ་འདོད་པ་ནི་དགོངས་པ་མིན་ཏེ། འོག་གི་བསྟན་བཅོས་ཅེས་འབྱུང་བ་མངོན་རྟོགས་རྒྱན་ཡིན་ཞིང༌། འདི་ཡང་དེ་དག་དང་དོན་གཅིག་པའི་ཕྱིར་རོ། །ཇི་ལྟར་ཤེས་ཅེ་ན། སྔོན་གྱི་སློབ་དཔོན་རྣམས་ཀྱིས། མདོ་དང་བསྟན་བཅོས་སྦྱར་བའི་འགྲེལ་པ་མཛད་ཚུལ་སྨོས་ནས། དེ་དག་གི་རྗེས་སུ་འབྲངས་ཏེ་རང་ཉིད་ཀྱང་མདོ་དང་བསྟན་བཅོས་སྦྱར་བའི་འགྲེལ་བ་བྱེད་པར་དོན་གྱིས་འཕངས་པའི་ཕྱིར་རོ། །མདོའི་འགྲེལ་པ་མཛད་ཚུལ་གང་ཡིན་སྨོས་པ་ནི་མ་ཡིན་ཏེ། བརྒྱད་སྟོང་དོན་བསྡུ་སོགས་མ་སྨོས་པའི་ཕྱིར། འགྲེལ་པ་ནི་དེ་ཉིད་རྣམ་ངེས་ཅེས་བྱའོ། །གཉིས་པ་དབྱིག་གཉེན་གྱིས་བཀྲོལ་ཚུལ་ནི། རྣམ་པར་བཀྲོལ་ལོ། །གང་གིས་ཞེ་ན་དབྱིག་གཉེན་གྱིས་སོ། །འདི་ཡང་འགྲོ་བའི་དོན་མངོན་མཐོ་ངེས་ལེགས་ཀྱི་རྩ་ལག་དུ་གྱུར་པའི་ཡོན་ཏན་དང་ལྡན་ནོ། །ཇི་ལྟར་ན། ཤེས་བྱའི་ཡུལ་ནང་སེམས་ཀྱི་བདག་ཉིད་ཡིན་པའི་གྲུབ་མཐའ་ལ་ཡང་དག་པར་རྟེན་ནས་སོ། །ཡུམ་གྱི་དགོངས་པ་རྣམ་རིག་གི་ཚུལ་དུ་འཐད་དམ་ཅེ་ན། རང་སེམས་ཙམ་གྱི་ལྟ་བ་ལ་མོས་པ་གཙོ་བོར་བྱེད་པས་ཡིན་གྱི་འཐད་པ་ནི་མ་ཡིན་ནོ། །ཇི་ལྟར་བཤད་ཅེ་ན། མེད་ཅེས་སོགས་ཀྱི་ཚིགས་གིས་ནི་ཀུན་བརྟགས་འགོག་པ་ཡིན་ལ། སྒྱུ་མའི་དཔེས་ནི་གཞན་དབང་དང༌། །མ་སྐྱེས་པ་ཞེས་སོགས་ཀྱིས་ནི་ཡོངས་སུ་གྲུབ་པ་བསྟན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། །མེད་ཅེས་བྱ་བའི་ཚིགས་གིས་ནི། །བརྟགས་པ་ཐམས་ཅད་འགོག་པ་ཡིན། །སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །རྣམ་པར་དག་པ་བཞིར་བསྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན་ཅེས་སོ། །གཞན་དབང་རྫས་སུ་གྲུབ་པས་སྒྱུ་མའི་དཔེས་བསྟན་པ་མི་འཐད་དོ་ཅེ་ན། དེ་བདག་གཉིས་སུ་སྣང་ཡང་དེར་མ་གྲུབ་པས་སྒྱུ་མའི་དཔེས་བསྟན་པ་ཡིན་གྱི། རྫས་སུ་མ་གྲུབ་པས་སྒྱུ་མའི་དཔེས་བསྟན་པ་ནི་མ་ཡིན་ནོ། །རྣམ་པར་དག་པ་བཞི་ནི། རང་བཞིན་གྱི་རྣམ་པར་དག་པ་དང༌། དྲི་མ་མེད་པའི་རྣམ་པར་དག་པ་དང༌། སྒྲུབ་པ་རྣམ་པར་དག་པ་དང༌། དམིགས་པ་རྣམ་པར་དག་པ་སྟེ། སྔ་མ་གཉིས་འགྱུར་མེད་ཡོངས་གྲུབ། ཕྱི་མ་གཉིས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །བསྟན་བཅོས་ནི་ཉི་ཁྲི་གཞུང་འགྲེལ་ལོ། །གསུམ་པ་གྲོལ་སྡེས་ཕྱེ་ཚུལ་ནི་རྣམ་པར་ཕྱེ། །གང་ན་བསྟན་བཅོས་ཆེན་པོའོ། །གང་གིས་ན། རྣམ་པར་གྲོལ་སྡེ་ཞེས་བྱ་བས་ཀྱང་ངོ༌། །འདི་ནི་འཕགས་པའི་ཁོངས་སུ་གཏོགས་ཏེ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་བས་སོ། །ཚུལ་ཇི་ལྟར་ཞེ་ན། ཡུམ་དོན་དབུ་མར་གནས་པ་རྟོགས་པའི་བློ་ལ་བརྟེན་ནས་སོ། །འདི་ནི་ཤེས་བྱ་ནང་གི་ཞེས་བྱ་ལ་མ་རངས་པའོ། །གཟུ་བོར་གནས་པའི་བློས་རྣམ་ཕྱེ། །ཞེས་བསྒྱུར་བ་ལྟར་ན། རང་གི་མོས་པ་གཙོར་བྱེད་པས། །ཞེས་ལ་ཟུར་ཟའོ། །དབྱིག་གཉེན་གྱིས་བཤད་པས་འདི་དོན་མེད་ཅེ་ན། དབྱིག་གཉེན་དེས་བྱས་པ་ནི་དགོངས་པ་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་བྱས་པས་ཉེས་པ་མེད་དོ། །བསྟན་བཅོས་ནི་ཉི་ཁྲི་སྣང་བའོ། །བཞི་པ་གྲོལ་སྡེས་བཤད་ཚུལ་ནི། རྣམ་བཤད་བྱས་སོ། །གང་གི་ཞེ་ན། བསྟན་བཅོས་ཆེན་པོའི་འོ། །དུས་ནི་འཕགས་པས་མཛད་པ་དེའི་འོག་ཏུའོ། །གང་གིས་ན་བཙུན་པ་རྣམ་གྲོལ་སྡེ་སོ། །འདིའི་ཡོན་ཏན་ནི་དད་པའི་ས་ཚོགས་ལམ་ལ་གནས་པའོ། །ཚུལ་ཇི་ལྟར་ན། བསྟན་བཅོས་ཀྱི་དོན་མཐའ་དག་ཡུམ་གསུམ་ཆར་གྱི་དོན་དང་ཚིག་རྣམས་དེ་དག་གི་རྒྱན་དུ་མ་རྙེད་པར་ལེ་མངས་ཁོ་ནའི་དོན་དུ་བསམས་ཏེ་དེ་དང་སྦྱར་ནས་སོ། །དགོས་པ་ནི། རང་གི་རྟོགས་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཕྱིར་དུའོ། །བསྟན་བཅོས་ནི་ཉི་ཁྲི་རྣམ་འགྲེལ་ལོ། །གསུམ་པ་ལ་གསུམ་སྟེ། རང་གི་རྟོགས་པ་གཞན་ལས་ཁྱད་ཞུགས་པ། །དབྱེ་བར་རིགས་པའི་རྒྱུ་མཚན། ཁེངས་སྐྱུངས་སྟེ་རྩོམ་པར་དམ་བཅའ་བའོ། །དང་པོ་ནི། རྙེད་པ་གང་ཡིན་པ་དེ་གཞན་ལས་ཡ་མཚན་ཆེ་སྟེ། དབྱིག་གཉེན་ལ་སོགས་པ་འགའ་ཞིག་ཁོ་ནས་མ་རྙེད་པའི་དོན་རྙེད་པའི་ཕྱིར་རོ། །གང་ལས་རྙེད་ཅེ་ན། སྔར་བཤད་པ་དེ་ལྟར་མཁས་པ་སྔ་མ་རྣམས་ཀྱིས་ཡུམ་གྱི་དོན་སྣང་བར་བྱས་པ་རྟོགས་ཤིང་ཁོང་དུ་ཆུད་པ་ལས་སོ། །ཚུལ་ཇི་ལྟར་ཞེ་ན། བསྟན་བཅོས་འདིའི་དོན་མཐའ་དག་ཡུམ་གསུམ་ཆར་གྱི་དོན་དང་ཚིག་རྣམས་དེ་དག་གི་རྒྱན་ཏུ་སྔར་བཤད་པར་ལྟར་རོ། །གཉིས་པ་ནི། རྗེས་འཇུག་གི་མཁས་པ་རྣམས་ཀྱིས་ཀྱང་དབྱེ་བར་རིགས་སོ། །གང་ཞེ་ན། ཟབ་མོའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ། །ཅིའི་ཕྱིར་ན། ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་ཏེ། དབྱིག་གཉེན་དང་གྲོལ་སྡེས་ཀྱང་དོན་མཐའ་དག་མ་རྙེད་པ་དེ་ལྟ་བས་ནའོ། །ཁྱོད་ཀྱིས་ཇི་ལྟར་རྙེད་ཅེ་ན། དུས་ཅི་ཞིག་ལྟར་སངས་རྒྱས་ཀྱི་བྱིན་བརླབས་ཀྱི་དབང་གིས་རྙེད་དོ། །འོ་ན་དབྱིག་གཉེན་གྱིས་ཀྱང་ཅིའི་ཕྱིར་རྙེད་པར་མི་མཛད་ཅེ་ན། མ་ཡིན་ཏེ། སངས་རྒྱས་ཀྱི་བྱིན་རླབས་ནི་རང་གི་སྐལ་པ་དང་འཚམ་པར་འཇུག་པའི་ཕྱིར་ཏེ། ཟླ་བའི་གཟུགས་བརྙན་བཞིན་ནོ། །གསུམ་པ་ནི། མཁས་པ་སྔ་མ་གང་གིས་ཀྱང་མ་རྟོགས་པའི་དོན་བདག་གི་སྤྱོད་ཡུལ་མིན་ཡང་འགྲེལ་བ་རྩོམ་པ་ལ་སྤྲོ་བ་སྐྱེས་ཏེ། རང་གཞན་ལ་ཕན་གདགས་པར་འདོད་པས་སོ། །ཇི་ལྟར་རང་གཞན་ལ་ཕན་ཅེ་ན། བསོད་ནམས་དག་སྒྲུབ་པ་དང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་མཐུན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། གུས་པའི་ཡན་ལག་མཆོད་བརྗོད། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ལ་གསུམ་སྟེ། འཚམ་སྦྱར་བ་དང༌། རྩ་བ་དང༌། འགྲེལ་པའོ། །དང་པོ་ལ། དགོས་པ་དང༌། རྒྱུ་མཚན་དང༌། བརྒལ་ལན་དང༌། དྲིས་ལན་གྱི་སྒོ་ནས་འཚམ་སྦྱར་བ་དང་བཞི་ལས། འདིར་དགོས་པའི་སྒོ་ནས་འཚམ་སྦྱར་བ་ནི། ཕྱག་འཚལ་ལོ། །གང་གིས་ན་འཕགས་པ་བྱམས་པས་སོ། །དུས་ནི་མཆོད་བརྗོད་དགོས་འབྲེལ་ལ་སོགས་པ་དུ་མ་ཡོད་པའི་རེ་ཤིག་བསྟན་བཅོས་རྩོམ་པའི་དང་པོར་རོ། །ཚུལ་ནི་ཡུམ་ལ་སྤངས་རྟོགས་མཛད་པའི་ཡོན་ཏན་ཇི་ལྟར་ཡོད་པ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་སོ། །དགོས་པ་ལ་གཉིས་ལས་དམ་པའི་སྤྱོད་པ་དང་མཐུན་པ་ནི། རང་ཉིད་གཞན་དོར་གང་ཟག་དམ་པའི་སྤྱོད་པ་དང༌། མཐུན་པར་རབ་ཏུ་སྟོན་པའི་ཕྱིར། ཅི་ཞེ་ན། རང་ཉིད་དམ་པར་རྟོགས་པས་གཞན་བསྟན་བཅོས་ལ་འཇུག་པའི་ཕྱིར་ཡིན་ནོ། །འདི་རང་དོན་གྱི་དགོས་པར་སྦྱོར་བ་མི་འཐད་དེ། བྱམས་པ་ལ་རང་དོན་དོན་དུ་གཉེར་བ་མེད་པའི་ཕྱིར་དང༌། གཞན་བསྟན་བཅོས་ལ་འཇུག་པའི་ཆེད་ཁོ་ནར་སྣང་བས་སོ། །དང་བ་སྐྱེ་བའི་དགོས་པ་ནི་གདུལ་བྱ་གཞན་དག་རབ་དུ་དང་བ་བསྐྱེད་པའི་ཆེད་དུའོ། །འདིའི་དགོས་པ་ཡང་འོག་ནས་འབྱུང་བ་ལྟར་བཅོམ་ལྡན་འདས་མ་ལ་དོན་གྱིས་འཇུག་པར་བྱ་བའི་ཕྱིར་ཡིན་ནོ། །བཅོམ་ལྡན་འདས་མ་གང་ཞེ་ན་མཁྱེན་གསུམ་ལ་བརྗོད་དེ། སྤངས་རྟོགས་མཛད་པའི་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ཡིན་པའི་ཕྱིར་རོ། །འདིས་ནི་མཁྱེན་གསུམ་ལ་བཅོམ་ལྡན་འདས་མའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་ནོ། །གང་དག་གཞུང་འདི་ལ་བརྟེན་ནས་བསྟོད་ཡུལ་འབྲས་ཡུམ་ཁོ་ནར་སྨྲ་བས་ནི་འབྱུང་གནས་ཞེས་པའི་ཚིག་གི་དོན་ཁོང་དུ་མ་ཚུད་དོ། །དད་པ་ལ་བརྟེན་ནས་ཡུམ་ལ་དོན་གྱིས་འཇུག་པར་ཅིས་མངོན་ཅེ་ན་བྱམས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་རྟོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཁྱེན་པ་གསུམ་དང་བའི་ཡུལ་དུ་བྱེད་པ་ཅན་གྱི་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྒྱུ་འབྲས་ཀྱི་འབྲེལ་བ་ཇི་ལྟར་འཛིན་པར་རིགས་ཅེ་ན། མེ་དུའི་འབྲེལ་པ་མངོན་སུམ་གྱི་རྗེས་ཀྱི་ངེས་ཤེས་ཀྱིས་ངེས་པ་ལ་མངོན་སུམ་གྱིས་རྟོགས་ཞེས་བརྗོད་པ་ལྟར། མཉམ་བཞག་གིས་དྲངས་པའི་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ངེས་པ་ལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཞེས་བརྗོད་དོ། །གཉིས་པ་རྩ་བ་ལ། དངོས་ཀྱི་དོན་དང༌། བརྒལ་ལན་ནོ། །དང་པོ་ལ་བསྟོད་པ་དང༌། ཕྱག་འཚལ་བ་གཉིས་ལས། དང་པོ་ལ་གཞི་ཤེས་ལ་བསྟོད་པ་ནི། ཉེར་ཞིར་ཁྲིད་པར་མཛད་དོ། །གང་ན་ཉན་ཐོས་ཞི་བ་ཚོལ་བ་རྣམས་སོ། །ཐབས་གང་གིས་ཞེ་ན་ཀུན་ཤེས་ཉིད་ཀྱིས་ཏེ། གཞི་ཤེས་ཀྱིས་ཉོན་མོངས་ཀྱི་རྩ་བ་བདག་འཛིན་སྤངས་པས་ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བ་ཐོབ་པའི་ཕྱིར། ལམ་ཤེས་ལ་བསྟོད་པ་ནི། བྱེད་ལས་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་དོ། །གང་གིས་ན་གདུལ་བྱའི་འགྲོ་བ་ལ་ཕན་པར་བྱེད་པ་བྱང་སེམས་རྣམས་ཀྱིས་སོ། །ཐབས་གང་གིས་ཅེ་ན་ལམ་ཤེས་པ་ཉིད་ཀྱི་ཐབས་ཀྱིས་ཏེ། རང་གིས་ལམ་གསུམ་རྟོགས་པ་གཞན་ལ་བསྟན་པའི་སྒོ་ནས་རིགས་ཅན་གསུམ་གྱི་དོན་བྱེད་པའི་ཕྱིར་རོ། །རྣམ་མཁྱེན་ལ་བསྟོད་པ་ནི་གསུངས་སོ། །གང་ན་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཀུན་དང་ལྡན་པའི་མདོ་སྡེ་སྣ་ཚོགས་འདིའོ། །གང་གིས་ན་ཐུབ་པ་རྣམས་ཀྱིས་སོ། །ཐབས་གང་གིས་ཞེ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་དང་ཡང་དག་པར་ལྡན་པ་སྟེ། གདུལ་བྱའི་ཁམས་དང་བག་ལ་ཉལ་མ་ལུས་པར་མཁྱེན་པས་སྣོད་དང་འཚམ་པར་ཆོས་ཀྱི་འཁོར་ལོ་བསྐོར་དགོས་པའི་ཕྱིར། འདིར་གང་ཞེས་པ་སྤྱི་སྒྲ་ཡིན་ཡང་མཁྱེན་གསུམ་ལ་བསྟོད་པའི་སྐབས་ཡིན་ལ་གཞན་གཉིས་སྔར་བརྗོད་ཟིན་པས་ཤུགས་ཀྱིས་བྱུང་བའི་ཚིག་དང་འབྲེལ་པས་རྣམ་མཁྱེན་ཁོ་ན་ལ་གོ་བར་འགྱུར་རོ། །གཉིས་པ་ཕྱག་འཚལ་བ་ནི། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ། །གཉིས་པ་བརྒལ་ལན་ལ་གསུམ་སྟེ། གོ་རིམས་ངེས་པ་དང༌། བསྟོད་ཕྱག་གི་ཡུལ་དང༌། ཡུམ་སྲས་ཀྱི་བརྒལ་ལན་ནོ། །དང་པོ་ནི། བསྟོད་པའི་གོ་རིམས་མི་འཐད་དེ། །ལུས་ཀྱི་གོ་རིམ་དང་མི་མཐུན་པས་སོ་ཞེ་ན། ཉན་ཐོས་ཀྱི་རིགས་ཅན་ཐེག་པ་གསུམ་ལ་རིམས་ཀྱིས་དང་བ་བསྐྱེད་ནས་འཇུག་པའི་ཆེད་ཀྱི་རིམ་པས་བསྟན་པའམ་ཡང་ན་གླིང་གཞིའི་འགྲེལ་བ་ཡིན་པས་དེ་དང་མཐུན་པར་བྱས་པ་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན་དང་པོ་གཞི་ཤེས་ལ། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ལྔ་སྟོང་ཙམ་ཞེས་སོགས་ཀྱིས་ནི་རྟེན་བསྟན་ལ། འབྲས་བུ་ནི་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་སོགས་སོ། །ལམ་ཤེས་ལ་རྟེན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་པ་གྲངས་མེད་པ་ཞེས་སོགས་སོ། །འབྲས་བུ་ནི། ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་སོགས་སོ། །རྣམ་མཁྱེན་ལ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་ཅེས་པ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གཟིགས་པར་གྱུར་ཏོ་ཞེས་པའི་བར་གྱིས་གསུངས་ཏེ། འདི་ལ་སྐུའི་སྣང་བ་བྱུང་བ་རྣམས་ནི་རྟེན་དང་ཆོས་གསུང་བའི་སྣང་བ་བྱུང་བ་རྣམས་ནི་འབྲས་བུའོ། །གསུམ་ཀའི་ཐབས་ནི་མདོའི་སྦས་དོན་བྱམས་པས་དངོས་སུ་གསུངས་པའོ། །གཉིས་པ་ནི་གཞི་ཤེས་ཕྱག་གི་ཡུལ་དུ་མི་འཐད་དེ། ཤེར་ཕྱིན་མ་ཡིན་པས་སོ་ཞེ་ན། འདི་ནི་ལམ་ཤེས་ལའང་མཚུངས་མོད་འོན་ཀྱང་ཤེར་ཕྱིན་གྱི་སྒྲ་བཞེད་དོན་སྒྲུབ་པ་དང་འཁོར་གསུམ་རྣམ་དག་གི་ཤེས་རབ་དང་སྲིད་ཞིའི་ཕ་རོལ་དུ་སོན་པ་གསུམ་ལ་འཇུག་པ་ལས། འདིར་ནི་དང་པོའི་དབང་དུ་བྱས་ཏེ་ཤེས་པ་གཞན་ལས་ནུས་པ་ཕུལ་དུ་བྱུང་བ་དང་ལྡན་པས་སོ། །གསུམ་པ་ལ། མཁྱེན་གསུམ་དང་འཕགས་གཞི་ཡུམ་སྲས་སུ་མི་འཐད། འཕགས་པ་དང་མཁྱེན་པ་གསུམ་ཐོབ་པ་དུས་མཉམ་པས་སོ་ཅེ་ན། རྒྱུན་ལ་ལྟོས་ནས་མཁྱེན་པ་སྔ་མ་ནི་ཡུམ་དང༌། རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པ་ནི་སྲས་སུ་འཇོག་ཅིང༌། མཐོང་ལམ་པའི་སྔ་རོལ་གྱི་མཁྱེན་པ་རྗེས་མཐུན་པ་དང༌། སངས་རྒྱས་ལའང་སྔ་རོལ་གྱི་རྣམ་མཁྱེན་རྗེས་མཐུན་པ་ཡུམ་དུ་འདོད་པ་ཡིན་ནོ། །གསུམ་པ་འགྲེལ་པ་ལ་ལྔ་སྟེ། བསྡུས་དོན། དགོས་དོན། བསྟོད་པའི་རྒྱུ་མཚན། ཚིག་དོན། བརྒལ་ལན་བརྗོད་པའོ། །དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་འདིས་ནི་ཡུམ་ལ་བསྟོད་དེ། མཁྱེན་གསུམ་འདིའི་ཆེ་བའི་བདག་ཉིད་སྤངས་རྟོགས་མཛད་པའི་ཡོན་ཏན་གཞན་ལས་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་པའི་ཕྱིར་རོ། །གཉིས་པ་ལ། དགོས་པ་སོ་སོའི་རང་བཞིན། ཐུན་མོང་གི་མཇུག་བསྡུ་བའོ། །དང་པོ་ལ་དངོས་དང༌། བརྒྱུད་པའི་དགོས་པ་གཉིས་ལས། དངོས་ཀྱི་དགོས་པ་ལ་དད་པ་སྐྱེ་བའི་ཆེད་དུ་ཕྱག་འཚལ་ན་སུ་ཞིག་དད་པ་བསྐྱེད་པར་བྱེད་ཅེ་ན། དབང་རྟུལ་དད་པ་སྐྱེ་ཚུལ་ནི། དད་པ་སྐྱེའོ། །གང་ན་གང་ཟག་གཉིས་ཡོད་པ་ལས་རེ་ཤིག་གི་དད་པའི་རྗེས་སུ་འབྲང་བ་རྣམས་ནིའོ། །རྐྱེན་གང་གིས་ཅེ་ན་ཚིགས་བཅད་དེ་ཐོས་པས་རྐྱེན་བྱས་ནས་སོ། །ཡུལ་ནི་ཡུམ་འདི་ལའོ། །ཚུལ་ནི། ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུའོ། །རབ་ཏུ་ཞེས་པ་རྐྱེན་གྱིས་མི་འཕྲོགས་པ་ལ་འདོད་པ་མི་འཐད་དེ། དབང་རྟུལ་གྱི་དད་པ་གཞན་གྱིས་འཕྲོག་པར་ནུས་པའི་ཕྱིར་རོ། །དབང་རྣོན་དང་བ་སྐྱེ་ཚུལ་ནི་རབ་ཏུ་དད་པ་བསྐྱེད་པར་བྱེད་པ་ཉིད་དོ། །གང་ན་དབང་རྟུལ་དུ་མ་ཟད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ངོ༌། །ཡུལ་གང་ལ་ཅེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལའོ། །དབང་རྟུལ་ལ་འདི་ཞེས་པ་ཉེ་ཚིག་དང་དབང་རྣོན་ལ་དེ་ཞེས་པ་རིང་ཚིག་སྨོས་པ་ནི་དད་པ་སྐྱེ་དཀའ་སླའི་ཁྱད་པར་རོ། །རྐྱེན་གང་ལས་ཅེ་ན། ཚིགས་སུ་བཅད་པ་དེ་ཐོས་པས་རྐྱེན་བྱས་ནས་སོ། །ཚུལ་ནི། ཡུམ་གྱིས་སངས་རྒྱས་ལ་སོགས་པ་འཕགས་བཞིའི་བཞེད་དོན་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བའི་སྲིད་པ་ཉིད་དོ་ཞེས་ངེས་པར་གཟུང་སྟེའོ། །སྔ་རབས་པ་དག་འདི་རྒྱུ་མཚན་སྟོན་བྱེད་དུ་སྦྱོར་བ་ནི་དོན་ལ་མ་ཞུགས་ཏེ། འདི་དད་པ་སྐྱེ་ཚུལ་བརྗོད་བྱེད་ཡིན་པའི་ཕྱིར་དང༌། དམ་བཅའ་ཡིན་པས་རྒྱུ་མཚན་དུ་མི་འཐད་པའི་ཕྱིར་རོ། །ཡུམ་ཇི་ལྟ་བུ་ཞེ་ན་ཐེག་པ་གསུམ་གྱི་ཚུལ་གསུམ་པ་ཅན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཡིན་པས་སོ། །འདིར་དོན་གཅིག་ལ་གསུམ་དུ་དབྱེ་བར་འདོད་པས་ནི་གསུམ་གྱི་བདག་ཉིད་ཅེས་པའི་དོན་མ་རྟོགས་སོ། །དབང་རྣོན་ནི་རྒྱུ་མཚན་མ་མཐོང་བར་དད་པ་མི་སྐྱེ་བས། རྒྱུ་མཚན་གང་བཟུང་ཅེ་ན་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་གཞི་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པས་འཕགས་བཞིའི་ཡུམ་བྱེད་ཚུལ་ལ་ལུང་རིགས་གང་གིའང་གནོད་པ་མ་མཐོང་བའི་རྒྱུ་མཚན་བཟུང་ནས་སོ། །གང་ལས་ཤེས་ཞེ་ན་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་སོ། །འདི་སྐྱེ་མེད་སྒྲུབ་བྱེད་ཀྱི་ཚད་མ་ཡིན་པས་སྐྱེ་བ་མེད་ཅེས་པའི་ཚིག་དང་ལེགས་པར་འབྱོར་རོ། །གང་དག་གཅིག་དང་དུ་བྲལ་སོགས་ཀྱི་ཚད་མས་གནོད་པ་མ་མཐོང་ཞེས་སྦྱོར་བ་ནི་མ་ཡིན་ཏེ། དེ་ཙམ་གྱིས་གནོད་པ་གཞན་ཡོད་པའི་དོགས་པ་མི་ཁེགས་པའི་ཕྱིར་དང༌། གནོད་བྱེད་ཀྱི་ཚད་མ་ནི་གཅིག་དང་དུ་བྲལ་སོགས་ཀྱི་དབུ་མའི་གཏན་ཚིགས་རྣམས་སུ་འདུས་པ་མིན་པའི་ཕྱིར་རོ། །གལ་ཏེ་ཡུམ་གྱིས་ཟག་མེད་ཀྱི་ཕུང་པོ་བསྐྱེད་པར་བསྟན་པ་ནི་སྐྱེ་བ་འགོག་པའི་རིགས་པ་འདི་དག་ལས་ལྷག་པ་གཞན་མེད་ལ་འདིས་མི་གནོད་པའི་ཕྱིར་འགྲུབ་བོ་ཞེས་སྦྱོར་བས་འཐོབ་བོ་སྙམ་ན། མ་ཡིན་ཏེ་འདི་ནི་ཚིག་གིས་ཟིན་པའི་ཚུལ་ལ་བརྟེན་པ་ཡིན་ལ་སྐྱེ་བ་ཡོད་མེད་སོགས་ནི་ཚིག་གིས་ཟིན་པ་མེད་པའི་ཕྱིར་རོ། །རྟགས་ལས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཤེས་པ་ནི་ཚོགས་སྦྱོར་ནའང་ཡོད་པས། འདིས་ནི་ཚོགས་སྦྱོར་ནའང་ཡུམ་ཡོད་པར་བསྟན་ནོ། །གཅིག་དང་དུ་བྲལ་སོགས་ཀྱི་རྟགས་བསྟན་པ་ལ་བཞི་སྟེ། རྟགས་དགོང་པ་དང༌། ཆོས་ཅན་སོགས་ངོས་བཟུང་བ་དང༌། ཚུལ་སྒྲུབ་པ་དང༌། རྗེས་དཔག་སྐྱེ་ཚུལ་ལོ། །དང་པོ་ནི། གཟུགས་སོགས་ཀྱི་སྣང་བ་ནི་བདེན་པའི་རང་བཞིན་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གཟུགས་བརྙན་བཞིན། གཉིས་པ་ལ་བཞི་ལས། ཆོས་ཅན་གྱི་དོན་ནི་བདེན་འཛིན་འཇུག་པའི་གཞི་ཐུན་མོང་དུ་སྣང་བ་ཙམ་ཡིན་ཏེ། རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་ཅིང་དེ་ལ་བདེན་འཛིན་གྱི་ལོག་རྟོག་དགག་དགོས་པའི་ཕྱིར་རོ། །གཉིས་ཀ་ལ་གྲུབ་དགོས་པའི་དོན་ནི་སྔ་རྒོལ་ལ་མ་གྲུབ་ན། ཁྱད་པར་གྱི་ཆོས་ལ་དཔག་འདོད་མེད། ཕྱིར་རྒོལ་ལ་མ་གྲུབ་ན་ཤེས་འདོད་མེད་པའི་ཕྱིར་རོ། །ཁན་ཚུན་རྩོད་ན་གང་ལ་ལོག་རྟོག་ཞུགས་པ་དེ་ཉིད་ཡིན་ཏེ། རྩོད་པའི་གཞི་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱའི་ཆོས་ལ་སྒྱུ་མ་ལྟ་བུ་དང་བདེན་པ་བཀག་ཙམ་གཉིས་ལས། དང་པོ་ལྟར་ན་དགག་སྒྲུབ་ཚོགས་པ་སྒྲུབ་བྱའི་ཆོས་སུ་འགྱུར་ཏེ། སྣང་ལ་བདེན་པ་དང་བྲལ་བ་སྒྱུ་མའི་དོན་ཡིན་པས་སོ། །འདོད་ན་སྒྲུབ་བྱ་དང་སྒྲུབ་བྱའི་ཆོས་ལ་ཁྱད་པར་མེད་པར་ཐལ་བའི་སྐྱོན་གནས་སོ། །སྔ་རབས་པ་དག་སྒྱུ་མ་རིགས་སྒྲུབ་ཏུ་འགྱུར་བའི་སྐྱོན་བརྗོད་པ་ནི་མི་འཇུག་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་སྣང་བ་སྒྱུ་མ་ལྟ་བུ་ལུང་རིགས་ཀྱིས་རྒྱ་ཆེར་སྟོན་པ་ཕྱིར། དེས་ན་བདེན་པ་བཀག་ཙམ་ཉིད་རིགས་སོ། །གསུམ་པ་གཏན་ཚིགས་ལ་ཐ་སྙད་པའི་གཅིག་དང་དུ་མ་གང་རུང་དུ་མ་གཏོགས་པ་ནི་མེད་པའི་ཕྱིར། དེ་གཏན་ཚིགས་སུ་མི་འཐད་པས། བདེན་པའི་གཅིག་དང་དུ་མ་བཀག་ཙམ་གྱི་མེད་དགག་ཉིད་གཏན་ཚིགས་སོ། །བཞི་པ་དགག་བྱ་ལ་གཉིས་ཏེ། དགག་བྱ་ཙམ་དང༌། གཏན་ཚིགས་ཀྱི་དགག་བྱའོ། །དང་པོ་ལ་ལམ་གྱི་སྤང་བྱ་དང༌། རིགས་པའི་དགག་བྱ་གཉིས་ལས། དང་པོ་ནི། འཁྲུལ་བའི་སྣང་བ་མཐའ་དག་གོ་གཉིས་པ་ལ་མེད་པ་བསྐུར་འདེབས་དང༌། ཡོད་པ་སྒྲོ་འདོགས་ཀྱི་མཐའ་གཉིས་སོ། །གཉིས་པ་གཏན་ཚིགས་ཀྱི་དགག་བྱ་ནི་སྣང་བ་ལ་བདེན་པར་སྒྲོ་བཏགས་པ་ཏེ། སྒྲོ་འདོགས་པའི་རྒྱུན་ནི་ཐུན་མོང་དུ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་ལ། གྲུབ་མཐའ་ལ་ཞུགས་པ་རྣམས་ཀྱི་ནི་ཀུན་བཏགས་ཀྱི་མ་རིག་པ་སྟེ། བདེན་པར་སྣང་བ་ལ་ལུང་རིགས་ལྟར་སྣང་ལ། རྟེན་ནས་བདེན་པར་རྟོག་པའི་ཕྱིར། བཏགས་པར་ངེས་ན་དངོས་པོར་སྒྲོ་འདོགས་མི་འཇུག་པས། བཏགས་པ་ལ་དངོས་པོར་མངོན་པར་ཞེན་པའི་ཞེན་སྟངས་ཀྱི་བཟུང་བྱ་དེ་ཉིད་དོ། །བདེན་གཉིས་ལས། གཞན་གྱིས་ཡོངས་སུ་བཏགས་པ་འགོག་ཅེས་དང༌། རྒྱན་ལས། རིགས་པའི་ལམ་གྱི་རྗེས་འབྲང་བའི། །གཞན་དག་འདོད་པ་སེལ་བར་བྱེད་ཅེས་སོ། །གལ་ཏེ་བཏགས་པ་དེ་གཅིག་དང་དུ་མ་དང་བྲལ་ན། རྟགས་མི་མཐུན་ཕྱོགས་ལ་ཞུགས་པས་མ་ངེས་པར་འགྱུར་ལ། མི་བྲལ་ན་བདེན་པར་གྲུབ་པས་བཏགས་པ་ཉིད་དུ་མི་འཐད་དོ་ཅེ་ན། སྒྲོ་འདོགས་ཀྱིས་བདེན་པར་བཟུང་བ་ལྟར་གནས་ན་བདེན་པའི་གཅིག་དང་དུ་མ་ལས་མི་འདའ་བས་མ་ངེས་པ་མ་ཡིན་ལ། བདེན་པར་མེད་པ་ལ་བདེན་པར་བཟུང་བའི་ཆ་ནས་སྒྲོ་བཏགས་སུ་ཡང་མི་འགལ་ལོ། །གང་ཡང་ཉེས་པ་ཐམས་ཅད་སྣང་བ་ལ་བདེན་པར་ཞེན་པ་ལས་འབྱུང་བས་ཐོག་མར་སྣང་བ་ཙམ་ལ་བདེན་པ་འགོག་ཅིང༌། ཕྱིས་ནི་སྣང་བ་ཡང་འགོག་ཏེ། མ་བཀག་ན་སྣང་བའི་མཚན་མ་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཞེས་ཟེར་བ་ནི་མ་ཡིན་ཏེ། སྣང་བ་མངོན་སུམ་གྱིས་དམིགས་པས་མངོན་སུམ་གྱིས་འགོག་མི་ནུས་ལ་རྗེས་དཔག་གིས་འགོག་ན་རྟགས་ཁས་ལེན་དགོས་པས་སྣང་བ་འགོག་པ་འགལ་བ་ཡིན་ནོ། །བདེན་གཉིས་ལས། སྣང་བའི་ངོ་བོ་གང་ཡིན་པ། དེ་ནི་འགོག་པར་རིགས་མ་ཡིན་ཅེས་སོ། །སྣང་བ་ལ་བདེན་པར་ཞེན་ན་འགོག་དགོས་ཅེ་ན། དེའི་ཚེ་བདེན་པ་འགོག་པ་རིགས་ཀྱི། སྣང་བ་འགག་པ་ལ་དགོས་པ་ཅི་ཡོད། གསུམ་པ་ཚུལ་སྒྲུབ་པ་ལ་གཉིས་ཏེ། ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་པའོ། །དང་པོ་ལ། བདེན་པའི་གཅིག་བཀག་པ་དང༌། དུ་མ་བཀག་པ་གཉིས་སོ། །གཅིག་བཀག་པ་ནི་སྒྲོ་འདོགས་བཅད་པའི་ཡུལ་དོན་ཤེས་གཉིས་སུ་ངེས་ལ། དོན་ཡང་རགས་པ་རྣམས་གཅིག་མ་ཡིན་ཏེ། སྒྲིབས་མ་སྒྲིབས་སོགས་འགལ་བའི་ཆོས་དུ་མར་སྣང་བའི་ཕྱིར་རོ། །དབུ་མ་རྒྱན་ལས། སྒྲིབས་དང་མ་སྒྲིབས་དངོས་སོགས་ཕྱིར། །རགས་པ་རྣམས་ཀྱང་གཅིག་པུ་མིན་ཅེས་སོ། །རྩོམ་བྱེད་ཀྱི་རྡུལ་རྣམས་གཅིག་ཏུ་བདེན་ནོ་ཅེ་ན། མི་འཐད་དེ་དབུས་རྡུལ་ཤར་ལ་བལྟ་བའི་ངོས་དེ་ཉིད་ཀྱིས་གཞན་ཀུན་ལ་བལྟའམ། ཕྱོགས་གཞན་དང་གཞན་གྱིས་བལྟ། དང་པོ་ལྟར་ན་ཕྱོགས་གཞན་གྱི་རྡུལ་རྣམས་ཤར་ཕྱོགས་ཁོ་ན་ན་གནས་པར་འགྱུར་ཏེ། དབུས་རྡུལ་ཤར་ལ་བལྟ་བའི་བལྟ་ས་ཡིན་པའི་ཕྱིར་རོ། །འདོད་ན་ཕྱོགས་གཞན་ན་རྡུལ་མེད་པས་རགས་པ་རྩོམ་པ་མི་སྲིད་དོ། །དབུ་མ་རྒྱན་ལས། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བ་ཡང༌། །གལ་ཏེ་དེ་ཉིད་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ཇི་ལྟར་ཡང༌། །ས་ཆུ་ལ་སོགས་རྒྱས་འགྱུར་རམ་ཅེས་སོ། །གཉིས་པ་ལྟར་ན་དབུས་རྡུལ་ཆ་མེད་མ་ཡིན་པར་འགྱུར་ཏེ། ཕྱོགས་དུ་མའི་རྡུལ་ལ་བལྟ་བའི་ངོས་དུ་མ་དང་ལྡན་པའི་ཕྱིར་རོ། །ཡང་དབུ་མ་རྒྱན་དུ། རྡུལ་ཕྲན་གཞན་ལ་བལྟ་བའི་ངོས། གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་པུ་ཆ་ཤས་མེད་པར་འགྱུར་ཅེས་སོ། །གཉིས་པ་ཤེས་པ་དགག་པ་ལ་གཉིས་ཏེ། རྣམ་བཅས་དགག་པ་དང༌། རྣམ་མེད་དགག་པའོ། །དང་པོ་ལ་སེམས་ཙམ་པ་ཁ་ཅིག རྣམ་པ་སྣ་ཚོགས་སུ་སྣང་བ་ཤེས་པ། ཅིག་གི་ངོ་བོར་བདེན་ཅེ་ན། ཤེས་པ་ཅིག་ལ་སྣང་བའི་རྣམ་པ་སྣ་ཚོགས་ཆོས་ཅན། གཅིག་ཏུ་བདེན་པར་ཐལ། ཤེས་པ་གཅིག་གི་ངོ་བོར་བདེན་པའི་ཕྱིར། ཤེས་པ་ཡང་དུ་མར་ཐལ། དུ་མ་དང་ཐ་མི་དད་པའི་ཕྱིར། གཞན་ཡང་རྣམ་པ་གཅིག་གཡོ་བ་ན་ཐམས་ཅད་གཡོ་བ་དང༌། གཅིག་མི་གཡོ་ན་ཡང་གཞན་ཡང་གཡོ་བ་མེད་པ་ཉིད་དུ་འགྱུར་རོ། །འགའ་ཞིག་རྣམ་པའི་གྲངས་བཞིན་དུ་རྣམ་པར་ཤེས་པ་ཁས་ལེན་པས་ཉེས་པ་མེད་དོ་སྙམ་ན། མིག་གི་ཤེས་པ་ལ་སྔོ་སེར་སོགས་ཀྱི་རྣམ་པ་དུ་མ་སྣང་བའི་ཚེ་སྔོན་པོའི་རྣམ་པ་ཤེས་པ་དེ་ཉིད་ཀྱིས་རྣམ་པ་གཞན་ཤེས་སམ་མི་ཤེས། དང་པོ་ལྟར་ན་རྣམ་པ་གཞན་རྣམས་ཀྱང་རྣམ་པ་གཅིག་པུ་དེ་ཉིད་དུ་འདུས་པར་འགྱུར་ཏེ། སྔོན་པོའི་རྣམ་པ་ཤེས་པའི་ཤེས་བྱ་ཡིན་པའི་ཕྱིར། སྔོན་པོའི་རྣམ་པ་ཉིད་བཞིན་ནོ། །གཉིས་པ་ལྟར་ན་ཆ་མེད་པའི་ཅིག་ཏུ་མི་འགྱུར་ཏེ། ཤེས་མ་ཤེས་ཆ་གཉིས་དམིགས་པའི་ཕྱིར། གཉིས་པ་རྣམ་མེད་དགག་པ་ལ་བྱེ་བྲག་སྨྲ་བ་རྣམས་རྣམ་པ་མེད་པར་རིག་ཙམ་དུ་ཡོད་པས་ཡུལ་རྟོགས་སོ་ཞེ་ན། སྔོ་སེར་སོགས་ཐ་དད་དུ་རྣམ་པར་འབྱེད་པའི་རྒྱུ་མེད་པ་དང༌། མིག་ཤེས་སོགས་ཡུལ་ལྔ་ཀུན་ལ་རིག་ཙམ་ཡོད་པར་ཁྱད་པར་མེད་པས་ཐམས་ཅད་རིག་པར་ཡང་འགྱུར་རོ། །རྣམ་རྫུན་པ་རྣམས་རྣམ་པའི་དྲི་མས་དབེན་པའི་ཤེལ་སྒོང་ཡོངས་སུ་དག་པ་ལྟ་བུའོ་ཞེ་ན། ཡུལ་ཅན་ཤེས་པ་དང་བདག་གཅིག་པའི་འབྲེལ་བ་དང་དེ་བྱུང་གི་འབྲེལ་བ་གང་ཡང་མི་རུང་སྟེ། རང་གི་བདག་ཉིད་དངོས་པོར་མེད་པས་སོ། །འདོད་ན་ཡུལ་ཅན་ཤེས་པ་དང་འབྲེལ་པ་མེད་པས་གསལ་བར་རྟོགས་བྱེད་ཀྱི་བློ་མེད་པར་ཐལ་ལོ། །གཞན་ཡང་རྣམ་པ་རྒྱུ་དང་ལྡན་ནམ་མི་ལྡན། དང་པོ་ལྟར་ན་གཞན་དབང་དུ་འགྱུར་ལ། གཉིས་པ་ལྟར་ན་རེས་འགའ་བའི་དོན་སྣང་མ་ཡིན་པར་འགྱུར་རོ། །གཉིས་པ་དུ་མ་དགག་པ་ནི་གང་ལ་གཅིག་མེད་པ་དེ་ལ་དུ་མ་ཉིད་ཀྱང་མེད་དེ། དུ་མ་ནི་གཅིག་བསགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཤིང་མེད་ན་ནགས་ཚལ་མེད་པ་བཞིན་ནོ། །འདིར་དབང་པོ་རྣོན་པོས་གཅིག་མ་གྲུབ་པར་རྟོགས་པ་ན་དུ་མ་མེད་པར་ཤུགས་ལ་ངེས་པས་རྟུལ་པོ་ལ་རྟགས་འགོད་པ་ཡིན་ནོ། །གལ་ཏེ་གཅིག་དང་དུ་མ་འགལ་ལམ་འབྲེལ། འགལ་ན་གཅིག་བཀག་པས་དུ་མ་མི་ཁེགས་ལ་འབྲེལ་ན་དུ་མ་སྒྲུབ་པས་གཅིག་འགོག་པ་མི་འཐད་དོ་ཞེ་ན། སྔ་རབས་པ་འགའ་ཞིག་དུ་མ་ཡོད་པ་དེ་གཅིག་ལ་འབྲེལ་བས་གཅིག་བཀག་ནས་དུ་མ་འགོག་ཅིང༌། དུ་མ་གཅིག་ཡིན་པར་འགལ་བས། དུ་མ་ཡིན་པའི་རྟགས་ཀྱིས་གཅིག་ཏུ་བདེན་པ་འགོག་གོ་ཞེས་སྨྲའོ། །འདི་ནི་མི་འཐད་དེ་གཅིག་དང་བྲལ་བར་སྒྲུབ་པ་ལ་དུ་མ་ཡིན་པ་རང་རྒྱུད་ཀྱི་རྟགས་སུ་མི་འཐད་པའི་ཕྱིར་རོ། །དུ་མ་ཡིན་པར་ངེས་ནས་གཅིག་ཡིན་མིན་ཐེ་ཚོམ་ཟ་བ་མེད་པའི་ཕྱིར། རིགས་གཏེར་ལས། ཕན་ཚུན་སྤངས་པ་དངོས་ལ་ནི། རྟགས་དང་རྟགས་ཅན་གྲུབ་པ་མེད་ཅེས་པ་ལྟར་རོ། །དུ་མ་གཅིག་ལ་འབྲེལ་བས་འབྲེལ་ཡུལ་གྱི་གཅིག་བཀག་ན་དུ་མ་ཁེགས་པ་ཡིན་ལ། ཆ་དུ་མ་དང་བཅས་པ་དང་གཅིག་ཏུ་བདེན་པ་འགལ་བས་ཆ་བཅས་ཀྱི་རྟགས་དེས་གཅིག་ཡིན་པ་འགོག་གོ །གཅིག་དང་དུ་མ་ལ་ཕུང་གསུམ་མེད་ན་གཅིག་བཀག་པ་ན་དུ་མ་ཉིད་དུ་འགྱུར་རོ། །ཡོད་ན་བདེན་པའི་གཅིག་དང་དུ་མ་བཀག་པས་ཕུང་གསུམ་ལ་བདེན་པ་མི་ཁེགས་སོ་ཅེ་ན། གང་བདེན་པར་གྲུབ་པ་ནི་བདེན་པའི་གཅིག་དང་དུ་མར་འདུས་པས་གཉིས་པོ་དང་བྲལ་བར་བསྒྲུབས་པ་ན། བདེན་པ་མཐའ་དག་ཁེགས་ལ། སྣང་ཙམ་ནི་བདེན་པར་མ་གཏོགས་པས་བདེན་པའི་གཅིག་དང་བྲལ་ཡང་བདེན་པའི་དུ་མ་ཉིད་དུ་མ་འགྱུར་རོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ། དཔེ་ལ་རྗེས་འགྲོ་སྒྲུབ་པ་དང༌། ལྡོག་ཁྱབ་སྒྲུབ་པའོ། །དང་པོ་ནི་གཟུགས་བརྙན་ཆོས་ཅན། བདེན་པར་མེད་དེ། དོན་དང་ཤེས་པ་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་བྱང་བཞིན་གྱི་གཟུགས་སོ་ཅེ་ན། མ་ཡིན་ཏེ་སྐྱེས་བུ་བྱང་དུ་བལྟས་པ་ན་གཟུགས་བརྙན་ལྷོ་ཕྱོགས་སུ་བལྟས་པ་དང༌། ཤིང་གི་རྩེ་མོ་གྱེན་དུ་བལྟས་པ་རྣམས་ཆུ་ནང་དུ་ཐུར་དུ་དམིགས་པའི་ཕྱིར་རོ། །གཟུགས་དོན་གཞན་ཡང་མ་ཡིན་ཏེ། གཟུགས་བརྙན་ཤར་བའི་ཡུལ་དང་དེ་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །གང་ལ་ཤར་སའི་གཞི་དེ་ཉིད་ཀྱི་དངོས་པོ་ཡང་མ་ཡིན་ཏེ། གཟུགས་བརྙན་གཡོ་ཡང་དེ་མི་གཡོ་བའི་ཕྱིར་རོ༌། །གཟུགས་གཞན་ཞིག་མེ་ལོང་གི་ནང་དུ་དམིགས་སོ་ཅེ་ན། མ་ཡིན་ཏེ་གཟུགས་རྫས་ཐ་དད་པ་གཉིས་ཡུལ་ཅིག་ན་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་རོ། །འོ་ན་དཔེ་རྟོགས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཏེ། ཆོས་གཅིག་རང་བཞིན་མེད་པར་རྟོགས་ན་ཀུན་རང་བཞིན་མེད་པར་རྟོགས་པའི་ཕྱིར་རོ། །ཇི་སྐད་དུ། གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་ཅེས་འབྱུང་བས་སོ་ཞེ་ན། འདིས་ནི་མངོན་སུམ་གྱིས་ཡུལ་མཐོང་ཚུལ་བསྟན་པ་ཡིན་ལ། རྗེས་དཔག་ནི་སེལ་པས་འཇུག་པའི་ཕྱིར་དང༌། དཔེ་གཟུགས་བརྙན་ནི་སྣང་བ་ལྟར་མི་བདེན་པར་རྟོགས་སླ་ལ། ཆོས་ཅན་ནི་བདེན་མེད་དུ་རྟོགས་པར་དཀའ་བས་ཉེས་པ་མེད་དོ། །ཕྱོགས་ཆོས་གྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་པའི་སྐྱོན་ཡོད་དེ། བདེན་པའི་གཅིག་དང་དུ་བྲལ་དུ་རྟོགས་དགོས་པས་སོ་ཞེ་ན། ཕྱོགས་ཆོས་ངེས་པའི་དུས་སུ་བདེན་མེད་ཀྱི་དོན་རྟོགས་པས་དབུ་མའི་ལྟ་བ་སྐྱེས་སུ་ཟིན་ཀྱང་ཐ་སྙད་སྒྲུབ་པར་བྱེད་དེ། དཔལ་སྦས་ཀྱིས་དབུ་མ་དེ་ཁོ་ན་ཉིད་ལ་འཇུག་པ་ལས། རང་བཞིན་མེད་དེ་ཐ་སྙད་དུ། །རུང་བ་ཉིད་དུ་སྒྲུབ་པར་བྱེད། །གཅིག་དང་དུ་མའི་རང་བཞིན་དང༌། བྲལ་བས་རང་བཞིན་མེད་པ་ཡིན། །ཞེས་དང༌། དབུ་མ་རྒྱན་གྱི་རང་འགྲེལ་ལས། གྲུབ་པའི་ཡུལ་ཅན་ཤེས་པ་དང་སྒྲའི་ཐ་སྙད་རྣམས་སྒྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་བ་གླང་སྟེ་ཀློག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལྡོག་ཁྱབ་སྒྲུབ་པ་ནི། གཅིག་དང་དུ་མ་དངོས་འགལ་ཡིན་པས་གཅིག་དང་དུ་མ་གང་རུང་དུ་འདུས་པར་སྤྱིར་རྟོགས་པས། བདེན་པར་གྲུབ་ན་ནི་བདེན་པའི་གཅིག་དང་དུ་མ་གང་རུང་ལས་མི་འདའ་བར་སྒྲོ་འདོགས་ཆོད་པ་ཡིན་ནོ། །ཇི་སྐད་བཤད་པའི་རིགས་པས་སྐྱེ་བ་མེད་ཀྱང་སྐྱེ་མེད་བདེན་པར་གྲུབ་བོ་ཅེ་ན། སྐྱེ་མེད་ཀྱང་ཡང་དག་པར་ཡོད་པ་མ་ཡིན་ཏེ། དགག་བྱ་སྐྱེ་བ་མེད་པའི་ཕྱིར། མ་ངེས་པ་མ་ཡིན་ཏེ། དགག་ཡུལ་བདེན་པ་མེད་ན་དགག་པ་བདེན་པར་མི་རུང་བའི་ཕྱིར་ཏེ། དགག་བྱ་ཅི་ཡང་མེད་ན་བཀག་གོ་ཞེས་འདོག་པ་ཙམ་དུ་ཟད་པའི་ཕྱིར་རོ། །གལ་ཏེ་སྐྱེ་བ་མེད་ཅེས་པའི་རྟགས་ཚད་མས་གྲུབ་ན་སྐྱེ་མེད་འགོག་པ་འགལ་ལ། མ་གྲུབ་ན་སྒྲུབ་བྱ་སྒྲུབ་མི་ནུས་ཅེ་ན། ཡང་དག་པར་གྲུབ་པ་འགོག་པ་ཡིན་གྱི། ཡོད་ཙམ་འགོག་པ་མ་ཡིན་པས་རྟགས་ཚད་མས་གྲུབ་ཅིང༌། སྒྲུབ་བྱ་འགོག་པ་ཡང་མི་འགྱུར་རོ། །སྐྱེ་མེད་བཀག་པས་སྐྱེ་བ་ཡོད་བར་འགྱུར་རོ་ཞེས་ཀྱང་མི་བསམ་སྟེ། ཐ་སྙད་དུ་སྐྱེ་མེད་ཙམ་མ་བཀག་ཅིང༌། ཡང་དག་པར་ཁྱད་གཞི་མ་གྲུབ་པས་སྐྱེ་སོགས་སུ་འགྱུར་བའི་གཞི་མེད་པའི་ཕྱིར། གལ་ཏེ་རིགས་པ་སྔ་མའི་ཡུལ་སྐྱེ་མེད་སོགས་འགོག་ན་རིགས་པ་ཕྱི་མའི་ཡུལ་ཡང་རིགས་པ་གཞན་གྱིས་དགག་དགོས་པས། བློ་སྔ་མ་གནོད་བཅས་དང་ཕྱི་མ་ཐུག་མེད་དུ་འགྱུར་རོ་ཞེ་ན། སྔ་མས་འཇལ་བའི་སྟོང་ཉིད་ཙམ་ཕྱི་མས་མི་འགོག་ཅིང༌། ཕྱི་མས་བཀག་པའི་སྟོང་ཉིད་བདེན་པ་ནི་སྔ་མས་མ་གཞལ་བས་འགལ་བ་མེད་ལ། ཐུག་མེད་དུ་ཡང་མི་འགྱུར་ཏེ། སྟོང་ཉིད་བདེན་པ་འགོག་པའི་རིགས་པས་སྐྱེ་མེད་འགག་མེད་སོགས་ཀྱི་ཆོས་སུ་བདེན་པ་ཐམས་ཅད་ཁེགས་པས་གསུམ་པ་ནས་དོན་མེད་པའི་ཕྱིར་རོ། །བཞི་པ་རྗེས་དཔག་སྐྱེ་ཚུལ་ལ་དངོས་དང་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་ལས་རྟགས་དྲན་པའི་བློ་སྐྱེ་ཞིང༌། དེ་ལས་ཆོས་ཅན་ལ་དམིགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །གཉིས་པ་ནི། ཆོས་ཅན་མི་སྣང་ན་ཁྱད་གཞི་མ་བཟུང་བའི་ཕྱིར། ཁྱད་པར་ལ་སྒྲོ་འདོགས་མི་ཆོད་ལ་སྣང་ན་རིགས་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་བདེན་པར་གྲུབ་པར་འགྱུར་རོ་ཞེ་ན། འགའ་ཞིག་རིགས་ཤེས་ནི་ཡུལ་ཅིར་ཡང་མི་དམིགས་པའི་བློ་ཡིན་པས་མི་སྣང་ཞེའོ། །ཅི་དགག་བྱ་ཡིན་པས་སམ་ཡུལ་མ་ཡིན་པས་མི་སྣང༌། དང་པོ་ལྟར་ན་སྣང་བ་མངོན་སུམ་གྱིས་དམིགས་པས་དམ་བཅའ་ལ་ཚད་མའི་བསལ་བ་འཇུག་གོ །སྣང་བ་རིགས་ངོར་ཡོད་པ་འགོག་པ་ཡིན་ལ་དེ་ནི་མངོན་སུམ་གྱིས་མ་གྲུབ་པས་ཉེས་པ་མེད་དོ་ཞེ་ན། འོ་ན་རིགས་ངོར་ཡོད་པ་དགག་བྱར་འགྱུར་གྱི་སྣང་བ་དགག་བྱར་མི་འགྱུར་ཏེ་སྒྲ་རྟག་པ་དགག་བྱ་ཡིན་པས་སྒྲ་དགག་བྱར་མི་འགྱུར་བ་བཞིན་ནོ། །འགའ་ཞིག་ཡུལ་མ་ཡིན་པས་མི་སྣང་ངོ་ཞེ་ན། སྣང་བ་ལ་བདེན་པར་ཡོད་མེད་ཀྱི་རིགས་པའི་དཔྱད་པ་མི་འཇུག་པ་དང་སྒྲོ་འདོགས་ཀྱང་མི་ཆོད་པར་ཐལ་བར་འགྱུར་རོ། །མི་སྣང་བའི་ཕྱོགས་ལ་རིགས་པས་གནོད་པས་སྣང་བའི་ཕྱོགས་ཉིད་བཟུང་ངོ༌། །འོ་ན་བདེན་པར་གྲུབ་པར་འགྱུར་རོ་ཞེ་ན། དམིགས་ཡུལ་ཡིན་གྱི་འཛིན་སྟངས་ཀྱི་བཟུང་བྱ་མ་ཡིན་པས་བདེན་པར་མ་འགྱུར་རོ། །གལ་ཏེ་ཚད་མ་དེ་དག་ལ་ཡུལ་མེད་ན་ཤེས་པར་མི་རུང་ལ། ཡོད་ན་བདེན་པའམ་རྫུན་པ་ཡིན། དང་པོ་ལྟར་ན་བདེན་པ་མི་ཁེགས་ཤིང༌། གཉིས་པ་ལྟར་ན་རིགས་ཤེས་སུ་མི་འགྱུར་རོ་ཞེ་ན། ཡུལ་ཡོད་པས་ཉེས་པ་དང་པོ་མེད་ལ་རིགས་ཤེས་ལ་ལོགས་པ་དང་དངོས་པོ་དང་སྟོང་ཉིད་འགོག་པའི་ཕྲ་རགས་གསུམ་ཡོད་པའི་ཕྱིར། དངོས་པོ་འགོག་པའི་རིགས་ཤེས་ཀྱི་ཡུལ་ནི་ལོག་པར་བརྟགས་པ་ལ་ལྟོས་ཏེ་བདེན་པར་འཇོག་ཅིང་སྟོང་ཉིད་འགོག་པ་ལ་ལྟོས་ཏེ་ཀུན་རྫོབ་ཏུ་གནས་པས་བདེན་པ་མི་ཁེགས་པའི་སྐྱོན་ལས་གྲོལ་ལོ། །བདེན་གཉིས་ལས། དེ་བས་འདི་ནི་ཀུན་རྫོབ་སྟེ་ཅེས་སོ། །ཇི་སྐད་བཤད་པའི་རིགས་པས་སྟོང་པ་དང་མི་སྟོང་པ་ཐམས་ཅད་བདེན་པར་མེད་ན་ལས་རྒྱུ་འབྲས་ལ་སོགས་པའི་རྣམ་བཞག་ཀྱང་ཇི་ལྟར་རུང་ཞེ་ན། བདེན་པ་དང་བྲལ་བའི་སྣང་ཙམ་ལ། ལས་རྒྱུ་འབྲས་དང་འཁོར་འདས་ཐམས་ཅད་འཇོག་པས་འཐད་པ་ཡིན་ནོ། །གཉིས་པ་བརྒྱུད་པའི་དགོས་པ་ལ། མཆོད་བརྗོད་ངག་གི་གདུལ་བྱ་ཡུམ་དེ་ལ་རབ་དུ་དྭང་བས་ཀྱང་ཆོས་ཅན། དགོས་པ་ཡོད་དེ། ཡུམ་དེའི་སྤངས་རྟོགས་མཛད་པའི་ཡོན་ཏན་མངོན་པར་འདོད་པའི་གང་ཟག་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ཡུམ་དེ་དང་དེ་ལ་བརྟེན་པའི་གསུང་རབ་ལ་རྣམ་པ་ཐམས་ཅད་དུ་ཚིག་བཟུང་བ་ལ་སོགས་པའི་དོན་དུ་ཤིན་ཏུ་གུས་པར་བྱེད་པའི་ཕྱིར། གུས་པའི་རྗེས་དེ་ནས་ཡུམ་ལ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་ཞུགས་པ་ཆོས་ཅན། དགོས་པ་ཡོད་དེ། ངེས་པར་ལེགས་པའི་མཆོག་ཐོབ་པར་འགྱུར་པའི་ཕྱིར་རོ། །གཉིས་པ་ཐུན་མོང་གི་མཇུག་བསྡུ་བ་ནི། བཅོམ་ལྡན་འདས་མ་ལ་རབ་ཏུ་དྭང་བའི་དད་པ་ནི་ཆོས་ཅན། ངེས་པར་ལེགས་པ་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། ངེས་པར་ལེགས་པའི་ཐོག་མའི་བྱེད་རྒྱུ་ཡིན་པ་དེའི་ཕྱིར། རྒྱུའི་གཙོ་བོ་ཉེར་ལེན་དང་ཐོག་མའི་བྱེད་རྒྱུ་གཉིས་ལས་འདིར་ཐ་མའོ། །གསུམ་པ་བསྟོད་པའི་རྒྱུ་མཚན་ནི། རྩ་བའི་ངག་གསུངས་པ་དེ་ལ་བསྟོད་པའི་རྒྱུ་མཚན་གོང་དུ་སྨོས་པ་དེ་ལྟར་ཐུགས་ལ་བཞག་ནས་བསྟོད་དོ། །གང་ལ་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །གང་གི་སྒོ་ནས་ཞེས་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས། བསྟོད་པའི་རྒྱུ་མཚན་གང་ཞེ་ན་མཁྱེན་གསུམ་དུ་མ་ཟད་བརྒྱད་པོ་དེས་ཀྱང༌། ཚིག་དོན་ནས་འཆད་པར་འགྱུར་བའི་ཚུལ་གྱིས་འཕགས་པ་བཞིའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་པའོ། །རྩ་བར་མཁྱེན་གསུམ་ཡུམ་དུ་སྨོས་ལ་མངོན་རྟོགས་བརྒྱད་མ་སྨོས་པས། བརྒྱད་པོ་བཞེད་དོན་སྒྲུབ་བྱེད་དུ་མི་འཐད་དོ་ཞེ་ན། མཁྱེན་གསུམ་དུ་མ་ཟད་མངོན་པར་རྟོགས་པ་བརྒྱད་པོ་དེ་དག་ཀྱང༌། བསྟོད་ཡུལ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞིང་ནི་སྡུད་ཚིག་གོ །འོ་ན་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་བསྟོད་པར་རིགས་སོ་ཞེ་ན། མཁྱེན་གསུམ་ལ་བསྟོད་པས་དེ་ལའང་དོན་གྱིས་བསྟོད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་ཕྱིར་རོ། །ཇི་ལྟར་བསྡུས་ཅེ་ན་འཕགས་བཞིའི་མངོན་རྟོགས་ལ་མཁྱེན་གསུམ་དུ་རྣམ་པར་བཞག་པ་ནི་མཁྱེན་གསུམ་སྤྱི་ཡིས་བསྡུས་ལ། སྦྱོར་བཞི་ལམ་ཤེས་ཀྱིས་བསྡུས་ཤིང༌། ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས་སོ། །བཞི་པ་ཚིག་དོན་ལ། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད། དོན་བསྡུས་ཏེ་འཕགས་བཞིའི་ཡུམ་དུ་བསྟན་པའོ། །དང་པོ་ལ་གསུམ་ལས། གཞི་ཤེས་ལ་བསྟོད་པ་ནི། འཕགས་པ་བྱམས་པ་ཆོས་ཅན། གཞི་ཤེས་ལ་བསྟོད་པ་ཡིན་ཏེ། གཞི་ཐམས་ཅད་གང་ཟག་གི་བདག་མེད་པ་དང་གཟུང་པའི་ཆོས་རང་བཞིན་གྱིས་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་འབྲས་བུ་ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་པ་གང་ཡིན་པའི་ཡོན་ཏན་བརྗོད་པའི་ཕྱིར། མྱང་འདས་ཀྱི་ཁྱད་པར་ནི་ཉོན་མོངས་པའི་ཀུན་འབྱུང་སྤངས་ཤིང༌། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ཀྱི་འབྲས་བུའི་ཕུང་པོའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་སོ་སོར་བརྟགས་འགོག་གོ །འགའ་ཞིག་རྒྱུད་བླ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་ཏེ། །ཞེས་པ་ལ་རྟེན་ནས་འདི་མྱང་འདས་མ་ཡིན་ཞེས་སྨྲ་བ་ནི་མི་འཐད་དེ། གཞུང་དེ་ནི་ཉན་རང་ལ་མཐར་ཐུག་གི་མྱང་འདས་ཡོད་པ་དགག་པའི་དོན་དུ་རྣམ་མཁྱེན་མ་ཐོབ་པར་མྱང་འདས་མཐར་ཐུག་མི་འཐོབ་ཅེས་པའི་དོན་ནོ། །ཅིའི་ཕྱིར་གཞི་ཤེས་ཀྱིས་ཉེར་ཞི་གཉིས་ཐོབ་པར་མཛད་ཅེ་ན། ཉོན་མོངས་ཀྱི་རྩ་བ་བདག་འཛིན་ནི་གཞི་ཤེས་ཀྱིས་སྤོང་ལ། ཉོན་མོངས་ཀྱི་རྩ་བ་སྤངས་པས་ཉོན་མོངས་པ་དང་སྡུག་བསྔལ་ཞི་བའི་མྱང་འདས་འཐོབ་པའི་ཕྱིར་རོ། །གང་གིས་ཐོབ་པར་མཛད་ཅེ་ན་ཉན་ཐོས་མྱ་ངན་ལས་འདའ་བར་འདོད་པ་རྣམས་དང༌། དེར་མ་ཟད་རང་སངས་རྒྱས་ཀྱི་རིགས་ཅན་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱིས་ཀྱང་ངོ༌། །འདི་རྩ་བར་མེད་དོ་ཞེ་ན་ཉན་ཐོས་དེའི་ཕྱོགས་སུ་བསླན་ནས་སོ། །ཇི་ལྟར་ན། ཉན་ཐོས་ཅེས་པའི་ཚིག་གི་རིམ་པ་ཅིག་གིས་བསྟན་ནོ། །དངོས་སུ་མ་བརྗོད་པ་ནི་རྟགས་རྣམ་པར་བརྩེན་པའི་སྡེབ་སྦྱོར་ཉམས་པར་འགྱུར་བས་སོ། །ལྷན་ཅིག་ཏུ་སྟོན་པའི་དོན་ནི་གཞི་ཤེས་ཀྱི་འབྲས་བུ་ཉེར་ཞི་སྒྲུབ་པར་མཚུངས་པས་སོ། །འོ་ན་ཁྱད་པར་ཡོད་དམ་མེད་ཅེ་ན་གཟུང་རྟོགས་སྤངས་པའི་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་གོ །གཉིས་པ་ལམ་ཤེས་ལ་བསྟོད་པ་ནི། བྱམས་པ་ཆོས་ཅན། ལམ་ཤེས་ལ་བསྟོད་དེ། ལམ་གསུམ་པོ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱི་ཐབས་ཀྱིས་འགྲོ་བ་མཐའ་དག་གི་མངོན་མཐོ་ངེས་ལེགས་ཀྱི་དོན་སྒྲུབ་པར་མཛད་པའི་ཡོན་ཏན་གང་ཡིན་པ་བརྗོད་པའི་ཕྱིར། གང་གིས་སྒྲུབ་ཅེ་ན། བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་རྣམས་ཀྱིས་སོ། །གསུམ་པ་རྣམ་མཁྱེན་ལ་བསྟོད་པ་ནི། བྱམས་པ་ཆོས་ཅན། རྣམ་མཁྱེན་ལ་བསྟོད་དེ། རྣམ་མཁྱེན་གྱི་སྤངས་རྟོགས་མཛད་པའི་ཡོན་ཏན་བརྗོད་པའི་ཕྱིར། ཡོན་ཏན་ནི་བསྐོར་བར་མཛད་དོ། །གང་ལས་ན། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་གང་དང་ལྡན་པ་ལ་བརྟེན་ནས་སོ། །གང་ཟག་གང་གིས་ན། །སངས་རྒྱས་སྒོ་གསུམ་གྱི་མི་མཐུན་ཕྱོགས་ལས་ཡང་དག་པར་བསྡམས་པའི་སྐུ་ཅན་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོས་སངས་རྒྱས་རྣམས་ཀྱིས་སོ། །དགོས་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར་རོ། །གང་ན། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་མ་ལུས་པ་བརྗོད་བྱ་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་ཐམས་ཅད་དང་ལྡན་པའོ། །ཆོས་ཀྱི་འཁོར་ལོ་ལ་གསུམ་ལས། མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་མི་མཐུན་ཕྱོགས་གཅོད་པར་མཛད་པའོ། །མཚོན་བྱའི་སྒྲ་དོན་ནི་འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་སྟེ། འཁོར་ལོ་རིན་པོ་ཆེ་ཡུལ་གཞན་དང་གཞན་དུ་འཕོ་བ་དང༌། མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་ལྟར། སློབ་མའི་རྒྱུད་ལ་རིམ་གྱིས་འཕོ་བར་བྱེད་པ་དང༌། འདོད་ཆགས་ལ་སོགས་པའི་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པའི་ཕྱིར་རོ། །གསུམ་པ་དབྱེ་བ་ལ་གཉིས་ཏེ། ལུང་གི་ཆོས་ཀྱི་འཁོར་ལོ་དང༌། རྟོགས་པའི་ཆོས་ཀྱི་འཁོར་ལོའོ། །དང་པོ་གསུམ་ཏེ། སོ་སོའི་དབྱེ་བ་དང༌། དྲང་ངེས་ཀྱི་ཁྱད་པར་དང༌། ཇི་ལྟར་བསྐོར་བའི་ཚུལ་ལོ། །དང་པོ་ལ་བདེན་པ་བཞིའི་ཆོས་འཁོར། མཚན་ཉིད་མེད་པའི་ཆོས་འཁོར། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རོ། །བསྐོར་བའི་གནས་ནི། བཱ་རཱ་ཎ་སི་ལ་སོགས་པ་དང༌། བྱ་རྒོད་ཕུང་པོའི་རི་དང༌། གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པའོ། །ཡུལ་བཱ་རཱ་ཎ་སིར་བསྐོར་བ་ལ་ཡང་བདེན་པ་བཞིར་ཕྱེ་ནས་བསྟན་པ་ནི། བདེན་བཞིའི་ཆོས་འཁོར་སྟེ་ཆོས་འཁོར་དང་པོའི་དང་པོའོ། །ངོ་བོ་ཉིད་མེད་པར་སྟོན་པ་རྣམས་ནི། དང་པོའི་བར་པའོ། །ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་སྟོན་པ་ནི། དང་པོའི་ཐ་མའོ། །བྱ་རྒོད་ཕུང་པོའི་རི་ལ་གསུངས་པ་ལ་ཡང༌། འཕགས་པའི་བདེན་པ་བཞི་དག་གི་ཞེས་སོགས་ཀྱི་སྐབས་ཀྱི་མདོ་ལྟ་བུ་ནི་བར་པའི་དང་པོ་ཡིན་ལ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད་ཞེས་སོགས་ཀྱི་སྐབས་ཀྱི་མདོ་ལྟ་བུ་ནི་བར་པའི་བར་པ་ཡིན་ལ། དེ་མ་རྫོགས་དང་རབ་རྫོགས་དང་ཞེས་སོགས་ཀྱི་སྐབས་ཀྱི་མདོ་ལྟ་བུ་ནི་བར་པའི་ཐ་མ་ཡིན་ནོ། །གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་བསྐོར་བ་ལ་བདེན་བཞིའི་དབང་དུ་བྱས་པ་ནི་ཐ་མའི་དང་པོ་དང༌། ངོ་བོ་ཉིད་མེད་པར་སྟོན་པའི་དབང་དུ་བྱས་པ་ནི་ཐ་མའི་བར་པ་དང༌། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་ཕྱེས་ནས་སྟོན་པ་ནི་ཐ་མའི་ཐ་མའོ། །བདེན་བཞི་སྟོན་པ་ལ་དང་པོ་དང༌། མཚན་ཉིད་མེད་པ་ལ་བར་པ་དང༌། ལེགས་པར་རྣམ་པར་ཕྱེ་བ་ལ་ཐ་མའི་ཐ་སྙད་ཀྱང་དགོངས་འགྲེལ་ལས་གསུངས་སོ། །ཤེར་ཕྱིན་ལས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་པ་མཐོང་ངོ༌། །ཞེས་པ། བྱ་རྒོད་ཕུང་པོའི་རི་ལ་བསྐོར་བ། སྤྱི་ལྡོག་ནས་བར་པའི་དབང་དུ་བྱས་པ་ནི་བླ་མའི་བཞེད་པའོ། །གདུལ་བྱ་ལ་ཡང་ཆོས་འཁོར་དང་པོ་ཉན་པ་དང༌། བར་པ་ཉན་པ་དང༌། ཐ་མ་ཉན་པ་དང༌། དང་པོ་ནས་ཐ་མའི་བར་ཐམས་ཅད་ཉན་པ་སོགས་སྣ་ཚོགས་པ་ཡོད་པས། རྒྱུད་བླ་ལས། ཆོས་འཁོར་གསུམ་གདུལ་བྱའི་བྱེ་བྲག་གསུམ་སོ་སོར་ཕྱེ་ནས་དེའི་དབང་དུ་བྱས་ནས་གསུངས་པ་དང༌། མདོ་དེ་ཉིད་བྱང་ཆུབ་སེམས་དཔའ་ཁམས་ཀྱི་དྲི་མ་རིམ་པ་གསུམ་སྦྱོང་བྱེད་ལ་སྦྱར་བའི་དོན་ཡང་དེ་ཉིད་ཀྱིས་རྟོགས་སོ། །གཉིས་པ་དྲང་ངེས་ཀྱི་ཁྱད་པར་ནི། བདེན་བཞིའི་ཆོས་ཀྱི་འཁོར་ལོ་ནི། གཙོ་བོར་དྲང་བའི་དོན་ཡིན་ལ། དགོངས་པ་ངེས་འགྲེལ་ལས། བར་པ་དྲང་དོན་དུ་བཤད་པ་ནི། སེམས་ཙམ་པས་མདོ་དེ་ངེས་དོན་དུ་འདོད་ཀྱང༌། དབུ་མ་པས་དྲང་བའི་དོན་དུ་བཞེད་པས་འདིར་ངོ་བོ་ཉིད་མེད་པར་སྟོན་པ་ངེས་དོན་དུ་བཟུང་ངོ༌། །ཡང་ན་བར་པ་དང་ཐ་མ་གཉིས་བརྗོད་བྱའི་དོན་ངེས་དོན་ཡིན་པ་ལ་ཁྱད་པར་མེད་ལ། དགོངས་འགྲེལ་ལས། བར་པ་དྲང་དོན་དང་བརྩོད་པའི་གཞིར་གྱུར་པ་དང༌། བླ་ན་ཡོད་པར་གསུངས་པའི་དོན་ནི། འཁོར་ལོ་བར་པས་ངོ་བོ་ཉིད་མེད་པར་བསྟན་པ་ན། འཁོར་ལོ་དང་པོ་དང་འགལ་ལོ་སྙམ་པའི་བརྩོད་པ་ཡོད་པས་བརྩོད་པའི་གཞིར་འགྱུར་བ་ཞེས་པ་དང༌། འཁོར་ལོ་ཕྱི་མ་ནས་བཤད་པའི་དགོངས་པ་ལ་སླར་བློ་དྲང་དུ་ཡོད་པའི་ཕྱིར་དང༌། ད་དུང་ཡོད་མེད་གཉིས་སུ་གསུངས་པའི་དགོངས་པ་རྣམ་པར་འབྱེད་པའི་ཆོས་འཁོར་ཕྱི་མ་བསྐོར་དུ་ཡོད་པའི་ཕྱིར་བླ་ན་ཡོད་པ་ཞེས་གསུངས་སོ། །སློབ་དཔོན་ཀ་མ་ལ་ཤྲཱི་ལས་ཀྱང༌། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་རྣམ་པར་ཕྱེ་བས་ཡོད་མེད་གཉིས་ཀྱི་མཐའ་བསལ་ནས་དབུ་མའི་ལམ་སྟོན་པར་བཤད་དོ། །འགའ་ཞིག་དུ་ཆོས་ཀྱི་འཁོར་ལོ་གསུམ་རིམ་ཅན་དུ་བསྐོར་བ་གསུངས་པ་དང༌། གསུང་ཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོར་སོར་གོ །ཞེས་ཅིག་ཆར་དུ་བསྐོར་བར་གསུངས་པ་དང༌། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། གང་གི་ནུབ་མོ་ལེན་པ་མི་མངའ་བར་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་ཐ་ན་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་སོགས་གསུངས་པ་འདི་དག་གི་དོན་ཇི་ལྟར་ཞེ་ན། དང་པོ་ནི། སྤྱིར་ཆོས་ཀྱི་འཁོར་ལོ་དུ་མ་གསུངས་པའི་དབང་དུ་བྱས་ལ། གཉིས་པ་ནི། ཆོས་འཁོར་གཅིག་ལ་ཡང་གདུལ་བྱའི་བྱེ་བྲག་གིས་རྟོགས་ཚུལ་སྣ་ཚོགས་སུ་འགྱུར་ཞེས་པའི་དོན་ཏེ། རྒྱུད་བླར། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང༌། །ཡངས་བའི་ཆུ་ནི་སྤྲིན་དེ་ལས་འཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་ཡིན། །དེ་བཞིན་འཕགས་ལམ་ཡན་ལག་བརྒྱད་ཆུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །ཐ་མ་ནི་ངེས་དོན་མཐར་ཐུག་པའི་དབང་དུ་བྱས་ཏེ། དོན་དམ་པར་ཆོས་ཀྱི་འཁོར་ལོ་གང་ཡང་བསྐོར་བ་མེད་པའི་ཕྱིར་རོ། །གཉིས་པ་རྟོགས་པའི་ཆོས་ཀྱི་འཁོར་ལོ་ལ། བྱེ་བྲག་སྨྲ་བ་རྣམས་ངོ་བོ་མཐོང་ལམ་ཡིན་ཏེ། ལྔ་སྡེ་བཟང་པོ་ལ་མཐོང་ལམ་སྐྱེས་པའི་ཚེ་ལྷ་རྣམས་ཀྱི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་བསྒྲགས་པས་སོ། །འཁོར་ལོ་ཞེས་བརྗོད་པ་ནི། འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་ཏེ། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་སེམས་གཞན་གྱིས་བར་མ་ཆོད་པར་སྐྱེ་བས་མྱུར་དུ་འགྲོ་བ་དང༌། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པར་བྱེད། ཁམས་གོང་མའི་བདེན་པ་ལ་འཕར། འོག་མའི་བདེན་པ་ལ་འབབ་པའོ། །བཙུན་པ་དབྱངས་སྒྲོགས་ནི། མཐོང་ལམ་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ཡིན་ལ། དེ་ལ་ལྟ་བ་དང༌། རྟོག་པ་དང༌། རྩོལ་བ་དང༌། དྲན་པ་རྣམས་ནི་ཤེས་རབ་ཀྱི་ངོ་བོ་རྩིབས་ལྟ་བུ་ཡིན་ཏེ། མཐོང་སྤང་གི་རྟོག་པ་གཅོད་པས་སོ། །ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་ཚུལ་ཁྲིམས་ཀྱི་རང་བཞིན་ལྟེ་བ་ལྟ་བུ་ཡིན་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་པས་སོ། །ཏིང་ངེ་འཛིན་མུ་ཁྱུད་ལྟ་བུ་ཡིན་ཏེ། དམིགས་པ་ལ་སེམས་འཛིན་པས་སོ་དེས་ན་འཁོར་ལོ་དང་འདྲ་བར་འདོད་དོ། །ཐེག་པ་ཆེན་པོ་པ་ནི་ལམ་ལྔ་ཅར་ལ་འདོད་དོ། །ཆོས་ཀྱི་བཤེས་གཉེན་གྱིས་བར་ཆད་མེད་པའི་ལམ་གྱི་བར་དུའོ་ཞེས་པ་ནི། དངོས་གཉེན་ལ་དགོངས་སོ། །གཉིས་པ་དོན་བསྡུས་ཏེ་འཕགས་བཞིའི་ཡུམ་དུ་བསྟན་པ་ནི། ཡུམ་དེ་ལ་ཕྱག་འཚལ་ལོ། །ཡུམ་གང་ཞེ་ན། མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་ཡུམ་ཡིན་ཏེ། གཙོ་བོ་སངས་རྒྱས་འཁོར་ཉན་ཐོས་ལ་སོགས་པས་ཡོངས་སུ་བསྐོར་བ་དེ་དག་གི་བཞེད་དོན་སྒྲུབ་པར་བྱེད་པ་ཉིད་ཀྱིས་སོ། །ཡུམ་ནི་གཉིས་ཏེ། བཞེད་དོན་སྒྲུབ་བྱེད་དང༌། ཟག་མེད་ཀྱི་ཕུང་པོ་བསྐྱེད་བྱེད་དོ། །དང་པོ་ནི་མཁྱེན་གསུམ་ཡིན་ལ། གཉིས་པ་ལ། ཐེག་ཆེན་ལ་མོས་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་དང༌། བསམ་གཏན་དང༌། སྙིང་རྗེ་རྣམས་ཏེ། ཐེག་ཆེན་ལ་མོས་པས་བདག་མེད་རྟོགས་པའི་ཤེས་རབ་ལ་འཇུག་ཅིང༌། དེ་བསམ་གཏན་གྱིས་བརྟན་པར་བྱས་ནས་སྙིང་རྗེའི་གྲོགས་ཀྱིས་རྒྱུན་དུ་བསྐྱངས་པས་ཟག་མེད་ཀྱི་ཕུང་པོ་སྐྱེ་བའི་ཕྱིར་རོ། །ལྔ་པ་བརྒལ་ལན་ལ། རྒོལ་བའི་ཡུལ་ནི། མཁྱེན་གསུམ་ལ་བསྟོད་པ་དང་ཕྱག་འཚལ་བས་མཁྱེན་གསུམ་བརྗོད་བྱར་བྱས་པའི་བསྟན་བཅོས་རྩོམ་ཞེས་ཤུགས་ལ་དམ་བཅས་པའོ། །རྒོལ་བའི་ཚུལ་ནི། སྔར་བཤད་པ་དེ་ལྟར་མཁྱེན་གསུམ་ལ་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་བསྟན་བཅོས་མངོན་པར་རྟོགས་པ་མཁྱེན་གསུམ་གྱི་རྒྱན་རྩོམ་ན། གཞི་དང་གཉེན་པོ་དང་རྣམ་པ་རྣམས་ལས་གང་ཡང་རུང་བ་ཙམ་ཞིག་བརྗོད་བྱར་བསྡུས་པར་མཛད་གྲང་ན། ཕྱོགས་དང་པོ་ལྟར་ན་ནི། རྒྱན་རྩོམ་པ་ལ་འབད་པ་དོན་མེད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་འདི་ལས་ནི། མཚན་ཉིད་ཀྱི་བསྟན་བཅོས་མངོན་པ་དག་ལས་མ་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་ནི་མེད་པས་ཟློས་པའི་སྐྱོན་གནས་སོ། །གཉིས་པ་ལྟར་ན་ཡང༌། ཀུན་ནས་ཉོན་མོངས་པའི་དངོས་པོ་བརྗོད་བྱར་མ་བསྡུས་པར་ཐལ། རྣམ་པར་བྱང་བའི་དངོས་པོ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། འདོད་ན་གཉེན་པོ་འདི་སྤང་བྱ་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་རོ། །གསུམ་པ་ལྟར་ན་ཡང༌། རྣམ་པ་བཞི་བཅས་སམ། གཞི་མེད་སྟོན། དང་པོ་ལྟར་ན། གཞི་ལ་བཀོད་པའི་སྐྱོན་ཡོད་ལ། གཉིས་པ་ལྟར་ན། ཁྱོད་ལ་སྐྱེས་བུ་ལ་མཁོ་བའི་དོན་རྟོགས་པ་མེད་པར་ཐལ། རྣམ་པ་གཞི་མེད་པ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། འདོད་ན། ཁྱོད་ལ་འཇུག་པ་དོན་མེད་པ་ཡིན་པར་ཐལ། སྐྱེས་བུ་ལ་མཁོ་བའི་དོན་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར་སྙམ་དུ་གཞན་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། གཉིས་པ་ལན་ལ། གཏན་ཚིགས་དགོད་པ་དང༌། སྒྲུབ་བྱེད་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ནི། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། གཞི་དང་གཉེན་པོ་དང་རྣམ་པ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་པ་ལ་བརྗོད་པའི་སྐྱོན་དེ་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་རེ་རེ་ཁོ་ན་བསྡུས་པ་མ་ཡིན་གྱི་ཕྱོགས་གསུམ་ཅར་བརྗོད་བྱར་བསྡུས་པའི་ཕྱིར། དེས་ན་མངོན་པར་རྟོགས་པ་མཐའ་དག་བསྟན་ཏེ། ཕྱོགས་གསུམ་ཅར་བརྗོད་བྱར་བསྡུས་ཤིང་གསུམ་ཅར་གྱིས་ཀྱང་མཁྱེན་གསུམ་བསྡུས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་གོ་རིམ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་མཐའ་དག་བསྡུས་པས་ནའོ། །མཇུག་བསྡུས་ལས་དོན་འདི་ཁོ་ནར་སྣང་ངོ༌། །གཉིས་པ་སྒྲུབ་བྱེད་ལ་ལུང་དགོད་པ་དང༌། ལུང་གི་དོན་བཤད་པའོ། །དང་པོ་ལ། ཡུམ་བར་མ་དང༌། བསྡུས་པ་དང༌། རྒྱས་པའི་ལུང་ཁུངས་དགོད་པའོ། །དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པའི་ཚུལ་འདི་ལྟར། རྒྱལ་བའི་ཡུམ་བར་མ་ལས་རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་འབྱུང་བས་སོ། །གཉིས་པ་ལ་གསུམ་ལས། གཞི་ཤེས་ལ། རྒྱུ་མཚན་དྲི་བ་དང༌། རྒྱུ་མཚན་དགོད་པའོ། །དང་པོ་ནི། བཅོམ་ལྡན་འདས་རྒྱུ་མཚན་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་བསྡུས་པ་ལགས་ཞེས་པའོ། །གཉིས་པ་ནི། རབ་འབྱོར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་ཞེས་བྱའོ། །ཅི་ཞེ་ན། ཐམས་ཅད་ནི་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་གང་ཟག་དང༌། གཟུང་བ་ཆོས་ཀྱི་བདག་མེད་པར་ཤེས་ཀྱི། ལམ་གསུམ་པོ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཡང་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ལམ་ཤེས་ལ། རྒྱུ་མཚན་དྲི་བ་དང༌། རྒྱུ་མཚན་དགོད་པའོ། །དང་པོ་ནི། བཅོམ་ལྡན་འདས་རྒྱུ་མཚན་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྟོགས་པ་བསྡུས་པ་ལགས་ཞེས་པའོ། །གཉིས་པ་ལ། དོན་དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་རྟོགས་ནི་ལམ་ཤེས་པ་ཉིད་ཀྱིས་བསྡུས་ཞེས་བྱའོ། །རྒྱུ་མཚན་ཅི་ཞེ་ན། དེ་ཉིད་ཀྱིས་ཤེས་རབ་དང་ཐབས་གཉིས་ཀྱི་སྒོ་ནས་བསྡུས་པར་འཐད་པ་དེའི་ཕྱིར། ཤེས་རབ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་གང་ཟག་གི་བདག་མེད་རྟོགས་པའི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་གསུམ་པོ་ཐམས་ཅད་ཤེས་པར་བྱའོ། །དེ་དག་གི་སྤངས་རྟོགས་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང༌། བྱང་སེམས་དེ་དག་གིས་ལམ་གྱི་བྱ་བ་སྒྲིབ་པ་སྤོང་བ་ཡང་བྱའོ། །གཉིས་པ་ཐབས་ནི། བྱང་སེམས་དེ་དག་གིས་ཡང་དག་པའི་མཐའ་ཆོས་ཉིད་ལ་རྟག་དུ་མཉམ་པར་བཞག་པའི་ཚུལ་གྱིས་མངོན་སུམ་དུ་ནི་མི་བྱའོ། །དུས་ཅི་ཙམ་གྱི་བར་དུ་ཞེ་ན། གཞན་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང༌། སྐུ་དངོས་ཀྱི་གདུལ་བྱའི་སེམས་ཅན་རྣམས་དངོས་ཀྱི་སྒྲིབ་པ་སྤང་རུང་དང༌། དངོས་ཀྱི་གཉེན་པོ་སྐྱེ་རུང་དུ་ལམ་གྱིས་ཡོངས་སུ་སྨིན་པར་མ་བྱས་པ་དང༌། རང་སྣང་ལ་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་ཡོངས་སུ་སྦྱངས་བར་དུའོ། །ཕྱིས་ནི་མངོན་སུམ་དུ་བྱའོ། །གང་གི་ཚེ་ན། སྨོན་ལམ་རྫོགས་པ་དང༌། སེམས་ཅན་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་སྦྱངས་པ་དེའི་ཚེའོ། །འདིར་སྨོན་ལམ་རྫོགས་པའི་ཚད་སྨོན་ལམ་ཐམས་ཅད་གྲུབ་པར་འདོད་པ་ནི་མིན་ཏེ། ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་བཏབ་ཀྱང་མ་གྲུབ་པས་སྨོན་ལམ་མ་རྫོགས་པར་ཐལ་བའི་ཕྱིར་རོ། །སེམས་ཅན་སྨིན་པའི་ཚད་སྒྲིབ་པ་སྤང་རུང་ཙམ་ལ་འདོད་པ་ཡང་མིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ཐལ་བའི་ཕྱིར་རོ། །ཞིང་ཡོངས་སུ་སྦྱངས་པ་ཡང་རང་སྣང་ལ་ཡིན་གྱི་གཞན་སྣང་ལ་མིན་ཏེ། ཤཱཀྱ་ཐུབ་པས་ཞིང་མ་སྦྱངས་བར་ཐལ་བའི་ཕྱིར་རོ། །གཉིས་པ་ལ། སྤངས་རྟོགས་རྫོགས་པའི་ཚུལ། ཡང་དག་མཐའི་ངོ་བོ། མངོན་སུམ་དུ་བྱ་བའི་ཚུལ་ལོ། །དང་པོ་ལ། འགའ་ཞིག་རྟོགས་པ་ས་དང་པོ་དང༌། སྤངས་པ་ས་བརྒྱད་པར་རྫོགས་ཤིང་སྔ་རོལ་དུ་མ་ཡིན་ཏེ། ཉོན་སྒྲིབ་མ་ལུས་པར་མ་སྤངས་པས་སོ་ཞེ་ན། འོ་ན་ཉན་རང་དགྲ་བཅོམ་པ་ལ་ཡང་སྤངས་པ་མ་རྫོགས་པར་འགྱུར་ཏེ། བག་ལ་ཉལ་གྱི་ཉོན་སྒྲིབ་མ་ལུས་པ་མ་སྤངས་པའི་ཕྱིར། གཞན་དུ་ན་མ་རིག་བག་ཆགས་ཀྱིས་ས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་སྤངས་པས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ། །འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པར་སྤངས་པས་སྐྱོན་མེད་དོ་ཞེ་ན། དེ་ནི་ས་དང་པོར་ཡང་སྤངས་ཏེ། ལས་ཉོན་གྱི་དབང་གིས་སྐྱེ་འཆི་དང་བྲལ་བའི་ཕྱིར་རོ། །ས་དང་པོར་རྟོགས་པ་རྫོགས་པ་མ་ཡིན་པར་འགྱུར་ཏེ། གང་ཟག་གི་བདག་མེད་རྟོགས་པ་མཐར་ཐུག་མ་ཐོབ་པས་སོ་ཞེས་མཚུངས་སོ། །གཞན་ཡང་བྱང་སེམས་ཀྱི་བདག་མེད་རྟོགས་པའི་ནུས་པ་ལས་ཉན་ཐོས་ཀྱི་ནུས་པ་ལྷག་པར་ཡང་འགྱུར་ཏེ། བྱང་སེམས་ཀྱིས་བསྐལ་བ་གྲངས་མེད་གཅིག་དུ་བསྒོམས་ཀྱང་ཉོན་མོངས་མ་སྤངས་ལ། ཉན་ཐོས་ཀྱིས་ཉོན་མོངས་སྤངས་པའི་དགྲ་བཅོམ་མྱུར་དུ་ཐོབ་ནུས་པའི་ཕྱིར་རོ། །དེ་ན་ས་དང་པོར་རྫོགས་པ་འཐད་ཅིང་འཕགས་པས་ཀྱང་བཞེད་དེ། མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་ནི་བྱང་སེམས་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པའོ་ཞེས་པའི་འགྲེལ་བར། བཟོད་པའི་ངོ་བོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པར་གསུངས་པས་སོ། །འོ་ན་ས་དང་པོར་ཉོན་སྒྲིབ་མ་ལུས་པ་སྤངས་པ་ཡོད་པར་འགྱུར་ཞེ་ན། ཉོན་སྒྲིབ་ལ་འཁོར་བར་འཆིང་བར་བྱེད་པ་དང༌། བག་ལ་ཉལ་གྱི་ཉོན་སྒྲིབ་གཉིས་ལས། དང་པོ་ནི་ས་དང་པོ་ནས་ཀྱང་སྤངས་ལ། གཉིས་པ་ནི། ཉན་རང་དགྲ་བཅོམ་གྱིས་ཀྱང་སྤངས་པ་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་རྒྱུ་ལས་ཡིད་ཀྱི་རང་བཞིན་ཅན་གྱི་ལུས་ལེན་པའི་ཕྱིར། སློབ་དཔོན་གྱིས། མདོར་བཟོད་པ་གསུངས་པའི་ངོ་བོ་སྦྱོར་ལམ་དང་མཐོང་ལམ་དུ་བཞག་ཚུལ་གཉིས་བཤད་དེ། འགྲེལ་ཆེན་ལས། ཁ་ཅིག་ནི་ཚོགས་ཀྱི་ས་ལ་སོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་སྔོན་སྦྱང་བ་བྱས་ཤིང་སྒྲུབ་པ་དེ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་ཆོས་ལ་བཟོད་པ་སྟེ་ལྷག་པར་མོས་པ་ཐོབ་པར་འགྱུར་བ་ཡིན་ནོ་ཟེར་རོ། །གཞན་དག་ནི། ཆོས་དབྱིངས་ཀུན་དུ་འགྲོ་བར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོགས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བཤད་པས་སོ། །གཉིས་པ་ནི། གཞུང་འགྲེལ་རྣམས་སུ་ཆོས་སྐུ་དང་དེ་བཞིན་ཉིད་དང༌། དམན་པའི་མྱང་འདས་དང༌། དྲི་བྲལ་གྱི་ཆོས་ཉིད་རྣམས་ལ་བཤད་དེ། འགྲེལ་ཆེན་ལས། རང་དོན་མོས་པའི་སྐབས་སུ། དེ་བཞིན་གཤེགས་པའི་སྐུ་དེ་ཡང་ཡང་དག་པའི་མཐའ་རབ་ཏུ་ཕྱེ་སྟེ་ཞེས་དང༌། སྦྱོར་བའི་སྐབས་སུ། ཡང་དག་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཡིན་ལ་ཞེས་དང༌། སྐྱོན་གྱི་སྐབས་སུ། ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་ཅིང༌། ཞེས་པ་ནི་ཉན་ཐོས་ཀྱི་མྱང་འདས་ཐོབ་པར་བྱེད་པའོ་ཞེས་པ་དང༌། འདིར་ཡང་དག་པའི་མཐའ་རྟོགས་པ་དང་ཞེས་འབྱུང་བས་སོ། །ཇི་སྐད་བརྗོད་པ་རྣམས་ལས་ཐེག་དམན་གྱི་མྱང་འདས་མི་བཟུང་སྟེ། དེ་ནི་གཏན་ནས་མངོན་དུ་བྱ་བ་མིན་ལ། འདི་ནི་མཐར་མངོན་དུ་བྱ་བ་ཡིན་པས་སོ། །ཆོས་སྐུ་དང་ཆོས་ཉིད་དྲི་བྲལ་ཡང་མ་ཡིན་ཏེ། རྫོགས་སྨིན་མ་སྦྱངས་པར་མངོན་དུ་བྱེད་མི་ནུས་པས། མངོན་སུམ་དུ་མི་བྱའོ་ཞེས་གདམས་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །འདིར་གང་བཟུང་ཞེ་ན། དེ་བཞིན་ཉིད་ཙམ་ཡིན་ཏེ། བྱང་སེམས་ཀྱིས་དེ་བཞིན་ཉིད་ལ་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་སུམ་དུ་བྱ་བའི་དུས་མིན་པར་བཤད་པ་དང༌། འདིར་ཡང༌། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་པར་བྱེད་ཀྱང་དེ་མངོན་སུམ་དུ་མི་བྱེད་ཅེས་བཤད་པས་སོ། །འདིས་ནི་ཤེས་རབ་ཀྱིས་དེ་བཞིན་ཉིད་ལ་གོམས་པར་མཛད་ཀྱང་ཐབས་ཀྱིས་མངོན་སུམ་དུ་མི་བྱེད་པར་བསྟན་ནས། བྱང་སེམས་ཀྱི་རྨད་དུ་བྱུང་བའི་སྤྱོད་པ་བསྟན་པ་ཡིན་ནོ། །མངོན་སུམ་དུ་བྱས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། སྨོན་ལམ་སོགས་རྫོགས་པར་མ་བྱས་པར་མངོན་དུ་བྱས་ན། ཞི་བའི་མཐར་ལྷུང་བར་འགྱུར་བས་སོ། །འདི་ནི་འཕགས་སེང་གཉིས་ཀས་ཐེག་པ་ཆེ་ཆུང་གཉིས་ཀའི་མྱང་འདས་མ་ཡིན་པར། རེ་ཤིག་གཞན་དོན་རྒྱུན་ཆད་པ་ཉེ་བར་བཟུང་ནས་དགོངས་པ་ཅན་གྱི་མྱང་འདས་སུ་བཤད་དོ། །སངས་རྒྱས་ལ་ནི་མི་མཚུངས་ཏེ། བསོད་ནམས་ཀྱི་ཚོགས་ཡོས་སུ་རྫོགས་པས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ལས་གཞན་དོན་ཕྲིན་ལས་འབྱུང་བའི་ཕྱིར་རོ། །སློབ་ལམ་ན་དེ་མངོན་དུ་བྱེད་པའི་ནུས་པ་མེད་པས། མངོན་སུམ་དུ་མི་བྱའོ་ཞེས་པའི་གདམས་པ་དོན་མེད་པའི་ཉེས་པ་ཁྱེད་ལའང་གནས་སོ་ཞེ་ན། མ་ཡིན་ཏེ། ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་མཚན་མེད་ལ་ཡུན་རིང་དུ་སྙོམས་པར་ཞུགས་ན། སངས་རྒྱས་རྣམས་ཀྱིས་འགོག་པ་ལས་བསླང་དགོས་པར་མདོ་སྡེ་ས་བཅུ་པ་ལས་བཤད་པས་སོ། །ས་བདུན་པ་མན་ཆད་ལ་གནས་པ་ལ་ནི་ས་བརྒྱད་པ་ཐོབ་པའི་དུས་སུ་འདི་ལྟ་བུ་མངོན་སུམ་དུ་མི་བྱའོ་ཞེས་ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ་གྱིས་གདམས་སོ། །གསུམ་པ་ནི། ཆོས་དབྱིངས་ལ་རྟག་ཏུ་མཉམ་པར་འཇོག་པ་ཏེ། རྒྱུད་བླར། ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །ཅེས་པ་ལྟར་རོ། །འདི་ས་བརྒྱད་པ་ན་ཡང་ཡོད་དོ་ཞེ་ན། མ་ཡིན་ཏེ། མཉམ་པར་མ་བཞག་པ་མི་མངའ་བ་ནི། སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་ཡིན་པའི་ཕྱིར། གསུམ་པ་རྣམ་མཁྱེན་ལ་གཉིས་ལས། རྒྱུ་མཚན་དྲི་བ་ནི། བཅོམ་ལྡན་འདས་རྒྱུ་མཚན་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་བསྡུས་པ་ལགས་ཞེས་པའོ། །རྒྱུ་མཚན་དགོད་པ་ནི། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་ཞེས་བྱའོ། །ཅི་ཞེ་ན། རྣམ་པ་གང་དག་གི་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི། རྟགས་དེ་དག་དང༌། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་དེའི་ཕྱིར། རྣམ་པ་ནི་ངོ་བོ། རྟགས་ནི་འབྲས་བུ། མཚན་མ་ནི་རྒྱུའོ། །གཉིས་པ་བསྡུས་པའི་ལུང་དགོད་པ་ནི། བར་མ་ལས། འཕགས་བཞིའི་མངོན་རྟོགས་བསྡུས་ཚུལ་གསུངས་པ་དེ་བཞིན་དུ་མདོར་བསྡུས་པ་བརྐྱང་སྟོང་པ་ལས་ཀྱང་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཡུམ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །འདིས་མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པར་ཇི་ལྟར་བསྟན་ཞེ་ན། མ་བསྡུས་ན་འཕགས་བཞིའི་སྤངས་རྟོགས་བསྒྲུབ་པར་འདོད་པས་མཁྱེན་གསུམ་ལ་བསླབ་པ་དོན་མེད་པའི་ཕྱིར་རོ། །གསུམ་པ་རྒྱས་པའི་ལུང་ཁུངས་དགོད་པ་ནི། རྒྱས་པ་ལས་ཀྱང༌། རྒྱུན་དུ་ཞུགས་པའི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ལུང་གི་དོན་བཤད་པ་ལ། གཞི་ཤེས་ཀྱི་དབང་དུ་བྱས་པ་ནི། མདོ་ལས། མངོན་རྟོགས་བསྡུད་བྱེད་མཁྱེན་གསུམ་བསྟན་པ་དེ་ལ། ཐམས་ཅད་ཤེས་པ་ཉིད་ནི། གཟུགས་ལ་སོགས་པའི་ཆོས་ལ་དམིགས་པ་དང༌། རྣམ་པ་མི་རྟག་པ་ལ་སོགས་པའི་རྟེན་ཅན་དང༌། བྲལ་པའི་འབྲས་བུ་ཉོན་མོངས་པའི་རྩ་བ་ཕུང་པོ་ལ་བདག་དུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི། ཤེས་རབ་ཀྱིས་ཐེག་པ་གསུམ་གྱི་ལམ་གྱི་རྟོགས་རིགས་ཐམས་ཅད་ཀྱི་རང་རང་གི་སྤང་བྱ་ལས་ངེས་པར་འབྱུང་བ་ལ་དམིགས་པ་དང༌། ཐབས་ཀྱིས་སྨོན་ལམ་རྫོགས་པ་ལ་སོགས་པ་མ་བྱས་པར་དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་དང༌། བྱེད་པའི་འབྲས་བུ་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་ལ་སོགས་པར་བྱེད་པ་ཅན་ཡིན་ནོ། །རྣམ་མཁྱེན་ནི། ཆོས་ཐམས་ཅད་ལ་དམིགས་ནས། རྣམ་པ་རང་བཞིན་གྱིས་སྐྱེས་བ་མེད་པའི་རྟེན་ཅན་དང༌། འབྲས་བུ་ལ་དོན་གཉིས་ལས། གཞན་དོན་ནི། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་གྱི་དོན་འཁོར་བ་ཇི་སྲིད་བར་རྒྱུན་མི་ཆད་པའོ། །རང་དོན་ལ་རྟོགས་པ་ནི། ཡང་དག་པའི་མཐའ་གློ་བུར་བྲི་བྲལ་གྱི་ཆོས་སྐུ་རྟོགས་པ་དང༌། སྤངས་པ་ནི། མ་རིག་བག་ཆགས་དང༌། ཟག་མེད་ཀྱི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་འཚམ་སྦྱོར་བ་ཉིད་སྤངས་པ་ཅན་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པ་དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ཆོས་ཅན། མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་འཐད་དེ། གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བརྗོད་བྱར་བསྡུས་པས་སོ། །གཉིས་པ་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་ལ། སྤྱིའི་དོན་ནི། དགོས་འབྲེལ་ངག་གིས་དགོས་སོགས་ཆོས་བཞི་བསྟན་པར་མཛད་པ་ནི། བསྟན་བཅོས་ལ་འཇུག་པའི་གེགས་ལོག་རྟོག་བཞི་བསལ་བའི་ཆེད་ཡིན་ཏེ། བརྗོད་བྱ་མང་ན་ཉན་པར་ཡང་མི་འགྱུར་ལ། དགོས་པ་མེད་ན་མི་འཇུག་ཅིང་དགོས་པ་ཙམ་ཡོད་ཀྱང༌། མཐར་ཐུག་གི་ཉིང་དགོས་མེད་ན་སྤྲོ་བས་དོན་དུ་མི་གཉེར་རོ། །བརྗོད་བྱ་སོགས་ཡོད་ཀྱང་བསྟན་བཅོས་འདི་དང་འབྲེལ་བ་མེད་སྙམ་པའི་དོགས་པ་བཞི་བཟློག་པའི་ཆེད་དུ་དགོས་སོགས་ཆོས་བཞི་པོ་བསྟན་པ་ཡིན་ནོ། །དེ་ལ་དགོས་འབྲེལ་ངག་གི་བརྗོད་བྱ་ནི། བསྟན་བཅོས་ལ་ཡོད་པའི་དགོས་སོགས་ཆོས་བཞི་པོ་ཡིན་ནོ། །དགོས་པ་ནི། དོགས་པ་བསལ་བ་དང་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའོ། །ཉིང་དགོས་ནི། རྒྱན་ལ་འཇུག་པ་ཡིན་ལ། འབྲེལ་བ་ནི། ཤུགས་ལ་བསྟན་ནོ། །བསྟན་བཅོས་ལུས་ལ་ཡོད་པའི་ཆོས་བཞི་ལས་བརྗོད་བྱ་ནི། མངོན་པར་རྟོགས་པ་བརྒྱད་དེ། འདིས་བཤད་པར་བྱ་བ་ཡིན་པའི་ཕྱིར། དགོས་པ་ནི། མདོ་དོན། བདེ་བླག་ཏུ་རྟོགས་པ་སྟེ། དེའི་ཆེད་དུ་གསུངས་པའི་ཕྱིར་རོ། །ཉིང་དགོས་ནི། མངོན་པར་རྟོགས་པ་བརྒྱད་རྫོགས་པར་མངོན་སུམ་དུ་བྱས་པ་སྟེ། བྱ་བ་གཞན་ཐམས་ཅད་ཀྱང་འདིའི་ཆེད་ཡིན་པའི་ཕྱིར་དང༌། འདི་ལས་གོང་དུ་དོན་དུ་གཉེར་བྱ་གཞན་མེད་པའི་ཕྱིར་རོ། །སྔ་མ་རྣམས་མེད་པར་ཕྱི་མ་རྣམས་མི་འབྱུང་བ་ནི་འབྲེལ་བའོ། །ཅི་སྟེ་དགོས་པ་ལ་ཡང་དགོས་པ་གཞན་དགོས་ན། ཐུག་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པ་ན་འདོད་པའི་དོན་གྲུབ་པས། གོང་དུ་དགོས་པ་གཞན་མི་དགོས་སོ། །གཞུང་དོན་ལ། མཚམས་སྦྱར་བ་ནི། གསུངས་སོ། །གང་ན་བྱམས་པ་རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པ་དང༌། འབྲེལ་བ་རྩ་ཚིག་གི་ཁོང་ན་ཡོད་པ་རྣམས་སོ། །དགོས་པ་ནི། གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དུའོ། །དགོས་སོགས་གསུངས་པ་ཇི་ལྟར་འཇུག་པའི་ཡན་ལག་ཡིན་ཞེ་ན། རྣམ་བཅད་དུ་འཇུག་པའི་གེགས་དོགས་པ་བསལ་བའི་ཕྱིར་དང༌། མཐུན་རྐྱེན་དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་སོ། །དོགས་པ་ཇི་ལྟར་འབྱུང་སྙམ་ན། དོགས་སོ། །གང་གིས་ན། མདོ་དང་བསྟན་བཅོས་ཀྱི་དགོས་པའི་ཁྱད་པར་མི་ཤེས་པའི་སྐྱེ་བོ་བློ་གྲོས་དམན་པ་དག་གིས་སོ། །གང་ལ་ན། བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བའི་བདུད་བཞི་ལས་རྒྱལ་བའི་བྱམས་པས་ཡུམ་གྱི་དོན་དེ་བསྟན་པ་ལའོ། །ཚུལ་ནི། དོན་ཅི་ཞིག་ཡོད་སྙམ་དུའོ། །རྒྱུ་མཚན་ནི། བཅོམ་ལྡན་འདས་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་ལ་དད་པའི་སེམས་ཅན་ལ་ཕན་འདོགས་པར་བཞེད་པའི་ཐུགས་རྗེ་ཅན་ཉིད་ཀྱིས་རྒྱལ་བའི་ཡུམ་རྒྱས་འབྲིང་དེ་དང༌། བསྡུས་པ་དེ་ལས་ཤེར་ཕྱིན་གྱི་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་མཐའ་དག་གསལ་བར་མཛད་ཟིན་པ་མ་ཡིན་ནམ་སྟེ་ཡིན་པས་སོ་སྙམ་དུའོ། །གཉིས་པ་རྩ་བ་ལ། ཚིག་རྐང་དང་པོ་གཉིས་ཀྱིས་བརྗོད་བྱ་བསྟན་ཅིང༌། བར་པ་བཞིས་ཉིང་དགོས་དང༌། ཐ་མ་གཉིས་ཀྱིས་དགོས་པ་བསྟན་པ་ཡིན་ནོ། །གསུམ་པ་ཚིག་དོན་ལ། དགོས་སོགས་བཞི་ལས་དང་པོ་བརྗོད་བྱ་ལ། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་འདིར་བརྗོད་བྱའོ། །སུ་ཞིག་གིས་བསྟན་ཞེ་ན། བཅོམ་ལྡན་འདས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་གདམས་ངག་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་སོ། །གང་ལས་བསྟན་ཞེ་ན། རྒྱལ་བའི་ཡུམ་གསུམ་ཆར་ལས་སོ། །བསྟན་པ་དེ་ཉིད་གང་ཞེ་ན། སངས་རྒྱས་ཉིད་ཀྱི་ལམ་སྟེ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདིས་མཚོན་ནས་མངོན་པར་རྟོགས་པ་གཞན་བདུན་པོ་ཐམས་ཅད་བརྗོད་བྱར་ལྷུར་ལེན་པ་ཡིན་ནོ། །འབྲེལ་བ་ནི། བརྗོད་པར་བྱེད་པ་བསྟན་བཅོས་དང་བརྗོད་པར་བྱ་བ་མངོན་པར་རྟོགས་པ་དག་ཐབས་དང་ཐབས་ལས་བྱུང་བའི་ཚུལ་གྱིས་བྱམས་པས་འབྲེལ་བར་མཛད་པ་དག་གོ །དགོས་པ་ནི། བྱང་ཆུབ་སེམས་དཔས་མངོན་པར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་རྣམ་མཁྱེན་གྱི་ཆོས་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་ལ་སོགས་པའི་མཚན་ཉིད་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩོམ་པའི་དགོས་པ་ཡིན་ནོ། །འདི་གང་གི་ཆེད་ཡིན་ཞེ་ན། དགོས་པའི་ཡང་དགོས་པ་ཉིང་དགོས་ཀྱི་ཆེད་ཡིན་ནོ། །ཉིང་དགོས་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་མངོན་སུམ་དུ་བྱེད་པར་འགྱུར་རོ། །གང་ན་འཕྲོག་བྱེད་ལ་སོགས་པའི་ཕྱི་རོལ་པ་དང་གཅིག་ཤོས་ནང་པའི་འདོད་ཆགས་དང་བྲལ་བ་གཞན་དོན་དུ་ཆོས་ཐམས་ཅད་བདག་མེད་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་དང༌། བསམས་པ་ལས་བྱུང་བ་ལ་སོགས་པ་ཤེས་པ་སྐྱེ་བའི་རིམ་པས་མ་མྱངས་པ་མངོན་པར་རྟོགས་པ་བརྒྱད་ཡོངས་སུ་རྫོགས་པ་དེའོ། །སུ་ཞིག་གིས་མངོན་སུམ་དུ་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་སྒྲུབ་པའི་ཐབས་རང་གིས་ཁོང་དུ་ཆུད་པས་གཞན་ཅི་ལ་ཡང་མ་རག་པར་བྱང་ཆུབ་དུ་ཆས་པ་དག་ཁོ་ནས་སོ། །རྒྱུ་གང་ལས་ཞེ་ན། རིང་བའི་རྒྱུ་ནི། རྣམ་མཁྱེན་གྱི་ཆོས་བཅུ་ལས་དང་པོ་བྱང་ཆུབ་ཀྱི་སེམས་དང༌། ཕྱི་མ་སྦྱིན་པ་ལ་སོགས་པ་སྒྲུབ་པ་བཞིའམ་སྒྲུབ་པ་ལ་འདོམས་པའི་གདམས་ངག་གི་བརྗོད་བྱ་སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུའི་སྒྲུབ་པའི་སྤྱོད་པ་མདོའི་དོན་མངོན་པར་རྟོག་པ་བརྒྱད་ཀྱི་བདག་ཉིད་མ་ལུས་པ་ཐོས་བསམ་གྱིས་ཤེས་པས་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བས་བཞག་པའི་བག་ཆགས་ལས་བྱུང་བའི་དྲན་པའི་ཤེས་པ་ལ་ལེགས་པར་བཞག་ནས་སོ། །ཆོས་སྤྱོད་བཅུ་ནི། རྣམ་མཁྱེན་གྱི་ཆོས་བཅུ་སྟེ། འགྲེལ་ཆེན་ནས། སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་ཞེས་འབྱུང་བས་སོ། །ཉེ་བའི་རྒྱུ་ནི། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པའི་མཚན་ཉིད་ས་རབ་ཏུ་དགའ་བ་དང་དྲི་མ་མེད་པ་ལ་སོགས་པ་རྟོགས་པའི་རིམ་པས་སོ། །གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ལ་གསུམ་སྟེ། རྒྱས་པ་ལ་དད་པ་ལ་བརྒྱད། བར་པ་ལ་དད་པ་ལ་དྲུག བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསྡུས་དོན་ལུས་རྣམ་བཞག་དང༌། ཚིག་དོན་ཡན་ལག་རྒྱས་བཤད་དོ། །དང་པོ་ལ་བཞི་སྟེ། དགོས་པའི་སྒོ་ནས་འཚམ་སྦྱར། བཤད་བྱའི་ངག་ཉེ་བར་དགོད། དེ་དག་གིས་བསྡུས་པའི་དོན་རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ནོ། །དང་པོ་ནི། དེ་ལྟར་འཇུག་པའི་ཡན་ལག་འབྲེལ་པ་ལ་སོགས་པ་བསྙད་ཟིན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་བཞག་པ་གསུངས་སོ། །གང་གིས་ཞེ་ན། ཚིག་ལེའུར་བྱས་པ་བཅོ་ལྔས་སོ། །ཇི་ལྟར་ཞེ་ན། ཚིགས་བཅད་དང་པོ་གཉིས་ཀྱིས་མདོར་བསྟན་པ་དང༌། ལྷག་མ་རྣམས་ཀྱིས་རྒྱས་པར་བསྟན་པའི་ཚུལ་གྱིས་སོ། །དགོས་པ་ནི། ཉན་པ་པོ་དང༌། འཆད་པ་པོའི་དགོས་པ་གཉིས་གཟིགས་ནས་སོ། །དེ་ལ་དང་པོ་ནི། གདུལ་བྱ་རྣམས་ཀྱིས་ཚིག་ཉུང་ངུས་བསྟན་བཅོས་ཀྱི་དོན་རགས་པ་བདེ་བླག་དུ་རྟོགས་པར་བྱ་བའི་ཕྱིར་རོ། །གཉིས་པ་ནི། བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་བྱས་པ་ཡང་ལུས་དང་མཐུན་པར་མ་འཛིངས་པ་ཉིད་ཀྱིས་བཤད་པར་བྱ་སླ་བའོ། །གཉིས་པ་ལ། ལུས་མདོར་བསྟན་པ་དང༌། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ལ། ཇི་ལྟར་བཤད་པའི་ཚུལ་དང༌། དངོས་པོ་བརྒྱད་དུ་ཕྱེ་བའོ། །དང་པོ་ལ། བཤད་དོ། །གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་སྒོ་ནས་ན། དངོས་པོ་བརྒྱད་ཀྱི་སྒོ་ནས་སོ། །ཚུལ་ནི། མདོ་ལས་ཇི་ལྟར་བཤད་པ་ལྟར་སྟོན་པས་ན་ཡང་དག་པར་རོ། །མདོ་ལས་ཇི་ལྟར་བསྟན་ཞེ་ན། ལེ་བརྒྱད་མ་ལྟར་ན། གླེང་གཞིའི་མཇུག་ཐོགས་ནས་བརྩམས་ཏེ། རབ་འབྱོར་གྱི་ལེའུས་རྣམ་མཁྱེན། མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས། སྤྱོད་པ་ཁྱད་པར་ཅན་གྱི་ལེའུས་གཞི་ཤེས། དེ་བཞིན་ཉིད་ཀྱི་ལེའུས་རྣམ་ཀུན། བསླབ་པ་ཡོངས་སུ་དག་པའི་ལེའུས་རྩེ་སྦྱོར། རིམ་གྱིས་འཇུག་པ་ལ་བསླབ་པའི་ལེའུས་མཐར་གྱིས་པ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་མ་བསླབ་པ་ཡི་འབྲས་བུའི་ལེའུས་ཆོས་སྐུ་བཤད་དོ། །འདིར་ཤེར་ཕྱིན་ནི། གཞུང་དང་ལམ་དང་འབྲས་བུའི་དབྱེ་བས་གསུམ་ཏེ། གསུམ་ཀ་ལའང་ཤེར་ཕྱིན་གྱི་སྒྲས་བསྟན་པའི་ཕྱིར་རོ། །དང་པོ་ནི། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་གཞུང་གི་ཚོགས་རྣམས་ཡིན་ལ། གསུམ་པ་ནི། ཆོས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མཐོང་ལམ་དང་སྒོམ་ལམ་གྱིས་བསྡུས་པ་རྣམས་སོ། །གསུམ་པ་ནི། སངས་རྒྱས་སའི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་སྟེ། འདིའི་མཚན་ཉིད་ཆོས་རབ་ཏུ་རྣམ་འབྱེད་རབ་ཀྱི་མཐར་ཕྱིན་པའོ། །གཞུང་དང་ལམ་ནི། བཏགས་པ་བ་སྟེ། འདོགས་པའི་རྒྱུ་མཚན་ནི། གཞུང་ནི་དེ་སྟོན་པར་བྱེད་པ་དང༌། ལམ་ནི་དེ་ཐོབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དགོས་པ་ནི། ཤེར་ཕྱིན་དོན་དུ་གཉེར་བས་གཞུང་ལ་ཐོས་སོགས་ཀྱིས་འཇུག་ཅིང་ལམ་སྒོམ་བྱར་ཤེས་པའི་དོན་ནོ། །དངོས་ལ་གནོད་བྱེད། ཇི་སྐད་བཤད་པའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །འགྲེལ་ཆེན་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང༌། མཐོང་བ་ལ་སོགས་པའི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ་ཞེས་སོ། །ཟླ་བ་གྲགས་པས་ཀྱང༌། དེ་དང་མཐུན་པར་བཞེད་དེ། འཇུག་འགྲེལ་ལས། ཕ་རོལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་མངའ་བའི་རང་བཞིན་སངས་རྒྱས་ཉིད་དོ། །ཕྱིན་པ་ནི་དེར་སོན་པའོ་ཞེས་སོ། །འདི་ཉིད་དོན་ལ་གནས་པ་ཡིན་ཏེ། རབ་ཀྱི་མཐར་ཕྱིན་པ་མ་ཐོབ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགལ་བའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པ་ནི་རབ་ཀྱི་མཐར་ཐུག་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ལ། སོ་སོའི་རང་བཞིན་གྲངས་དང༌། གོ་རིམ་ངེས་པའོ། །དང་པོ་ལ། རྣམ་མཁྱེན་ལ། མཚན་ཉིད། མཚོན་བྱ། མཚན་གཞིའི་དབྱེ་བ། ས་མཚམས་དང་བཞི་ལས། དང་པོ་ནི། བདེན་གཉིས་ཀྱི་རྣམ་པ་མ་ལུས་པར་མཁྱེན་པའི་ཡེ་ཤེས་སོ། །གཉིས་པ་ནི། རྣམ་ཀུན་མཁྱེན་ཉིད་ཅེས་པའོ། །གསུམ་པ་ནི། ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པ་གཉིས་ལས། དང་པོ་ནི། ཆོས་ཉིད་དྲི་མ་མཐའ་དག་ཞི་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། མདོ་ལས། ཆོས་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ་འདི་ལྟ་སྟེ་ཞི་བའི་རྣམ་པས་སོ་ཞེས་པ་ལྟར་རོ། །གཉིས་པ་ལ། ཤེས་བྱའི་རྣམ་པ་མ་ལུས་པ་དང༌། རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པ་གཉིས་ལས། དང་པོ་ནི། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་མ་ལུས་པ་མཁྱེན་པའི་ཡེ་ཤེས་ཏེ། རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་ཞེས་པ་ལྟར་རོ། །གཉིས་པ་ནི། རྣམ་མཁྱེན་གྱི་ཆོས་བཅུ་མ་ལུས་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། འདིར་ནི་དེ་ཉིད་དོ། །མཁྱེན་པའི་ཚུལ་ནི། ཡེ་ཤེས་སྙིང་པོས། བློ་རྫས་གཅིག་གིས་བདེན་པ་གཉིས་ཅར་མཁྱེན་པར་འདོད་དེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སོ། །སློབ་དཔོན་འདིས་ནི། མཉམ་བཞག་གིས་ཆོས་ཉིད་མཁྱེན་ལ། དེས་དྲངས་པའི་རྗེས་ཐོབ་ཀྱིས་ཆོས་ཅན་སོ་སོ་བ་མཁྱེན་པས། བློ་སོ་སོས་མཁྱེན་པར་བཞེད་དེ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བས་མཉམ་བཞག་ལས་མི་ལྡང་བའི་ཕྱིར་སྔ་མ་ཉིད་ལེགས་མོད་འོན་ཀྱང་འདིར་ཕྱི་མ་ལྟར་བཟུང་ངོ༌། །བཞི་པ་ནི། མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་ལ། རྗེས་མཐུན་པ་སློབ་ལམ་ནའང་ཡོད་དེ། ས་དང་པོ་ནས་ཇི་ལྟ་བ་དང༌། ས་བདུན་པ་ནས་ཇི་སྙེད་པ་སངས་རྒྱས་ཀྱི་སྤྱན་ཐོབ་པར་བཤད་པའི་ཕྱིར། ལམ་ཤེས་ལ། མཚན་ཉིད་ནི། ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །མཚོན་བྱ་ནི། ལམ་ཤེས་ཉིད་ཅེས་པའོ། །དབྱེ་བ་ནི། དམིགས་ཡུལ་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །ས་མཚམས་ཐེག་ཆེན་འཕགས་པའི་རྒྱུད་ལ་ཡོད་དོ། །ཚོགས་སྦྱོར་ན་ཡོད་པར་འདོད་པ་ནི་མི་འཐད་དེ། འཕགས་པ་སྦྱོར་ལམ་ལམ་ཤེས་ཀྱི་རྒྱུར་བཤད་ཀྱི་ལམ་ཤེས་སུ་དངོས་སུ་མ་བཤད་པ་དང༌། ཉན་རང་གི་ལམ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་ཤེས་དགོས་པར་བསྟན་པའི་ཕྱིར་ཏེ། མདོ་ལས། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་ཞེས་པའི་འགྲེལ་བར་འཕགས་པས་རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་སྨོས་ལ། འཁྲུལ་པའི་མཐོང་བ་བསལ་བའི་དོན་དུ་ཤེས་པ་སྨོས་སོ་ཞེས་དང༌། འགྲེལ་ཆེན་ལས་ཀྱང༌། རང་གི་རྟོགས་པའི་རྗེས་འབྲང་བའི། །ཇི་ཙམ་ཞིག་གིས་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ཁུངས་སུ་མཛད་ནས། དོན་སྤྱིའི་ཚུལ་དུ་ཤེས་པ་ཙམ་ལམ་ཤེས་སུ་བཀག་པའི་ཕྱིར་རོ། །གཞི་ཤེས་ལ་མཚན་ཉིད་ནི། གཞི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །ཉན་རང་ཁོ་ནའི་མངོན་རྟོགས་ནི་མིན་ཏེ། གཉེན་པོ་གཞི་ཤེས་ཉན་རང་གི་མངོན་རྟོགས་སུ་མི་རུང་བའི་ཕྱིར། གཞན་དག་གཞི་ཤེས་ཡོད་པས་ཉན་རང་གིས་ལམ་ཡང་ཡོད་དེ། གང་ཟག་གི་བདག་མེད་རྟོགས་པའི་རིགས་ནི་གང་ཟག་གང་གི་རྒྱུད་ལ་ཡོད་ཀྱང་ཉན་ཐོས་ཀྱི་ལམ་ཞེས་བྱ་སྟེ། ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་ཡིན་པའི་ཕྱིར། གཞན་དུ་ན་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་ཞེས་སོགས་དང༌། ཐེག་པ་གསུམ་ཅར་འཐོབ་པའི་རྒྱུ། ཞེས་གསུངས་པ་རྣམས་མི་འཐད་པར་འགྱུར་བས་སོ། །ཞེས་འདོད་དོ། །རྟོགས་རིགས་གཅིག་པས་དེ་སྐད་བརྗོད་ཀྱི་ཉན་ཐོས་ཀྱི་ཐེག་པ་མཚན་ཉིད་པ་མ་ཡིན་ཏེ། དེ་དག་ནི་ཐེག་དམན་གྱི་སློབ་ལམ་དང་མི་སློབ་ལམ་གང་དུའང་མི་རུང་པས་སོ། །ཉན་ཐོས་ཀྱི་ཐེག་པ་ཡིན་ཡང་ཐབས་ཀྱིས་ཟིན་པ་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་བགྲོད་པར་མི་བྱེད་དོ་ཟེར་ན། དེ་ཉིད་ཀྱི་ཕྱིར་ཉན་རང་གི་ཐེག་པའི་དོན་མི་གནས་སོ། །ཅི་སྟེ་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་འབྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་གཞི་ཤེས་ཀྱིས་ཉན་རང་གི་མངོན་རྟོགས་བསྡུས་པའི་ཁུངས་ཡིན་གྱི། གཞི་ཤེས་ཐམས་ཅད་ཉན་རང་གི་མངོན་རྟོགས་སུ་སྟོན་པ་མིན་ཞིང༌། མདོ་དེ་ཉིད་ཀྱི་རྒྱས་བཤད་དུའང་གཞི་ཤེས་ཉན་རང་གི་མངོན་རྟོགས་བསྡུད་བྱེད་དུ་གསུངས་སོ། །གཞན་དུ་ན་གཉེན་པོ་གཞི་ཤེས་ཀྱང་ཉན་རང་གི་མངོན་རྟོགས་སུ་ཐལ་བར་འགྱུར་རོ། །འགའ་ཞིག་སངས་རྒྱས་ལ་མཁྱེན་པ་གཞན་གཉིས་མེད་པར་འདོད་པའང་མི་འཐད་དེ། གཞི་ལམ་རྣམ་གསུམ་རང་བཞིན་སྐྱེ་མེད་དུ་རྟོགས་པ་རབ་ཀྱི་མཐར་ཐུག་པ་མངའ་བའི་ཕྱིར་དང༌། གཞི་མཁྱེན་པ་གསུམ་གྱི་རྣམ་པ་བསྒོམས་པས་འབྲས་བུའི་གནས་སྐབས་སུ་རྟོག་པ་ཉིད་མངོན་དུ་འགྱུར་བའི་ཕྱིར་དང༌། རྣམ་མཁྱེན་གྱི་རྣམ་པ་སྟོན་པ་ན། ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །མ་ཡིན་ཏེ། ལམ་གྱི་བདེན་པའི་རྗེས་མཐུན་པར་ཞེས་འབྱུང་བས་སོ་ཞེ་ན། དེ་ནི་འཕགས་པ་འོག་མ་ལ་ཡོད་པ་དང་རྗེས་སུ་མཐུན་པར་སྟོན་པ་ཡིན་གྱི། མཁྱེན་གསུམ་རྗེས་མཐུན་པར་སྟོན་པ་མ་ཡིན་ནོ། །ལམ་ཤེས་ཀྱི་རྩོད་སྤང་ཡང་འདིས་རྟོགས་པར་བྱའོ། །མཚོན་བྱ་ནི། དེ་ནས་ཐམས་ཅད་ཤེས་པ་ཉིད་ཅེས་སོ། །དབྱེ་བ་ནི། གཞི་གང་ཟག་གི་བདག་མེད་པར་རྟོགས་པ་དང༌། ཆོས་ཀྱི་བདག་མེད་པར་རྟོགས་པའོ། །དང་པོ་ནི། མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་ནོ། །གཉིས་པ་གཟུགས་སོགས་རང་བཞིན་སྐྱེ་མེད་ཀྱི་རྣམ་པ་ཅན་ནོ། །ཡང་ན་མི་མཐུན་ཕྱོགས་དང་གཉེན་པོ་གཞི་ཤེས་གཉིས་སོ། །ས་མཚམས་ནི། དང་པོ་ཉན་རང་འཕགས་པ་དང༌། གཉིས་པ་ས་དང་པོ་ནས་ཡོད་དོ། །རྣམ་ཀུན་ལ་མཚན་ཉིད་ནི། མཁྱེན་གསུམ་བསྡུས་ནས་བསྒོམ་པའི་རྣལ་འབྱོར་རོ། །མཚོན་བྱ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་ཞེས་སོ། །དབྱེ་བ་ནི། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔའོ། །ས་མཚམས་ནི། ལས་དང་པོ་པའི་ས་ནས་ས་བཅུ་པའི་བར་ན་ཡོད་དོ། །རྩེ་མོ་ལ་བཞི་ལས། དང་པོ་ནི། བསྡུས་སྒོམ་རབ་ཏུ་གྱུར་པའི་རྣལ་འབྱོར་རོ། །གཉིས་པ་ནི། རྩེ་མོར་ཕྱིན་ཞེས་སོ། །གསུམ་པ་དབྱེ་བ་ནི། སྦྱོར་ལམ་རྩེ་སྦྱོར་སོགས་བཞིའོ། །ས་མཚམས་དྲོད་ནས་སོ། །དབང་རྣོན་ཁོ་ན་ལ་འཇོག་པ་མི་འཐད་དེ། སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་དབང་པོ་རྟུལ་པོ་རྣམས་ལ་རྩེ་སྦྱོར་མེད་པར་ཐལ་བར་འགྱུར་བས། མཐོང་སྤང་དང་སྒོམ་སྤང་གི་གཉེན་པོ་མེད་པར་འགྱུར་ལ། མཐོང་ལམ་པ་དབང་རྟུལ་གྱིས་མཐོང་ལམ་རྩེ་སྦྱོར་མ་ཐོབ་པར་ཡང་འགྱུར་རོ། །མཐར་གྱིས་པ་ལ་བཞི་ལས། མཚན་ཉིད་ནི། འཕགས་པ་ལྟར་ན། ཆོས་བཅུ་གསུམ་ལ་རིམ་གྱིས་སློབ་པའི་རྣལ་འབྱོར། ས་མཚམས་ནི་ཚོགས་ལམ་ནས་སོ། །སློབ་དཔོན་ལྟར་ན། བརྟན་པ་ཐོབ་པའི་དོན་དུ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས། གོ་རིམ་བཞིན་དུ་བླགས་ནས་བསྒོམ་པའི་རྣལ་འབྱོར། མཚོན་བྱ་ནི་མཐར་གྱིས་པའོ། །དབྱེ་བ་ནི་བཅུ་གསུམ་མོ། །ས་མཚམས་རྩེ་སྦྱོར་ཐོབ་པའི་རྗེས་ཐོགས་ནས་སོ། །སྐད་ཅིག་མ་ལ་བཞི་ལས། མཚན་ཉིད་ནི། འཕགས་པ་ལྟར་ན། ཟག་མེད་ཀྱི་ཆོས་གཉིས་རྟོགས་ཚུལ་གཉིས་ཀྱིས་རྟོགས་པའི་རྣལ་འབྱོར་མཐར་ཐུག སློབ་དཔོན་ལྟར་ན། མཁྱེན་གསུམ་བསྡུས་ནས་སྒོམ་པ་མཐར་ཐུག་པའི་རྣལ་འབྱོར་མཚོན་བྱ་ནི། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ་ཅེས་པའོ། །དབྱེ་བ་ནི། སྦྱོར་བ་ངོ་བོ་གཅིག་ལ་མཚན་ཉིད་མི་འདྲ་བའི་སྒོ་ནས་བཞིའོ། །ས་མཚམས་རྒྱུན་མཐའ་ནའོ། །ཆོས་སྐུ་ལ་བཞི་ལས། མཚན་ཉིད་ནི། སྦྱོར་བཞི་བསྒོམས་པའི་རྣམ་སྨིན་མཐར་ཐུག མཚོན་བྱ་ནི་ཆོས་ཀྱི་སྐུའོ། །དབྱེ་བ་ནི་སྐུ་གསུམ་མམ་བཞི་ཕྲིན་ལས་དང་བཅས་པའོ། །ས་མཚམས་ནི། སྐུ་གསུམ་མམ་བཞི་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་ལ། ཕྲིན་ལས་ནི་གཉིས་ཏེ། བྱེད་པ་པོ་ལ་ཡོད་པ་དང་བྱ་བ་ཡུལ་ལ་ཡོད་པའོ། །དང་པོ་ནི། སངས་རྒྱས་ཀྱི་ས་ཁོ་ནར་ཡོད་ལ། གཉིས་པ་ནི། ལས་དང་པོའི་ས་ནས་ཡོད་དོ། །གཉིས་པ་གྲངས་ངེས་ནི། ཅིའི་ཕྱིར་ཤེར་ཕྱིན་གྱི་ལུས་ལ་དངོས་པོ་བརྒྱད་དུ་ངེས་ཅེ་ན། དོན་དུ་གཉེར་བྱའི་བྱང་ཆུབ་ནི། ཤེས་བྱའི་ཡུལ་གསུམ། ཉམས་སུ་ལེན་པའི་སྦྱོར་བ་བཞི། ཐོབ་བྱའི་འབྲས་བུ་དང་བརྒྱད་ཀྱིས་མཐར་ཕྱིན་པར་བྱ་དགོས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་མཐར་ཕྱིན་པ་ལ་འཇུག་ཡུལ་སོགས་གསུམ་དགོས་ཅེ་ན། ཤེས་བྱའི་ཡུལ་མ་རྟོགས་པར་སྦྱོར་བ་ཉམས་སུ་ལེན་མི་ནུས་ཤིང༌། སྦྱོར་བ་ཉམས་སུ་མ་བླངས་པར་འབྲས་བུ་མི་ཐོབ་ལ། ཐོབ་བྱའི་འབྲས་བུ་མེད་ན་སྦྱོར་བ་ཉམས་སུ་བླངས་པ་དོན་མེད་པས་སོ། །ཤེས་བྱའི་ཡུལ་ལ་གསུམ་ཅི་དགོས་སྙམ་ན། ཐོག་མར་འབྲས་བུ་ལ་སྤྲོ་བ་བསྐྱེད་ནས་དེའི་རྒྱུ་ལ་ནན་གྱིས་འཇུག་པར་བྱ་དགོས་ཤིང༌། དེ་ལ་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་པར་བྱ་དགོས་པས། ཡུལ་ལ་རྣམ་མཁྱེན་དང༌། ལམ་ཤེས་དང༌། གཞི་ཤེས་གསུམ་དུ་བསྟན་ནོ། །ཅིའི་ཕྱིར་ཉམས་སུ་ལེན་པའི་སྦྱོར་བ་བཞིར་བཞག་ཅེ་ན། སློབ་དཔོན་ལྟར་ན། དབང་དུ་བྱ་བའི་ཕྱིར་དུ་སྒོམ་པ་རྣམ་ཀུན་གྱི་སྦྱོར་བ་མེད་ན། དབང་ཐོབ་པ་རྩེ་མོའི་སྦྱོར་བ་མི་འབྱུང་ལ། དེ་མེད་པར་མི་མཐུན་ཕྱོགས་ཉོན་མོངས་དང་རྣམ་རྟོག་སྤོང་མི་ནུས་པས། དབང་དུ་བྱེད་ས་རྒྱུ་འབྲས་རྣམ་ཀུན་དང་རྩེ་སྦྱོར་བསྟན་ནོ། །མི་མཐུན་ཕྱོགས་སྤངས་ཀྱང་བློའི་ནུས་པ་མཐར་ཐུག་པར་བྱ་བའི་ཕྱིར་དུ། སྔར་ཉམས་སུ་མྱོང་བའི་ཡོན་ཏན་རྣམས་གོ་རིམ་མ་འཆོལ་བར་ཡང་དང་ཡང་དུ་མངོན་དུ་བྱེད་པ་མཐར་གྱིས་པའི་སྦྱོར་བ་མེད་ན། སྐད་ཅིག་མ་གཅིག་ལ་ཆོས་ཀུན་མངོན་དུ་བྱེད་ནུས་པ་སྐད་ཅིག་མའི་སྦྱོར་བ་མི་འབྱུང་ལ། དེ་མེད་ན་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་མི་འབྱུང་བས། བརྟན་པ་རྒྱུ་འབྲས་མཐར་གྱིས་པ་དང་སྐད་ཅིག་མའི་སྦྱོར་བ་བསྟན་པས་ན། མངོན་པར་རྟོགས་པ་བརྒྱད་དོ། །འཕགས་པ་ལྟར་ན། རྫོགས་པའི་སངས་རྒྱས་ནི་སྒྲིབ་པ་མ་ལུས་པ་སྤངས་པ་དང༌། ཡོན་ཏན་ཐམས་ཅད་རྫོགས་པ་ཡིན་པས། མི་མཐུན་ཕྱོགས་སྤང་པའི་ཕྱིར་དུ་རྣམ་ཀུན་རྩེ་སྦྱོར་གཉིས་དགོས་ཤིང༌། ཡོན་ཏན་མངོན་དུ་བྱེད་པའི་ཕྱིར་དུ་མཐར་གྱིས་པ་དང་སྐད་ཅིག་མ་རྣམ་པར་བཞག་གོ །རྩ་བའི་དགོངས་པ་ནི་འདི་ཁོ་ནར་སྣང་ངོ༌། །གསུམ་པ་གོ་རིམ་ངེས་པ་ནི། ཐོག་མར་འཇུག་ཡུལ་ཐོས་བསམ་གྱིས་གཏན་ལ་ཕབ་དགོས་པས་མཁྱེན་གསུམ་བསྟན་ལ། དེ་ཡང་འབྲས་བུ་ལ་དོན་གཉེར་གྱི་བློ་བསྐྱེད་པའི་ཕྱིར་དུ། དང་པོ་རྣམ་མཁྱེན་བསྟན་ནོ། །དེ་ཡང་ལམ་ཤེས་པ་ཉིད་མེད་ན་མི་འབྱུང་བས། དེ་ནས་ལམ་ཤེས་བསྟན་ནོ། །དེ་ཡང་གཞི་ཡོངས་སུ་ཤེས་པ་མེད་ན་མེད་པས། དེ་ནས་གཞི་ཤེས་བསྟན་ནོ། །ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཡང༌། སྦྱོར་བ་ཉམས་སུ་ལེན་དགོས་པས། དེ་ན་སྦྱོར་བ་བཞི་བསྟན་ནོ། །སྦྱོར་བཞི་བསྒོམས་པ་མཐར་ཕྱིན་པ་ན་སངས་རྒྱས་ཐོབ་པས། དེ་ནས་ཆོས་ཀྱི་སྐུ་བསྟན་ནོ། །གཉིས་པ་ཅུང་ཟད་ཕྱེ་སྟེ་བཤད་པ་ལ། ཡུལ་དང༌། སྦྱོར་བ་དང༌། འབྲས་བུའོ། །དང་པོ་ལ་གསུམ་ལས། རྣམ་མཁྱེན་ལ། ཆོས་བཅུའི་རང་བཞིན། གོ་རིམ་ངེས་པ། ཇི་ལྟར་བསྟན་པའི་ཚུལ། ལུས་དང་སྦྱར་བའོ། །དང་པོ་ལ། བསམ་པ་དང༌། སྦྱོར་བ་གཉིས་སོ། །དང་པོ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །གཉིས་པ་ལ། སྒྲུབ་པའི་རྒྱུ། འབྲས་བུ་སྒྲུབ་པ། སྒྲུབ་པའི་ཡན་ལག་གི་ཆོས་སོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པ་གདམས་ངག་གོ །གཉིས་པ་ནི། ངེས་འབྱེད་ཡན་ལག་རྣམ་པ་བཞིའོ། །གསུམ་པ་ལ། སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ། སྒྲུབ་པའི་ངོ་བོ་དང་བཞིར་ངེས་ཏེ། འདི་དག་ལས་གང་ཡང་རུང་བ་མ་ཚང་ན། སྒྲུབ་པའི་བྱ་བ་མི་རྫོགས་པའི་ཕྱིར་རོ། །དང་པོ་ལ་མཚན་ཉིད་ནི། རང་གི་རྟེན་ཆོས་སྒྲུབ་པའི་རྟེན་གཞིར་གྱུར་བའི་ཆོས་སོ། །ངོ་བོ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའོ། །གཉིས་པ་ནི་སྒྲོ་འདོགས་གཅད་པར་བྱ་བའི་དམིགས་པ་དག་གོ །གསུམ་པ་ནི། གང་གི་དབང་དུ་བྱས་ནས་སྒྲུབ་པ་བྱེད་པའི་ཆེད་དུ་བྱ་བ་གསུམ་མོ། །བཞི་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཁོར་གསུམ་མི་དམིགས་པའི་གོ་བགོས་པ། གོ་ཆ་དང༌། གོ་བགོས་པ་ལྟར་ཐེག་ཆེན་ལ་སྦྱོར་བའི་བརྩོན་འགྲུས་ཀྱིས་ཞུགས་པ། འཇུག་པའི་བྱ་བ་དང༌། ཞུགས་པའི་འོག་དུ་མི་མཐུན་ཕྱོགས་ལས་ངེས་པར་འབྱུང་བའི་ཆེད་དུ་ཚོགས་གཉིས་བསོག་པ། ཚོགས་དང༌། ཚོགས་གཉིས་ཀྱི་དཔུང་བསགས་པས་མི་མཐུན་ཕྱོགས་ལས་རྒྱལ་བ། ངེས་པར་འབྱུང་བའི་སྒྲུབ་པ་རྣམས་སོ། །གཉིས་པ་གོ་རིམ་ནི། རྣམ་མཁྱེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། དང་པོར་སེམས་བསྐྱེད་བསྟན་ནོ། །སེམས་བསྐྱེད་པས་ནི་གདམས་ངག་ཚོལ་བར་བྱེད་ཅིང༌། དེ་ལས་གདམས་ངག་གི་འབྲས་བུ་ངེས་འབྱེད་ཡན་ལག་འབྱུང་བས་གཉིས་པོ་རིམ་པ་བཞིན་བསྟན་ནོ། །དེའི་འབྲས་བུ་ཐོབ་པ་ལ་སྒྲུབ་པ་ལ་འཇུག་དགོས་པས། སྒྲུབ་པའི་ཆོས་བཞི་བསྟན་ནོ། །དེ་ཡང་རིགས་ལ་རྟེན་ནས་དམིགས་པ་ལ་སྒྲོ་འདོགས་གཅད་དེ། ཆེན་པོ་གསུམ་གྱི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་དབང་དུ་བྱས་ནས་རྟེན་ལ་སོགས་པ་བཞི་རིམ་བཞིན་བསྟན་ནོ། །གསུམ་པ་ནི། ཡུལ་ཆོས་བཅུ་པོ་འདིས། ཡུལ་ཅན་རྣམ་མཁྱེན་འཕེན་པའི་ཚུལ་གྱིས་བསྟན་ཏེ། སེམས་བསྐྱེད་ལ་སོགས་པའི་རྣམ་མཁྱེན་རྒྱུ་འབྲས་དང་བཅས་པ་མཁྱེན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་ཚུལ་དུའོ། །བཞི་པ་ནི། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་དང་བཅས་གསུངས་སོ། །ལམ་ཤེས་ལ། ཆོས་སོ་སོའི་ངོ་བོ། གོ་རིམ་ངེས་པ། ཇི་ལྟར་བསྟན་པའི་ཚུལ། ལུས་དང་སྦྱར་བའོ། །དང་པོ་ལ། ལམ་ཤེས་བསྐྱེད་པའི་ཆོས། རང་བཞིན། བྱེད་ལས། ཤེས་བྱ་ལམ་གྱི་ངོ་བོ། དེ་ལ་དང་པོ་གསུམ་ནི། མོག་མོག་པོར་བྱེད་ལ་སོགས་དང་ཞེས་པའོ། །བཞི་པ་ལ། གཞན་རྗེས་སུ་འཛིན་པའི་ལམ་དང༌། རང་དོན་དུ་མངོན་དུ་བྱ་བའི་ལམ་གཉིས་ལས། དང་པོ་ལ། ཉན་ཐོས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བ་སློབ་མའི་ལམ་དང༌། རང་རྒྱལ་གྱི་རིགས་ཅན་ལ་བསྟན་པར་བྱ་བ་བསེ་རུའི་ལམ་གང་ཡིན་པའོ། །གཉིས་པ་ལ་ཡང་སྒྲིབ་པ་ཕྱོགས་གཅིག་སྤོང་བ་དང༌། མཐའ་དག་སྤོང་བའི་གཉེན་པོ་གཉིས་ལས། དང་པོ་ནི། འདི་དང་གཞན་པའི་ཡོན་ཏན་གྱི་ཕན་ཡོན་ཆེན་པོ་དང་ལྡན་པར་བསྟན་པའི་མཐོང་བའི་ལམ་མོ། །གཉིས་པ་ལ་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ལས། དང་པོ་ནི། སྒོམ་ལམ་བསྒོམ་པའི་གནས་སྐབས་སུ་བཤད་པའི་བྱེད་པ་སྟེ། ཀུན་ནས་ཞི་བ་ལ་སོགས་པའོ། །གཉིས་པ་ལ། རྗེས་ཐོབ་དག་པ་འཇིག་རྟེན་པའི་རང་བཞིན་དང༌། མཉམ་བཞག་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །དང་པོ་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་སྟེ། མོས་བསྔོ་ཡིད་རང་གསུམ་མོ། །དང་པོ་ལ་དངོས་ནི། བསོད་ནམས་མ་སྐྱེས་པ་སྐྱེས་པར་བྱེད་པ་སྟེ། མོས་པ་བཅས་པའོ། །དེའི་ཕན་ཡོན་ནི། དེ་བསྒོམ་པའི་བྱང་སེམས་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཡོན་ཏན་བརྗོད་པ་ཆུང་ངུ་འབྲེང་ཆེན་པོའི་དབྱེ་བས་བསྟོད་པ་དང༌། བཀུར་བ་དང་བསྔགས་པ་གསུམ་མོ། །གཉིས་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བར་བྱེད་པ་ནི། བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་མོ། །གསུམ་པ་ནི། རྗེས་སུ་ཡི་རང་བ་བླ་ན་མེད་པའི་སྒོམ་ལམ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་སྤེལ་བའི་ཡན་ལག་གོ །གཉིས་པ་ལ། ཡོན་ཏན་མངོན་པར་སྒྲུབ་པ་དང༌། མི་མཐུན་ཕྱོགས་རྣམ་པར་དག་པའོ། །དང་པོ་ནི། སྒྲུབ་པ་སྒོམ་ལམ་སྟེ། མི་མཐུན་ཕྱོག་སྤོང་བྱེད་དངོས་གཉེན་བར་ཆད་མེད་ལམ་མོ། །གཉིས་པ་ནི། ཤིན་ཏུ་དག་པ་ཞེས་པའི་སྒོམ་ལམ་སྟེ། སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པའི་རྣམ་གྲོལ་ལམ་མོ། །གཉིས་པ་ནི། འགལ་རྐྱེན་དང་བྲལ་པའི་རྟེན་གྱི་སེམས་བསྐྱེད་པ་དང་རིགས་ལ་སོགས་པའི་རྒྱུ་རྐྱེན་ལ་རྟེན་ནས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ཐོག་མར་རྒྱུ་ཚོགས་བསྟན་ནས་དེའི་རྗེས་སུ་ལམ་ཤེས་པ་བཤད་དོ། །དེ་ནི་ཤེས་བྱ་ལམ་གསུམ་རྟོགས་པའི་ངོ་བོ་ཡིན་པས་དམིགས་ཡུལ་ཐེག་པ་གསུམ་བསྟན་ནོ། །དེ་དག་ཀྱང་ཐེག་པ་གསུམ་བསྟན་པའི་རིམ་པ་དང་མཐུན་པར་རིམ་པ་ལྟར་བསྟན་ནོ། །དམིགས་ཡུལ་བྱང་སེམས་ཀྱི་ལམ་ནི་སྐྱེད་རིམ་ལྟར་མཐོང་སྒོམ་རིམ་པ་ལྟར་བཤད་དོ། །སྒོམ་ལམ་ཡང་དགོས་པའི་སྒོ་ནས་བྱེད་པ་དང༌། བྱེད་པ་ཅན་རིམ་པ་བཞིན་ནོ། །དེ་ཡང་དམན་པ་དང་མཆོག་གི་རིམ་པས་དང་པོར་ཟག་བཅས་དེ་ནས་ཟག་མེད་སྒོམ་ལམ་བཤད་དོ། །གསུམ་པ་བསྟན་ཚུལ་ནི། ངོ་བོའི་སྒོ་ནས་བསྟན་ནོ། །བཞི་པ་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་སོ། །གཞི་ཤེས་ལ་ཡང་སྔར་བཞིན་བཞི་ལས། དང་པོ་ལ་འཇུག་པའི་ཡུལ། འཇུག་པའི་སྦྱོར་བ། ཞུགས་པའི་འབྲས་བུ་མཐོང་ལམ་མོ། །དང་པོ་ལ་གཞི་ཤེས་ཀྱི་ངོ་བོ། ཉི་རིང་གི་འཐད་པ། མི་མཐུན་པ་དང་གཉེན་པོའི་ཁྱད་པར་རོ། །དང་པོ་ལ། བྱང་སེམས་ཀྱི་གཞི་ཤེས་ནི་སྲིད་པ་འཁོར་བ་ལ་མི་གནས་ཏེ། ཤེས་རབ་ཀྱིས་དུས་གསུམ་མཉམ་པ་ཉིད་དུ་ཤེས་པས་སོ། །ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་ཏེ། སྙིང་རྗེས་གཞན་དོན་བྱེད་པས་སོ། །བཟློག་པས་ཉན་རང་གི་གཞི་ཤེས་སྲིད་ཞི་གང་རུང་གི་མཐའ་ལ་གནས་པར་བསྟན་ནོ། །གཉིས་པ་ནི། ཉན་རང་གི་གཞི་ཤེས་ནི་འབྲས་ཡུམ་ལས་རིང་བ་ཡིན་ཏེ། བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་མ་ཡིན་པས་སོ། །བྱང་སེམས་ཀྱི་ནི་མི་རིང་བ་ཡིན་ཏེ། བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་ཉིད་ཀྱིས་སོ། །གསུམ་པ་ནི། ཉན་ཐོས་ཀྱི་ནི་ཐབས་ཤེས་དང་བྲལ་བས་དོར་བྱ་ཡིན་པའི་ཕྱིར་མི་མཐུན་ཕྱོགས་ཡིན་ལ། བྱང་སེམས་ཀྱི་ནི་ཐབས་ཤེས་ཀྱིས་ཟིན་པས་བླང་བྱ་ཡིན་པའི་ཕྱིར་གཉེན་པོའི་ཕྱོགས་དག་ཡིན་ནོ། །གཉིས་པ་འཇུག་པ་སྦྱོར་བ་ལ། དངོས་དང༌། རྣམ་པའོ། །དང་པོ་ནི། ཡུལ་བཅུ་ལ་སྤྱོད་པ་བཀག་པའི་སྦྱོར་བའོ། །གཉིས་པ་ནི། ཡུལ་དང་ཡུལ་ཅན་རྟོགས་པ་ལ་རློམ་པ་བཀག་ནས་མཉམ་པ་ཉིད་དུ་སྒོམ་པའོ། །གསུམ་པ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་བྱང་སེམས་ཀྱི་མཐོང་བའི་ལམ་མོ། །ཉན་ཐོས་ཀྱི་མཐོང་ལམ་ལ་འདོད་པ་ནི་ཡན་ལག་རྒྱས་བཤད་དང་མི་འགྲིག་གོ །བྱང་སེམས་ཀྱི་མཐོང་ལམ་ལ་ཉན་ཐོས་ཀྱི་མཐོང་ལམ་གྱི་མིང་གིས་བརྟགས་པར་བཞེད་པས་ཀྱང་གཞུང་གི་གཅོད་མཚམས་མ་ཤེས་པ་ཡིན་ཏེ། ཉན་ཐོས་ལ་སོགས་ཞེས་པ་དང༌། མཐོང་བའི་ལམ་ཞེས་པ་སོ་སོར་བཅད་ནས་བཤད་དགོས་པའི་ཕྱིར། འབྲོམ་འགྱུར་ལས་མཐོང་ལམ་ཉན་ཐོས་ལ་སོགས་པ། ཞེས་པ་ལྟར་ན་འཁྲུལ་པ་མེད་དོ། །དེས་ན་ཉན་ཐོས་ལ་སོགས་ཞེས་པ་ནི། རྣམ་མཁྱེན་ལ་ཐུབ་པ་དང༌། ལམ་ཤེས་ལ་བྱང་སེམས་ཞེས་འབྱུང་བ་ལྟར་རྟེན་གྱི་གང་ཟག་སྟོན་ལ། སོགས་པས་རང་རྒྱལ་སོགས་སྡུད་དོ། །གཉིས་པ་གོ་རིམ་ནི། ཐོག་མར་འཇུག་ཡུལ་ཤེས་པར་བྱ་དགོས་པས་དང་པོར་བསྟན་ནོ། །དེ་ལ་སྲིད་ཞི་ལ་གནས་མི་གནས་ཀྱི་ངོ་བོ་རྟོགས་ནས་མི་གནས་པ་ལ་འཇུག་དགོས་པས་གཉེན་པོ་དང་མི་མཐུན་ཕྱོགས་དངོས་ཤུགས་ལ་བསྟན་ནོ། །དེ་ཡང་ཉེ་རིང་གི་འཐད་པས་རྟོགས་པར་བྱ་བས་ན་འཐད་པའི་སྒོ་ནས་ཉེ་རིང་དུ་བསྟན། དེ་ཉིད་ངེས་པར་བྱ་བའི་ཕྱིར་མི་མཐུན་པ་དང་གཉེན་པོའི་རབ་དབྱེ་བསྟན་ནོ། །འཇུག་ཡུལ་ཤེས་ནས་ཉམས་སུ་ལེན་པའི་སྦྱོར་བ་ལ་འཇུག་ཅིང་ཞུགས་པ་ལས་འབྲས་བུ་ཐོབ་པས་སྦྱོར་བ་དང་འབྲས་བུ་མཐོང་ལམ་རིམ་པ་བཞིན་བསྟན་ནོ། །ཇི་ལྟར་བསྟན་ཚུལ་ནི། ངོ་བོའི་སྒོ་ནས་སོ། །བཞི་པ་ནི། ཆོས་དགུ་པོ་དེ་འདྲ་ཉན་ཐོས་ལ་སོགས་པའི་ཀུན་ཤེས་ཉིད་དུ་འདོད། ཅེས་བཤད་དོ། །གཉིས་པ་སྦྱོར་བ་ལ་བཞི་ལས། དང་པོ་རྣམ་རྫོགས་སྦྱོར་བ་ལ་ཆོས་སོ་སོའི་ངོ་བོ་ནི་གསུམ་སྟེ། སྦྱོར་བ་སྒོམ་པ་ལ་འཇུག་ཚུལ། ཞུགས་པའི་རྟེན་གྱི་གང་ཟག སྒོམ་བྱ་སྦྱོར་བའི་ངོ་བོའོ། །དང་པོ་ལ་སྒོམ་བྱ་དང༌། སྒོམ་པའི་རྣལ་འབྱོར་དང༌། སྔོན་འགྲོའི་ཆོས་དང༌། ཉེ་རྒྱུ་རྣམས་ཏེ། དང་པོ་ནི། རྣམ་པ་ཞེས་པའོ། །གཉིས་པ་ནི། སྦྱོར་བར་བཅས་རྣམས་ཞེས་པའོ། །གསུམ་པ་ལ་བླང་བྱ་དང་དོར་བྱ་དང་ཤེས་བྱ་རྣམས་ལ་རིམ་པ་བཞིན། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས་ཞེས་སོ། །བཞི་པ་ནི། ཐར་དང་ཞེས་སོ། །གཉིས་པ་ལ། སྦྱོར་བ་སྐྱེས་པའི་གནས་སྐབས། རྟེན་གྱི་གང་ཟག་དངོས་སོ། །གཉིས་པོ་ནི། ངེས་འབྱེད་ཆ་མཐུན་དང༌། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་སོ། །གསུམ་པ་ལ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་དང༌། གཟུགས་སྐུའི་རྒྱུ་ཞིང་དག་པ། ཕྲིན་ལས་ཀྱི་རྒྱུ་ཐབས་ལ་མཁས་པ་གསུམ་པོ་གོ་རིམ་བཞིན་དུ། སྲི་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་ནི། །ཞེས་དང༌། འདི་ནི་ཐབས་མཁས་བཅས་པ་ཡིན་ཞེས་པ་རྣམས་སོ། །གོ་རིམ་ནི། སྦྱོར་བ་སྒོམ་པ་ལ་འཇུག་པས་ན། ཐོག་མར་སྦྱོར་བ་ལ་འཇུག་ཚུལ་ངེས་པར་བྱས་ནས། དེ་ནས་སྒོམ་པ་དངོས་ལ་འཇུག་པས་དང་པོར་འཇུག་ཚུལ་དང༌། དེ་ནས་འཇུག་པ་དངོས་བསྟན་ནོ། །དང་པོ་ལ་ཡང་སྒོམ་བྱ་མ་བསྟན་པར་སྒོམ་ཚུལ་བསྟན་མི་ནུས་ལ། དེ་ཡང་འཇུག་པ་པོ་མེད་པར་མི་ནུས་ཤིང༌། དེ་ཐམས་ཅད་ལ་ཡང་སྦྱོར་བའི་སྔོན་འགྲོའི་ཆོས་རྣམས་སྔོན་ལ་བཏང་དགོས་པས། རྣམ་པ་དང༌། རྟེན་གྱི་གང་ཟག་དང༌། སྦྱོར་བའི་ངོ་བོ་དང༌། སྔོན་འགྲོའི་ཆོས་རྣམས་རིམ་བཞིན་བསྟན་ནོ། །གཉིས་པ་ལ་ཡང་སྦྱོར་ལམ་སྐྱེས་ནས་ཕྱིར་མི་ལྡོག་པའི་དགེ་འདུན་དུ་འགྱུར་ཞིང༌། ཕྱིར་མི་ལྡོག་པ་ཐོབ་པ་ནི། སྐུ་གསུམ་ཕྲིན་ལས་དང་བཅས་པ་ཐོབ་པའི་དོན་དུ་དེ་དག་གི་རྒྱུ་སྦྱོར་བ་སྒོམ་པ་ལ་འབད་པས་ན། ངེས་འབྱེད་ཆ་མཐུན། དེ་ནས་ཕྱིར་མི་ལྡོག་པའི་དགེ་འདུན། དེ་ནས་སྦྱོར་བ་བསྟན་ནོ། །གསུམ་པ་ནི། ངོ་བོའི་སྒོ་ནས་སོ། །བཞི་པ་ནི། ཆོས་བཅུ་གཅིག་པོ་ལ་བརྟེན་ནས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཀུན་རྟོགས་པས་ན་རྣམ་ཀུན་མངོན་པར་རྟོགས་པའོ། །རྩེ་མོའི་སྦྱོར་བ་ལ་བཞི་ལས། དང་པོ་ཆོས་སོ་སོའི་ངོ་བོ་ལ། སྦྱོར་ལམ་རྩེ་སྦྱོར་ནི། རྩེ་མོ་དེའི་རྟགས་ཀྱིས་མཚོན་པའི་དྲོད་དང༌། བསོད་ནམས་གོང་ནས་གོང་དུ་རྣམ་པར་འཕེལ་བས་མཚོན་པའི་རྩེ་མོ་དང༌། རང་དོན་མཁྱེན་གསུམ་གྱི་ཆོས་རྟོགས་པ་དང༌། གཞན་དོན་སེམས་ཅན་གྱི་དོན་མི་གཏོང་བའི་བརྟན་པ་གཉིས་ཀྱིས་མཚོན་པའི་བཟོད་པ་དང༌། བསོད་ནམས་མང་པོ་དང་ལྡན་པའི་སེམས་ཀུན་དུ་གནས་པས་མཚོན་པའི་ཆོས་མཆོག་རྣམས་སོ། །མཐོང་ལམ་དང་སྒོམ་ལམ་སོ་སོ་ལ་སྤང་བར་བྱ་བ་མཐོང་སྤང་རྣམ་རྟོག་བཞི་དང༌། སྒོམ་སྤང་རྣམ་རྟོག་བཞིའི་གཉེན་པོ་མཐོང་ལམ་སྦྱོར་འཇུག་གཉིས་དང༌། སྒོམ་ལམ་སྦྱོར་འཇུག་གཉིས་སྟེ་རྣམ་པ་བཞི་དང་བཅས་པ་དང༌། འདིར་གཞན་གྱི་བཤད་པ་ལ་ནི་གཉེན་པོ་བརྒྱད་དུ་འགྱུར་བས་མ་ཡིན་ནོ། །བར་ཆད་མེད་པའི་རྩེ་མོ་ལ། དངོས་དང༌། བསལ་བྱ་གཉིས། དང་པོ་ནི་སངས་རྒྱས་ཐོབ་པ་ལ་གཞན་གྱིས་བར་ཆད་མེད་པ་རྒྱུན་མཐའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། བར་ཆད་མེད་རྩེ་འབྲས་བུ་དང་བཅས་པའི་དམིགས་རྣམ་ལ་བདེན་གཉིས་འགལ་བར་རྩོད་པའི་ལོག་པར་སྒྲུབ་པ་དང་བཅས་པའོ། །གོ་རིམ་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བས་སྐྱེ་བའི་རིམ་པའོ། །བསྟན་ཚུལ་ནི། ངོ་བོའི་སྒོ་ནས་སོ། །བཞི་པ་ནི། རྩེ་མོའི་མངོན་རྟོགས་ཞེས་པའོ། །མཐར་གྱིས་པ་ལ། སོ་སོའི་ངོ་བོ་ནི། སྦྱོར་བ་ཕུན་ཚོགས་ཕྱིན་དྲུག བསམ་པ་ཕུན་ཚོགས་རྗེས་དྲན་དྲུག དེ་རྣམས་དག་བྱེད་དངོས་མེད་ངོ་བོ་ཉིད་དེ། རྣམ་གསུམ་རྣམ་བཅུ་ཞེས་པའོ། །གོ་རིམ་ནི་བཤད་པའི་རིམ་པའོ། །བསྟན་ཚུལ་ནི་ངོ་བོའི་སྒོ་ནས་སོ། །བཞི་བ་ནི། མཐར་གྱིས་པ་ཞེས་པའོ། །སྐད་ཅིག་མའི་སྦྱོར་བ་ལ། ངོ་བོ་ནི་རྒྱུན་མཐའི་ཡེ་ཤེས་སོ། །དབྱེ་བ་ནི། ངོ་བོ་གཅིག་ལ་མཚན་ཉིད་མི་འདྲ་བ་ཉིད་ཀྱི་སྒོ་ནས། རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པ་དང༌། མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པའི་སྐད་ཅིག་མ་རྣམ་པ་བཞིའོ། །རྣམ་པར་སྨིན་པ་ནི། ས་བརྒྱད་པ་ཡན་ཆད་དུ་ཐོབ་པའི་ཟག་མེད་དེ། འབད་རྩོལ་ལ་མི་ལྟོས་པར་ཐོབ་པས་སོ། །རྒྱུད་བླར། མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ཞེས་པ་ལྟར། རྣམ་སྨིན་མ་ཡིན་པ་ནི་མ་དག་ས་བདུན་གྱི་ཟག་མེད་དེ། འབད་རྩོལ་གྱི་སྒྲུབ་པས་སོ། །ཡོན་ཏན་དེ་གཉིས་ཀྱི་རིགས་མངོན་དུ་བྱེད་པའི་ལྡོག་པ་ལས་སྔ་མ་གཉིས་དང༌། ཀུན་རྫོབ་ཏུ་ཆོས་རྣམས་རང་བཞིན་མེད་པ་དང༌། དོན་དམ་པར་གཟུང་འཛིན་གཉིས་སུ་མེད་པའི་ལྡོག་པ་ལས་ཕྱི་མ་གཉིས་བཞག་གོ །ལུས་དང་སྦྱར་བ་ནི། སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ་ཞེས་སོ། །གཞན་རྣམས་སྔར་ལྟར་རོ། །སྦྱོར་བ་བཞི་ལ་སྒོམ་ཚུལ་གྱི་ཁྱད་པར་ཅི་ཡོད་ཞེ་ན། ཆོས་བཤེས་ཀྱིས་དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་སྐབས་སུ་རྣམ་པ་རེ་རེའང་ཡུན་རིང་དུ་སྒོམ་པ་ཡིན་ལ། མཐར་གྱིས་པའི་སྐབས་སུ་ནི་སྔར་ཐོབ་ཟིན་གྱི་མངོན་རྟོགས་རྣམས་ཇི་ལྟར་རྒྱུད་ལ་སྐྱེས་པའི་རིམ་པས། པདྨ་འདབ་མ་བརྒྱ་པ་འབིགས་པའི་དཔེས་མྱུར་དུ་གཅོད་པར་བྱེད་དོ། །སྐད་ཅིག་མའི་གནས་སྐབས་ལ་ནི། ཟག་མེད་ཀྱི་ཆོས་གཅིག་མངོན་སུམ་དུ་བྱས་པ་ན་དེ་དང་རིགས་མཐུན་པ་ཀུན་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་པའོ། །འདི་ཇི་ལྟར་ལྟ་ཞེ་ན། ཤིན་ཏུ་གོམས་པ་མཐར་ཐུག་པས་སྦྱིན་སོགས་རེ་རེ་ཡང་ཐོབ་ཟིན་གྱི་རྟོགས་རིགས་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པར་བསྐྱེད་ནུས་པ་ན། ཆོས་གཅིག་གི་ནང་དུ་ཡང་ཟག་མེད་ཀྱི་ཆོས་གཞན་ཐམས་ཅད་ཡོན་ཏན་གྱི་སྒོ་ནས་འདུ་བའི་ཕྱིར་རོ། །འཕགས་པས་སྦྱོར་བ་སྔ་མ་གཉིས་ཉེས་པ་སེལ་བ་དང༌། ཕྱི་མ་གཉིས་ཡོན་ཏན་མངོན་དུ་བྱེད་ཚུལ་ལས་གཞག་གོ །ཆོས་ཀྱི་སྐུ་ནི་རྣམ་པ་བཞིར་ནི་ཡང་དག་བརྗོད་དོ། །གང་ཞེ་ན། ཟག་པ་མེད་པའི་ཡེ་ཤེས་དང་ཆོས་ཉིད་དབྱེར་མེད་པའི་ངོ་བོ་ཉིད་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་དང་ལྷན་ཅིག་ཏུ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་ན་ལོངས་སྤྱོད་རྫོགས་པ་དང༌། དེ་བཞིན་དུ་སྐུ་གཞན་འགྲོ་བ་དག་མ་དག་སྣ་ཚོགས་ཀྱི་དོན་མཛད་པ་སྤྲུལ་པའི་སྐུ་དང༌། མཛད་པ་ཕྲིན་ལས་དང་བཅས་པ་རྣམས་སོ། །མཁན་པོ་རྣམ་སྣང་མཛད་སོགས་ནི་མཛད་པ་ཞར་ལས་བྱུང་བ་ཡིན་པ་སྐུ་བཞིར་བརྗོད་ཅེས་འདོད་དོ། །འོན་ཀྱང་ཆོས་སྐུ་ནི་སྔ་མ་རྣམས་སུ་ལུས་དང་ཡན་ལག་རེ་རེ་སྦྱར་བའི་རིགས་པས་དབྱེ་གཞིར་གསལ་བས་དབྱེ་བའི་ཡ་གྱལ་དུ་མི་འཐད་དོ། །གོ་རིམ་ནི། མཆོག་དང་དམན་པའི་གོ་རིམ་མོ། །ལུས་དང་སྦྱར་བ་ནི། ཆོས་སྐུ་ཞེས་པའོ། །གསུམ་པ་བསྡུས་དོན་གྱི་བཤད་པ་ནི། ཚིགས་བཅད་བཅོ་ལྔ་ཡོད་པ་དེ་ལ་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་ཆོས་ཅན། ལུས་མདོར་བསྟན་པ་ཡིན་ཏེ། ནང་ཚན་མ་སྨོས་པར་བརྗོད་བྱའི་གཙོ་བོར་དངོས་པོ་བརྒྱད་དུ་བསྡུས་ཏེ་བསྟན་པའི་ཕྱིར། ཚིག་ལེའུར་བྱས་པ་ལྷག་མ་བཅུ་གསུམ་གྱིས་ནི་ཆོས་ཅན། ལུས་ཅུང་ཟད་རྒྱས་པར་བཤད་པ་ཡིན་ཏེ། ཚིགས་བཅད་སྔ་མ་གཉིས་ཀྱི་དོན། དོན་བདུན་བཅུའི་གྲངས་ཙམ་དུ་བསྡུས་ནས་བཤད་པའི་ཕྱིར། ཚུལ་དེ་ལྟར་ན་ཚིག་ལེའུར་བྱས་པ་བཅོ་ལྔ་ཆོས་ཅན། རྒྱན་གྱི་ལུས་ལེགས་པར་བཤད་པ་ཡིན་ཏེ། དངོས་པོ་བརྒྱད་དུ་བསྡུས་པ་དང་དེ་ནས་དོན་བདུན་བཅུར་ཕྱེ་ནས་རྒྱས་པར་བཤད་པ་ཡིན་པའི་ཕྱིར། བཞི་པ་ནི། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་ལུས་རྣམ་བཞག་རྣམས་ནི་སེང་གེ་བཟང་པོས་ཡན་ལག་རྒྱས་བཤད་ཀྱི་གོང་འདིར་རྣམ་པར་མ་བཀྲོལ་ལོ། །ཅི་སྟེ་ཞེ་ན། ཟློག་པའི་ཉེས་པར་འགྱུར་གྱིས་དོགས་ནས་སོ། །རྒྱུ་མཚན་ནི། བསྟན་བཅོས་མཛད་པ་བྱམས་པ་ཉིད་ཀྱིས་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གིས་རིམ་པ་ལྟར་འཆད་པས། རྒྱས་བཤད་དེ་དག་རྣམ་པར་བཤད་པས་བསྡུས་དོན་རྣམས་ཀྱང་འཆད་པར་འགྱུར་བར་བསམས་ཏེའོ། །གཉིས་པ་ཡན་ལག་རྒྱས་བཤད་ལ་གསུམ་སྟེ། ཡུལ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུའོ། །དང་པོ་ལ་གསུམ་ལས། རྣམ་མཁྱེན་ལ། འབྲེལ་དགོད་པས་འཚམ་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། བཤད་པར་བཞེད་དོ་གང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་སྡུད་པའི་ལུས་རྣམ་གཞག་གི་ཚིག་ལེའུར་བྱས་པའོ། །ཚུལ་ཇི་ལྟར་ན། རྣམ་པར་ཏེ་རྒྱས་བར་བཤད་པའི་སྒོ་ནས་སོ། །དུས་ནམ་གྱི་ཚེ་ན། སྐབས་བརྒྱད་ཀྱི་དང་པོར་རོ། །རྒྱུ་མཚན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པར་ཐོབ་པར་བྱ་དགོས་པས་སོ། །དེའི་རྒྱུ་མཚན་ཡང་དོན་དུ་གཉེར་བྱའི་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ལ། བསམ་པ་སེམས་བསྐྱེད་པ་དང༌། སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་གཉིས་ལས། དང་པོ་ལ། སྤྱི་གཞུང་གཉིས་སོ། །དང་པོ་ལ། རྟེན་དང༌། རྟེན་པའི་ཆོས་གཉིས། དང་པོ་ལ། ལུས་ཀྱི་རྟེན་ནི། འདུ་ཤེས་མེད་པའི་སེམས་ཅན་མ་རྟོགས་པའི་འདོད་གཟུགས་ཀྱི་གང་ཟག་རྣམས་ཏེ། དམྱལ་བའི་སེམས་ཅན་ལ་ཡང་སྐྱེན་གཞན་རྣམས་ལ་ལྟ་ཅི་སྨོས། འདུ་ཤེས་མེད་པ་པ་ལ་མ་ཡིན་ཏེ། ཡིད་ཤེས་མེད་པའི་ཕྱིར། གཟུགས་མེད་པའི་སེམས་ཅན་ལ་མ་ཡིན་ཏེ། གཞན་དོན་བྱ་བའི་རྟེན་དུ་མི་རུང་བའི་ཕྱིར་ཏེ། གང་ཟག་ཕན་ཚུན་ཡུལ་མ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་འདོད་གཟུགས་ཀྱི་རྟེན་ཅན་ཁོ་ནར་བསྟན་ནོ། །རྒྱལ་སྲས་མ་ལས་དབང་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེར་སྐྱེ་སྲིད་པར་བཤད་པ་ལྟར་ན་དམིགས་བསལ་ཅུང་ཟད་ཕྱེའོ། །བསམ་པའི་རྟེན་ནི། སྐྱབས་འགྲོ་ཁྱད་པར་ཅན་ཏེ། ཛེ་ཏ་རིས། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སེམས་བསྐྱེད་པ་ཞེས་འབྱུང་བས་སོ། །གཉིས་པ་རྟེན་ཆོས་ལ་གསུམ་སྟེ། བསྐྱེད་བྱེད་ཀྱི་རྒྱུ། ཐོབ་བྱའི་ངོ་བོ། ཐོབ་འབྲས་ཡོན་ཏན་ནོ། །དང་པོ་བསྐྱེད་བྱེད་ཀྱི་རྒྱུ་ལ། ཉེ་བར་ལེན་པའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྐྱེན་གཉིས་སོ། །དང་པོ་ནི། རྐྱེན་གྱིས་ཡོངས་སུ་སད་བའི་རིགས་ཀྱི་ནུས་པ་ཡིན་ལ། གཉིས་པ་ལ་དད་པ་དང༌། སྙིང་རྗེ་གཉིས་སོ། །དང་པོ་ནི། རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་ལ་རབ་ཏུ་དང་བའི་དད་པ་སྟེ། དེ་ལས་བྱང་ཆུབ་ཐོབ་འདོད་ཀྱི་བསམ་པ་ཁྱད་པར་ཅན་སྐྱེ་བའི་ཕྱིར། གཉིས་པ་ནི། གཙོ་བོར་གཞན་དོན་དོན་གཉེར་གྱི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་རྒྱུ་ནི་སྙིང་རྗེ་སྟེ། སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་ལས་གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་བློ་སྐྱེ་ལ་དེ་ལས་གཞན་དོན་དུ་བླ་མེད་བྱང་ཆུབ་ཐོབ་འདོད་ཀྱི་བློ་སྐྱེ་བའི་ཕྱིར། གཉིས་པ་ཐོབ་བྱའི་ངོ་བོ་ལ། རང་བཞིན། དབྱེ་བ། བསྐྱེད་པའི་ཆོ་ག བསླབ་བྱ་ལ་སློབ་ཚུལ་ལོ། །དང་པོ་ལ། འཕགས་སེང་གཉིས་ཀྱིས་གཞན་དོན་དུ་བྱང་ཆུབ་ལ་དམིགས་པའི་གཙོ་བོ་སེམས་ཡིན་ཏེ། སེམས་བྱུང་རྣམས་ལ་སེམས་བསྐྱེད་པའི་སྒྲའི་དོན་མེད་པའི་ཕྱིར་རོ། །སེམས་ལ་ཡང་ཡིད་ཤེས་ཁོ་ན་བཟུང་གི་གཞན་ལ་མ་ཡིན་ཏེ། གཞན་དོན་དང་བྱང་ཆུབ་ལ་དམིགས་མི་ནུས་པའི་ཕྱིར་སྙམ་དུ་སེམས་སོ། །སྐུ་མཆེད་གཉིས་ཀས་སེམས་བྱུང་དུ་འདོད་དེ། ཐོགས་མེད་ཀྱིས་བྱང་སར། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པ་སྟེ་ཞེས་དང་རྒྱན་ལས། དོན་གཉིས་ལྡན་པའི་སེམས་བྱུང་བ། ཞེས་པའི་འགྲེལ་པར་དབྱིག་གཉེན་གྱིས། དོན་གཉིས་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ་ཞེས་སོ། །དེས་ན་བསྐྱེད་པར་བྱ་བས་ན་སེམས་བསྐྱེད་ཅེས། བྱ་བ་ལས་ལ་བཤད་ན་འཕགས་སེང་དང༌། སེམས་བསྐྱེད་པར་བྱེད་པས་ན་སེམས་སྐྱེད་ཅེས། བྱེད་པ་ལ་བཤད་ན་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ལྟར་ཡིན་པས། གཉིས་ཀས་ཀྱང་སེམས་བསྐྱེད་ཀྱི་སྒྲ་དོན་མི་འདོར་རོ། །དབྱེ་བ་ལ་སྨོན་འཇུག་གཉིས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་སོ། །འདི་གཉིས་ཀྱི་ཁྱད་པར་ལ། གཞན་དོན་དུ་འབྲས་བུ་བྱང་ཆུབ་ལ་དམིགས་པ་དང༌། བྱང་ཆུབ་ཀྱི་ཆེད་དུ་ཕྱིན་དྲུག་ལ་དམིགས་པའོ་ཞེས་སྨྲ་བ་ནི་མི་འཐད་དེ། འཇུག་སེམས་ལ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་དོན་མ་ཞུགས་པའི་སྐྱོན་གནས་སོ། །བྱང་ཆུབ་ཐོབ་པར་སྨོན་པའི་ཆ་ནས་སྨོན་སེམས་ཡིན་ལ། བསླབ་པ་དང་ལྷན་ཅིག་འཇུག་པའི་ཆ་ནས་འཇུག་པ་ཡིན་ནོ་ཞེས་ཟློག་པས་ཕྱེ་བར་འདོད་པའང་མི་འཐད་དེ། སྨོན་པ་ནི་ཐོག་མ་ཁོ་ནར་བྱང་ཆུབ་ཐོབ་པར་སྨོན་པ་ཙམ་ཡིན་ལ། འཇུག་པ་ནི་བསླབ་པས་ཟིན་པ་ཁོ་ན་ཡིན་པས་འགལ་བས་སོ། །དེས་ན་འདི་གཉིས་གྲོགས་བསླབ་པས་ཟིན་མ་ཟིན་གྱི་བྱེ་བྲག་ཁོ་ནས་ཕྱེའོ། །འོ་ན་ལམ་དུ་ཞུགས་པ་ན་སྨོན་སེམས་མེད་པར་འགྱུར་ཏེ། བསླབ་པས་ཟིན་པ་ཁོ་ན་ཡིན་པའི་ཕྱིར་ཞེ་ན། ཚོགས་ལམ་དུ་རེ་ཤིག་བྱང་སེམས་ཀྱི་བསླབ་པ་ཉམས་ནས་སྨོན་སེམས་རྐྱང་པར་གནས་པར་སྲིད་ལ། ཕྱིས་བསླབ་པའི་གྲོགས་ཀྱིས་ཟིན་པ་ན་འཇུག་སེམས་སུ་གནས་འཕོ་བ་ཡིན་ནོ། །སྦྱོར་ལམ་ཡན་ཆད་དུ་འགྲོ་བ་མི་སྲིད་དེ། བསླབ་པའི་གྲོགས་ཀྱིས་ཟིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །འོ་ན་དེ་ཡན་ཆད་དུ་ཐེག་ཆེན་གྱི་དགེ་བའི་ཆོས་རྣམས་བཏང་བར་འགྱུར་ཏེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply