སྨོན་སེམས་བཏང་ན་ཐེག་ཆེན་གྱི་ཆོས་བཏང་བར་བཤད་པའི་ཕྱིར་རོ་ཞེ་ན། འོ་ན་ས་དང་པོ་ནས་ཀྱང་ཐེག་ཆེན་གྱི་དགེ་བའི་ཆོས་རྣམས་བཏང་བར་འགྱུར་ཏེ། སྨོན་སེམས་མེད་པའི་ཕྱིར། དེས་ན་ལམ་དུ་ཞུགས་པ་ན་ལྡོག་པ་བཏང་བ་ཡིན་གྱི་རྫས་རྒྱུན་གོང་ནས་གོང་དུ་ཕུལ་དུ་བྱུང་བར་འགྲོ་བའི་ཕྱིར་ངེས་པ་མེད་དོ། །སྨོན་སེམས་མེད་པ་ཙམ་གྱིས་ཉམས་པ་ཞེས་མི་བརྗེད་དེ། འགོག་སྙོམས་ལ་སྨོན་སེམས་མེད་ཀྱང་བསླབ་པ་ཉམས་པར་མི་བརྗོད་པ་བཞིན་ནོ། །ལུང་གི་དོན་ནི། སངས་རྒྱས་མ་ཐོབ་པར་བྱང་ཆུབ་ཐོབ་འདོད་བཏང་ན་ཉམས་ཞེས་བྱ་བ་ཡིན་གྱི། འཇུག་པའི་ཟླས་དབྱེ་བའི་སྨོན་སེམས་ཀྱི་ལྡོག་པ་བཏང་བ་ལ་དགོངས་པ་མ་ཡིན་ནོ། །སྨོན་འཇུག་གཉིས་ཀ་གཞན་དོན་དུ་བྱང་ཆུབ་འདོད་པའི་མཚན་ཉིད་ཅན་དུ་འདྲ་ཡང༌། ཐོག་མར་སྨོན་པ་ཙམ་དང་བསླབ་པ་ལ་ཞུགས་པའི་བྱེ་བྲག་གིས་སོ་སོར་བསྟན་ཏེ། དགེ་བའི་ལྷས། སྨོན་པ་ནི་འགྲོ་བར་འདོད་པ་ཙམ་ཡིན་གྱི་འགྲོ་བ་ཉིད་ནི་མ་ཡིན་ནོ་ཞེས་པ་དང༌། ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་སྨོན་པ་ནི་སྨོན་པ་ཙམ་སྟེ་སེམས་བསྐྱེད་པའི་ཆོ་ག་ཙམ་ཡང་བླང་བར་མ་བྱས་པའོ་ཞེས་པ་དང༌། བསྒོམ་རིམ་ལས་ཀྱང༌། དང་པོར་འགྲོ་བ་མཐའ་དག་ལ་ཕན་པའི་ཆེད་དུ་སངས་རྒྱས་སུ་གྱུར་ཅིག ཅེས་གང་ཐོག་མར་དོན་དུ་གཉེར་བ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བླངས་པ་ནས་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ་ཞེས་འབྱུང་བས། དབུ་མ་པ་དང༌། ཐོགས་མེད་དང༌། རྒྱ་མཚོ་སྤྲིན་གྱི་བཞེད་པ་ལ་ཡང༌། སྨོན་འཇུག་འགལ་ཞིང༌། འཇུག་པ་ཁོ་ན་ཆོ་གས་ལེན་པར་འདོད་དོ། །ངོ་བོའི་སྒོ་ནས་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་སོ། །དང་པོ་ནི། གཙོ་བོར་གཞན་གྱི་མཐུ་ལས་བྱུང་བའི་སེམས་བསྐྱེད་དེ། རྒྱན་ལས། གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད་ཅེས་སོ། །དེ་ལ་དགེ་བའི་བཤེས་གཉེན་གྱི་སྟོབས་དང༌། རྒྱུ་རིགས་ཀྱི་སྟོབས་དང༌། དགེ་བའི་རྩ་བ་རྒྱས་པའི་སྟོབས་དང༌། ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང༌། ཐོས་པ་མང་དུ་གོམས་པས་བསྐྱེད་པ་དང་ལྔའོ། །གཉིས་པ་ནི། བདག་རྐྱེན་དགེ་བའི་བཤེས་གཉེན་དང༌། རྒྱུ་ཚོགས་གཉིས་རྫོགས་པ་ལས་སྐྱེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབས་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །ངེས་ཚིག་ནི། ཆོས་ཉིད་དོན་དམ་པ་མཐོང་བས་ཐོབ་པའི་སེམས་བསྐྱེད་ཡིན་པས་དེ་སྐད་ཅེས་བྱའོ། །གསུམ་པ་སེམས་བསྐྱེད་པའི་ཆོ་ག་ལ། བྱམས་པ་ནས་སེམས་ཙམ་པའི་སློབ་དཔོན་རྣམས་ལ་བརྒྱུད་པ་དང༌། འཇམ་དབྱངས་ནས་དབུ་མ་པའི་སློབ་དཔོན་རྣམས་ལ་བརྒྱུད་ཚུལ་གཉིས་སོ། །འགའ་ཞིག་དབུ་སེམས་ཀྱི་ཁྱད་པར་ལྟ་བས་འབྱེད་ཀྱི། ཆོ་གས་འབྱེད་པ་མ་ཡིན་པས་མི་འཐད་དོ་ཞེས་སྨྲ་བ་ནི་བབ་ཅོལ་འབའ་ཞིག་སྟེ། ལྟ་བའི་བྱེ་བྲག་གིས་ཆོ་ག་ཐ་དད་པ་གཉིས་ཡོད་ཅེས་སྨྲས་ཀྱི། ཆོ་གའི་སྒོ་ནས་འབྱེད་ཞེས་མ་སྨྲས་ཤིང༌། ལྟ་བའི་བྱེ་བྲག་གིས་ཆོ་གའི་ཁྱད་པར་ཡོད་པ་ཅི་འགལ། ལྟ་བ་ཟབ་མི་ཟབ་ཀྱི་བྱེ་བྲག་གིས་སྡོམ་པ་ལེན་པའི་སྣོད་ལ་རྒྱ་ཆེ་ཆུང་གི་རྣམ་བཞག་མཛད་དེ། སོ་ཐར་གྱི་སྡོམ་པའི་སྣོད་ལས། ལག་བསྡུམ་དང་སྐྲ་སེར་སོགས་མི་རུང་ལ། བྱང་སེམས་ཀྱི་སྡོམ་པའི་སྣོད་དུ་རུང་བར་མཛད་པ་བཞིན་ནོ། །གཞན་ཡང༌། ལྟ་བའི་བྱེ་བྲག་གིས་སྤྱོད་པ་ལ་ཡང་ཁྱད་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཤེར་ཕྱིན་གྱི་དོན་ལ་མི་མཐུན་པས། འཁོར་གསུམ་རྣམ་པར་དག་པའི་ཁྱད་པར་ལ་ཡང་མི་མཐུན་པ་བཞིན་ནོ། །འདི་གཉིས་ལ་དང་པོ་ལེན་པའི་ཆོ་གའི་ཚུལ་དང༌། བསླབ་པར་བྱ་བའི་གྲངས་དང༌། སོ་ཐར་གྱི་སྡོམ་པ་རྟེན་དུ་དགོས་མི་དགོས་སོགས་ཀྱི་ཁྱད་པར་དུ་མ་ཡོད་དོ། །དེས་ན་ལེགས་པར་མ་སྦྱངས་པ་དག་གིས་མཁས་པ་སྔ་མའི་ལེགས་བཤད་ལ་ཟུར་ཟ་བ་ལ་སྙིང་པོ་ཅི་ཡོད། ཆོ་ག་ལ་བླང་བྱའི་ཡུལ་དང༌། ལེན་པའི་གང་ཟག ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ནི། བླ་མ་བྱང་སེམས་ཀྱི་བསླབ་པ་དང་ལྡན་པ་ལས་བླང་བར་བྱ་ཞིང༌། དེ་མེད་ན་སངས་རྒྱས་དང་བྱང་སེམས་མངོན་སུམ་དུ་ཞུགས་པར་མོས་པའི་དྲུང་དུ་ལེན་པར་བྱང་ས་དང༌། ཀུན་ལས་བཏུས་སོགས་ལས་བཤད་ལ། གནས་བརྟན་བྱང་བཟངས་ཀྱིས། ལེན་པ་ལ་བླ་མ་མེད་ཀྱང་རུང་ལ། གསོ་བ་ལ་ནི་ངེས་པར་དགོས་པར་བཤད་ཀྱང༌། ཞི་བ་འཚོས་ལེན་པ་དང༌། གསོ་བ་གཉིས་ཀ་ལ་བླ་མ་དགོས་པའི་ངེས་པ་མེད་པར་བཤད་པ་ལེགས་སོ། །གཉིས་པ་ནི། ལམ་སྒྲོན་དུ། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པའི་དོན་དུ་བསམས་ནས། སོ་སོ་ཐར་པ་རིགས་བདུན་གང་རུང་དང་ལྡན་དགོས་པར་འདོད་པ་ནི་མི་འཐད་དེ། ཚེའི་འདུ་བྱེད་བཏང་བའི་འོག་རོལ་ཏུ་བྱང་སེམས་ཀྱི་སྡོམ་པ་ལྡོག་པར་ཐལ། སོ་སོ་ཐར་བའི་སྡོམ་པ་ལྡོག་པའི་ཕྱིར་ཏེ། དེ་ནི་ཇི་སྲིད་འཚོའི་བར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་ཀྱི་བསླབ་པ་ནི་བྱང་ཆུབ་མ་ཐོབ་བར་གྱི་བསླབ་པ་ཡིན་པའི་ཕྱིར་རོ། །བྱང་སེམས་ཀྱི་བསླབ་པ་དང་འཇུག་སེམས་གཏོང་ཐོབ་གཅིག་པས། ལྷ་ལ་ཡང་འཇུག་སེམས་མེད་པར་འགྱུར་ལ། འདོད་ན། ལྷའི་བྱང་སེམས་འཕགས་པ་མེད་པར་འགྱུར་རོ། །ལུང་གི་ཀྱང་གནོད་དེ། ལམ་ཤེས་ཀྱི་མདོར། ལྷའི་བུ་དུ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུ་ཁྲི་ཉིས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཤད་པས་སོ། །ལམ་སྒྲོན་གྱི་དོན་ནི། སོ་སོར་ཐར་པ་རིགས་བདུན་གང་རུང་གི་མི་མཐུན་ཕྱོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ལས་མ་ལོག་པར། བྱང་སེམས་ཀྱི་སྡོམ་པ་ལེན་པའི་སྐལ་བ་ཅན་དུ་མི་རུང་ཞེས་པའོ། །ཇི་སྐད་བཤད་པའི་ལུང་དང་རིགས་པས། སངས་རྒྱས་ཐོབ་པར་འདོད་པའི་འདོད་གཟུགས་ཀྱི་རྟེན་ཅན་གཉིས་ཀ་ཡང་ལེན་པའི་གང་ཟག་ཏུ་རུང་བར་ལྟའོ། །གསུམ་པ་ལེན་ཚུལ་ལ། སྔོན་གྱི་སློབ་དཔོན་དག་ཇི་ལྟར་སྔོན་གྱི་བདེན་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་པའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པའི་ཚིག་བཅད་གཉིས་ལས། ཚིག་རྐང་སྔ་མ་གཉིས་དང་ཕྱི་མའི་སྔ་མ་གཉིས་ཀྱིས་སྨོན་སེམས་དང༌། ལྷག་མ་རྣམས་ཀྱིས་འཇུག་སེམས་ཀྱི་ཆོ་ག་བསྟན་ཞེས་གཞུང་སོ་སོར་བཅད་ནས་སྨོན་འཇུག་སོ་སོར་སྦྱོར་བ་མི་རིགས་ཏེ། ཚིགས་བཅད་དང་པོའི་རྐང་པ་དང་པོ་གཉིས་དང༌། ཚིགས་བཅད་ཕྱི་མའི་རྐང་པ་དང་པོ་གཉིས་ཏེ་ཤླཽ་ཀ་གཅིག་གིས་སེམས་བསྐྱེད་ཀྱི་ཆོ་ག་དང༌། དང་པོའི་ལྷག་མ་གཉིས་དང་ཕྱི་མའི་ལྷག་མ་གཉིས་ཀྱིས་ནི། དེ་ཉིད་ནན་ཏན་གྱིས་བསྲུང་བར་སྟོན་པ་ཡིན་པས། འཇུག་སེམས་ཀྱི་ལེན་ཚུལ་ཁོ་ནར་སྣང་བའི་ཕྱིར་རོ། །གཞན་དུ་ན་ཞི་བ་ལྷས་ནང་འགལ་སྨྲས་པར་འགྱུར་ཏེ། འདིས་སྨོན་སེམས་ཀྱི་ཆོ་ག་བསྟན་ཅིང༌། སྨོན་སེམས་ཆོ་གས་མི་ལེན་པར་བཤད་པའི་ཕྱིར་ཏེ། བྱང་ཆུབ་སྨོན་པའི་སེམས་ལ་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱི་སུ། །སེམས་དེ་ཡང་དག་བླངས་གྱུར་ན། །དེང་ནས་བཟུང་ནས་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུ་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་པས། ཆོ་གས་བླངས་ན་བསོད་ནམས་རྒྱུན་ཆགས་སུ་འབྱུང་བར་བཤད་ཅིང་སྨོན་སེམས་ལ་རྒྱུན་ཆགས་སུ་མི་འབྱུང་བར་བཤད་ལ། འཇུག་སེམས་ལོགས་སུ་བཀར་ནས་ཆོ་གས་ལེན་པར་བཤད་པའི་ཕྱིར་རོ། །དེས་ན་སྨོན་སེམས་ནི་སྡོམ་པས་མ་ཟིན་པའི་བར་མ་དགེ་བ་ཙམ་ཡིན་པར་དགོངས་ནས་བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་བར་བཤད་པ་ཡིན་ནོ། །སྟོན་པ་འདི་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་སེམས་བསྐྱེད་པར་བཤད་པས་ཀྱང་སྨོན་སེམས་ལ་ཆོ་ག་མི་དགོས་པར་མངོན་ཅིང༌། བྱང་ཆུབ་ཐོབ་འདོད་ཡོད་ན་དེ་ཉིད་ཀྱིས་གྲུབ་ཟིན་པས་ཆོ་ག་མི་དགོས་ལ། མེད་ན་ཆོ་གས་ཀྱང་མི་སྐྱེ་བའི་ཕྱིར་རིགས་པས་ཀྱང་གྲུབ་པ་ཡིན་ནོ། །ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གི་བཞེད་པ་ཡང་ཡིན་ཏེ། བྱང་སར་སྨོན་སེམས་ལ་ཆོ་ག་མ་བཤད་ལ། འཇུག་སེམས་ཀྱི་སྡོམ་པ་ལེན་པའི་ཆོ་ག་གསུངས་པ་དང༌། རྒྱ་མཚོ་སྤྲིན་གྱིས་ཀྱང༌། བསླབ་པ་མ་བླངས་པ་སྨོན་སེམས་དང༌། སྡོམ་པ་བླངས་པ་ནས་འཇུག་སེམས་ཡིན་པར་བཤད་ལ། བསླབ་བཏུས་ལས་ཀྱང༌། དེ་དང་མཐུན་པར་གསུངས་པ་ཡིན་ནོ། །ཛེ་ཏ་རིས། སྨོན་པའི་སེམས་མངོན་དུ་བྱའོ་ཞེས་གསུངས་པའི་དོན་ནི། སྨོན་སེམས་ཀྱི་རྫས་རྒྱུན་ཆོ་གས་བླངས་པ་ན་འཇུག་སེམས་སུ་འགྱུར་བར་བཤད་པ་ཙམ་ཡིན་གྱི། གཞན་གསལ་ཀ་མི་སྣང་ངོ༌། །ཀླུ་སྒྲུབ་ཀྱིས་ཡིད་དམ་བླང་བའི་ཆོ་ག་ལས། བཤད་ཟེར་བ་ཡང༌། འགྱུར་གྱིས་འཁྲུལ་གཞི་བྱས་ནས་དགོངས་པ་མ་ལོན་པ་སྟེ། དེར་ནི། སེམས་བསྐྱེད་ལེན་པའི་ཆོ་ག་ཙམ་བཤད་ཀྱི། སྨོན་འཇུག་གི་དབྱེ་བ་ཡང་མ་བཤད་པའི་ཕྱིར། ཆོ་ག་དེ་ཉིད་སྨོན་སེམས་ལ་སྦྱོར་ན། འཇུག་སེམས་ཀྱི་ཆོ་ག་མ་བསྟན་པར་འགྱུར་ཏེ། དེ་ལས་གཞན་མི་གནང་བའི་ཕྱིར་རོ། །བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་ཀུན་རྫོབ་ཀྱི་རྣམ་པ་བསྐྱེད་ནས་ཞེས་གསུངས་པས་ཀྱང༌། གཞན་དོན་དུ་བྱང་ཆུབ་ཐོབ་པར་སྨོན་པའི་ཀུན་རྫོབ་སེམས་བསྐྱེད་ཀྱི་ཆོ་ག་བསྟན་གྱི། འཇུག་པའི་ཟླས་དབྱེ་བའི་སྨོན་སེམས་ཀྱི་ཆོ་ག་མ་བསྟན་ནོ། །དེས་ན་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གི་རྗེས་སུ་འབྲང་བར་བྱའི་གཞན་དག་ལ་ནི་སྙིང་པོ་མེད་དོ། །བཞི་པ་བསླབ་བྱ་ལ། སྤྱིའི་བསླབ་བྱ་དང༌། ཁྱད་པར་གྱི་བསླབ་བྱའོ། །དང་པོ་ལ་བསླབ་པར་བྱ་བའི་ཆོས་གསུམ། ཤེས་པར་བྱ་བའི་ཆོས་བཞི། སེམས་བསྐྱེད་ཀྱི་མི་མཐུན་ཕྱོགས་གསུམ་མོ། །དང་པོ་ནི། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་གུས་པ། དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པ། སེམས་ཅན་བློས་མི་སྤོང་བའོ། །གཉིས་པ་ནི། ལྟུང་བ་དང་ལྟུང་བའི་གཟུགས་བརྙན་གཉིས། ལྟུང་མེད་དང་ལྟུང་མེད་ཀྱི་གཟུགས་བརྙན་གཉིས་ཏེ་བཞིའོ། །གསུམ་པ་ནི། ཞུམ་པ་དང༌། སྒྱིད་ལུག་པ་དང༌། འཁོར་བའི་ཉེས་དམིགས་ཀྱིས་སྐྲག་པའོ། །གཉིས་པ་ཁྱད་པར་གྱི་བསླབ་བྱ་ལ། འགལ་རྐྱེན་སྤོང་བའི་དང༌། མཐུན་རྐྱེན་སྒྲུབ་པའི་བསླབ་བྱའོ། །དང་པོ་ལ། རྒྱུ་དྲུག་སྤོང་བ་དང༌། རང་དོན་ཤེས་རབ་ཀྱི་གེགས་གསུམ་སྤོང་བ། གཞན་དོན་ཉམས་པའི་རྒྱུ་ལྔ་སྤོང་བ་ལ་བསླབ་པའོ། །དང་པོ་ནི། ནག་པོའི་ཆོས་བཞི་དང༌། མི་དགེ་བའི་གྲོགས་པོ་བསྟེན་པ་དང༌། བསམ་པ་ཕྲག་དོག་པ་དང༌། རྒྱུད་ལ་འཁོན་དུ་འཛིན་པ་དང༌། གཞན་གྱི་ཡིད་གསོད་པ་དང༌། ཐམས་ཅད་དུ་དམན་པ་ལ་མོས་པ་སྤོང་བའོ། །གཉིས་པ་ནི། ཐོས་པ་ལ་མི་མོས། བསམ་པ་ལ་གཡེལ། བསྒོམ་པ་ལ་ལྷོད་པ་སྤོང་བའོ། །གསུམ་པ་ནི། སྦྱོར་བ་ལེ་ལོའོ། །སྤྱོད་པ་ལ་གཞན་མ་དང༌། དངོས་གཞིའི་དུས་སུ་ཕན་མི་འདོགས། ཆོས་མ་ཡིན་པ་ལ་འགོད། རྗེས་ལ་གོལ་པ་ལ་སྦྱོར་བ་སྤོང་བའོ། །གཉིས་པ་མཐུན་རྐྱེན་ལ། སྐྱེས་བུ་དམ་པའི་སྨོན་པ། མི་ཉམས་པའི་རྒྱུ། འཕེལ་བའི་རྐྱེན་ནོ། །དང་པོ་ལ་གསུམ་སྟེ། བྱང་ཆུབ་ཐོབ་པར་བྱ་སྙམ་པ་འབྲས་བུ་དང༌། ལམ་ལ་བསླབ་པར་བྱ་སྙམ་པ་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱ་སྙམ་པ་ཕྲིན་ལས་ལ་སྨོན་པའོ། །གཉིས་པ་ལ། ཚེ་འདིར་མི་ཉམས་པའི་རྒྱུ་དྲན་པ་གསུམ། ཕྱི་མར་མི་ཉམས་པའི་རྒྱུ་ཐབས་གསུམ། གཉིས་ཀར་མི་ཉམས་པའི་རྒྱུ་འདུན་པ་ལྔའོ། །དང་པོ་ནི། སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བ་དྲན་པའོ། །གཉིས་པ་ནི། ཡན་ལག་བདུན་པ་དུས་གསུམ་དུ་བྱེད་པ། རྒྱལ་བ་སྲས་དང་བཅས་པ་ལ་གསོལ་བ་འདེབས་པ། བདུད་ལས་སྤོང་བའོ། །གསུམ་པ་ནི། སེམས་ཅན་དང༌། ཆོས་དང༌། བྱང་ཆུབ་ཀྱི་སེམས་དང༌། དགེ་བའི་བཤེས་གཉེན་དང་བཞི་ལ་གཅེས་སྤྲས་སུ་འཛིན་པ་དང༌། མྱུར་དུ་སངས་རྒྱས་ཐོབ་པར་འདོད་པའོ། །འཕེལ་བའི་རྐྱེན་ལ། དཀར་པོའི་ཆོས་བཞི་ལ་བསླབ་པ་དང༌། ཚད་མེད་བཞི་ལ་བསླབ་པའོ། །དང་པོ་ནི་རྫུན་མི་སྨྲ་བ། གཞན་ཐེག་ཆེན་ལ་སྦྱོར་བ། བྱང་སེམས་ལ་རྟེན་པའི་འདུ་ཤེས། སེམས་ཅན་ལ་ལྷག་པའི་བསམ་པའོ། །ཚད་མེད་བཞི་ནི་བྱམས་པ་ཚད་མེད་སོགས་ཏེ་འོག་ནས་འཆད་དོ། །གསུམ་པ་ཐོབ་འབྲས་ཡོན་ཏན་ལ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ། སྡིག་པ་ཟད་པའི་ཡོན་ཏན་དང༌། བསོད་ནམས་བརླབས་ཆེན་ཐོབ་པའི་ཡོན་ཏན་ནོ། །དང་པོ་ནི། སྡིག་པ་སྟོབས་ཆེན་མི་ཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཡོད་ལྡན་རྣམས་ཅིས་མི་བརྟེན། །ཞེས་པ་ལྟར་རོ། །གཉིས་པ་ནི། དཔའ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་པ་ལའོ། །མཐར་ཐུག་གི་འབྲས་བུ་ནི། སངས་རྒྱས་ཐོབ་པ་སྟེ། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ། སྙིང་རྗེའི་རྩ་བ་ཅན་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །གཞུང་དོན་ལ། སེམས་བསྐྱེད་ཀྱི་མཚན་ཉིད། དམིགས་ཡུལ། དབྱེ་བ། ས་མཚམས་སོ། །དང་པོ་ལ་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། སེམས་བསྐྱེད་ཞེས་སོགས་སོ། །ཚིག་དོན་ལ། སེམས་བསྐྱེད་པ་ནི་ཞེས་པས་མཚོན་བྱ་དང༌། ལྷག་མས་མཚན་ཉིད་བསྟན་ནོ། །རང་ཉིད་སངས་རྒྱས་སུ་གྲུབ་ནས་སེམས་ཅན་གཞན་གྱི་དོན་གྱི་ཕྱིར་ཐེག་པ་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་པའི་རྣམ་པ་ཅན། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་དང་ལྡན་པའི་སེམས་སོ། །དབྱེ་ན་གཉིས་ཏེ། སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་ཡོད་པས་སོ། །གཉིས་པ་ལ་རྩོད་ལན་གཉིས་སོ། །དང་པོ་ནི། གང་ལ་གང་གིས་ཇི་ལྟར་བརྩོད་པའོ། །དང་པོ་ནི། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་སྒྲ་ཇི་བཞིན་པ་ལའོ། །གཉིས་པ་ནི། སེམས་སེམས་བྱུང་རྫས་ཐ་དད་དུ་སྨྲ་བས་སོ། །གསུམ་པ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་ཆོས་ཅན། ཇི་ལྟར་ན་སེམས་བསྐྱེད་པ་ཡིན་པར་འགྱུར་ཏེ་མ་ཡིན་པར་ཐལ། སེམས་ལས་བྱུང་བར་ཡིན་པའི་ཕྱིར་ཏེ། བྱང་ཆུབ་དེ་དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། སེམས་བསྐྱེད་པའི་སེམས་ཡུལ་ཁྱད་པར་དུ་འཕགས་པ་དོན་གཉིས་སྣང་བ་ཅན་འབྱུང་བ་མ་ཡིན་ནམ་སྟེ་ཡིན་པས་སོ་ཞེ་ན། ལན་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། སེམས་བྱུང་ཡིན་ན་སེམས་བསྐྱེད་མ་ཡིན་པ་བདེན་མོད་ཀྱི། འོན་ཀྱང་གཞུང་འདིར་ནི་འདོད་པའི་མིང་གིས་དོན་སེམས་བསྐྱེད་ལ་ཉེ་བར་བཏགས་པ་ལ་བརྟེན་ནས་བསྟན་པ་ཡིན་པས། འདོད་པ་སེམས་བསྐྱེད་དུ་བཟུང་བའི་ཉེས་པ་མེད་དོ། །དངོས་ལ་གནོད་བྱེད་ནི། བདེན་མོད་ཀྱི་ཞེས་པས་བསྟན་ནོ། །གཉིས་པ་ལ་རྒྱུ་མིང་འབྲས་བུ་ལ་བཏགས་པ་དང༌། གྲོགས་མིང་གྲོགས་ཅན་ལ་བཏགས་པ་གཉིས་ལས། དང་པོ་ནི། རྒྱུ་འདོད་པའི་མིང་གིས་འབྲས་བུ་སེམས་བསྐྱེད་བསྟན་པ་ཡིན་ནོ། །འདོགས་པའི་རྒྱུ་ནི་དགེ་བའི་ཆོས་གཞན་དོན་ལ་འདུན་པའི་མཚན་ཉིད་ཅན་གྱི་གཞན་དོན་དོན་དུ་གཉེར་བ་ཡོད་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འབྱུང་བས་སོ། །དགོས་པ་ནི། གཞན་དོན་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་ཏེ། རྒྱུ་གཞན་དོན་དོན་གཉེར་ཡོད་ན་སེམས་བསྐྱེད་ཅིང༌། དེ་ལས་དགེ་བའི་ཆོས་ལ་བརྩོན་པ་འབྱུང་བས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །གཉིས་པ་ནི། ལན་གྱི་རྣམ་པ་གཅིག་ཏུ་ན། དོན་སེམས་བསྐྱེད་ལ་གྲོགས་སྨོན་ལམ་དེའི་སྒྲར་བསྟན་པ་སྟེ། དེ་དང་སེམས་བསྐྱེད་ལྷན་ཅིག་དུ་སྤྱོད་པས་སོ། །གྲོགས་སྨོན་ལམ་ནི། དོན་དུ་གཉེར་བ་སྟེ། གང་ཞེ་ན། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་སྟེ། དོན་དུ་གཉེར་བ་ཉིད་ཡིན་ནོ། །འདིར་རྒྱུ་འདོད་པ་ནི་གཞན་དོན་དོན་གཉེར་དང༌། གྲོགས་ནི། བྱང་ཆུབ་དོན་གཉེར་དུ་སོ་སོར་ཤེས་པར་བྱའོ། །དགོས་པ་ནི། སེམས་བསྐྱེད་ལ་སྨོན་ལམ་གྱི་སྒྲས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་དྲི་བ་འཚམ་སྦྱར་བ་ནི། ངོ་བོ་ལ་བརྩོད་པའི་དྲི་བར་མ་ཟད། ཡང་གང་འདོད་པར་བྱ་བའི་བདག་ཉིད་དངོས་ཀྱི་དམིགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན། དགོས་པ་གང་གི་དོན་དུ་སེམས་བསྐྱེད་པ་ཆེད་དུ་བྱ་བའི་དམིགས་པ་གཞན་གྱི་དོན་ནི་གང་ཡིན་ཞེ་ན། རྩ་བ་ནི། བྱང་ཆུབ་དེ་དང་གཞན་དོན་དེ་ནི་ཡུམ་གྱི་མདོ་བཞིན་དུ་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་དོ། །ཇི་ལྟར་ན། མཚན་ཉིད་སྟོན་པའི་གཞུང་གིས་ནི། བྱང་ཆུབ་དང་གཞན་དོན་གྱི་མིང་ཙམ་སྨོས་པས་མདོར་བསྡུས་པ་དང༌། ས་གསེར་ཟླ་བ་མེ་ཞེས་སོགས་ཀྱིས་ནི་ཕར་ཕྱིན་བཅུར་ཕྱེ་བ་དང༌། གཞན་དོན་དུ་ཤེར་ཕྱིན་ལ་བསླབ་ཚུལ་དཔེ་ཡིས་རྒྱས་པར་བསྟན་པའི་ཕྱིར་རོ། །འགའ་ཞིག་བསྟན་བཅོས་ཀྱིས་རྒྱས་བསྡུས་གཉིས་སུ་བསྟན་པ་མེད་ཅེས་སྨྲ་བ་ནི། གཞུང་ལ་མ་བརྟགས་པར་སྣང་ངོ༌། །འགྲེལ་བ་ལ། མདོ་དང་སྦྱར་བ་དང༌། དོན་བསྡུ་བ་དང༌། གཞན་གྱི་དོགས་པ་སྤང་བའོ། །དང་པོ་ལ། ཚིག་དོན་དངོས་དང༌། མདོ་དྲང་བའོ། །དང་པོ་ནི། བསྟན་ནོ། །གང་ན། དམིགས་ཡུལ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། གཞན་དོན་ནོ། །གང་གི་སྒོ་ནས། རྩ་བར་བཤད་པ་ལྟར་བསྡུས་པ་དང༌། རྒྱས་པའི་སྒོ་ནས་སོ། །ཚུལ་ནི། ཤེར་ཕྱིན་གྱི་མདོའི་དོན་དང་མི་འགལ་བར་སྟེ་མཐུན་པར་རོ། །སྡོང་པོ་བཀོད་པ་སོགས་དང་སྦྱོར་བ་ནི་སྐབས་ཀྱི་དོན་མ་ཡིན་ཞིང༌། འགྲེལ་ཆེན་ལས། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ་ཞེས་པ་དང་ཡང་འགལ་ལོ། །གང་གིས་ན། གཞན་དོན་དང་བྱང་ཆུབ་རབ་ཏུ་སྟོན་པའི་མདོའི་དོན་བརྗོད་བྱར་ལྷུར་ལེན་པར་བྱེད་པའི་མངོན་པར་རྟོགས་པའི་རྒྱན་གྱི་ངག་གིས་སོ། །གཉིས་པ་ནི། མདོ་གང་ལས་བསྟན་སྙམ་ན། རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ལས་སོ། །ཀྱང་ནི་ཕན་ཚུན་བསྡུད་པའོ། །བརྒྱད་སྟོང་པ་ལས་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། སློབས་པར་གྱིས་ཤིག་ཞེས་པའི་སྒྲས་བསྟན་ཏེ། ཕྱོགས་གླང་གིས། བརྒྱད་སྟོང་འདིར་དོན་མ་ཚང་མེད་ཅེས་གསུངས་པ་ལྟར། ཡུམ་གཞན་གཉིས་ཀྱི་དོན་ཚང་དགོས་ལ། སྟོན་བྱེད་གཞན་མེད་པའི་ཕྱིར་རོ། །གཞན་གཉིས་ལས་ནི། མདོར་བསྟན་དང༌། རྒྱས་བཤད་གཉིས་གཉིས་ཀྱིས་བསྟན་ཏེ། འདི་ལྟར་ཤ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཡུམ་ལ་བརྩོན་པར་བྱའོ་ཞེས་པ་འདིས་བྱང་ཆུབ་མདོར་བསྟན་ཏེ། རྫོགས་པའི་བྱང་ཆུབ་ཀྱི་མིང་ཙམ་སྟོན་པས་སོ། །འདིར་མདོའི་ཞབས་བཀོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒྲུབ་པར་བྱ་ཞེས་པའོ། །ཤ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཡུམ་ལ་གནས་ཏེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱའོ་ཞེས་སོགས་ཀྱི་མདོས་ནི། བྱང་ཆུབ་རྒྱས་པར་བཤད་དེ། བྱང་ཆུབ་ཀྱི་ངོ་བོ་ཕར་ཕྱིན་དྲུག་ཏུ་ཕྱེ་སྟེ་བཤད་པས་སོ། །འདིར་བསྡུས་པ་ནི། སྦྱིན་པ་ཞེས་པ་ནས་བསྒྲུབ་པར་བྱའོ་ཞེས་པའི་བར་རོ། །བྱང་སེམས་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུ་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ་ཞེས་སོགས་ཀྱི་མདོས་ནི། གཞན་དོན་མདོར་བསྟན་ཏེ། གཞན་དོན་གྱི་ཐབས་མ་ཕྱེ་བར་བསྟན་པས་སོ། །འདིར་བསྡུས་པ་ནི། སེམས་ཅན་ཐམས་ཅད་སྐལ་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་ལ་འགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒྲུབ་པར་བྱའོ་ཞེས་སོ། །སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པར་འདོད་པས་ཡུམ་འདི་ཉིད་ལ་བསྒྲུབ་པར་བྱའོ་ཞེས་སོགས་ཀྱི་མདོས་ནི། གཞན་དོན་རྒྱས་པར་བསྟན་ཏེ། གཞན་དོན་གྱི་ཐབས་ཕྱེ་ནས་བསྟན་པའི་ཕྱིར་རོ། །འདིར་བསྡུས་པ་ནི། སེར་སྣ་ཅན་ཞེས་སོགས་སོ། །གཉིས་པ་ནི་ཐེག་ཆེན་སེམས་བསྐྱེད་ནི་ཆོས་ཅན། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཅན་ཡིན་པར་ཤེས་པར་བྱ་སྟེ། གཞན་དོན་དུ་བྱང་ཆུབ་ལ་དམིགས་པར་མདོས་བསྟན་པ་དེ་ལྟར་ནའོ། །འཚམ་སྦྱར་དུ་དྲི་བ་གསུམ་མཛད་ནས། འདི་ངོ་བོ་ལ་དྲི་བའི་ལན་དུ་སྦྱོར་བ་མི་རིགས་ཏེ། གོང་དུ་བརྒལ་ལན་དང་བཅས་པས་ངོ་བོ་ལ་དོགས་པ་བསལ་ཟིན་པའི་ཕྱིར། གསུམ་པ་ནི། འདིར་ཡུམ་གསུམ་ཀ་དང་སྦྱར་རྒྱུ་ཡིན་པས། སེམས་བསྐྱེད་ཡུམ་གསུམ་ཀ་དང་སྦྱར་བ་ལྟར། གདམས་ངག་སོགས་ལྷག་མ་རྣམས་ཀྱང་སྦྱར་དགོས་སོ་སྙམ་ན། གཙུག་ལག་ནི་གསུང་རབ་ཀྱི་མིང་གི་རྣམ་གྲངས་ཡིན་ཀྱང་འདིར་ཡུམ་གྱི་མདོའི་དོན་སྟོན་པའི་གཞུང་གི་སྐབས་ཀྱི་དོན། གདམས་ངག་ནས་ཕྲིན་ལས་ཀྱི་བར་དུ་སྟོན་པ་ལྷུར་ལེན་པ་ནི། རྒྱས་འབྲིང་བསྡུས་པ་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི། འགྲེལ་པ་འདིར་ཁུངས་ཉིད་དུ་མ་བྲིས་ཏེ། ཚིག་མང་སུ་དོགས་ནས་སོ། །ཡང་ན་རྒྱ་དཔེ་ལས། ཐམས་ཅད་ལ་ཡང་གསུངས་མོད་ཀྱི་ཞེས་འབྱུང་བས། སེམས་བསྐྱེད་དུ་མ་ཟད། གདམས་ངག་ནས་ཕྲིན་ལས་ཀྱི་བར་ཐམས་ཅད་ལ་ཡང་མདོ་རེ་རེ་གསུངས་མོད་ཀྱི་ཞེས་སྦྱར་རོ། །འདིར་ཐེག་ཆེན་གྱི་མདོ་གཞན་མི་འདྲེན་པའི་རྒྱུ་མཚན་ལ་སྦྱོར་བ་ནི་སྐབས་དོན་མ་ཡིན་ཏེ། དབྱེ་བ་སོགས་ལ་མདོ་གཞན་ཡོད་ཀྱང་སྦྱོར་མི་སྦྱོར་གང་ཡང་མི་གསུང་བར། འདི་ཁོ་ན་ལ་མདོ་ཀུན་འདྲེན་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ། །དེ་བས་ན་སེམས་བསྐྱེད་ལ་མདོ་སྦྱར་བ་ནི། མདོ་དང་རྒྱན་སྦྱར་བ་སྐབས་སུ་བབ་པ་ལ་དགོངས་ལ། འདི་ནི་འོག་མ་རྣམས་ལ་མདོ་ཡོད་ཀྱང་མི་སྦྱོར་བའི་རྒྱུ་མཚན་དུ་བཀོད་པ་ཡིན་ནོ། །གསུམ་པ་དབྱེ་བ་ལ། གསུམ་ལས་འཚམ་སྦྱར་བ་ནི། དེ་ལྟར་ན་སེམས་བསྐྱེད་པ་ཞེས་སོགས་སོ། །རྩ་བ་ནི། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་པ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་གང་ཞེ་ན་ས་གསེར་ཟླ་བ་མེ་ཞེས་སོགས་སོ། །འགྲེལ་བ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། དོན་དང་དཔེ་དང་ཆོས་མཐུན་གསུམ་གསུམ་གྱིས་བསྟན་ཏེ། གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་ལྡན་པའི་སེམས་བསྐྱེད་ནི་ས་ལྟ་བུ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་གྱུར་པ་ཉིད་ཀྱིས་སོ། །ཞེས་ཐོག་མཐའི་གསལ་བྱེད་ཀུན་ལ་སྦྱར་རོ། །ཕར་ཕྱིན་དྲུག་ལ་དམིགས་པའི་ཕན་བདེའི་བསམ་པ་དང་ལྡན་པ་ནི། གསེར་བཟང་པོ་ལྟ་བུ་སྟེ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལྡོག་པར་མི་འགྱུར་བས་སོ། །དྲན་པ་ཉེར་བཞག་སྒོམ་པར་འདོད་པའི་ལྷག་པའི་བསམ་པ་དང་ལྡན་པ་ནི། ཡར་ངོའི་ཟླ་བ་ཚེས་པ་ལྟ་བུ་སྟེ། བྱང་ཕྱོགས་སོ་བདུན་སོགས་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་འཕེལ་བར་འགྱུར་བས་སོ། །མཁྱེན་གསུམ་སྒོམ་པའི་སྦྱོར་བ་དང་ལྡན་པ་ནི། མེ་ལྟ་བུ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མི་མཐུན་ཕྱོགས་ཀྱི་སྒྲིབ་པའི་བུད་ཤིང་བསྲེག་པར་བྱེད་པས་སོ། །སྦྱིན་པའི་ཕར་ཕྱིན་དང་ལྡན་པ་ནི། གཏེར་ཆེན་པོ་ལྟ་བུ་སྟེ། ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སོ། །ཚུལ་ཁྲིམས་དང་ལྡན་པ་ནི། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་ཡིན་པས་སོ། །བཟོད་པ་དང་ལྡན་པ་ནི། རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མི་འདོད་པ་ཐམས་ཅད་ཐོག་དུ་བབ་པས་རྒྱུད་མི་འཁྲུགས་པས་སོ། །བརྩོན་འགྲུས་དང་ལྡན་པ་ནི། རྡོ་རྗེ་ལྟ་བུ་སྟེ། ལས་འབྲས་ལ་ཡིད་ཆེས་པ་བརྟན་པས་བདུད་ལས་ཀྱིས་མི་ཕྱེད་པས་སོ། །བསམ་གཏན་དང་ལྡན་པ་ནི། རིའི་རྒྱལ་པོ་ལྟ་བུ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པས་སོ། །ཤེར་ཕྱིན་དང་ལྡན་པ་ནི། སྨན་ལྟ་བུ་སྟེ། སྡུག་བསྔལ་བསྐྱེད་པས་ནད་དང་འདྲ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་ཞི་བར་བྱེད་པས་སོ། །ཐབས་ལ་མཁས་པ་དང་ལྡན་པ་ནི། དགེ་བའི་བཤེས་གཉེན་ལྟ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བས་སོ། །སྨོན་ལམ་དང་ལྡན་པ་ནི། ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པས་སོ། །སྟོབས་དང་ལྡན་པ་ནི། ཉི་མ་ལྟ་བུ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིས་སྐལ་བ་དང་འཚམ་པར་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པས་སོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི། ཆོས་ཀྱི་སྒྲ་དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པས་སོ། །མངོན་པར་ཤེས་པ་དྲུག་དང་ལྡན་པ་ནི། རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། མངོན་ཤེས་ཀྱི་སྒོ་ནས་གཞན་དོན་བྱེད་པའི་མཐུ་ཐོགས་པ་མེད་པ་ཐོབ་པས་གཞན་གྱི་དོན་བསྒྲུབ་པས་སོ། །བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི། བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཡིན་པས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི། ལམ་པོ་ཆེ་ལྟ་བུ་སྟེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་ཉིད་ཀྱིས་སོ། །སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་ནི། བཞོན་པ་བཟང་པོ་ལྟ་བུ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྟུང་བས་མི་གནས་པའི་མྱང་འདས་སུ་བདེ་བླག་ཏུ་འགྲོ་བར་བྱེད་པས་སོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི། བཀོད་མའི་ཆུ་ལྟ་བུ་སྟེ། གཟུངས་ཀྱིས་སྔར་ཐོས་པ་དང༌། མ་ཐོས་པའི་ཆོས་འཛིན་པས་མི་ཟད་པས་སོ། །ཆོས་ཀྱི་སྡོམ་བཞི་འཆད་པའི་དགའ་སྟོན་དང་ལྡན་པ་ནི། ཆོས་ཀྱི་སྒྲ་སྙན་སྟོན་པ་ལྷའི་རྔ་བོ་ཆེ་ལྟ་བུ་སྟེ། ཐར་བ་འདོད་པའི་གདུལ་བྱ་ལ་ཆོས་ཀྱི་སྡོམ་བཞི་སྙན་པར་སྒྲོགས་པས་སོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། ཆུ་བོའི་རྒྱུན་ལྟ་བུ་སྟེ། ཐབས་ཤེས་གཉིས་ཀྱིས་གཞན་གྱི་དོན་བྱ་བ་ཐ་མ་དད་པས་སོ། །བགྲོད་པ་གཅིག་པ་ནི། རང་དོན་དང་གཞན་དོན་ཐ་མི་དད་དུ་འཇུག་པའམ། མཉམ་རྗེས་དམིགས་རྣམས་མཚུངས་པར་འཇུག་པའོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི། སྤྲིན་ལྟ་བུ་སྟེ། སྤྲུལ་པའི་སྐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་སོ། །གཉིས་པ་ནི། དེ་ཡང་ས་གསེར་ཟླ་བ་མེ་ཞེས་བྱ་བ་ལ་སོགས་པས་ནི། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བཤད་པ་ཡིན་ཏེ། དཔེའི་སྒོ་ནས་འདུན་པ་དང་ལྡན་པ་སོགས་ཀྱི་སེམས་བསྐྱེད་རྣམས་འཕངས་པ་དེ་ལྟར་ནའོ། །བཞི་པ་ས་མཚམས་ལ་དངོས་དང༌། དོན་བསྡུ་བ་གཉིས། དངོས་ནི། སེམས་བསྐྱེད་ཉི་ཤུ་རྩ་གཉིས་གསུངས་པ་དེ་ལ་འདུན་ལྡན་སོགས་དང་པོ་གསུམ་ནི། ལས་དང་པོ་པའི་སས་བསྡུས་ཏེ། རིམ་པ་ལྟར་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གྱི་རང་བཞིན་ཡིན་པ་ཉིད་ཀྱིས་སོ། །དེའི་འོག་ཏུ་སྦྱོར་བ་དང་ལྡན་པ་གཅིག་ནི། ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་ཏེ། མོས་པས་སྤྱོད་པའི་སྤྱོད་ཡུལ་ཅན་ཡིན་པས་སོ། །དེའི་འོག་ཏུ་སྦྱིན་པ་ནས་ཡེ་ཤེས་དང་ལྡན་པའི་བར་བཅུ་ནི། རིམ་པ་ལྟར་རབ་ཏུ་དགའ་བ་ལ་སོགས་པས་བཅུས་བསྡུས་ཏེ། དང་པོ་མཐོང་ལམ་དང༌། ལྷག་མ་རྣམས་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་པས་སོ། །དེའི་འོག་ཏུ་མངོན་ཤེས་དང་ལྡན་པ་ནས་གཟུངས་སྤོབས་དང་ལྡན་པའི་བར་ལྔ་ནི། ཁྱད་པར་གྱི་ལམ་གྱིས་བསྡུས་ཏེ། དག་པ་སའི་སྤྱོད་ཡུལ་ཅན་ཡིན་པས་སོ། །དེའི་འོག་ཏུ་སེམས་བསྐྱེད་པ་ཐ་མ་གསུམ་ནི། སངས་རྒྱས་ཀྱི་སས་བསྡུས་ཏེ། རིམ་པ་ལྟར་སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་བའི་ལམ་རྡོ་རྗེ་ལྟ་བུ་དང༌། དངོས་གཞི་མཉམ་གཞག་དང༌། འཇུག་རྗེས་ཐོབ་ཀྱིས་བསྡུས་པས་སོ། །མདོའི་དངོས་བསྟན་ལ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་བྱང་སེམས་ལ་གསུངས་པ་དང་མཐུན་པར་བཤད་ན། འདིར་སངས་རྒྱས་ཀྱི་ས་ནི་ས་བཅུ་པ་ལ་འདོད་དགོས་ལ། འོན་ཀྱང་འགྲེལ་ཆེན་དུ་རྒྱུའི་དབྱེ་བ་ཙམ་གྱིས་ནི། དེའི་དབྱེ་བ་ཐམས་ཅད་བྱས་པར་མི་འགྱུར་བས་དབྱེ་བ་རྫོགས་པར་མི་འགྱུར་རོ་ཞེས་པ་ལྟར་ན། འབྲས་བུའི་སེམས་བསྐྱེད་ཀྱང་སེམས་བསྐྱེད་ཀྱི་དབྱེ་བར་མ་བཀོད་ན། སེམས་བསྐྱེད་ཀྱི་དབྱེ་བ་མ་ཚང་ཞེས་པའི་དོན་ཡིན་པས། འབྲས་བུས་བསྡུས་པའང་སེམས་བསྐྱེད་ཀྱི་དབྱེ་བར་འདོད་པར་མངོན་ནོ། །གཞན་དག་ལུང་འདིས་ཐ་མ་གཉིས་འབྲས་བུར་བསྟན་གྱི། སེམས་བསྐྱེད་མི་སྟོན་པར་སྨྲ་བ་ནི་ལུང་དོན་ལ་མ་བརྟགས་པ་ཡིན་ནོ། །གཉིས་པ་ནི། སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི། ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ཏེ། ཚོགས་ལམ་ནས་སངས་རྒྱས་ཀྱི་རྗེས་ཐོབ་ཀྱི་བར་དུ་ཡོད་པར་བསྟན་པ་དེ་ལྟར་ནའོ། །གཉིས་པ་སྒྲུབ་པ་ལ་འཇུག་པའི་ཚུལ་ལ། སྒྲུབ་པའི་ཐབས་སྟོན་པ་གདམས་ངག ཐོབ་བྱ་སྒྲུབ་པའི་འབྲས་བུ། འཇུག་བྱ་སྒྲུབ་པའི་ཆོས་སོ། །དང་པོ་ལ་སྤྱི་གཞུང་གཉིས་སོ། །དང་པོ་ལ། ཡུལ་གང་ལ་གང་གིས་ཉན་པ། དུས་གང་གི་ཚེ་ཉན་པ། ཉན་པར་བྱ་བའི་གདམས་ངག་གོ །དང་པོ་ལ་ཐ་མལ་པ་དག་གིས་དགེ་བའི་བཤེས་གཉེན་ཙམ་དང༌། ལམ་ཞུགས་དང་ཉན་རང་རྣམས་ཀྱིས་མཆོག་གི་སྤྲུལ་སྐུ་དང༌། བྱང་སེམས་འཕགས་པ་རྣམས་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཉན་ནོ། །འདི་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཀྱི་སོ་སོར་ངེས་པ་ནི་མ་ཡིན་ཏེ། ཐ་མལ་པས་ཀྱང་མཆོག་གི་སྤྲུལ་སྐུ་ལ་དངོས་སུ་ཉན་པ་ཡོད་པས་སོ། །བར་ཆད་མེད་པའི་ལམ་ལ་གནས་པ་ནི་ཉན་པ་པོ་མིན་ཏེ། སློབ་དཔོན་གཞན་ལ་ལྟོས་པ་མེད་པའི་ཕྱིར་ཏེ། རང་བྱུང་གི་ཡེ་ཤེས་དངོས་སུ་སྐྱེད་ནུས་ཡིན་པའི་ཕྱིར། གཙོ་བོར་སེམས་དང་པོ་ལ་སོགས་པ་བསྐྱེད་པ་སྟེ། ཐེག་ཆེན་གྱི་སེམས་བསྐྱེད་དང་ལྡན་པས་གདམས་ངག་གི་དོན་ཉམས་སུ་ལེན་པའི་སྣོད་ཁྱད་པར་ཅན་དུ་གྱུར་པའི་ཕྱིར། གཉིས་པ་ལ། མཁས་པ་དུ་མས་ཐེག་ཆེན་ཐུན་མོང་མ་ཡིན་པའི་གདམས་ངག་ནི། ཚོགས་ལམ་ཆེན་པོ་ཡན་ཆད་ནས་ཉན་པ་ཡིན་ཏེ། འདི་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་ཏེ། རྒྱན་ལས། དེའི་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུངས་པས་སོ། །ཞེས་འདོད་དོ། །མི་འཐད་དེ་གང་ཟག་གཞན་ལ་ཉན་པ་ལའང་མི་དགོས་ཤིང༌། དེ་བཞིན་གཤེགས་པ་ལ་དངོས་སུ་ཉན་པ་ལའང་མི་དགོས་པའི་ཕྱིར་ཏེ། ལམ་ཤེས་ཀྱི་མདོར། ལྷའི་བུ་དུ་མས་གསར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཤེར་ཕྱིན་གྱི་གདམས་ངག་ནོད་པར་གསུང་པའི་ཕྱིར། དེས་ན་རྒྱན་གྱི་དོན་ནི། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་ལ་ཉན་པའི་དབང་དུ་བྱས་ཏེ། དེ་ལ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཞིང་ཁམས་གཞན་དུ་བགྲོད་དགོས་པའི་ཕྱིར་རོ། །ཆོས་རྒྱུན་གྱི་ཏིང་ངེ་འཛིན་ནི། གང་ལ་བརྟེན་ནས་སངས་རྒྱས་ལ་ཆོས་ཐོས་པ་དང༌། ཇི་ལྟར་ཐོས་པའི་ཚིག་དོན་མི་བརྗེད་པར་འཛིན་ནུས་པའི་ཏིང་ངེ་འཛིན་དུ་འགྲེལ་ཆེན་ལས་བཤད་དོ། །གསུམ་པ་ལ་ངོ་བོ་དང༌། དབྱེ་བའོ། །དང་པོ་ལ། འགའ་ཞིག་གདམས་པ་ལྟར་ཉམས་སུ་ལེན་པའང་གདམས་ངག་ཡིན་པས་ངག་ཁོ་ནར་མ་ངེས་སོ། །གཞན་དུ་ན་རང་སངས་རྒྱས་ལ་གདམས་ངག་སྟོན་པ་མེད་པར་འགྱུར་ཏེ། སྒྲ་བཅས་ཀྱི་ཆོས་སྟོན་པ་མེད་པའི་ཕྱིར་ཞེས་འདོད་དོ། །མི་རིགས་ཏེ། གདམས་ངག་གི་ངོ་བོ་ངག་ཁོ་ནར་གསུངས་པའི་ཕྱིར་ཏེ། འཇུག་པའི་འགྲེལ་བཤད་ལས། ཁོང་དུ་ཆུད་པའི་ཆེད་དུ་ཆོས་སྟོན་པ་ནི་གདམས་ངག་གོ་ཞེས་པ་དང༌། ཇོ་བོ་རྗེས། ངོ་བོ་ངག་གི་འཁོར་ལོར་བཞེད། །ཅེས་དང༌། འདིར་ཡང་ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་ཞེས་པས་སོ། །གཞན་ཡང་ཉམས་ལེན་ལ་ནི། གདམས་ངག་གི་སྒྲ་དོན་མེད་པའི་ཕྱིར་རོ། །བྱང་ཆུབ་ཐོབ་པའི་ཐབས་ཙམ་གྱིས་གདམས་ངག་ཏུ་འགྱུར་ན་ནི། དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ཡང་དེར་འགྱུར་རོ། །དེས་ན་འདི་ནི་གདམས་ངག་གི་འབྲས་བུ་ལ་གདམས་ངག་ཏུ་བཏགས་པ་ཙམ་མོ། །རང་སངས་རྒྱས་ཀྱིས་གདམས་ངག་སྟོན་པར་གསུངས་པའང༌། ལུས་ལ་བརྟེན་ནས་ཕ་རོལ་པོས་ཇི་ལྟར་ཉན་པར་འདོད་པའི་རྟོགས་པ་སྐྱེ་བས་གདམས་ངག་སྟོན་པའི་བྱེད་ལས་ཡོད་པ་ཙམ་ལ་དགོངས་སོ། །གཉིས་པ་དབྱེ་བ་ནི། དགོས་པའི་སྒོ་ནས་གདམས་པ་དང་རྗེས་བསྟན་གཉིས་ཡིན་ལ། འདི་གཉིས་ཀྱི་ཁྱད་པར་ནི། འགྲེལ་ཆེན་ལས། བསམ་པའི་སྐབས་སུ་བཟུང་བའི་དོན་མི་བརྗེད་པའི་ཆེད་དུ་གདམས་པ་དང༌། བསྒོམ་པའི་སྐབས་སུ་སྔར་མེད་ཀྱི་རྟོགས་པ་བསྐྱེད་པའི་ཆེད་དུ་རྗེས་བསྟན་ནོ་ཞེས་སོ། །གཞུང་འདིར་འབྱུང་བ་ནི་འོག་ཏུ་སྟོན་ནོ། །ཡུལ་གྱི་སྒོ་ནས་བཅུ་སྟེ་གཞུང་གིས་སྟོན་ནོ། །གཉིས་པ་ལ་གདམས་ངག་བཅུ་སྤྱིར་བསྟན་པ། དགེ་འདུན་དཀོན་མཆོག་བྱེ་བྲག་དུ་བཤད་པའོ། །དང་པོ་ལ་གསུམ་ལས་མཚམས་སྦྱར་བ་ནི། སེམས་བསྐྱེད་ཀྱི་ངོ་བོའི་ཞར་ལ་དབྱེ་བ་བརྗོད་ནས་གདམས་ངག་བསྟན་ཏེ། ངོ་བོ་ནི་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པས་འདོམས་པའོ། །གང་གིས་ཉན་ན། བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པས་སོ། །དུས་ནི་གདམས་ངག་དོན་དུ་གཉེར་བར་བྱེད་པའི་དུས་ཇི་ལྟ་བ་བཞིན་དུ་སྟེ་དེའི་ཚེའོ། །དགོས་པ་ལ་གཉིས་ལས་གདམས་པའི་དགོས་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དེས་འཕངས་པའི་ཆོས་སེམས་བསྐྱེད་ཀྱི་དབྱེ་བས་འཕངས་པའི་ཡོན་ཏན་རྣམས་འགྲུབ་པར་བྱ་བའི་ཕྱིར་ཡིན་ནོ། །རྗེས་བསྟན་གྱི་དགོས་པ་ནི། སྔར་ཡོན་ཏན་ཐོབ་ཟིན་པ་རྣམས་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་གྱིས་གོང་ནས་གོང་དུ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ཡིན་ནོ། །རྩ་བ་ནི། གདམས་ངག་ནི་བཅུའི་བདག་ཉིད་དུ་ཤེས་པར་བྱའོ། །བཅུ་པོའང་གསུམ་དུ་འདུས་ཏེ། གང་གིས་སྒྲོ་འདོགས་གཅོད་པ་སྒྲུབ་པ། གང་ལ་སྒྲོ་འདོགས་གཅོད་པ་སྒྲུབ་པའི་དམིགས་ཡུལ། གང་གིས་ཁྱད་པར་དུ་བྱེད་པ་སྒྲུབ་པའི་ཁྱད་ཆོས་སོ། །གསུམ་པ་ལ་བཞི་སྟེ། སྒྲུབ་པའི་རྟེན་དཀོན་མཆོག་གསུམ། སྒྲུབ་པའི་མི་མཐུན་ཕྱོགས་སེལ་བ་བརྩོན་འགྲུས། སྒྲུབ་པའི་ཡོན་ཏན་སྤྱན་དང་མངོན་ཤེས། སྒྲུབ་པ་མཐར་ཐུག་པའི་རྒྱུ་མཐོང་སྒོམ་ལ་འདོམས་པའོ། །གོ་རིམ་ནི་ཡུལ་ཅན་སྒྲུབ་པས་ཡུལ་བདེན་བཞི་ལ་དམིགས་ཏེ། དཀོན་མཆོག་གསུམ་ལ་བརྟེན་ཅིང་བརྩོན་འགྲུས་བརྩམས་ནས། མི་མཐུན་ཕྱོགས་བསལ་ཏེ་ཡོན་ཏན་རྒྱུད་མཐོང་བར་བྱས་ནས། སྒྲིབ་གཉིས་སྤང་བའི་ཕྱིར་དུ་མཐོང་སྒོམ་ལ་རིམ་པ་ལྟར་འཇུག་པས་བཅུ་པོ་རིམ་པ་ལྟར་བསྟན་ཏོ། །འགྲེལ་བ་ལ། སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། སྒྲུབ་པའི་ངོ་བོ། སྒྲུབ་པའི་དམིགས་པ། སྒྲུབ་པ་ཁྱད་པར་དུ་འགྲོ་བའི་ཆོས་སོ། །དང་པོ་ནི། འདོམས་སོ། །གང་ལ་ན་ཤེར་ཕྱིན་གྱི་སྒྲུབ་པ་ལའོ། །ཇི་ལྟར་ན། མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་སློབ་པའི་ཚུལ་གྱིས་སོ། །གང་ལ་འཇུག་ཅེ་ན། ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་དང༌། དེས་འཕངས་པའི་ཆོས་འཕེལ་བར་བྱེད་པ་སྒྲུབ་པ་ལའོ། །སྒྲུབ་པའང་ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པ་སྟེ། ཤེས་རབ་ཀྱི་ཁྱད་པར་ནི་ཀུན་རྫོབ་རྟོགས་པའི་བློ་ནི། སྣང་ཙམ་ལ་སྐུར་པ་མི་འདེབས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་སྟེ། མདོ་ལས་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་སོགས་ཀྱིས་བསྟན་ནོ། །དོན་དམ་རྟོགས་པའི་བློ་ནི། བདེན་པར་ཡོད་ཅེས་སྒྲོ་མི་འདོགས་པས་དོན་དམ་པའི་བདེན་པ་ལས་མི་འདའ་བ་སྟེ། བརྒྱད་སྟོང་པ་ལས། ཡུམ་ཞེས་བགྱི་པའི་ཆོས་དང༌། སེམས་དཔའ་ཞེས་བགྱི་པའི་ཆོས་བདག་གིས་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་པས་བསྟན་ནོ། །ཐབས་ཀྱི་ཁྱད་པར་ནི། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་བསམ་པ་སེམས་བསྐྱེད་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས། འབྲས་བུ་ཆོས་སྐུའི་ཆེད་དུ་འབད་པའོ། །བདེན་པ་གཉིས་གང་ཞེ་ན། འདི་ལ་སོ་སོར་བཤད་པ་དང༌། དེ་ལས་མི་འདའ་བའི་ཚུལ་ལོ། །དང་པོ་ལ། དབྱེ་གཞི་ནི་རྟེན་འབྲེལ་ཙམ་མོ། །དབྱེ་ན་སྣ་ཚོགས་སུ་སྣང་བ་ཀུན་རྫོབ་བདེན་པ་དང༌། གནས་ཚུལ་དོན་དམ་པའི་བདེན་པ་གཉིས་ཏེ། སྣང་ཚུལ་ལ་འཇུག་པའི་དང༌། གནས་ཚུལ་ལ་འཇུག་པའི་བློའོ་དབྱེ་དབྱེ་བས་སོ། །དང་པོ་ལ་སྒྲ་དོན་ནི། ཡུལ་དང༌། ཡུལ་ཅན་གཉིས་ལས། དང་པོ་ནི། རྣམ་པར་དཔྱད་པའི་དཔུང་མི་བཟོད་པ་ཡིན་ལ། གཉིས་པ་ནི། སྒྲིབ་པར་བྱེད་པ་ལ་བཤད་དེ། བདེན་གཉིས་ལས། གང་ཞིག་གིས་ནི་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །དབྱེ་བ་ལ། ཡང་དག་དང༌། ལོག་པའི་ཀུན་རྫོབ་བདེན་པ་གཉིས་སོ། །དང་པོ་ནི། སྣང་བ་ལྟར་དོན་བྱེད་ནུས་པ་ཡིན་ལ། གཉིས་པ་ནི། སྣང་བ་ལྟར་དོན་བྱེད་མི་ནུས་པའོ། །འདིར་ཡང་ལོག་གི་ཁྱད་པར་ནི། འཇིག་རྟེན་ན་མི་སླུ་བ་དང་སླུ་བར་གྲགས་པ་ལ་བཞག་ལ། བདེན་པ་ནི་ཡུལ་ཅན་གྱི་བློ་དེ་ཉིད་ལ་སྣང་ཚུལ་ལོ། །གཞན་དག་ལོག་པའི་ཀུན་རྫོབ་ལ་བདེན་པ་ཞེས་མི་སྦྱོར་བར་སྨྲ་བ་ནི། བདེན་གཉིས་ཀྱི་འགྲེལ་བཤད་མ་མཐོང་བར་ཟད་དོ། །དོན་དམ་བདེན་པ་ལ་སྒྲ་དོན་ནི། དོན་དམ་ནི་རིགས་ཤེས་དང་བསྒོམ་བྱུང་གི་བློའོ། །དེའི་ཡུལ་དུ་རིགས་པ་གཞན་གྱིས་གནོད་མེད་དུ་གནས་པས་ན་བདེན་པའོ། །རིགས་ཤེས་ནི་རྗེས་དཔག་སྟེ། གཏན་ལ་འབེབས་པར་བྱེད་པ་ཡིན་ནོ། །གཉིས་པ་ལ། གཏན་ལ་ཕབ་པའི་དོན་དོན་སྤྱིའི་ཚུལ་གྱིས་གོམས་པར་བྱེད་པ་རྗེས་མཐུན་པ་དང༌། གཏན་ལ་ཕབ་པའི་དོན་གོམས་པར་བྱས་པས་མངོན་དུ་གྱུར་པ་འཕགས་པའི་ཡེ་ཤེས་གཉིས་སོ། །སྐྱེ་བའི་ཚུལ་ནི། དང་པོར་དཔྱོད་པར་འདོད་པ་དང༌། བར་དུ་རྣམ་པར་དཔྱོད་པ་དང༌། ཐ་མར་དཔྱད་པའི་དོན་ལ་ངེས་པ་རྙེད་ནས་མཉམ་པར་འཇོག་པའོ། །གཉིས་པ་མི་འདའ་བའི་ཚུལ་ནི། ཀུན་རྫོབ་ཏུ་སྣང་ཙམ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དང༌། དོན་དམ་སྤྲོས་བྲལ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་སོག་པར་བྱེད་པ་ཡིན་ནོ། །སྒྲུབ་པའི་དམིགས་པ་ལ་སྤྱི་གཞུང་གཉིས་སོ། །དང་པོ་ལ། བདེན་པ་སོ་སོའི་རང་བཞིན། གྲངས་ངེས། གོ་རིམ། འཇུག་ཚུལ་ལོ། །དང་པོ་ལ་བཞི་ལས། སྡུག་བདེན་ལ་མཚན་གཞི་དང༌། མཚན་ཉིད་གཉིས་སོ། །དང་པོ་ནི། ལས་ཉོན་གྱི་རྣམ་སྨིན་གྱི་འབྲས་བུ་སེམས་ཅན་གྱི་རྒྱུད་ཀྱི་ཕུང་པོ་དང༌། བདག་པོའི་འབྲས་བུ་སྣོད་ཀྱི་འཇིག་རྟེན་ནོ། །ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ་ཞེས་སོ། །མཚན་ཉིད་ནི། མི་རྟག་ལ་སོགས་བཞི་སྟེ། འཇིག་ཅིང་རབ་ཏུ་འཇིག་པས་ན་མི་རྟག་པ་དང༌། གནོད་པའི་བདག་ཉིད་ཡིན་པས་ན་སྡུག་བསྔལ་དང༌། དོན་གཞན་གྱི་བདག་གིས་སྟོང་པས་ན་སྟོང་པ་དང༌། ངོ་བོར་གྱུར་པའི་བདག་མེད་པས་ན་བདག་མེད་པའོ། །དེ་ལ་སྡུག་བསྔལ་ནི། སྡུག་བདེན་ཁོ་ནའི་ཆོས་ཡིན་པས་རང་གི་མཚན་ཉིད་ཡིན་ལ། མི་རྟག་སོགས་ལྷག་མ་གསུམ་ནི། བདེན་པ་གཞན་རྣམས་ལའང་རྗེས་སུ་འགྲོ་བས་སྤྱིའི་མཚན་ཉིད་དོ། །རང་སྤྱི་གཉིས་ཀྱི་སྒོ་ནས་བསྟན་པ་ནི། ཕྱིན་ཅི་ལོག་བཞི་བསལ་བའི་ཕྱིར་དུ་རང་སྤྱི་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པས་སོ། །བདེན་པ་གཞན་གསུམ་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་གྱི། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ཏེ། སྤྱིའི་སྒོ་ནས་ལོག་པར་ཞུགས་པ་མེད་པའི་ཕྱིར། ཇི་ལྟར་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་ཞེ་ན། མི་རྟག་པ་ནི་རྟག་འཛིན་གྱི་གཉེན་པོ་སྟེ། མི་རྟག་པ་རྟོགས་པས་ནི་རྟག་འཛིན་ལྡོག་པའི་ཕྱིར། སྡུག་བསྔལ་ནི་གཙང་བ་དང་བདེ་བར་འཛིན་པའི་གཉེན་པོ་སྟེ། གཉིས་པོ་སུན་འབྱིན་པའི་རྣམ་པར་ཞུགས་པའི་ཕྱིར། སྟོང་བདག་མེད་གཉིས་ནི། བདག་དང་བདག་གིར་འཛིན་པའི་གཉེན་པོ་སྟེ། བདག་མེད་རྟོགས་པས་འཇིག་ལྟ་ལྡོག་པའི་ཕྱིར། བདེན་པ་གཞན་གསུམ་ཡང་ཤེས་བྱ་མ་ཡིན་ནམ། ཅིའི་ཕྱིར་སྡུག་བསྔལ་ཁོ་ན་ཤེས་བྱར་བསྟན་ཅེ་ན། སྡུག་བསྔལ་ཤེས་པ་ནི་བདེན་པ་གཞན་གསུམ་ལ་བླང་དོར་བྱ་བའི་སྒོ་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་ཤེས་པ་ལས་སྤོང་འདོད་ཀྱི་བློ་སྐྱེ་ལ། དེ་ལ་བརྟེན་ནས་གཞན་གསུམ་གྱི་བླང་དོར་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ཀུན་འབྱུང་ལ་མཚན་གཞི་ནི། ཉོན་མོངས་དང་དེའི་དབང་གིས་བྱུང་བའི་ལས་ཏེ། ཉོན་མོངས་ཀྱིས་སྡུག་བསྔལ་གྱི་རྐྱེན་དང༌། ལས་ཀྱིས་རྒྱུ་བྱེད་པས་སོ། །མཚན་ཉིད་ནི་བཞི་སྟེ། ཡང་སྲིད་ཀྱི་བག་ཆགས་འཇོག་པས་རྒྱུ་དང༌། བཞག་པ་དང་མཐུན་པར་སེམས་རིགས་མཐུན་འབྱུང་བར་བྱེད་པས་ན་ཀུན་འབྱུང༌། འགྲོ་བ་ཐ་དད་པ་དང་སྐྱེ་གནས་ཐ་དད་པར་འབྱེད་པར་བྱེད་པས་ན་རབ་སྐྱེ། ལུས་ཐོབ་པ་འདོར་བ་དང་མ་ཐོབ་པ་ལེན་པར་བྱེད་པས་ན་རྐྱེན་ནོ། །བཞི་པོ་ཀུན་འབྱུང་གི་མཚན་ཉིད་དུ་བསྟན་པ་ནི། ཉེས་དམིགས་བསྟན་པས་སྤང་བྱར་ཤེས་པའི་དོན་ནོ། །སྡུག་བསྔལ་ཡང་སྤང་བྱ་མིན་ནམ། ཅིའི་ཕྱིར་ཀུན་འབྱུང་ཁོ་ན་སྤང་བྱར་བསྟན་ཅེ་ན། རྒྱུ་ཉོན་མོངས་མ་སྤངས་པར་སྡུག་བསྔལ་སྤོང་ནུས་པ་མ་ཡིན་ཏེ། རྒྱུ་ཡོད་ན་སླར་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་ཀུན་ཏུ་འབྱུང་བའི་ཕྱིར། དེ་བས་ན་རྒྱུའི་སྒོ་ནས་སྤང་དགོས་པས་ཀུན་འབྱུང་ཁོ་ན་སྤང་བྱར་བསྟན་ཏོ། །འགོག་བདེན་ལ་མཚན་གཞི་ནི། དགག་གཞི་དེ་བཞིན་ཉིད་ལ་ཟག་མེད་ཀྱི་ཤེས་རབ་ཀྱིས་སྤང་བྱ་ཉོན་མོངས་བཀག་པའི་འགོག་པ་སྟེ། གང་དུ་འགོག་ན། དེ་བཞིན་ཉིད་ཀྱི་སྟེང་དུའོ། །གང་གིས་ན་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་སོ། །གང་ན་ཆགས་སོགས་ཉོན་མོངས་པའོ། །འགོག་པའི་རང་བཞིན་ནི། ཉོན་མོངས་དང་བྲལ་བའི་མེད་དགག་གི་ཆའོ། །དེ་བཞིན་ཉིད་ལའང༌། སེམས་ཙམ་པ་རྣམས་སེམས་ཀྱི་རང་བཞིན་འོད་གསལ་བ་མ་ཡིན་དགག་གི་ཆ་དང༌། དེ་གཟུང་འཛིན་གཉིས་ཀྱིས་སྟོང་པ་མེད་དགག་གི་ཆ་གཉིས་ལས། དང་པོ་ཁོ་ནར་དགག་གཞིར་འདོད་ཀྱི། ཕྱི་མ་ནི་མ་ཡིན་ཏེ། ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པ་དེ་ཉིད་ལམ་གྱིས་རྣམ་པར་བྱང་བར་བྱེད་པ་ཡིན་ལ། ཆོས་ཉིད་འདུས་མ་བྱས་ལ་འཆིང་གྲོལ་མི་རུང་བའི་ཕྱིར། དེ་ཉིད་མ་དག་པའི་གནས་སྐབས་ལ་རང་བཞིན་རྣམ་དག་དང༌། དག་པའི་གནས་སྐབས་ལ་ནི་དྲི་མས་རྣམ་པར་དག་པ་ཞེས་བརྗོད་པས་ན། ཆོས་ཅན་འོད་གསལ་དེ་ཉིད་དགག་གཞིར་རིགས་སོ་ཞེས་འདོད་དོ། །རང་བཞིན་གྱིས་རྣམ་པར་དག་པའི་ལྡོག་པ་ཉེ་བར་བཟུང་ན་གཉིས་ཀའང་ཀུན་ནས་ཉོན་མོངས་པར་མ་གྱུར་བར་མཚུངས་ལ། དྲི་མ་དང་ནི་གཉིས་ཀའང་ལྡན་པར་མཚུངས་པའི་ཕྱིར་དང༌། སེམས་ཀྱི་ཆོས་ཉིད་དྲི་མ་དང་བྲལ་ན་འགོག་བདེན་ཐོབ་པའི་ཐ་སྙད་ཀྱང་བྱེད་པའི་ཕྱིར་གཉིས་ཀ་ཡང་དག་གཞིར་རིགས་སོ། །གཞིའི་དུས་སུ་ཆོས་ཅན་དང་ཆོས་ཉིད་འོད་གསལ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལྟར་འབྲས་བུའི་གནས་སྐབས་སུ་དག་གཞི་དང་དྲི་བྲལ་གཉིས་ཀྱང་དེ་བཞིན་ནོ། །གཉིས་པ་མཚན་ཉིད་ནི་བཞི་སྟེ། དེ་ལ་ཉོན་མོངས་སྤངས་པས་འགོག་པ། སྡུག་བསྔལ་སྤངས་པས་ཞི་བ། དེ་བས་ལྷག་པའི་འདོད་བྱ་མེད་པས་གྱ་ནོམ། སླར་མི་ལྡོག་པས་ངེས་པར་འབྱུང་བའོ། །ཅིའི་ཕྱིར་འགོག་པ་སོགས་བཞི་མཚན་ཉིད་དུ་བསྟན་ཅེ་ན། མངོན་དུ་བྱ་བར་བསྟན་པའི་ཆེད་དུ་སྟེ། འགོག་པ་སོགས་ཀྱི་ཕན་ཡོན་མཐོང་བ་ན། མངོན་དུ་བྱེད་པ་ལ་འཇུག་པའི་ཕྱིར་རོ། །མངོན་དུ་བྱས་པའི་དོན་ནི། ལམ་བདེན་ལ་བརྟེན་ནས་དག་གཞི་ཉོན་མོངས་པ་དང་བྲལ་པ་ཐོབ་པ་ཙམ་ལ་བརྗོད་དོ། །མེད་པར་དགག་པ་ཡིན་ན་ཇི་ལྟར་ལམ་གྱིས་སྒྲུབ་པར་བྱེད་ཅེ་ན། འགོག་པའི་ངོ་བོ་ལ་ལམ་གྱིས་ཁྱད་པར་དུ་བྱར་མེད་མོད་ཀྱི། འོན་ཀྱང་སེམས་སྐད་ཅིག་སྔ་མའི་ཉེར་ལེན་དང་ལམ་གྱི་ལྷན་ཅིག་བྱེད་རྐྱེན་ལས། སེམས་ཀྱི་སྐད་ཅིག་ཕྱི་མ་ཉོན་མོངས་པ་དང་བྲལ་བར་སྐྱེས་པ་ཙམ་ལ་ལམ་གྱིས་འགོག་པ་བྱས་སོ་ཞེས་བཏགས་ཏེ། ཐོ་བའི་རྐྱེན་གྱིས་གྱོ་མོའི་གནས་སྐབས་སྐྱེས་པ་ཙམ་ལ་བུམ་པ་མེད་པར་བྱས་སོ་ཞེས་བརྗོད་པ་བཞིན་ནོ། །བྱེ་བྲག་སྨྲ་བའང་འགོག་བདེན་གྱི་ངོ་བོ་བསྐྱེད་པ་མི་འདོད་ཀྱི། ཐོབ་པ་རྒྱུད་ལ་བསྐྱེད་པ་ཙམ་ལ་ལམ་གྱི་འབྲས་བུར་འདོད་དོ། །གཞན་དག་འདུས་མ་བྱས་ལ་སྔར་མེད་པ་ཕྱིས་ཡོད་པ་མི་འཐད་པས་ན། འགོག་བདེན་གྱི་ངོ་བོ་ནི། དག་མ་དག་གི་གནས་སྐབས་ཀུན་ལ་ཡོད་ལ། འོན་ཀྱང་སྒྲིབ་པས་བསྒྲིབས་པས་མ་མཐོང་བ་ཡིན་ནོ་ཞེས་ཟེར་བ་མི་རིགས་ཏེ། འགོག་བདེན་ནི། ལམ་གྱིས་ཉོན་མོངས་པ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་དང༌། རང་བཞིན་རྣམ་དག་ནི་གཞི་དང་འབྲས་བུ་ཀུན་ཏུ་ལམ་བདེན་གྱི་བྲལ་འབྲས་སུ་མི་རུང་བའི་ཕྱིར་རོ། །ལམ་བདེན་ལའང་མཚན་ཉིད་ནི། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་སོགས་བདེན་པ་བཞི་ལ་རང་རང་དང་རྗེས་སུ་མཐུན་པའི་བྱ་བ་བྱེད་པ་སྟེ། འཁོར་དང་བཅས་པའི་དབང་དུ་བྱས་ན་ལམ་ལྔའོ། །ཡང་ན་བདག་མེད་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །མཚན་ཉིད་ནི་བཞི་ལས། ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པས་ན་ལམ། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པས་ན་སྒྲུབ་པ། སྒྲིབ་པའི་གཉེན་པོར་བྱེད་པས་རིགས་པ། ཐར་པའི་གནས་སུ་ངེས་པར་འབྱིན་པར་བྱེད་པས་ངེས་འབྱིན་ནོ། །ཅིའི་ཕྱིར་ལམ་སོགས་བཞི་མཚན་ཉིད་དུ་བསྟན་ཅེ་ན། སྨན་བཟང་པོ་ལྟར་རྒྱུད་ལ་བསྟེན་བྱར་ཤེས་པའི་དོན་ནོ། །བདེན་པ་གཞན་རྣམས་ཀྱང་མི་རྟག་སོགས་ཀྱི་རྣམ་པའི་སྒོ་ནས་བསྒོམ་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་ལམ་བདེན་ཁོ་ན་བསྒོམ་བྱར་བསྟན་ཅེ་ན། སྡུག་བསྔལ་ཤེས། ཀུན་འབྱུང་སྤོང༌། འགོག་པ་མངོན་དུ་བྱེད་པ་ཐམས་ཅད། ལམ་གོམས་པར་མ་བྱས་ན་མི་འབྱུང་བས་ལམ་ཉིད་བསྒོམ་བྱར་བསྟན་ནོ། །གཉིས་པ་གྲངས་ངེས་ནི། ཐར་པ་དོན་གཉེར་གྱི་འཇུག་ཡུལ་ནི་བླང་བྱ་དང་དོར་བྱ་གཉིས་སུ་ངེས་ལ། དེ་ལའང་རྒྱུ་འབྲས་གཉིས་གཉིས་སུ་ངེས་པས་བཞིར་བསྟན་ནོ། །འདི་ནི་བླང་དོར་གྱི་ཡུལ་གྱི་གྲངས་ངེས་ཀྱི་དབང་དུ་བྱས་ཀྱི་ཤེས་བྱ་ཐམས་ཅད་འདིར་འདུས་པ་ནི་མ་ཡིན་ནོ། །གསུམ་པ་གོ་རིམ་ནི། འཇིག་རྟེན་པ་དག་དང་པོར་སྡུག་བསྔལ་གང་ཡང་རུང་བས་ཟིན་བ་ན་དེ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་དེའི་རྒྱུ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་དེ་ལས་ཐར་པ་ལའོ། །དེའི་འོག་ཏུ་ཐར་པའི་ཐབས་ལ་རྟོག་པར་བྱེད་པའི་རིམ་པ་དང་མཐུན་པར་རྟོགས་པའི་གོ་རིམ་གྱིས་བསྟན་ནོ། །བཞི་པ་འཇུག་ཚུལ་ནི། སྡུག་བསྔལ་བྱུང་ན་སྤོང་འདོད་ཀྱི་བློ་སྐྱེ་ཞིང༌། དེ་ལ་རྒྱུ་ཀུན་འབྱུང་སྤོང་དགོས་སོ། །ཀུན་འབྱུང་ལ་ལས་ཉོན་གཉིས་ལས་ཉོན་མོངས་པ་གཙོ་ཆེ་སྟེ། རྐྱེན་ཉོན་མོངས་མེད་ན་ལས་ཡོད་ཀྱང་རྣམ་སྨིན་གྱི་འབྲས་བུ་བསྐྱེད་མི་ནུས་པའི་ཕྱིར། ཉོན་མོངས་པའང་གཙོ་བོར་སྲེད་ལེན་མ་རིག་པ་དང་གསུམ་ལས། མ་རིག་པ་གཙོ་ཆེ་སྟེ། བདག་ཏུ་རྨོངས་པའི་མ་རིག་པས་ལས་བསགས་ནས་སྲེད་པས་གསོས་བཏབ་པའི་དབང་གིས་སྲིད་པར་སྐྱེ་བའི་ཕྱིར། འཁོར་བའི་རྩ་བ་མ་རིག་པ་ཟློག་པར་བྱེད་པ་ལ་ཤེས་རབ་དགོས་ཤིང༌། དེ་ཏིང་ངེ་འཛིན་ལ་བརྟེན་ལ། དེ་ལ་ཚུལ་ཁྲིམས་རྣམ་པར་དག་པ་དགོས་པས་ན། བསླབ་པ་གསུམ་ནི་ལམ་གྱི་ངོ་བོའོ། །དེ་བས་ན་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་བསྐྱེད་ནས་བདག་མེད་རྟོགས་པའི་ཤེས་རབ་ལ་ཞུགས་ཏེ་ཉོན་མོངས་ཀྱི་རྩ་བ་བདག་ཏུ་འཛིན་པ་བཅད་ནས་སྡུག་བསྔལ་སྤངས་པའི་འགོག་པ་མངོན་དུ་བྱེད་པ་ནི་འཇུག་པའི་རིམ་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ། དང་པོ་སྡུག་བསྔལ་གྱི་བདེན་པ་ལ་འདོམས་པ་ནི། འདོམས་སོ། །གང་ལ་ན། སྡུག་བསྔལ་གྱི་བདེན་པ་ལའོ། །ཚུལ་ཇི་ལྟར་ན། ལས་ཉོན་གྱི་འབྲས་བུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་དང༌། དེའི་ཆོས་ཉིད་སྟོང་པ་ཉིད་དང༌། ཡུལ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དོན་དམ་པའི་བདེན་པ་ལས་མི་འདའ་བས། དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གཅིག་གོ་ཞེས་སྟོན་པའི་ཚུལ་གྱིས་སོ། །གང་ཟག་གང་ལ་འདོམས་པ་དང༌། དགོས་པ་དང༌། གང་གི་ཚེ་འདོམས་པ་སོགས་ནི་མཚམས་སྦྱར་གྱི་བཤད་པ་དྲངས་ནས་འོག་མ་ཐམས་ཅད་ལ་ཤེས་པར་བྱའོ། །ཀུན་འབྱུང་ལ་འདོམས་པ་ནི། འདོམས་སོ། །གང་ལ་ན། ཀུན་འབྱུང་བ་ལའོ། །ཚུལ་ནི། བདེན་གཉིས་ལས་མི་འདའ་བས་གསར་དུ་ཀུན་འབྱུང་བ་སོགས་ཀྱི་ཆོས་ཅན་མ་ཡིན་ནོ་ཞེས་སྟོན་པའི་ཚུལ་གྱིས་སོ། །ཇི་ལྟར་མ་ཡིན་ཞེ་ན། གཟུགས་ལ་སོགས་པ་ནི་སྔར་མེད་གསར་དུ་འབྱུང་བ་དང༌། སྔར་ཡོད་འགོག་པ་དང༌། ཆགས་སོགས་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ཏེ། རྒྱུར་གྱུར་པའི་གཟུགས་སོགས་དག་སྟོང་པ་ཉིད་དང་ངོ་བོ་ཐ་མི་དད་པ་ཉིད་ཀྱིས་སོ། །འགོག་པ་ལ་ཡུལ་ནི། འགོག་པའི་བདེན་པ་ལའོ། །ཚུལ་ནི། བདེན་གཉིས་ལས་མི་འདའ་བས་གཟུགས་ལ་སོགས་པའི་མཚན་ཉིད་གང་དུའང་གྲུབ་པ་མེད་དོ་ཞེས་སྟོན་པའི་ཚུལ་གྱིས་སོ། །ཇི་ལྟར་མེད་ཅེ་ན། གློ་བུར་དྲི་བྲལ་གྱི་སྟོང་པ་ཉིད་ལ་ནི། ཆོས་ཅན་གཟུགས་མེད་པ་ནས་མ་རིག་པ་སྐྱེ་བ་སོགས་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང༌། མ་རིག་པ་འགག་པ་སོགས་རྣམ་བྱང་གི་རྟེན་འབྲེལ་དང༌། རྟོགས་པ་ཕུན་ཚོགས་སངས་རྒྱས་དང༌། སྤངས་པ་ཕུན་ཚོགས་བྱང་ཆུབ་ཀྱི་བར་དུའང་མེད་དོ། །འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང༌། འགག་པ་དང༌། སྤང་གཉེན་གྱི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གནས་སྐབས་ཀྱི་མཚན་ཉིད་ཉམས་པ་དང༌། འཕེལ་བ་དང༌། སོགས་པ་འདས་སོགས་དུས་གསུམ་གྱི་མཚན་ཉིད་དང་བྲལ་བས་སོ། །ལམ་བདེན་ལ་ཡུལ་ནི་ལམ་བདེན་ནོ། །ཚུལ་ནི་ལམ་དང༌། རིགས་སྒྲུབ་དང༌། ངེས་འབྱིན་ལ་འདོམས་པ་གསུམ་གི་དང་པོ་ནི། བདེན་གཉིས་ལས་མི་འདའ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བྱང་སེམས་བདག་ཉིད་དོན་དམ་པར་ཕན་ཚུན་བསྒོམ་བྱ་བསྒོམ་བྱེད་དུ་ལྡན་པ་དང༌། དེ་ལས་ལྡོག་སྟེ་མི་ལྡན་པ་མ་ཡིན་པར་རྟོགས་ལ་སྒྲུབ་བོ་ཞེས་པའི་ཚུལ་གྱིས་སོ། །འདི་ལམ་ལ་འདོམས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་ཐེག་ཆེན་གྱི་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ནི། ནང་ཡུལ་ཅན་སྟོང་པ་ཉིད་དང༌། སོགས་པ་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ནི། ཕྱི་ཡུལ་དུ་གྱུར་པ་སྟོང་པ་ཉིད་དང་སོགས་པ་མཚན་མེད་སྨོན་མེད་རྣམས་ཕན་ཚུན་ཡུལ་ཡུལ་ཅན་དུ་ལྡན་པ་དང་མི་ལྡན་པ་མ་ཡིན་པ་ཉིད་དུ་རྟོགས་ལ་སྒྲུབ་བོ་ཞེས་ཏེ་འདི་རིགས་སྒྲུབ་ལ་འདོམས་པ་སྟེ། རྣམ་ཐར་སྒོ་གསུམ་མངོན་སུམ་དུ་རྟོགས་པས་མི་རིགས་པ་ཉོན་མོངས་པ་སྤོང་ཞིང་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར། གསུམ་པ་ནི། སྔོན་གྱི་མཐའ་འཁོར་བ་ལས་ངེས་པར་འབྱིན་བྱེད་ལམ་དང༌། ཕྱི་མའི་མཐའ་གང་དུ་ངེས་པར་འབྱིན་པ་མྱང་འདས་གཉིས་ཕན་ཚུན་ངེས་པར་འབྱུང་བྱེད་དང་འབྱུང་སར་ལྡན་པ་དང་མི་ལྡན་པ་མ་ཡིན་པའི་སྤྲོས་བྲལ་དུ་རྟོགས་ལ་སྒྲུབ་བོ་ཞེས་པའི་ཚུལ་གྱིས་སོ། །འདི་ནི་ངེས་འབྱིན་ལ་འདོམས་པ་སྟེ། སྔོན་གྱི་མཐའ་ནས་ཕྱི་མའི་མཐར་ཕྱིན་པར་བྱེད་པ་ནི་ངེས་འབྱིན་གྱི་ངོ་བོ་ཡིན་པའི་ཕྱིར། གསུམ་པ་ལ་བཞི་ལས། དང་པོ་སྒྲུབ་པའི་རྟེན་ལ་སྤྱི་གཞུང་གཉིས་སོ། །དང་པོ་ནི། དཀོན་མཆོག་གསུམ་པོ་སོ་སོའི་ངོ་བོ། སྐྱབས་གནས་སུ་འཇོག་པའི་ཚུལ། དཀོན་མཆོག་གི་སྒྲ་དོན་བསྟན་པའོ། །དང་པོ་ལ་ཐུན་མོང་མ་ཡིན་པའི་སྐྱབས་གསུམ་ལས། སངས་རྒྱས་དཀོན་མཆོག་ནི། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པ་ལྟར་རང་གཞན་གྱི་དོན་གཉིས་ཀྱིས་བསྡུས་པ་ཡོན་ཏན་དྲུག་དང་ལྡན་པའི་སངས་རྒྱས་ཏེ། ཡོན་ཏན་དྲུག་པོ་ལ་འདུས་མ་བྱས་པ་ནི་ཆོས་དབྱིངས་རང་བཞིན་རྣམ་དག་སྟེ། སྐྱེ་གནས་འཇིག་གསུམ་དང་བྲལ་བའི་ཕྱིར། ཆོས་དབྱིངས་དྲི་མ་བྲལ་བ་ནི་ལྷུན་གྱིས་གྲུབ་པ་སྟེ། ཆོས་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་སོ་སོར་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར། གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་སྟེ། འདི་གསུམ་ནི་རང་དོན་ནོ། །གསུམ་པོ་འདི་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པ་ནི་མཁྱེན་པ་ཡིན་ལ། རང་གིས་མཁྱེན་པ་ལྟར་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་སྟོན་པ་ནི་བརྩེ་བའོ། །མཁྱེན་བརྩེ་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པ་ནི་ནུས་པ་སྟེ། གཞན་གྱི་དོན་ཡང་གསུམ་མོ། །ཆོས་དཀོན་མཆོག་ནི། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར་ཡོན་ཏན་དྲུག་དང་ལྡན་པའི་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ནོ། །དེ་ལ་འགོག་བདེན་ནི། བསམ་དུ་མེད་པ་ལ་སོགས་ཡོན་ཏན་གསུམ་དང་ལྡན་ཏེ། རྟོག་གེའི་བློས་མུ་བཞིར་བརྟག་པར་མི་ནུས་པའི་ཕྱིར་དང༌། ལས་དང་ཉོན་མོངས་གཉིས་མེད་པའི་ཕྱིར་དང༌། རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་ཞི་བའི་ཕྱིར་རོ། །ལམ་གྱི་བདེན་པ་ནི། དག་གསལ་གཉེན་པོའི་ཕྱོགས་གསུམ་དང་ལྡན་ཏེ། ཉེ་བའི་ཉོན་མོངས་ཀྱི་དྲི་མས་དག་པ་དང༌། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་སྣང་བར་བྱེད་པ་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་མུན་པའི་གཉེན་པོར་བྱེད་པའི་ཕྱིར་རོ། །དགེ་འདུན་དཀོན་མཆོག་ནི། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར་རིག་གྲོལ་གཉིས་དང་ལྡན་པའི་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ནོ། །དེ་ལ་རིག་པ་ནི། སེམས་རང་བཞིན་གྱིས་འོད་གསལ་བར་རྟོགས་པ་ཇི་ལྟ་བ་རིག་པ་དང༌། འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བ་ནི་ཇི་སྙེད་པ་རིག་པའོ། །གྲོལ་བ་ལ། མཉམ་གཞག་གི་ཡེ་ཤེས་ཀྱིས་ཆགས་པའི་སྒྲིབ་པ་ལས་གྲོལ་བ་དང༌། རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ཐོགས་པའི་སྒྲིབ་པ་ལས་གྲོལ་བའོ། །གཉིས་པ་ཐུན་མོང་གི་དཀོན་མཆོག་གསུམ་ལ། སངས་རྒྱས་ནི། སྐུ་གསུམ་དང༌། ཆོས་ནི་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་དང༌། དགེ་འདུན་ནི། གང་ཟག་ཟུང་བཞི་ཡ་བརྒྱད་དེ། སྐྱབས་གསུམ་བདུན་ཅུ་པ་ལས། ཐུབ་དབང་དག་གི་སྐུ་གསུམ་དང༌། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་སོ། །བྱང་སེམས་ནི། སངས་རྒྱས་ཀྱི་ཁོངས་སུ་གཏོགས་ཏེ། དེ་ཉིད་ལས། ཤཱ་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཕྱིར། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་སོ། །གཉིས་པ་སྐྱབས་སུ་འཇོག་པའི་ཚུལ་ལ་གཉིས་ཏེ། གནས་སྐབས་སྐྱབས་གསུམ་དུ་བཞག་པ། མཐར་ཐུག་གི་སྐྱབས་གཅིག་ཏུ་སྒྲུབ་པའོ། །དང་པོ་ནི། གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གསུམ་དུ་རྣམ་པར་ཕྱེ་བ་སྟེ། སངས་རྒྱས་ཀྱི་ཐེག་པ་པའི་དབང་དུ་བྱས་ནས་སངས་རྒྱས་དཀོན་མཆོག་སྐྱབས་སུ་རྣམ་པར་བཞག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་དངོས་པོ་དོན་དུ་གཉེར་བའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པའི་དབང་དུ་བྱས་ནས་ཆོས་དཀོན་མཆོག་སྐྱབས་སུ་བཞག་སྟེ། འདི་དག་ནི་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་པ་དོན་དུ་གཉེར་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་སུ་བཞག་སྟེ། དེ་དག་ནི་དགེ་འདུན་གྱི་དངོས་པོ་ཐོབ་པ་དོན་དུ་གཉེར་བའི་ཕྱིར་རོ། །འདི་ནི་ངེས་ལེགས་དོན་དུ་གཉེར་བའི་གང་ཟག་གསུམ་གྱི་དབང་དུ་བྱས་ནས། རང་རང་གི་ཐོབ་བྱ་སྐྱབས་སུ་རྣམ་པར་བཞག་སྟེ། ཐེག་པ་གསུམ་ལ་གནས་པ་རང་རང་གི་དོན་དུ་གཉེར་བྱའི་འབྲས་བུ་ཐོབ་པ་ན། འཁོར་བའི་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར། དོན་དེ་ཉེ་བར་བཟུང་ནས་གསུམ་པོ་སྐྱབས་སུ་བཞག་པ་ཡིན་ནོ། །འདི་ལ་འབྲས་བུའི་སྐྱབས་གནས་ཞེས་བཤད་དོ། །ཡང་མངོན་མཐོ་དོན་དུ་གཉེར་བའི་གང་ཟག་གི་དབང་དུ་བྱས་པ་ནི། སངས་རྒྱས་ལ་བྱ་བ་བྱེད་པར་མོས་པ་ལ་སངས་རྒྱས་དང༌། ཆོས་ལ་བྱ་བ་བྱེད་པར་མོས་པ་ལ་ཆོས་དང༌། དགེ་འདུན་ལ་བྱ་བ་བྱེད་པར་མོས་པ་ལ་དགེ་འདུན་སྐྱབས་སུ་བཞག་གོ །གལ་ཏེ་གང་ཟག་རེ་རེའང་དཀོན་མཆོག་གསུམ་ཀ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ནམ་ཞེ་ན། དེ་ནི་གང་ཟག་གཞན་རྒྱུད་ཀྱི་དཀོན་མཆོག་གསུམ་སྐྱབས་སུ་བཟུང་ནས་དེ་ལ་སྐྱབས་སུ་འགྲོ་བ་སྟེ། འདི་ལ་ནི་རྒྱུའི་སྐྱབས་འགྲོ་ཞེས་བརྗོད་དོ། །དེ་ལྟར་ཡང་རྒྱུད་བླར། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སོ། །གཉིས་པ་ནི། སངས་རྒྱས་ཁོ་ན་མཐར་ཐུག་གི་སྐྱབས་ཡིན་གྱི། གཞན་གཉིས་ནི་མ་ཡིན་ཏེ། ཆོས་ལ་ལུང་དང་རྟོགས་པ་གཉིས་ལས། ལུང་ནི་རྟོགས་པ་མཐར་ཐུག་པ་ལ་ཕ་རོལ་ཏུ་ཕྱིན་པའི་གཟིངས་ལྟར་དགོས་པ་མེད་པའི་ཕྱིར་དང༌། རྟོགས་པ་ལའང་ལམ་བདེན་ནི། འདུས་བྱས་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རྩ་ཤེ་ལས། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། མཐར་ཐུག་གི་རྟོགས་པ་མ་ཐོབ་པར་གནས་སྐབས་ཀྱི་ཆོས་ཙམ་ཡིན་པའི་ཕྱིར་དང༌། འགོག་བདེན་ཡང་མཐར་ཐུག་གི་ཡོན་ཏན་དང་མི་ལྡན་པར་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ནི་ཉན་ཐོས་ཀྱི་ངོར། དམན་པའི་ལྷག་མེད་ཀྱི་མྱང་འདས་དཔེར་བཟུང་ནས། མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་པ་ཡིན་ནོ། །དགེ་འདུན་ཡང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། སྒྲིབ་གཉིས་ཀྱི་འཇིགས་པ་དང་བཅས་པའི་ཕྱིར་རོ། །འདིར་སྐྱབས་གསུམ་གྱི་ཟླར་བགྲང་བའི་ཆོས་དང་དགེ་འདུན་གཉིས་ནི་གནས་སྐབས་ཁོ་ནའི་དབང་དུ་བྱས་པས་མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་ནོ། །སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་སོ། །གསུམ་པ་དཀོན་མཆོག་གི་སྒྲ་དོན་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པ་ལྟར་རོ། །གཉིས་པ་ལ་གསུམ་གྱི་དང་པོ་ནི། སངས་རྒྱས་ལ་འདོམས་སོ། །ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་དམིགས་པར་བྱ་བའི་ཡུལ་དང༌། དམིགས་པར་བྱེད་པའི་ཡུལ་ཅན་མཉམ་པ་ཉིད་དུ་ཤེས་པ་ནི་སངས་རྒྱས་སོ་ཞེས་པའི་ཚུལ་གྱིས་སོ། །འདིའང་དོན་གསུམ་གྱིས་བསྟན་ཏེ། ཤེས་བྱ་དང་ཤེས་བྱེད། མཚོན་བྱ་དང་མཚོན་བྱེད། དབྱིངས་དང་ཡེ་ཤེས་སུ་ཞན་པ་བཀག་པའོ། །དང་པོ་ནི། ཡུལ་གཟུགས་དང་ཡུལ་ཅན་རྣམ་མཁྱེན་ཆོས་ཅན། ཡུལ་ཡུལ་ཅན་སོ་སོར་སྦྱོར་བར་བྱ་བ་མ་ཡིན་ཏེ། མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྣམ་མཁྱེན་དང་སངས་རྒྱས་ནི་མཚོན་བྱ་མཚོན་བྱེད་གཉིས་སུ་མི་སྦྱོར་ཏེ། སངས་རྒྱས་སུ་མཚོན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཕྱིར། གསུམ་པ་ནི། རྟོགས་བྱའི་དམིགས་པ་དང་རྟོགས་བྱེད་ཡེ་ཤེས་དག་ནི། རྟོགས་བྱ་དང་རྟོགས་བྱེད་གཉིས་སུ་མི་སྦྱོར་ཏེ། སངས་རྒྱས་རྟོགས་པ་དང༌། བྱང་ཆུབ་དབྱིངས་སྒྲིབ་བྲལ་དག རང་བཞིན་མེད་པར་མཚན་ཉིད་གཅིག་པ་ཉིད་ཀྱིས་སོ། །གཉིས་པ་ནི། ཆོས་དཀོན་མཆོག་ལ་འདོམས་སོ། །ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་ཡུལ་ཅན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ཡུལ་གཞི་དང༌། གཉེན་པོ་དང༌། རྣམ་པ་མཐའ་དག་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ལུང་འབོགས་པའི་ཚུལ་གྱིས་སོ། །འདིས་ཇི་ལྟར་ཆོས་དཀོན་མཆོག་བསྟན་ཅེ་ན། ཡུལ་གཞི་ལམ་རྣམ་གསུམ་བསྟན་པས། ཡུལ་ཅན་ལམ་གྱི་རང་བཞིན་མཁྱེན་པ་གསུམ་བསྟན་པས་སོ། །གསུམ་པ་ལ། དགེ་འདུན་དཀོན་མཆོག་ལའོ། །ཇི་ལྟར་ན། བདེན་པ་གཉིས་ལས་མི་འདའ་བས་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ་ཞེས་ལུང་འབོགས་པའི་ཚུལ་གྱིས་སོ། །དགེ་འདུན་དེ་ལ་དུ་ཡོད་ཅེ་ན། ལུས་ཀྱི་དབྱེ་བ་འབྲས་བུ་ལ་གནས་པ་གསུམ་དང༌། ཞུགས་པ་བཞིའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོའོ། །དགྲ་བཅོམ་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། འདིར་བསྟན་དགྲ་བཅོམ་པ་ནི་དགེ་འདུན་དུ་མ་གཏོགས་ཏེ། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་སོ། །ཡན་ལག་གིས་དབྱེ་བ་ནི་གྲངས་ཉི་ཤུར་འཆད་པ་ཉིད་དོ། །རྒྱུ་མཚན་ནི་དབང་པོ་རྟུལ་པོ་དང་རྣོན་པོ་འབྲས་བུ་ལ་ཞུགས་པ་དང་གནས་པ་སོགས་ཀྱི་བྱེ་བྲག་གིས་སོ། །གཉིས་པ་སྒྲུབ་པའི་མི་མཐུན་ཕྱོགས་སེལ་བའི་བརྩོན་འགྲུས་ལ་གདམས་པ་ལ་གསུམ་ལས། ཞེན་པ་སེལ་བའི་བརྩོན་འགྲུས་ལ་གདམས་པ་ནི་འདོམས་སོ། །གང་ལ་ན། མ་ཞེན་པའི་བརྩོན་འགྲུས་ལའོ། །ཚུལ་ནི། བདེན་གཉིས་ལས་མི་འདའ་བས་ལུས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་པར་བསྟན་པའི་ཚུལ་གྱིས་སོ། །དགོས་པ་ནི། སྦྱོར་བའི་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཇི་སྐད་བཤད་པའི་སེམས་བསྐྱེད་ཀྱི་བསླབ་བྱའི་དོན་ལ་ནན་ཏན་བྱེད་པ་ལ། ལུས་ལ་སོགས་པའི་ལས་ལ་མངོན་པར་ཞེན་པའི་བསོད་ཉམས་ཉིད་ཀྱིས་དབང་རྟུལ་ལ་ལ་མངོན་པར་ཞེན་པར་འགྱུར་བས་དེའི་གཉེན་པོར་རོ། །ངལ་བ་སེལ་བའི་བརྩོན་འགྲུས་ནི་འདོམས་སོ། །གང་ལ་ན། ཡོངས་སུ་ངལ་བ་མེད་པ་ལའོ། །ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བདེན་པར་རློམ་པ་མེད་པའི་ཚུལ་གྱིས་སོ། །དགོས་པ་ནི། དུས་ཡུན་རིང་མོ་ཞིག་ཏུ་ལམ་གོམས་པར་བྱས་ཀྱང་འདོད་པའི་དོན་མ་གྲུབ་ན། དངང་པའི་རང་བཞིན་ཅན་ཡོངས་སུ་སྐྱོ་བར་འགྱུར་བས་དེའི་གཉེན་པོར་རོ། །ལམ་ཡོངས་སུ་བཟུང་བའི་བརྩོན་འགྲུས་ལ་གདམས་པ་ནི། ལམ་ཡོངས་སུ་བཟུང་བའི་བརྩོན་འགྲུས་ལ་འདོམས་སོ། །ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་བསླབ་པའི་ཚུལ་གྱིས་སོ། །དགོས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལས་དོན་རེ་རེའི་ཕྱིར་ཡང་ལམ་གྱི་ལུང་ནོད་པར་བྱ་དགོས་ན་ག་ལ་ནུས་སྙམ་དུ་སེམས་ཞུམ་པར་འགྱུར་བས་དེའི་གཉེན་པོར་རོ། །རང་བཞིན་མེད་པར་རྟོགས་པའི་ཤེར་ཕྱིན་གྱི་ནང་དུ་ལམ་མང་པོ་འདུ་བས་མང་པོ་ལ་བསླབ་མི་དགོས་པའི་དོན་ནོ། །གསུམ་པ་སྒྲུབ་པའི་ཡོན་ཏན་ལ་འདོམས་པ་ལ་གཉིས་ལས། དང་པོ་སྤྱན་ལྔ་ལ་འདོམས་པ་ནི། སྤྱན་ལྔ་ལ་འདོམས་སོ། །ཇི་ལྟར་ན། བདེན་པ་གཉིས་ལས་མི་འདའ་བས་སྤྱན་ལྔ་ཡུལ་ཡུལ་ཅན་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་དུ་བསྒྲུབ་བོ་ཞེས་སློབ་པའི་ཚུལ་གྱིས་སོ། །སྤྱན་ལྔ་པོ་ནི་རྒྱུ་དང༌། ས་མཚམས་དང༌། སོ་སོའི་ངོ་བོ་གསུམ་གྱིས་བསྟན་ཏེ། དང་པོ་ལ་ཐུན་མོང་གི་རྒྱུ་ནི། ཕར་ཕྱིན་དྲུག་སྟེ། མིག་ལྔ་ཐོབ་པར་འདོད་པ་དང་སྦྱང་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །ཞེས་སོ། །སོ་སོའི་རྒྱུ་ནི། རིམ་པ་ལྟར་བསམ་གཏན་གྱི་རང་བཞིན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་དང༌། མར་མེ་སོགས་བྱིན་པ་དང༌། རང་བཞིན་མེད་པར་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང༌། ཡེ་ཤེས་ཀྱི་ཚོགས་རྣམས་སོ། །ས་མཚམས་ཀྱང་རིམ་པ་ལྟར་དང་པོ་བཞི་ཚོགས་ལམ་དང༌། སྦྱོར་ལམ་དང༌། འཕགས་པའི་མཉམ་གཞག་དང༌། རྗེས་ཐོབ་རྣམས་ལ་ཡོད་ལ། ཐ་མ་ནི། ས་བདུན་པ་ནས་ཐོབ་ཅིང༌། སངས་རྒྱས་ཀྱི་སར་མཐར་ཐུག་པའོ། །གསུམ་པ་ནི་ཤའི་སྤྱན་ནི། ཡུལ་ཡུལ་ཅན་གྲངས་ཇི་ལྟ་བ་བཞིན་དུ་ཡུལ་གྱི་དངོས་པོའི་ཚད་སོ་སོར་ངེས་པ། དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་མཐོང་བའི་ཡུལ་ཅན་ནོ། །དེ་ལས་ལྷག་པ་མི་མཐོང་སྟེ། བདག་རྐྱེན་དབང་པོ་གཟུགས་ཅན་ལ་བརྟེན་པས་དེ་ལ་སྟོང་གསུམ་ལས་ལྷག་པ་མཐོང་བར་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། ལུང་མ་བསྟན་རྣམ་སྨིན་སྐྱེས་ཀྱི་ངོ་བོ་ཡིན་པས་མཐུ་ཆུང་བའི་ཕྱིར་རོ། །སངས་རྒྱས་ལ་ནི་མི་མཚུངས་ཏེ། དེའི་ཤའི་སྤྱན་ནི་དགེ་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་བྱང་སེམས་ཀྱི་དབང་དུ་བྱས་པའོ། །ཡང་ན་སེམས་ཅན་རྣམས་ཀྱི་ལས་ཀྱིས་སྟོང་གསུམ་ལས་ལྷག་པ་མི་འགྲུབ་པས་གཉིས་ཀའང་ཐུན་མོང་གི་ལས་གཅིག་གི་བདག་འབྲས་ཀྱིས་བསྡུས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ནི་འཕེན་བྱེད་ཀྱི་ལས་ཀྱི་འབྲས་བུར་མི་གཏོགས་སོ། །དགེ་བའི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་ལྷའི་སྤྱན་ནི། བདག་རྐྱེན་བསམ་གཏན་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་མཐོང་བའི་ཡུལ་ཅན་ནོ། །ལྷའི་མིག་དང་འདྲ་བས་དེར་བཏགས་སོ་ཞེ་ན། དངོས་ཡིན་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསམ་གཏན་སས་བསྡུས་ཀྱི་རྡུལ་ཕྲན་དང་བའི་བདག་ཉིད་དུ་སྐྱེས་པའི་ཕྱིར། མཛོད་ལས་ཀྱང༌། ལྷའི་མིག་དང་རྣ་བ་ཡིན། །ཞེས་སོ། །ཤེས་རབ་ཀྱི་སྤྱན་ནི། ཆོས་ཐམས་ཅད་ལ་བདག་གཉིས་ཀྱི་མཚན་མར་རྣམ་པར་མི་རྟོག་པའི་ཡུལ་ཅན་ནོ། །བཟོད་པའི་གཟུངས་དང་དོན་གཅིག་གོ །དབྱེ་བ་ནི། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་པའི་བྱེ་བྲག་གིས་གཉིས་སོ། །ཆོས་ཀྱི་སྤྱན་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་བྱེ་བྲག་ཇི་ལྟ་བ་བཞིན་རྟོགས་པའོ། །འདི་ལ་ལུང་གི་ཆོས་རྟོགས་པ་དང༌། རྟོགས་པའི་ཆོས་རྟོགས་པའི་སྤྱན་གཉིས་ལས། དང་པོ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དོན་ཐོགས་མེད་དུ་ཤེས་པ་སྟེ། འདི་ནི་ཚིག་གཟུངས་དོན་གཟུངས་གཉིས་དང་དོན་གཅིག་གོ །གཉིས་པ་ནི། འདིར་བཟུང་བ་དེ་ཉིད་དོ། །སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །གཉིས་པ་ནི། མངོན་པར་ཤེས་པ་དྲུག་ལ་འདོམས་སོ། །ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་མངོན་པར་ཤེས་པ་རྣམས་བཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་སྟོན་པའི་ཚུལ་གྱིས་སོ། །མངོན་པར་ཤེས་པ་ལ། ངོ་བོ། རྒྱུ། འབྲས་བུ། ལས། ལྡན་པ། འཇུག་པ་དང་དྲུག་ལས། ངོ་བོ་ནི་འོག་ཏུ་བསྟན་ནོ། །རྒྱུ་ལ་འཕེན་བྱེད་ཀྱི་རྒྱུ་དང༌། འགྲུབ་བྱེད་ཀྱི་རྒྱུ་གཉིས་ལས། དང་པོ་ལ། རྫུ་འཕྲུལ་གྱི་ནི། གཞན་ལ་སྟན་དང་བཞོན་པ་སོགས་བྱིན་པ་དང༌། ལྷའི་རྣ་བ་ནི། དྲིལ་བུ་སོགས་ཕུལ་བ་དང༌། གཞན་སེམས་ནི་གཞན་གྱི་སེམས་བསྲུངས་པ་དང༌། སྔོན་གྱི་གནས་དྲན་པའི་ནི། ཆོས་ཀྱི་སྦྱིན་པ་སོགས་བྱིན་པ་དང༌། ལྷའི་མིག་ནི། མར་མེ་སོགས་ཕུལ་བ་དང༌། ཟག་ཟད་ཀྱི་རྒྱུ་ནི། ཆོས་ངོ་བོ་ཉིད་མེད་པར་རྟོགས་པ་སོགས་སུ་རིན་ཆེན་ཕྲེང་བ་ལས་བཤད་དོ། །གཉིས་པ་ནི། རྟེན་དང༌། ཡེ་ཤེས་དང༌། ཡིད་ལ་བྱེད་པ་གསུམ་གྱིས་འགྲུབ་སྟེ། རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་སོ། །འདིའི་རྐང་པ་དང་པོས་ཐུན་མོང་གི་རྟེན་དང༌། གཉིས་པས་ཟག་ཟད་མངོན་ཤེས་ཀྱི་རྒྱུ་དང༌། གསུམ་པས་ལྷག་མ་རྣམས་ཀྱི་རྒྱུ་བསྟན་ནོ། །དེ་ལ་དང་པོ་ལྔ་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཡིན་གྱི་གཞན་རྣམས་ལ་ནི་མ་ཡིན་ཏེ། འདི་དག་ནི་ཞི་གནས་དང་ལྷག་མཐོང་ཆ་མཉམ་དུ་འཇུག་པས་ཐོབ་ལ། ཉེར་བསྡོགས་རྣམས་ཞི་གནས་ཤས་ཆུང་བ་དང༌། གཟུགས་མེད་རྣམས་ནི་ལྷག་མཐོང་ཤས་ཆུང་བའི་ཕྱིར་རོ། །ཐ་མ་ནི་བསམ་གཏན་ས་དྲུག་ལ་བརྟེན་ཏེ། དེ་ལ་ཟག་མེད་ཀྱི་ཡེ་ཤེས་རྟེན་དུ་རུང་བའི་ཕྱིར་རོ། །ལུས་ཀྱི་རྟེན་ནི། དང་པོ་ལྔ་འདོད་པའི་རྟེན་ཅན་ཡིན་ལ། ཐ་མ་ནི། ཁམས་གསུམ་ཀའི་རྟེན་ལ་སྒྲུབ་བོ། །འབྲས་བུ་ནི་རྒྱན་ལས། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེན་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོག་བྱེད་རྣམ་པར་དག་པ་བསྐྱེད། །ཅེས་སོ། །བྱེད་ལས་ནི། རིམ་པ་ལྟར་མ་དད་པ་དད་པར་བྱེད་པ་དང༌། གཞན་གྱི་ངག་གི་སྤྱོད་པ་ཤེས་པ་དང༌། གཞན་གྱི་སེམས་རྒྱུད་རྟོགས་ནས་ཆོས་གང་བསྟན་པའི་སྣོད་དང༌། ཐ་མ་གསུམ་གྱིས་ཐོག་མཐའ་དབུས་གསུམ་ལ་རྨོངས་པའི་རྟག་ཆད་དུ་ལྟ་བ་བསལ་ནས་ངེས་པར་ལེགས་པའི་ལམ་འདོམས་པར་བྱེད་དོ། །ལྡན་པ་ནི་རྒྱན་ལས། འདབ་གཤོག་ཀུན་ཏུ་རྒྱས་པའི་བྱ་བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ལས་ནི་ཤིན་ཏུ་བསྔགས་པ་ཐོབ། །སྐྱེ་དགུ་རྣམས་ལ་ཚིག་གཟུང་འོས་པར་འགྱུར། །ཞེས་སོ། །ས་མཚམས་ནི། དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་སྐྱེ་འཕགས་རྣམས་ལ་ཡོད་ལ། དྲུག་པ་ནི་ཀུན་ལས་བཏུས་སུ་ཟག་པ་ཟད་པའི་ཐབས་ཤེས་པ་ལ་བཤད་པས་ན། འཕགས་པ་ཐམས་ཅད་ལ་ཡོད་པར་མངོན་ནོ། །གང་དག་ཉན་རང་མི་སློབ་པ་ཁོ་ན་དང་བྱང་སེམས་དག་པས་ཡན་ཆད་ཁོ་ན་ལ་འདོད་པས་ནི། ཟག་ཟད་མངོན་ཤེས་ཀྱི་ཁྱད་པར་མ་ཕྱེད་པ་ཡིན་ནོ། །ཉན་རང་སློབ་པ་ལ་ཡོད་པར་བཤད་དེ། མཛོད་ལས་ཀྱང༌། སློབ་ལ་འདོད་དེ་མ་རིག་དང༌། །བཅས་རྒྱུད་ཕྱིར་ནི་རིག་མ་བཤད། །ཅེས་དང༌། གཞན་ལྔ་ནི་དངོས་གཞི་ལ་བརྟེན་པའོ། །དབྱེ་བ་ནི་རྫུ་འཕྲུལ་གྱི་མངོན་ཤེས་ལ་སོགས་དྲུག་གོ །དྲུག་ཏུ་འབྱེད་པ་ནི། ལུས་རྣམ་པར་དག་པའི་འབྲས་བུ་དང༌། ངག་དང་ཡིད་རྣམ་པར་དག་པའི་འབྲས་བུའི་དབྱེ་བ་ལ་བཞག་སྟེ། རྫུ་འཕྲུལ་གྱི་མངོན་ཤེས་ནི་ལུས་དང༌། རྣ་བའི་མངོན་ཤེས་ནི་ངག་དང༌། ཐ་མ་བཞི་ནི། ཡིད་རྣམ་པར་དག་པའི་འབྲས་བུ་ཡིན་པའི་ཕྱིར། ངོ་བོ་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་ས་གཡོ་བ་དང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །རྫུ་འཕྲུལ་ལ་བཞི་སྟེ། སྐྱེས་ཐོབ་ནི། འདོད་གཟུགས་ཀྱི་ལྷ་དང༌། ཡི་དྭགས་དང༌། ཤ་ཟ་དག་གི་རྫུ་འཕྲུལ་ལྟ་བུའོ། །ལས་ལས་སྐྱེས་པ་ནི། སྲིད་པ་བར་དོའི་རྫུ་འཕྲུལ་ལྟ་བུའོ། །སྔགས་དང་སྨན་ལས་སྐྱེས་པ་ནི། སྔགས་ཀྱི་མཐུས་ནམ་མཁའ་ལ་འགྲོ་བ་དང༌། སྨན་འགའ་ཞིག་བཟུང་བས་མི་སྣང་བ་ལྟ་བུ་སྟེ། འདི་དག་གིས་ནི་མངོན་ཤེས་ཀྱི་མིང་མི་འཐོབ་བོ། །དེ་བས་ན་ཏིང་ངེ་འཛིན་ལས་སྐྱེས་པ་ཁོ་ན་མངོན་ཤེས་སུ་བགྲང་ངོ༌། །ལྷའི་རྣ་བ་ནི། སྒྲ་ཕྲ་རགས་ཀུན་ཐོས་པའི་མཉམ་གཞག་གི་སས་བསྡུས་ཀྱི་ནང་གཟུགས་དྭང་པ་ཡིན་ལ། དེ་ལ་བརྟེན་པའི་དབང་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ནི་མངོན་པར་ཤེས་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་གཅིག་ཤོས་ཐོས་པར་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །ལྷའི་རྣ་བ་ཡང་གསུམ་སྟེ། སྐྱེས་ཐོབ་འདོད་གཟུགས་ཀྱི་ལྷ་རྣམས་ལ་ཡོད་པ་དང༌། ལས་ལས་སྐྱེས་པ་འཁོར་ལོས་སྒྱུར་རྒྱལ་ལ་ཡོད་པ་དང༌། བསྒོམས་པ་ལས་བྱུང་བ་མངོན་ཤེས་སུ་གཏོགས་པ་རྣམས་སོ། །གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནི། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་སོགས་ཡོངས་སུ་ཤེས་པའི་ཏིང་ངེ་འཛིན་སོགས་སོ། །གཞན་སེམས་ཤེས་པའང་བཞི་སྟེ། སྐྱེས་ཐོབ་ལྷ་ཀླུ་སོགས་ལ་ཡོད་པ་དང༌། རྟོག་གེ་པ་རྣམས་ཀྱི་ལུས་ངག་གི་རྣམ་པར་རིག་བྱེད་ལས་གཞན་སེམས་རིག་པ་དང༌། སྔགས་འགའ་ཞིག་བཟླས་པ་ལ་བརྟེན་ནས་གཞན་སེམས་རིག་པ་དང༌། བསྒོམས་པ་ལས་བྱུང་བ་མངོན་ཤེས་སུ་བགྲང་པ་རྣམས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པ་སོགས་སོ། །དེའང་གསུམ་སྟེ། སྐྱེས་ཐོབ་ལྷ་སོགས་དང༌། ལས་ལས་སྐྱེས་པ་ནི་ཚེ་རབས་དྲན་པ་དང༌། བསྒོམས་པ་ལས་བྱུང་བ་མངོན་ཤེས་སུ་བགྲང་བའོ། །ལྷའི་མིག་ནི། བསྐལ་བ་དང་མ་བསྐལ་བའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་བསམ་གཏན་ལས་སྐྱེས་པའི་གཟུགས་དྭང་བ་ཡིན་ལ། དེ་ལ་བརྟེན་པའི་དབང་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ནི་མངོན་པར་ཤེས་པ་སྟེ། གཟུགས་ཕྲ་རགས་ཐམས་ཅད་མཐོང་བར་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །འདི་དང་ལྷའི་སྤྱན་གྱི་ཁྱད་པར་ནི། སྔ་མ་སྔོན་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ལས་འབད་མེད་དུ་གྲུབ་པ་ཡིན་ལ། འདི་ནི་ཚེ་འདིར་བསམ་གཏན་མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །དེ་ཡང་ལྷའི་རྣ་བ་ལྟར་གསུམ་མོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །བཞི་པ་མཐར་ཐུག་པའི་རྒྱུ་ལ་གདམས་པ་ལ་གཉིས་ལས། མཐོང་ལམ་ལ་གདམས་པ་ནི། མཐོང་བའི་ལམ་ལ་འདོམས་སོ། །ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་རྣམ་པར་སྒོམ་པར་བྱེད་ཅེས་སྟོན་པའི་ཚུལ་གྱིས་སོ། །གང་གིས་སྒོམ་ཞེ་ན། རྣལ་འབྱོར་པ་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་གྱིས་སོ། །ཇི་ལྟར་མངོན་པར་ཞེན་པ་མེད་ཅེ་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་སོ། །ལམ་གང་ཞིག་སྒོམ་ཞེ་ན། ཡུལ་བདེན་པ་བཞིས་བསྡུས་པ་བདེན་པ་རེ་རེ་ལ་ཆོས་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བདག་ཉིད་བཞི་བཞི་སྟེ། སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་དོ། །དགོས་པ་ནི། མཐོང་ལམ་དེས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་དུའོ། །མཐོང་ལམ་ལ་འདོམས་པའི་གདམས་ངག་ནི། །རབ་འབྱོར་གྱིས་བསྟན་པའི་གདམས་ངག་གོ །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་སྟོན་པར་མཛད་དུ་འཇུག་ཅེ་ན། དེ་བཞིན་གཤེགས་པས་མཐོང་ལམ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱིན་གྱིས་བརླབས་པས་ཕྱིན་ཅི་མ་ལོག་པར་འཆད་ནུས་པར་བསྟན་པའི་དོན་ནོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཁོ་ནས་སྟོན་པར་མཛད་ཅེ་ན། དེ་བཞིན་གཤེགས་པ་བྱིན་རླབས་ལ་མངའ་བརྙེས་པར་བསྟན་པའི་དོན་ཏེ། སྟོན་པས་བྱིན་གྱི་བརླབས་ན། དབང་པོ་རྟུལ་པོ་ཉན་ཐོས་ཀྱིས་ཀྱང་ཆོས་ཟབ་མོ་འཆད་ནུས་པར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་རབ་འབྱོར་གྱིས་སྟོན་པར་མཛད་ཅེ་ན། བསྟན་བྱ་དང༌། སྟོན་པ་པོ་ཉོན་མོངས་པ་མེད་པར་སྐལ་པ་མཉམ་པར་བསྟན་པའི་དོན་ནོ། །གཉིས་པ་ནི། སྒོམ་ལམ་ལ་འདོམས་སོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་དོན་དམ་པར་མི་དམིགས་ཤིང༌། ཀུན་རྫོབ་ཏུ་རྣམ་པར་སྒོམ་པར་བྱེད་དོ་ཞེས་སྟོན་པའི་ཚུལ་གྱིས་སོ། །འདི་ལ་དངོས་ཀྱི་དོན་དང༌། རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། མཐོང་ལམ་ལས་རིགས་ཐ་དད་པའི་སྒོམ་ལམ་མཚན་ཉིད་པ་ལོགས་སུ་རྣམ་པར་བཞག་པ་ནི་བྱར་མེད་དེ། མཐོང་ལམ་དང་སྒོམ་ལམ་དག་རང་བཞིན་རྣམ་དག་གི་ཆོས་དབྱིངས་ཙམ་རྟོགས་པ་ལ་རིགས་ཐ་དད་དུ་གྱུར་པ་མེད་པས་སོ། །དཔེར་ན་འདུས་བྱས་ལམ་དང༌། འདུས་མ་བྱས་འགོག་བདེན་དག་དོན་དམ་པར་སྟོང་པ་ཉིད་དུ་ངོ་བོ་གཅིག་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་བཞིན་ནོ། །རྟགས་གྲུབ་སྟེ། ཇི་སྐད་བཤད་མ་ཐག་པའི་མཐོང་ལམ་གྱིས་མངོན་སུམ་དུ་བྱས་པའི་ཆོས་ཉིད་ཀྱི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་ཏེ་རྒྱུན་ལྡན་དུ་སྒོམ་པའི་ཕྱིར། འདི་ནི་རང་བཞིན་རྣམ་དག་གི་མཐོང་ཚུལ་ཡིན་གྱི། དྲི་བྲལ་གྱི་ཆོས་སྐུ་མཐོང་ཚུལ་ནི་མ་ཡིན་ཏེ། དེ་ནི་ས་རེ་རེ་ལ་སྒྲིབ་པ་རེ་རེ་དང་བྲལ་བའི་གསར་མཐོང་རེ་ཡོད་པའི་ཕྱིར། མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །ཞེས་གསུངས་སོ། །མཐོང་སྒོམ་སྤེལ་མར་སྐྱེ་བར་ཐལ་ལོ་ཞེ་ན། མ་ཡིན་ཏེ། མཐོང་ལམ་ནི། རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་བའི་དབང་དུ་མཛད་པའི་ཕྱིར་རོ། །གཉིས་པ་ནི། སྒོམ་ལམ་ལོགས་སུ་བསྟན་པ་དོན་མེད་དེ། མཐོང་ལམ་དང་རྟོགས་རིགས་ཐ་དད་མེད་པའི་ཕྱིར་ཞེ་ན། འཐད་དེ་སྒོམ་ལམ་དེས་སྤང་བར་བྱ་བའི་དངོས་པོ་སྒྲིབ་པ་ལྷན་སྐྱེས་ཀྱི་གཉེན་པོ་ཉིད་དུ་བཞག་དགོས་པས་སོ། །མི་འཐད་དེ་རྟོགས་རིགས་ཐ་དད་མེད་པས་མཐོང་ལམ་ལས་ནུས་པ་ལྷག་པ་མེད་པའི་ཕྱིར་ཞེ་ན། མ་ཡིན་ཏེ། སྒྲིབ་པ་ལྷན་སྐྱེས་མཐོང་ལམ་གྱིས་སྤོང་མི་ནུས་ལ། སྒོམ་ལམ་གྱིས་སྤོང་ནུས་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར། མདོ་ལས་དཔེ་དངོས་སུ་བསྟན་ནས་དོན་ཤུགས་ལ་འཕངས་ལ། འགྲེལ་པས་དཔེ་དོན་སྦྱར་ནས་མདོའི་དངོས་ཤུགས་གཉིས་ཀ་དངོས་སུ་བཀོད་དོ། །གཉིས་པ་དོན་བསྡུ་ནི། གདམས་ངག་ནི་ཆོས་ཅན། བཅུར་གྲངས་ངེས་ཏེ། བཅུ་པོ་འདི་ཙམ་ཁོ་ནས་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར། ཅིའི་ཕྱིར་བཅུ་པོས་རྫོགས་ཤེ་ན། གོང་དུ་བསྟན་པ་དེ་ལྟར་སྒྲུབ་པའི་ངོ་བོ་གང་ཡིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པ་བདེན་པ་གཉིས་ལས་མི་འདའ་བས་མི་དམིགས་པའི་རྣམ་པས་འཇུག་པའོ། །དེའི་དམིགས་པ་གང་ཡིན་པ་ནི་འཕགས་པའི་བདེན་པ་བཞི་སྟེ། སྒྲུབ་པའི་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པའི་ཕྱིར། རྟེན་གང་ཡིན་པ་ནི་སྐྱབས་གསུམ་སྟེ། འཇིགས་པ་ལས་སྐྱོབ་པའི་གནས་ཡིན་པའི་ཕྱིར། སྒྲུབ་པ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་རྒྱུ་གང་ཡིན་པ་ནི་མ་ཆགས་པའི་བརྩོན་འགྲུས་ཏེ། སྒྲུབ་པ་འཕེལ་བའི་རྒྱུ་བྱེད་པས་སོ། །སླར་མི་ལྡོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ནི་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ཏེ། སྒྲུབ་པ་རྒྱུན་མི་གཅོད་པའི་ཕྱིར། ཐེག་ཆེན་གྱི་ལམ་སྤངས་ནས་ཉན་ཐོས་ཀྱི་ཐེག་པ་གཞན་གྱི་བྱང་ཆུབ་ཏུ་མི་འགྲོ་བའི་རྒྱུ་གང་ཡིན་པ་ནི་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཏེ། ཐེག་དམན་དུ་མི་ལྟུང་བར་འཛིན་པའི་ཕྱིར། གཞན་གྱིས་དྲིན་མི་འཇོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ནི་སྤྱན་ལྔ་སྟེ། རང་གིས་བླང་དོར་ཇི་ལྟ་བ་བཞིན་མཐོང་བས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་ཤེས་དྲུག་སྟེ། མངོན་ཤེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱས་པས་ཚོགས་རྫོགས་པས་སོ། །སྒྲུབ་པ་མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་སྒོམ་པའི་ལམ་སྟེ། མི་མཐུན་ཕྱོགས་མཐའ་དག་སྤོང་བས་སོ། །དེ་དག་ཐམས་ཅད་ཀྱིས་སྐྱེས་བུའི་དོན་རྫོགས་ལ། དེ་དག་ཀྱང་གདམས་ངག་གི་སྐབས་སུ་རྫོགས་པར་བསྟན་པས་སོ། །གཉིས་པ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། སྤྱི་གཞུང་གཉིས་སོ། །དང་པོ་ལ། མཚོན་བྱེད་དཔེའི་དགེ་འདུན། མཚོན་བྱ་དོན་གྱི་དགེ་འདུན་ནོ། །དང་པོ་ལ། གང་ལ་གནས་པའི་འབྲས་བུ་དང༌། གང་གནས་པའི་གང་ཟག་གཉིས་སོ། །དང་པོ་ལ་ངོ་བོ་ནི། དགེ་སྦྱོང་ཚུལ་གྱིས་འབྲས་བུ་སྟེ། དགེ་སྦྱོང་ཚུལ་གྱིས་ཐོབ་འབྲས་ཡིན་པའི་ཕྱིར། དགེ་སྦྱོང་གི་ཚུལ་ནི་ཟག་མེད་ཀྱི་བར་ཆད་མེད་ལམ་སྟེ། འདིས་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ཉོན་མོངས་པ་རྣམས་ཞི་བར་བྱེད་པའི་སྒོ་ནས་དོན་དམ་པའི་དགེ་སྦྱོང་དུ་བྱེད་པས་སོ། །འབྲས་བུ་དེ་ཡང་རྣམ་གྲོལ་ལམ་གྱིས་བསྡུས་པ་དགེ་སྦྱོང་གི་ཚུལ་གྱི་རྒྱུ་མཐུན་གྱི་འབྲས་བུ་དང༌། སོ་སོར་བརྟགས་པའི་འགོག་པས་བསྡུས་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང་གཉིས་ཡོད་ལ། གཉིས་ཀའང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཞེས་བྱའོ། །གཉིས་པ་དབྱེ་བ་ནི། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་བཞིའོ། །གསུམ་པ་གྲངས་ངེས་ནི། སྤང་བྱ་ལ་མཐོང་སྤང་དང༌། སྒོམ་སྤང་གཉིས་སུ་ངེས་པས། མཐོང་སྤང་སྤངས་པ་ལས་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །སྒོམ་སྤང་ལའང་འདོད་པའི་སྒོམ་སྤང་དང༌། གོང་མའི་སྒོམ་སྤང་གཉིས་སུ་ངེས་ལ། དང་པོ་ལ། ཕལ་ཆེར་སྤངས་པ་ལས་ནི་ཕྱིར་འོང་གི་འབྲས་བུ་དང༌། མ་ལུས་པ་སྤངས་པ་ལས་ནི་ཕྱིར་མི་འོང་གི་འབྲས་བུའོ། །གོང་མའི་སྒོམ་སྤང་སྤངས་པ་ལས་ནི་དགྲ་བཅོམ་པའི་འབྲས་བུ་བཞག་གོ །ཅིའི་ཕྱིར་འདོད་པའི་སྒོམ་སྤང་སྤངས་པའི་འབྲས་བུ་ལ་གཉིས་བཞག་ལ། གཞན་ལ་མ་ཡིན་ཞེ་ན། འདོད་པ་ནི་ཉེས་དམིགས་ཆེ་བས་མྱུར་དུ་འདའ་བར་བྱ་དགོས་པར་བསྟན་པའི་ཆེད་ཡིན་ནོ། །འདོད་པའི་སྒོམ་སྤང་ཕལ་ཆེར་ཟད་པ་ལ་འབྲས་བུ་རྣམ་པར་བཞག་པས། ཐོབ་བྱའི་འབྲས་བུ་གསར་པ་ཡོད་པར་མཐོང་ནས་སྤྲོ་བ་སྐྱེས་ཏེ་མྱུར་དུ་འཇུག་པའི་ཕྱིར་རོ། །བཞི་པ་ཐོབ་ཚུལ་ལ། ཁམས་གང་དུ་འཐོབ་པ་ནི། དང་པོ་གསུམ་འདོད་པའི་ཁམས་སུ་འཐོབ་སྟེ། རྒྱུན་ཞུགས་དང་ཕྱིར་འོང་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང༌། གསུམ་པ་ལ་མཐར་གྱིས་པ་འདོད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་གྱིས་འཐོབ་ཅིང༌། ཆགས་བྲལ་སྔོན་སོང་མཐོང་ལམ་གྱིས་འཐོབ་སྟེ། ལམ་དེ་གཉིས་ཀའང་འདོད་པའི་རྟེན་ཅན་ཡིན་པའི་ཕྱིར། བཞི་པ་ནི། ཁམས་གསུམ་ཆར་གྱི་རྟེན་ལ་འཐོབ་སྟེ། སྲིད་རྩེའི་གཉེན་པོས་འཐོབ་ཅིང༌། དེ་ནི་ཁམས་གསུམ་ཀ་ལ་བརྟེན་དུ་རུང་བའི་ཕྱིར་རོ། །འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །ཅེས་སོ། །ས་གང་ལ་བརྟེན་པ་ནི། འབྲས་བུ་དང་པོ་གཉིས་མི་ལྕོགས་མེད་ལ་བརྟེན་ཏེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་འཐོབ་པའི་ཕྱིར་རོ། །འབྲས་བུ་གསུམ་པ་ནི། རིམ་གྱིས་པ་ཡང་ཉེར་བསྡོགས་ལ་བརྟེན་ལ། ཆགས་བྲལ་སྔོན་སོང་ནི་བསམ་གཏན་བཞི་གང་རུང་ལ་བརྟེན་ནས་འཐོབ་བོ། །གཟུགས་མེད་ལ་མི་བརྟེན་ཏེ། དེ་ནི་འདོད་པའི་གཉེན་པོར་མི་རུང་བའི་ཕྱིར་རོ། །བཞི་པ་ནི། ཟག་མེད་ས་དགུ་ལ་བརྟེན་ནས་འཐོབ་བོ། །ལམ་གང་གིས་འཐོབ་པའང༌། འབྲས་བུ་ཐོག་མཐའ་གཉིས་ནི་ཟག་མེད་ཀྱི་ལམ་གྱིས་འཐོབ་སྟེ། མཐོང་ལམ་དང་སྲིད་རྩེའི་གཉེན་པོས་འཐོབ་པའི་ཕྱིར། འབྲས་བུ་བར་པ་གཉིས་ནི་ཟག་བཅས་ཟག་མེད་གཉིས་ཀས་འཐོབ་བོ། །བྱེ་བྲག་སྨྲ་བས་སྲིད་རྩེ་མ་གཏོགས་པའི་ས་ལྷག་མའི་མཐོང་སྤང་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤོང་བར་བཤད་པ་ནི་སྒྲོ་བཏགས་པ་སྟེ། མཐོང་ལམ་མ་སྐྱེས་པར་མཐོང་སྤང་སྤངས་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་ལ། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། སྤང་བྱ་མཐར་གྱིས་སྤོང་བ་དང༌། ཅིག་ཅར་སྤོང་བ་གཉིས་སོ། །དང་པོ་ལ། འབྲས་བུ་འཐོབ་ཚུལ་གྱི་སྒོ་ནས་འབྲས་བུ་ཐོད་རྒལ་བ་དང༌། མཐར་གྱིས་པ་གཉིས་སོ། །དང་པོ་ནི། ཆགས་བྲལ་སྔོན་སོང་ཡིན་པས་ཕྱིར་འོང་དང༌། ཕྱིར་མི་འོང་གཉིས་ཁོ་ནར་འདོད་ཀྱི། འབྲས་བུ་ཐོག་མཐའ་གཉིས་ལ་ནི་མ་ཡིན་ཏེ། མཐོང་ལམ་གྱི་སྔོན་དུ་མཐོང་སྤང་དང༌། སྲིད་རྩེའི་ཉོན་མོངས་སྤང་དུ་མི་རུང་བས། ཆགས་བྲལ་སྔོན་དུ་སོང་བའི་དོན་མི་གནས་པའི་ཕྱིར། འདིར་ཆགས་བྲལ་སྔོན་སོང་ཐོད་རྒལ་བར་འདོད་ཀྱི། ཐོད་རྒལ་བ་ནི་དེར་མ་ངེས་ཏེ། ཅིག་ཅར་པའི་དགྲ་བཅོམ་བཞིན་ནོ། །ཆགས་བྲལ་སྔོན་སོང་ལའང་གཉིས་ཏེ། ཕྱིར་འོང་ཆགས་བྲལ་སྔོན་དུ་སོང་བ་དང༌། ཕྱིར་མི་འོང་ཆགས་བྲལ་སྔོན་དུ་སོང་བའོ། །དང་པོ་ལ་ཞུགས་གནས་གཉིས་ལས། དང་པོ་ནི། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་གི་ཉོན་མོངས་དྲུག་པ་ནས་བརྒྱད་པའི་བར་ཅི་རིགས་པ་སྤངས་ཤིང༌། དགུ་པ་མ་སྤངས་པ་རྟོགས་པའི་ཁྱད་པར་སྦྱོར་ལམ་སྟན་གཅིག་པ་ནས་མཐོང་ལམ་སྐད་ཅིག་མ་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །གཉིས་པ་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཚེ་ནི་ཕྱིར་འོང་འབྲས་གནས་སུ་འགྱུར་རོ། །སླར་ཡང་འདི་ཉིད་ཀྱིས་སྒོམ་སྤང་དགུ་པ་སྤོང་བ་ལ་ཞུགས་པའི་ཚེ་ན། མཐར་གྱིས་པའི་ཕྱིར་མི་འོང་ཞུགས་པ་ཞེས་བྱ་ཞིང༌། སྤངས་པ་ན་དེ་ཉིད་ཀྱི་འབྲས་གནས་སུ་འགྱུར་རོ། །འགའ་ཞིག་འདི་ནི་འབྲས་བུ་མཐར་གྱིས་པ་དང༌། ཐོད་རྒལ་བ་གང་དུ་ཡང་མ་གཏོགས་ཏེ། རྒྱུན་ཞུགས་མ་ཐོབ་པར་ཕྱིར་མི་འོང་འཐོབ་པའི་ཕྱིར་དང༌། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་པ་སྔོན་དུ་མ་སོང་བའི་ཕྱིར། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་མ་ཡིན་ཞེས་ཟེར་རོ། །མི་འཐད་དེ། ཕྱིར་འོང་དང༌། ཕྱིར་མི་འོང་རིམ་ཅན་དུ་ཐོབ་ཅིང༌། བར་དུ་འབྲས་བུ་གཞན་རྒལ་བར་བྱར་མེད་པའི་ཕྱིར་དང༌། འབྲས་བུ་མཐར་གྱིས་པ་ལ། འབྲས་བུ་བཞི་ཆར་རིམ་ཅན་དུ་འཐོབ་དགོས་པ་མ་ཡིན་པའི་ཕྱིར་དང༌། མཛོད་འགྲེལ་ལས། འབྲས་བུ་མཐར་གྱིས་པར་དངོས་སུ་བཤད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། དང་པོ་ཞུགས་པ་ནི། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་གི་ཉོན་མོངས་དགུ་པ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཅི་རིགས་པ་སྤངས་ཤིང༌། སྦྱོར་ལམ་སྟན་གཅིག་པ་ནས། སེམས་ཀྱི་སྐད་ཅིག་མ་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །བཅུ་དྲུག་པ་ཐོབ་པའི་ཚེ་ནི་དེ་ཉིད་ཀྱི་འབྲས་གནས་སུ་འགྱུར་རོ། །གཉིས་པ་མཐར་གྱིས་པ་ལ་རྒྱུན་ཞུགས། ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་དང་བཞིའོ། །དང་པོ་ལ། ཞུགས་གནས་གཉིས་ལས། དང་པོ་ནི། མཐོང་ལམ་གྱི་སྔར་སྒོམ་སྤང་ཅུང་ཟད་ཀྱང་མ་སྤངས་པའམ་ལྔ་པའི་བར་ཅི་རིགས་པ་སྤངས་ཀྱང་རུང་དྲུག་པ་མ་སྤངས་ལ། རྟོགས་པའི་ཁྱད་པར་སྦྱོར་ལམ་སྟན་གཅིག་པ་ནས། སྐད་ཅིག་མ་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །དེ་ལ་དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས་སོ། །དང་པོ་ནི། ཤེས་རབ་ཀྱི་དབང་པོ་མི་གསལ་བས། ཕ་རོལ་གྱིས་བསྟན་པའི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ལམ་ལ་སྦྱོར་བ་སྟེ། དད་པའི་སྟོབས་ཀྱིས་བདེན་པ་མངོན་པར་རྟོགས་པས། དད་པའི་རྗེས་འབྲང་ཞེས་བྱའོ། །གཉིས་པ་ནི། ཤེས་རབ་གསལ་བས་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ལ་རྣམ་པར་དཔྱད་ནས་བདེན་པ་མངོན་པར་རྟོགས་པའི་ལམ་ལ་སྦྱོར་བའོ། །ཤེས་རབ་ཀྱིས་ལུང་གི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པས། ཆོས་ཀྱི་རྗེས་འབྲང་ཞེས་བྱའོ། །འདི་གཉིས་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་མི་མཐུན་ཕྱོགས་སྤོང་བའི་སྦྱོར་བ་ལ་ཞུགས་བའི་ཕྱིར་རྒྱུན་ཞུགས་ཞུགས་པ་ཞེས་བྱའོ། །འབྲས་གནས་ནི། ཀུན་སྦྱོར་གསུམ་སྤངས་པའི་འབྲས་བུ་ལ་གནས་པ་མཐོང་ལམ་གྱི་རྗེས་ཐོགས་སུ་འདོད་པའི་ཉོན་མོངས་དྲུག་པ་སྤོང་བ་ལ་འཇུག་པར་བྱེད་ཅིང༌། གོང་མའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་པའོ། །དེ་ནི་ཐར་པའི་གེགས་དང་བྲལ་བས་མྱ་ངན་ལས་འདས་པའི་རྒྱུན་ལ་ཞུགས་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེ་ཉིད་ཀྱི་འབྲས་བུ་ཕྱི་མ་ཐོབ་པར་བྱ་བའི་ཕྱིར་དུ་ལམ་ལ་མངོན་པར་བརྩོན་པ་ལ་ཞུགས་པ་དེའི་ཚེ་ནི། འབྲས་གནས་ཁྱད་པར་ཅན་ནོ། །འདི་ནི་ཕྱི་མ་རྣམས་ལ་ཡང་རིག་པར་བྱའོ། །འདི་ལ་དབང་པོའི་སྒོ་ནས་དད་མོས་དང༌། མཐོང་ཐོབ་གཉིས་ཏེ། སྔར་གྱི་དད་པའི་རྗེས་འབྲང་དང༌། །ཆོས་ཀྱི་རྗེས་འབྲང་གཉིས་ཀྱིས་འབྲས་བུ་ཐོབ་པའི་གནས་སྐབས་ཀྱི་མིང་སྟེ། རིམ་པ་ལྟར་དད་པ་ལྷག་པས་མོས་པ་དང༌། ཤེས་རབ་ལྷག་པས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །སྐྱེ་བ་ལེན་ཚུལ་ལས་ནི། སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེའོ། །དང་པོ་ལ། མདོ་སྡེ་པ་རྣམས་ནི། སྒྲ་ཇི་བཞིན་པ་ཉིད་དུ་སྐྱེ་བ་ལན་བདུན་ཁོ་ནར་ལེན་པར་འདོད་ཅིང༌། བྱེ་བྲག་སྨྲ་བས་ནི། སོ་སོར་ལན་བདུན་བདུན་སྐྱེ་བ་ལེན་པར་འདོད་ལ། ལན་བདུན་པ་ཞེས་བརྗོད་པའང་བདུན་ཚན་དུ་འདྲ་བའི་ཕྱིར་ཏེ། གནས་བདུན་ལ་མཁས་པའི་དགེ་སློང་དང༌། ཤིང་ཡལ་ག་བདུན་པ་བཞིན་ནོ། །གནས་བདུན་ནི། གཟུགས་ཀྱི་ཕུང་པོའི་ཡང་དག་པ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། འགོག་པར་འགྲོ་བའི་ལམ་དང༌། རོ་མྱང་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་ཤེས་ལ། ཕུང་པོ་གཞན་བཞི་ཡང་དེ་བཞིན་དུ་ཤེས་པས་བདུན་ཚན་ལྔའོ། །དེའང་རྒྱུན་ཞུགས་དེ་ཉིད་ཚེ་དེ་ཉིད་ལ་འདོད་པའི་སྒོམ་སྤང་ཅུང་ཟད་ཀྱང་མ་སྤངས་པའི་འདོད་པའི་ལྷ་དང༌། མི་རྣམས་ཀྱི་ནང་དུ་ལན་བདུན་བདུན་འཁོར་བར་བྱས་ནས་དགྲ་བཅོམ་པ་ཐོབ་པའོ། །དེ་ལ་མི་རྣམས་ཀྱི་ནང་དུ་རྒྱུན་ཞུགས་ཐོབ་པ་དེ་ནི་མིར་དྲུག་དང༌། ལྷར་ལན་བདུན་སྐྱེས་ནས། མཐར་མིའི་རྟེན་ལ་མྱ་ངན་ལས་འདའོ། །དང་པོར་ལྷ་རྣམས་ཀྱི་རྟེན་ལ་རྒྱུན་ཞུགས་ཐོབ་པ་ནི། ལྷར་དྲུག་དང༌། མིར་ལན་བདུན་སྐྱེས་ནས་མཐར་ལྷའི་རྟེན་ལ་མྱ་ངན་ལས་འདའོ། །ཐོགས་མེད་ཀྱི་བཞེད་པའང་འདི་ཡིན་ཏེ། ཉན་ཐོས་ཀྱི་ས་ལས། ལྷ་དང་མིར་ལན་བདུན་བདུན་མཚམས་སྦྱོར་ཞིང་ཞེས་སོགས་གསུངས་སོ། །ཅིའི་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཅེ་ན། དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་རོ། །ལམ་དེ་ནི་སྦྲུལ་གོམ་པ་བདུན་པས་ཟིན་པ་དང༌། རིམ་ཉིན་བཞི་པ་བཞིན་ནོ། །བར་སྐབས་སུ་འཕགས་པའི་ལམ་ལ་འདྲིས་པར་བྱེད་ཅིང༌། མྱ་ངན་ལས་འདའ་བ་ཐོབ་པར་མི་བྱེད་དེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །འདིས་ནི་འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་ཅིང༌། དེ་སྲིད་དུ་སྐྱེ་བ་ཡང་ལེན་པས། སྲིད་པའི་ཐ་མ་ཁོ་ན་ལ་འབྲས་བུ་ལྷག་མ་གཉིས་མངོན་དུ་བྱེད་ཀྱི་སྔ་རོལ་ཏུ་མ་ཡིན་ནོ། །སོ་སོ་སྐྱེ་བོ་རྒྱུད་ཡོངས་སུ་སྨིན་པ་དང༌། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི། ཐམས་ཅད་ཀྱིས་ལན་བདུན་ལེན་པར་མ་ངེས་ལ། འདི་ནི་ཐམས་ཅད་ཀྱི་ཐ་ཤལ་ཡིན་པས། དེ་ལྟར་ཐོགས་ན་ལན་བདུན་པ་ངེས་པའི་རིགས་ཅན་དུ་བསྟན་ནོ། །གོང་དུ་འཕོ་བའི་སྐབས་སུ་དཔེར་བཀོད་པ་ནི། མ་ངེས་པའི་སྲིད་པ་ལན་བདུན་པའོ། །འོ་ན་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པར་འགྲུབ་པ་གནས་མ་ཡིན་པར་གསུངས་པ་ཇི་ལྟ་བུ་ཞེ་ན། འགྲོ་བ་རིས་མཐུན་གཅིག་ཏུ་མི་འགྲུབ་པ་ལ་དགོངས་སོ། །གོང་དུ་འཕོ་བ་ལྷ་ཉིད་དུ་སྲིད་པ་བརྒྱད་ལས་ལྷག་པ་ལེན་པ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་སུ་དགོངས་པས་སྐྱོན་མེད་དོ། །གཉིས་པ་རིགས་ནས་རིགས་སྐྱེ་ལ་འགྲེལ་བཤད་ལས་འདོད་ཚུལ་གཉིས་བསྟན་པ་ལས། གཞུང་གིས་དངོས་སུ་བསྟན་པ་ལ། སྤངས་པའི་ཁྱད་པར་ནི་འདོད་པའི་སྒོམ་སྤང་གསུམ་མམ་བཞི་སྤངས་ལ་ལྔ་པ་མ་སྤངས་པའོ། །སྒོམ་སྤང་གསུམ་པ་ནི་ངེས་པར་སྤངས་དགོས་ཏེ། གཞན་དུ་ན་སྐྱེ་བ་བཞི་ལ་སོགས་པ་ལེན་སྲིད་པས་སྐྱེ་བའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །བཞི་པ་སྤངས་ཀྱང་རུང་ལ། ལྔ་པ་སྔར་མ་སྤངས་ཤིང་ཚེ་དེ་ཉིད་ལ་ཡང་མི་སྤོང་བ་དགོས་ཏེ། ལྔ་པ་སྤངས་ན་དྲུག་པའང་ངེས་པར་སྤོང་བས་ལན་ཅིག་ཕྱིར་འོང་དུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་ངེས་ཞེ་ན། འདི་ལ་ཁམས་ལས་འདའ་མ་དགོས་པས་ཉོན་མོངས་པའི་རྣམ་པ་གཅིག་གིས་འབྲས་བུ་ལ་གེགས་བྱ་བར་མི་ནུས་ཤིང༌། ཉོན་མོངས་ཀྱི་རྣམ་པ་གཅིག་སྤངས་མ་ཐག་ཏུ་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་དུ་ཐོབ་པར་མཐོང་ནས་ཤིན་ཏུ་སྤྲོ་བས་འབད་པའི་ཕྱིར་རོ། །གཉེན་པོའི་ཁྱད་པར་ནི། ཇི་ལྟར་སྤངས་པའི་ཉོན་མོངས་པ་དེ་དག་གི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་སྟེ། ཟག་བཅས་ཀྱི་སྤངས་པ་ནི་ཉམས་སྲིད་པས་སྤངས་པའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །དེ་བས་ན་སྔར་གསུམ་དང༌། བཞི་སྤངས་པ་སྲིད་ཀྱང་ཟག་མེད་ཀྱི་དབང་པོ་མ་ཐོབ་ཀྱི་བར་དུ་འདིའི་རྣམ་པར་བཞག་པ་མི་རུང་ངོ༌། །སྐྱེ་བའི་ཁྱད་པར་ནི། འདོད་པའི་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་དགྲ་བཅོམ་པ་ཐོབ་པའོ། །རིགས་མཐུན་གཉིས་ལེན་དགོས་ཏེ། གཞན་དུ་ན་རིགས་ནས་རིགས་སྐྱེའི་དོན་མེད་པའི་ཕྱིར་རོ། །ཉོན་མོངས་པ་གསུམ་པ་སྤངས་པས་རྒྱུ་མེད་པའི་ཕྱིར་བཞི་པ་ཕན་ཆད་ཀྱང་མི་ལེན་ནོ། །འདོད་ཚུལ་གཉིས་པ་ནི། སྒོམ་སྤང་གི་རྣམ་པ་གཅིག་དང་གཉིས་ལས་གྲོལ་བ་སྐྱེ་བ་ལྔ་དང་བཞི་ལེན་པའི་རིགས་ནས་རིགས་སྐྱེའང་ཡོད་དོ། །གསུམ་པ་དང་བཞི་པ་སྤངས་པར་བཤད་པ་ནི་ཕ་མཐའ་བཟུང་བ་ཡིན་ནོ། །གཞན་དུ་ན། གསུམ་སྤངས་པ་ནས་དགུ་པའི་བར་གྱི་རྣམ་པར་དཔྱད་པ་མཛད་ན། ཅིའི་ཕྱིར་གཅིག་དང་གཉིས་སྤངས་པ་ལའང་མི་མཛད། དེ་བས་ན་འདི་ནི་གདོན་མི་ཟ་བར་འདོད་དགོས་སོ་ཞེའོ། །དབྱེ་བ་ནི། ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་གཉིས་སོ། །དང་པོ་ནི། འདོད་ལྷའི་རྟེན་ལ་མཐོང་ལམ་ཐོབ་པ་འདོད་ལྷར་ལན་གཉིས་སམ་གསུམ་དུ་སྐྱེས་ནས་དགྲ་བཅོམ་པ་ཐོབ་པའོ། །གཉིས་པ་ནི། མིའི་རྟེན་ལ་མཐོང་ལམ་ཐོབ་པ་རྟེན་དེ་ལ་གཉིས་སམ་གསུམ་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པའོ། །སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེ་འདི་དག་རྒྱུན་ཞུགས་ཀྱི་འབྲས་བུ་དང་པོར་ཐོབ་པའི་ཚེ་དེ་ཉིད་ལ་འཇོག་གི་ཕྱིན་ཆད་ནི་མ་ཡིན་ཏེ། སྐྱེ་བའི་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལན་ཅིག་ཕྱིར་འོང་ལ་ཞུགས་པ་ནི། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་འབྲས་བུ་ཕྱི་མ་ཐོབ་པའི་དོན་དུ་བརྩོན་པ་དེ་ཉིད་དོ། །འབྲས་གནས་ནི། མཐོང་ལམ་གྱི་རྗེས་སུ་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཅིང༌། དགུ་པ་སྤངས་ནས་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བའོ། །འདོད་པའི་ཁམས་སུ་སྐྱེ་བའི་ལྷག་མ་གཅིག་ལུས་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །ཉན་ཐོས་ཀྱི་ས་ལས། ལྷའི་སྲིད་པ་ལན་གཅིག་དང༌། མིའི་སྲིད་པ་ལན་ཅིག་སྒྲུབ་པའི་ཚེ། ལན་ཅིག་ཕྱིར་འོང་གི་འབྲས་བུར་གཞག་གོ་ཞེས་གསུངས་སོ། །འདིས་སྐྱེ་བ་རིགས་འདྲ་མི་ལེན་པས། གཉིས་ལེན་ཡང་ལན་ཅིག་ཕྱིར་འོང་གི་སྒྲ་དོན་མི་འདོར་རོ། །འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པ་ལ། སྤངས་པའི་ཁྱད་པར་འདོད་པའི་སྒོམ་སྤང་བདུན་ནམ་བརྒྱད་སྤངས་ཤིང༌། གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་ལ། སྐྱེ་བའི་ཁྱད་པར་འདོད་པའི་སྐྱེ་བ་གཅིག་བླངས་ནས་དགྲ་བཅོམ་ཐོབ་པའོ། །འདི་ལ་ཁམས་ལས་འདའ་དགོས་པས། འབྲས་བུ་ཐོབ་པ་ལ་ཉོན་མོངས་པ་གཅིག་གིས་ཀྱང་གེགས་བྱེད་ནུས་པའི་ཕྱིར། འདོད་ཉོན་ལྔ་པ་སྤངས་ན་དྲུག་པ་གདོན་མི་ཟ་བར་སྤོང་ཞེས་བསྟན་པ་དང་མི་མཚུངས་སོ། །གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ནི། ཕྱིར་འོང་འབྲས་གནས་འབྲས་བུ་ཕྱི་མ་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་ལ། འབྲས་གནས་ནི། མཐོང་ལམ་གྱི་རྗེས་སུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་སློབ་པའི་འབྲས་གནས་སོ། །འདོད་པར་སྐྱེ་བའི་རྒྱུ་ཟད་པས་སླར་འདོད་པར་མི་སྐྱེ་བའི་ཕྱིར། ཕྱིར་མི་འོང་བ་ཞེས་བྱའོ། །དེ་ལ་དབྱེ་བ་ནི། གཟུགས་ཀྱི་ཀུན་སྦྱོར་མ་སྤངས་པས་གཟུགས་སུ་ཉེར་འགྲོ་དང༌། གཟུགས་ཀྱི་ཀུན་སྦྱོར་སྤངས་ལ་གཟུགས་མེད་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་མེད་ཉེར་འགྲོ་དང༌། བདེན་པ་མཐོང་བའི་རྟེན་ལ་མྱང་འདས་ཐོབ་ནུས་པ་མཐོང་ཆོས་ཞི་དང༌། ཚེ་ཡོངས་སུ་གྱུར་པའི་འཕགས་པ་དང༌། འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །དང་པོ་ནི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གཟུགས་ཀྱི་སྲིད་པར་ཉིང་མཚམས་སྦྱར་ནས། མྱང་འདས་མངོན་དུ་བྱེད་པའོ། །དེ་ལ་བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། གོང་དུ་འཕོ་བ་དང་གསུམ་མོ། །དང་པོ་ནི། གཟུགས་ཀྱི་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང༌། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས། གཟུགས་ཀྱི་བར་སྲིད་དུ་ཉིང་མཚམས་སྦྱར་ནས། མྱ་ངན་ལས་འདའ་བའོ། །འདི་ལྷག་མེད་དུ་མྱ་ངན་ལས་འདའ་བར་བཤད་པ་ནི། སྐྱེ་སྲིད་ཀྱི་ཕུང་པོ་ལེན་པ་མེད་པར་མྱང་འདས་ཐོབ་པའི་དོན་ནོ། །གཞན་དག་གིས་ལྷག་མེད་དུ་ཉེ་བ་ལ་དགོངས་ཏེ། སྒྲ་ཇི་བཞིན་པ་མ་ཡིན་ཞེས་པ་དང༌། ཚེ་འདོར་བ་ལ་དབང་མ་ཐོབ་པས་བརྟག་དགོས་སོ་ཞེས་སྨྲ་བས་ནི། འདི་མ་རྟོགས་པ་ཡིན་ནོ། །འདི་ལ་བར་སྲིད་གྲུབ་མ་ཐག་དང༌། བར་སྲིད་གྲུབ་ནས་སྐྱེ་སྲིད་དུ་འགྲོ་འདོད་མ་སྐྱེས་ཙམ་དང༌། འཇུག་པར་བསམས་ནས། སྐྱེ་སྲིད་མ་ཐོབ་ཙམ་ལ་མྱ་ངན་ལས་འདའ་བ་གསུམ་མོ། །གཉིས་པ་སྐྱེས་འདའ་བ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གཟུགས་ཀྱི་སྐྱེ་གནས་མྱོང་འགྱུར་གྱི་ལས་ཅན་ནོ། །དེ་ལ་སྐྱེས་ཙམ་ནས་འདའ་བ་དང༌། འདུ་བྱེད་མེད་པར་འདའ་བ་དང༌། འདུ་བྱེད་དང་བཅས་པར་འདའ་བ་དང་གསུམ་མོ། །དང་པོ་ནི། གཟུགས་ཀྱི་སྐྱེ་སྲིད་གྲུབ་ཙམ་ནས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །གཉིས་པ་ནི། སྔོན་གོམས་པའི་དབང་གིས་འབད་རྩོལ་ཆུང་ངུས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །གསུམ་པ་ནི། མངོན་པར་འབད་པའི་སྒོ་ནས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །འདི་དག་ནི་ཉོན་མོངས་སྤངས་ཀྱང་ཚེའི་འཕེན་པ་མ་རྫོགས་པ་དེ་སྲིད་དུ་མི་འཆི་བའི་ཕྱིར་རོ། །ཐོག་མར་ལྷག་མེད་དུ་འདའ་བ་ནི་མ་ཡིན་ནོ། །མངོན་རྟོགས་རྒྱན་ལས། བྱེད་བཅས་སྔར་བཤད་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་ནོ། །གསུམ་པ་གོང་འཕོ་ལ། གོང་ནི་འོག་མིན་དང་སྲིད་རྩེ་སྟེ། གཟུགས་ཅན་གྱི་མཐའ་དང༌། སྲིད་པའི་མཐའ་ཡིན་པའི་ཕྱིར། འཕོ་བ་ནི་དེར་འགྲོ་བའོ། །དེ་ལ་འོག་མིན་འགྲོ་དང༌། སྲིད་རྩེར་འགྲོ་གཉིས་སོ། །དང་པོ་ནི། གཟུགས་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་གྱི་ཕྱིར་མི་འོང་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །དེ་ལ་འཕར་བ་གསུམ་ལས། དང་པོ་ནི། འདིར་བསམ་གཏན་སྤེལ་མར་སྒོམ་པ་བསམ་གཏན་དང་པོའི་རོ་མྱངས་བས། གཉིས་པ་ཡན་ཆད་ལས་ཉམས་ཏེ། ཕྱི་མ་ཚངས་རིས་སུ་སྐྱེས་ནས། སླར་ཡང་བསམ་གཏན་སྤེལ་མ་བསྒོམས་པས་འོག་མིན་དུ་འདའ་བའི་རིགས་ཅན་ནོ། །གཉིས་པ་ནི། སྔ་མ་ལྟར་བྱས་ཏེ། གནས་གཙང་མའི་འོག་མ་གསུམ་གང་རུང་དུ་སྐྱེས་ནས། མཐར་འོག་མིན་དུ་འདའ་བའོ། །གསུམ་པ་ནི། ཡང་སྔར་ལྟར་བྱས་ནས། གཟུགས་ཀྱི་གནས་ཐམས་ཅད་དུ་ལན་རེ་རེ་སྐྱེས་ནས་འོག་མིན་དུ་འདའ་བའོ། །གཟུགས་སུ་སྐྱེས་ཟིན་ན། གཟུགས་སུ་ཉེ་བར་འགྲོ་བའི་དོན་མེད་པའི་ཕྱིར་དང༌། གཟུགས་ཀྱི་སྐྱེ་གནས་མྱོང་འགྱུར་གྱི་ལས་ཅན་དུ་གསུངས་པའི་ཕྱིར་འདོད་པའི་རྟེན་ཅན་ཡིན་ལ། འོན་ཀྱང་འགྲོ་སའི་དབྱེ་བ་ལས་ཕྱེ་བ་ཡིན་ནོ། །བྱེ་བྲག་སྨྲ་བས་གཙོ་བོ་གཅིག་དུ་ངེས་པའི་ཕྱིར་དང༌། འགྲན་ཟླ་མེད་པའི་ལས་བསགས་པས། ཚངས་ཆེན་དུ་འཕགས་པ་མི་སྐྱེ་བར་བཤད་པ་ལ་ནི། ཐེག་པ་ཆེན་པོའི་སྡེ་སྣོད་ལས། ས་དགུ་པ་ལ་གནས་པས་སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོར་སྐྱེ་བ་ལེན་པར་བཤད་པས་གནོད་དོ། །བསམ་གཏན་སྤེལ་མའི་སྒོམ་ཚུལ་ནི། དང་པོར་བསམ་གཏན་བཞི་པ་ལ་སྤེལ་སྟེ། ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར། ཕྱིས་ནི་བསམ་གཏན་གཞན་རྣམས་ཀྱང་སྤེལ་ལོ། །དེ་ལ་ཆུང་ངུ་གསུམ་སྤེལ་ལ་སོགས་པ་ལྔ་ཡོད་པ་ལས། དང་པོ་ནི། ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་ནས་འཇུག་པའོ། །ཚུལ་དེས་འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེན་པོ་བཅུ་གཉིས་སྤེལ། ཤིན་ཏུ་ཆེས་ཆེ་བ་བཅོ་ལྔ་སྤེལ་ཡང་ཤེས་པར་བྱའོ། །དགོས་པ་ནི། ཕྱིར་མི་འོང་རྣམས་གནས་གཙང་མར་སྐྱེ་བར་བྱ་བ་དང༌། དགྲ་བཅོམ་པ་དབང་རྣོན་རྣམས་མཐོང་ཆོས་ལ་བདེ་བར་གནས་པ་དང༌། དབང་རྟུལ་རྣམས་ནི་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་ཡང་འཇུག་གོ །མཛོད་ལས། སྐྱེ་དང་གནས་པར་བྱ་ཕྱིར་དང༌། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང༌། །ཞེས་སོ། །ཇི་ལྟར་འདིས་གནས་གཙང་མའི་སྐྱེ་བ་འགྲུབ་ཅེ་ན། རྒྱུ་བསམ་གཏན་སྤེལ་མ་ལྔའི་བྱེ་བྲག་གིས་རིམ་པ་ལྟར་གནས་གཙང་མ་ལྔ་འགྲུབ་བའི་ཕྱིར་རོ། །འོ་ན་འཕགས་པ་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་སོགས་པ་ཡོད་པར་འགྱུར་རོ་ཞེ་ན། སྔོན་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་བསགས་པ་དེ་ཉིད། བསམ་གཏན་སྤེལ་མའི་རྫོགས་བྱེད་ཀྱི་རྐྱེན་གྱིས་གནས་གཙང་མར་ཡོངས་སུ་བསྒྱུར་བར་འདོད་པས་ཉེས་པ་མེད་དོ། །གྲུབ་པའི་ཚད་ནི། དེ་ལ་སྦྱོར་བ་གཅིག་གིས་ཟག་བཅས་ཟག་མེད་ཀྱི་སེམས་གསུམ་མངོན་དུ་བྱེད་ནུས་པ་དེའི་ཆུང་ངུ་གྲུབ་པ་ནས། སྦྱོར་བ་གཅིག་གིས་སེམས་བཅོ་ལྔ་མངོན་དུ་བྱེད་ནུས་པའི་ཚེ་བཅོ་ལྔ་སྤེལ་གྲུབ་པ་ཡིན་ལ། ཟག་མེད་ལྔ་ཕྱིའི་མཚམས་ནི་རྗེས་ཐོབ་ཀྱིས་འཛིན་པ་ཡིན་ནོ། །གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་བུ་ཆེའི་བར་དུ་སོང་ནས། གནས་གཙང་མ་ཟུར་དུ་བཞག་སྟེ་གཟུགས་མེད་བཞི་རིམ་གྱིས་ཐོབ་ནས། སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །གཟུགས་མེད་ཀྱི་རྟེན་ལ་མྱ་ངན་ལས་འདའ་ཡང༌། དང་པོར་གཟུགས་སུ་འགྲོ་བས་གཟུགས་སུ་ཉེར་འགྲོར་བརྗོད་དོ། །གཟུགས་མེད་ཉེར་འགྲོ་ནི། འདོད་པའི་རྟེན་དེ་ཉིད་དུ་གཟུགས་ལ་འདོད་ཆགས་དང་བྲལ་བས། གཟུགས་སུ་མ་སོང་བར་གཟུགས་མེད་ཀྱི་རྟེན་ལ་དགྲ་བཅོམ་ཐོབ་པའོ། །དབྱེ་བ་ནི། བར་དོར་འདའ་བ་མ་གཏོགས་སྐྱེས་ནས་འདའ་བ་སོགས་བཞིའོ། །འདིས་རྒྱུའི་དུས་སུ་ལྷག་མཐོང་གཙོ་བོར་མ་སྤྱད་པས་འཕར་བ་ལ་སོགས་བྱེད་མི་ནུས་པའི་ཕྱིར། དེ་དག་གི་རྣམ་གཞག་ནི་མ་མཛད་དོ། །འདི་དག་ཀྱང་ཕ་མཐའ་བཟུང་བ་ཡིན་གྱི། བར་སྐབས་སུ་མྱ་ངན་ལས་འདའ་བ་མི་སྲིད་པ་ནི་མ་ཡིན་ནོ། །གསུམ་པ་མཐོང་ཆོས་ཞི་ནི། བདེན་པ་མཐོང་བའི་རྟེན་དེ་ཉིད་དུ་ཉོན་མོངས་པ་མ་ལུས་པ་སྤངས་ནས། དགྲ་བཅོམ་མངོན་དུ་བྱེད་པ་སྟེ། མཆོག་ཟུང་གཅིག་ལྟ་བུའོ། །ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི། འཕགས་པའི་སྐྱེ་བ་བརྒྱུད་མར་རྒྱུད་ལ་བསྐྱེད་པ་སྟེ། ཁམས་གསུམ་གྱི་རྟེན་གྱི་དབྱེ་བས་གསུམ་མོ། །གཟུགས་ཀྱི་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་འགྲོ་བ་སྲིད་དེ། སྲིད་རྩེའི་མཐར་ཐུག་འགྲོ་བཞིན་ནོ། །འདོད་པར་ཚེ་ཡོངས་སུ་གྱུར་བའི་འཕགས་པ་ནི། ཁམས་གཞན་དུ་མི་འགྲོ་བར་བཤད་དོ། །ལུས་ཀྱིས་མངོན་དུ་བྱེད་པ་ནི། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཅེས་པ་ལྟར་རོ། །བཞི་པ་དགྲ་བཅོམ་པ་ནི་འོག་ཏུ་འཆད་དོ། །གཉིས་པ་ཅིག་ཅར་བ་ལ་མཚན་ཉིད་ནི། མཐོང་སྤང་སྤངས་པའི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ཐོབ་པའི་ཉན་ཐོས་གང་ཞིག འདོད་པའི་སྒོམ་སྤང་དང་པོ་སྤོང་བའི་དུས་སུ་ཁམས་གོང་མའི་དང་པོ་རྣམས་ཀྱང་ཅིག་ཅར་དུ་སྤོང་བའོ། །དབྱེ་བ་ནི། རྒྱུན་དུ་ཞུགས་པ་དང༌། དགྲ་བཅོམ་པ་གཉིས། འབྲས་བུ་བར་པ་གཉིས་ལ་གནས་པ་ནི་མ་ཡིན་ཏེ། འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་དུས་སུ། གོང་མ་རྣམས་ཀྱི་དྲུག་པ་ཡང་སྤངས་ལ། དགུ་པ་སྤངས་པ་ན་དགྲ་བཅོམ་པར་འགྱུར་བའི་ཕྱིར་རོ། །སྤང་བྱ་སྤོང་ཚུལ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ཏེ། ས་གཞན་ནི་ཁམས་གསུམ་ཆར་གྱི་གཉེན་པོར་མི་རུང་བའི་ཕྱིར། ཟག་མེད་ཀྱི་ལམ་ཁོ་ནས་སྤོང་སྟེ། ཞི་རགས་ཀྱི་རྣམ་པ་ཅན་ནི་རང་ས་དང་གོང་སའི་གཉེན་པོར་མི་རུང་བའི་ཕྱིར་རོ། །བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་སྤོང་སྟེ། སྔ་རོལ་དུ་སྒོམ་སྤང་ཅིག་ཅར་དུ་སྤོང་མི་ནུས་པའི་ཕྱིར་རོ། །སྤོང་བའི་ཚེ་མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པས་ཁམས་གསུམ་གྱི་བདེན་པ་ལ་ཅིག་ཅར་དུ་དམིགས་ནས། ཁམས་གསུམ་གྱི་སྒོམ་སྤང་དང་པོ་རྣམས་ཅིག་ཅར་དུ་སྤོང་བ་ནས། ཆུང་ངུའི་བར་དུ་དེ་བཞིན་དུ་སྤོང་ངོ༌། །གཉིས་པ་དགྲ་བཅོམ་པའི་ཁྱད་པར་ལ། ཡོངས་སུ་ཉམས་པའི་ཆོས་ཅན་ནས། མི་གཡོ་པའི་ཆོས་ཅན་གྱི་བར་དྲུག་གོ །དང་པོ་ལྔ་ནི། དད་མོས་སྔོན་དུ་འགྲོ་བ་ཅན་ཡིན་ལ། དྲུག་པ་ནི། མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཅན་ནོ། །དེ་ལ་དང་པོ་ལྔ་ནི་དུས་སྦྱོར་ཞེས་བྱ་སྟེ། ཏིང་ངེ་འཛིན་མངོན་དུ་གྱུར་བ་ཡོ་བྱད་དང་ནད་མེད་པ་ལ་སོགས་ལ་ལྟོས་པའི་ཕྱིར་རོ། །མི་གཡོ་བའི་ཆོས་ཅན་ནི་དུས་མི་སྦྱོར་ཞེས་བྱ་སྟེ། ཡོ་བྱད་ལ་སོགས་པ་ལ་མི་ལྟོས་པར་ཏིང་ངེ་འཛིན་འདོད་དགུར་མངོན་དུ་འགྱུར་བའི་ཕྱིར་རོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི། དབང་པོ་རྟུལ་པོ་སྔོན་སྦྱོར་བ་གཉིས་དང་མི་ལྡན་པས་འདོད་ཡོན་གྱིས་གཡེངས་བའམ། མ་གཡེངས་ཀྱང་རུང་ལ། རང་གི་ངང་གིས་མཐོང་ཆོས་ལབ་དེར་གནས་ཀྱི་བསམ་གཏན་ལས་ཉམས་པར་འགྱུར་བའི་རིགས་སོ། །བདག་གསོད་པའི་ཆོས་ཅན་ནི་གཞན་སྔ་མ་དང་འདྲ་ལ། སྐུ་ཚེའི་འདུ་བྱེད་མི་གཏོང་ན་ཉམས་ཤིང༌། གཏོང་ན་མི་ཉམས་པའི་རིགས་ཅན་ནོ། །རྗེས་སུ་སྲུང་བའི་ཆོས་ཅན་ནི། སྔོན་རྒྱུན་དུ་སྦྱོར་བ་དང་ལྡན་པས་འདོད་ཡོན་ལས་སེམས་བསྲུངས་ན་ཉམས་པར་མི་འགྱུར་བའོ། །གནས་པ་ལས་མི་བསྐྱོད་པ་ནི། སྔོན་གུས་སྦྱོར་དང་ལྡན་པས་འདོད་ཡོན་ལས་རྣམ་པར་གཡེངས་སམ་མ་གཡེངས་ཀྱང་རུང་ཉམས་པར་མི་འགྱུར་ལ། དབང་པོ་རྣོན་པོར་ཡོངས་སུ་སྦྱང་མི་ནུས་པའི་རིགས་ཅན་ནོ། །རྟོགས་པའི་འོས་སུ་གྱུར་པ་ནི། སྔོན་སྦྱོར་བ་གཉིས་དང་ལྡན་པས། འདོད་ཡོན་གྱིས་གཡེངས་སམ་མ་གཡེངས་ཀྱང་རུང་ཉམས་པར་མི་འགྱུར་ལ་དབང་པོ་རྣོན་པོར་སྦྱང་ནུས་པའོ། །དྲུག་པ་ནི། དབང་པོ་རྣོན་པོ་སྦྱོར་བ་གཉིས་ཀ་དང་ལྡན་པས་འདོད་ཡོན་གྱིས་ནམ་ཡང་མི་ཉམས་ཤིང༌། དབང་པོ་སྦྱང་མི་དགོས་པའོ། །དེ་ལ་དང་པོ་ལྔ་ནི། དང་པོ་ནས་དེའི་རིགས་ཅན་ཡིན་ལ། དྲུག་པ་ལ། སྦྱངས་པ་ལས་གྱུར་པ་དང༌། དང་པོ་ནས་དེའི་རིགས་ཅན་གཉིས་སོ། །འདོད་པའི་རྟེན་ལ་དགྲ་བཅོམ་པ་དྲུག་ཅར་ཡོད་ཅིང༌། གོང་མ་གཉིས་ན་གནས་པ་ལས་མི་བསྐྱོད་པ་དང༌། མི་གཡོ་བའི་ཆོས་ཅན་གཉིས་ཡོད་དོ། །གཞན་རྣམས་ནི་མེད་དེ། གོང་མའི་རྟེན་ལ་ཉམས་པ་དང༌། དབང་པོ་འཕོ་བ་མེད་པའི་ཕྱིར་ཏེ། ཚེ་རབས་གཞན་དུ་རིགས་དེ་ཤིན་ཏུ་འདྲིས་པར་བྱས་པའི་ཕྱིར། མཛོད་ལས། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བརྟེན། །ཞེས་སོ། །གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ལ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པ་གཉིས། དང་པོ་ནི། སྔོན་གྱི་སློབ་དཔོན་རྣམས་འདིར་བྱང་སེམས་རྒྱུན་ཞུགས་སོགས་སུ་བསྟན་པ་ནི་སྒྲ་ཇི་བཞིན་པ་སྟེ། དངོས་ལ་གནོད་བྱེད་མེད་པའི་ཕྱིར་དང༌། འཕགས་སེང་གཉིས་ཀས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བར་གསུངས་ལ། མདོ་དེར་ཡང་ཉན་ཐོས་ལ་རྒྱུན་ཞུགས་སོགས་བསྟན་པ་དྲང་དོན་དུ་གསུངས་ནས་བྱང་སེམས་མཚན་ཉིད་པར་བཤད་པའི་ཕྱིར། ཀུན་ལས་བཏུས་ལས་བྱང་སེམས་རྒྱུན་ཞུགས་སོགས་སུ་བཞག་ཏུ་མི་རུང་བར་གསུངས་པ་ཡང༌། མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་རྣམ་པར་བཞག་པ་ཡིན་གྱི། འདིར་ཁུངས་སུ་མི་རུང་ངོ་ཞེས་སྐྱོན་སྤོང་དང་བཅས་ཏེ་སྨྲའོ། །གཉིས་པ་ནི། འོ་ན་འདིར་རང་སངས་རྒྱས་སུ་བསྟན་པའང་སྒྲ་ཇི་བཞིན་པར་ཐལ་བ་འགྱུར་བས། རང་སངས་རྒྱས་ཐེག་པ་འབྲིང་པོའི་གང་ཟག་ཏུ་འདོད་པ་ཉམས་སོ། །སྲིད་རྩེའི་མཐར་ཐུག་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་དུ་བསྟན་པ་རྣམས་ཀྱང་དེ་ཁོ་ནར་འགྱུར་བས་གཟུགས་མེད་དུ་སྐྱེ་བ་ལེན་པར་འགྱུར་རོ། །ཅི་སྟེ་ལེན་པར་འདོད་ན། ལས་ཉོན་ནམ་སྙིང་རྗེའི་དབང་གིས་ཡིན། དང་པོ་མི་འཐད་དེ་བྱང་སེམས་འཕགས་པ་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བ་མི་སྲིད་པའི་ཕྱིར་སྟེ། རྒྱུད་བླར། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་སོ། །གཉིས་པ་མི་འཐད་དེ། སེམས་ཅན་འདུལ་བའི་གནས་མ་ཡིན་པས་དེར་སྐྱེ་བ་དོན་དུ་གཉེར་བ་མི་སྲིད་པའི་ཕྱིར་རོ། །སྡུད་པ་ལས། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་སོ། །དགོངས་པ་ངེས་འགྲེལ་ལས། བཀའ་བར་པ་དྲང་དོན་དང༌། ཐ་མ་ངེས་དོན་དུ་གསུངས་པའང་སྒྲ་ཇི་བཞིན་པ་ཡིན་ནམ་མ་ཡིན། དང་པོ་ལྟར་ན་སྐྱོན་དུ་མ་གནས་སོ། །ཅི་སྟེ་ཕྱི་མ་ལྟར་ཡིན་ཏེ། བཀའ་བར་པ་དྲང་དོན་དུ་གསུངས་པ་དེ་ཉིད་དྲང་དོན་ཡིན་པས་སོ་ཞེ་ན། འོ་ན་འདིར་ཡང་བྱང་སེམས་ལ་རྒྱུན་ཞུགས་སོགས་སུ་བསྟན་པ་ངེས་དོན་དང༌། ཉན་ཐོས་ལ་རྒྱུན་ཞུགས་སོགས་སུ་བསྟན་པ་དེ་ཉིད་དྲང་དོན་དུ་གསུངས་པ་ལའང་རྒྱུ་མཚན་དེ་ཉིད་མཚུངས་པ་ཡིན་ནོ། །རྒྱུན་ཞུགས་ཀྱི་འབྲས་བུ་ལ་སོགས་ཀྱང་མངོན་དུ་བྱེད་པར་འགྱུར་ཏེ། རྒྱུན་ཞུགས་དང༌། ཕྱིར་འོང་སོགས་མཚན་ཉིད་པ་ཡིན་པའི་ཕྱིར། འདོད་པ་མ་ཡིན་ཏེ། ཤེར་ཕྱིར་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། རང་སངས་རྒྱས་ཀྱི་བར་ཐོབ་པར་མི་བྱེད་ཅེས་གསུངས་པས་སོ། །གཞན་ཡང་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པར་ཡོངས་སུ་འཛིན་པའི་ཕྱིར་དང༌། བསམ་གཏན་ལ་གནས་ཤིང་སླར་ཡང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་ཡང༌། ཕྱིར་འོང་དང༌། ཕྱིར་མི་འོང་དུ་མི་རིགས་སོ། །ཅི་སྟེ་ཉན་ཐོས་ལ་ཡང༌། རྒྱུན་ཞུགས་ཀྱི་སྒྲའི་དོན་མེད་དེ། མྱ་ངན་ལས་འདས་པའི་ལམ་གྱི་རྒྱུན་ལ་ཞུགས་པས་རྒྱུན་ཞུགས་ཞེས་བྱ་ན། ཉན་རང་ལ་མྱང་འདས་མཚན་ཉིད་པ་མེད་པའི་ཕྱིར་རོ་ཞེ་ན། ཉན་རང་གི་ཐེག་པ་རྣམས་ཀྱང་མཐར་ཐུག་གི་ཐོབ་བྱ་ལ་ལྟོས་ནས་སངས་རྒྱས་ཀྱི་ཐེག་པར་ཁས་ལེན་དགོས་པས། མྱ་ངན་ལས་འདས་པའི་རྒྱུན་ལ་ཞུགས་པར་འདོད་པར་བྱ་དགོས་ལ། ཅི་སྟེ་ཁས་མི་ལེན་ན། མཐར་ཐུག་པ་ཐེག་པ་གཅིག་ཏུ་འདོད་པ་འགལ་པ་ཡིན་ནོ། །ཅི་སྟེ་ཁྱེད་ལའང་ཕྱིར་འོང་སོགས་བྱང་སེམས་སུ་གྱུར་པ་ན། སྐྱེ་བ་ཚད་མེད་པར་འཛིན་པས་ལན་གཅིག་ཕྱིར་འོང་གི་སྒྲའི་དོན་མི་གནས་ཤེ་ན། དེ་ནི་བྱང་སེམས་ཡིན་པས་འདོད་པ་ཁོ་ནའོ། །ཕྱིར་མི་ལྡོག་པ་འཁོར་ལོའི་མདོའི་དགོངས་པའང་བཏགས་པ་བར་མངོན་ཏེ། མཚན་ཉིད་པར་བཟུང་ན། ཇི་སྐད་བཤད་པའི་རིགས་པས་གནོད་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ནི་རིགས་པ་དང་འགལ་བའི་ངག་མི་གསུང་བའི་ཕྱིར་རོ། །འདོགས་པའི་རྒྱུ་མཚན་ལ་སོགས་མ་གསུངས་པའང་མ་ཡིན་ཏེ། སྒྲ་འཇུག་པའི་དབང་དུ་བྱས་ནས། མདོ་དེ་ལས། ལོག་པ་བརྒྱད་ལས་ཤིན་ཏུ་འདས། །རྣམ་པར་ཐར་པ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བརྗོད་དོ། །ཞེས་སོ། །བཏགས་པའི་དགོས་པ་ནི་ཉན་རང་གི་འབྲས་བུ་ལ་ཞེན་པ་བཀག་ནས། ཐེག་ཆེན་ལ་གཞུག་པའི་དོན་དུ་གསུངས་ཏེ། ཡང་དེ་ལས། འདིའི་མིང་ཇི་ལྟར་བཟུང་བར་བགྱི། བཀའ་སྩལ་པ། འདི་འབྲས་བུ་ལ་ཞེན་པ་མེད་པར་ཟུངས་ཤིག འབྲས་བུ་སྣ་ཚོགས་དང་བྲལ་བར་ཟུངས་ཤིག ཅེས་བཤད་དོ། །དངོས་ལ་གནོད་བྱེད་ཀྱང༌། མདོ་དེ་ཉིད་དུ། དེ་ལྟར་གཞན་ལ་གང་སྒྲོགས་པ། །དེ་ནི་ཉན་ཐོས་ཤེས་པར་གྱིས། །དེ་སྐད་བརྗོད་པས་ཉན་ཐོས་མིན། །ཉན་ཐོས་སུ་ནི་ཡོངས་སུ་བསྟན། །ཞེས་སོ། །བསྟན་བཅོས་འདི་ལྟར་ན། དགོས་པ་བྱང་སེམས་རྣམས་དགེ་འདུན་དུ་ཡིད་ཆེས་པའི་དོན་དུ་ཡིན་ལ། དངོས་ལ་གནོད་བྱེད་ནི། མདོ་ལས། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་ཐོབ་པར་མི་བྱེད། ཅེས་སོགས་ཀྱིས་བསྟན་ཏོ། །དེ་བས་ན་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་དང༌། བསྟན་བཅོས་འདིའི་འདོགས་པའི་རྒྱུ་མཚན་སོགས་འདྲ་བ་མ་ཡིན་ལ། འོན་ཀྱང་ཐེག་ཆེན་གྱི་དགེ་འདུན་ལ། རྒྱུན་ཞུགས་སོགས་ཀྱི་ཐ་སྙད་བྱས་པ་མི་འགལ་བའི་ཁུངས་སུ་དྲངས་པ་ཡིན་ནོ། །གཉིས་པ་ལ་མཚམས་སྦྱར་བ་ནི། དགེ་འདུན་དཀོན་མཆོག་གི་སྐབས་སུ་དབང་པོ་རྟུལ་དང་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དགེ་འདུན་གྱི་དབྱེ་བ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། རྩ་བ་ལ། འཕགས་པ་ལྟར་ན། སྐྱེས་བུ་ཆེན་པོ་བརྒྱད་ལས། རྒྱུན་ཞུགས་སུ་གཏོགས་པ་ལ་དོན་གྱིས་ཐོབ་པ་རྒྱུན་ཞུགས་ཞུགས་པ་བརྒྱད་པ་དང༌། འབྲས་གནས་དབང་པོ་རྟུལ་པོ་དང༌། རྣོན་པོ་དག་དང༌། འབྲས་གནས་ཁྱད་པར་ཅན། རིགས་ནས་རིགས་སྐྱེ་གཉིས་དང་ལྔའོ། །ཕྱིར་འོང་ལ་ཞུགས་པ། དད་མོས་དང་མཐོང་ཐོབ་གཅིག་ཏུ་བསྡུས་པ་དང༌། དོན་གྱིས་ཐོབ་པ་འབྲས་གནས་ཙམ་པོ་དང༌། ཁྱད་པར་ཅན་བར་ཆད་གཅིག་པ་དང་གསུམ་མོ། །ཕྱིར་མི་འོང་ལ། ཞུགས་པ་དང་མོས་དང་མཐོང་ཐོབ་གཅིག་ཏུ་བསྡུས་པ་དང༌། དོན་གྱིས་ཐོབ་པ་འབྲས་གནས་ཙམ་པོ་དང༌། ཁྱད་པར་ཅན་ལ་བརྒྱད་ལས། འདའ་བ་བཞི་ནི་བར་དོ་དང༌། སྐྱེས་ནས་དང༌། འདུ་བྱེད་དང༌། འདུ་བྱེད་དང་བཅས་པ་མ་ཡིན་པར་འདའ་བའོ། །འོག་མིན་འགྲོ་ལ་དབྱེ་བ་འཕར་གསུམ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་རྣམས་གཅིག་ཏུ་བྱས་པ་ནི་གོང་འཕོ་སྟེ་ལྔའོ། །དྲུག་པ་ནི་གཟུགས་ཀྱི་ཆགས་བཅོམ་མོ། །བདུན་པ་ནི་མཐོང་བའི་ཆོས་ལ་ཞི་བའོ། །བརྒྱད་པ་ནི་ལུས་མངོན་བྱེད་དོ། །སྐྱེས་བུ་བདུན་པ་དགྲ་བཅོམ་ཞུགས་པ་དང༌། བརྒྱད་པ་བསེ་རུའི་མིང་ཅན་དང༌། ཐམས་ཅད་བསྡོམས་པས་ནི་ཉི་ཤུའོ། །དེའང་མདོ་ལས་ཁ་མ་བསྐང་ན་མདོ་དང་རྒྱན་མི་མཐུན་པར་དགོངས་ནས་མཛད་པར་མངོན་ནོ། །མདོ་ནི་ཚེ་དང་ལྡན་པ་ཤཱ་རའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་དཔའ་ཆེན་པོ་གང་ཡུམ་གྱི་གནས་པ་འདིས་གནས་པ་དེ་དག་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། གང་དུ་སྐྱེ་བར་འགྱུར་ཞེས་པ་ནས། འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་པའི་བར་དུ་གསུངས་སོ། །འགྲེལ་པ་ལ་ཉན་ཐོས་དང༌། རང་རྒྱལ་གྱི་དགེ་འདུན་གྱི་མིང་ཅན་གཉིས་སོ། །དང་པོ་ལ་ཟུང་བཞིའི་མིང་ཅན་བཞི་ལས། དང་པོ་ལ་རྒྱུན་ཞུགས་ཞུགས་པའི་མིང་ཅན་ནི། སྐབས་གཉིས་པར་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གི་དང་པོ་བཅོ་ལྔ་ལ་བརྟེན་ནས་གནས་ཤིང༌། སྔར་འདོད་པའི་སྒོམ་སྤང་མ་སྤངས་པའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་ཆོས་ཅན། འབྲས་བུ་དང་པོ་ལ་ཞུགས་པའི་མིང་གིས་གདགས་སུ་རུང་སྟེ། མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཕྱིར། དབྱེ་བ་ནི་དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་གཉིས་སོ། །དེ་ལ་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་གནས་པ་དབང་རྟུལ་ནི། དད་པའི་རྗེས་འབྲང་ཞེས་གདགས་ཏེ། དད་པས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར། དབང་པོ་རྣོན་པོ་ནི་ཆོས་ཀྱི་རྗེས་འབྲང་ཞེས་བྱ་སྟེ། ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར། དེའི་འོག་ཏུ་ཞེས་པ་ནི་བཤད་པའི་རིམ་པའོ། །གཉིས་པ་འབྲས་གནས་ཀྱི་མིང་ཅན་ལ། སྔར་སྒོམ་སྤང་མ་སྤངས་པ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་དུ་ཞུགས་པ་ཞེས་གདགས་ཏེ། མཐོང་སྤང་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར། རྒྱུན་ཞུགས་སུ་བཏགས་པ་དེ་ཉིད་ལ་འབྲས་གནས་ཙམ་པོ་ལས་གཞན་ཁྱད་པར་ཅན་གཉིས་ཡིན་ཏེ། ལྷ་དང་མིའི་རིགས་གནས་རིགས་སུ་སྐྱེ་བ་གཉིས་ཡོད་པ་ཉིད་ཀྱིས་སོ། །དང་པོ་ནི་མཐོང་སྤང་གསུམ་མམ་བཞི་སྤངས་ཤིང༌། ལྷའི་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་འཚང་རྒྱ་བའི་ཚུལ་སྟོན་པའོ། །གཉིས་པ་ནི་སྤངས་པ་དེ་ཉིད་ལ། མིའི་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་འཚང་རྒྱ་བའི་ཚུལ་སྟོན་ནོ། །ཟུང་གཉིས་པ་ལ། ཕྱིར་འོང་ལ་ཞུགས་པའི་མིང་ཅན་ནི། སྤྱོད་པ་ལ་ཞུགས་པའི་བྱང་སེམས་སྒོམ་སྤང་ལྔ་པ་སྤངས་ལ་དྲུག་པ་སྤོང་བ་ལ་བརྩོན་པ་ཆོས་ཅན། འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་གདགས་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཕྱིར། དབྱེ་བ་ནི་དབང་པོ་རྟུལ་པོ་དད་མོས་དང༌། རྣོན་པོ་མཐོང་ཐོབ་དག་སྟེ། ཉི་ཤུའི་གྲངས་འཛིན་པ་ན་གཅིག་ཁོ་ན་ཡིན་ནོ། །གཉིས་པ་འབྲས་གནས་ཀྱི་མིང་ཅན་ལ། ཙམ་པོ་ནི། སྤྱོད་པ་ལ་ཞུགས་པའི་བྱང་སེམས་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ཆོས་ཅན། ལན་ཅིག་ཕྱིར་འོང་དུ་གདགས་པར་བྱ་བ་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར། ཁྱད་པར་ཅན་ནི། ཕྱིར་འོང་དེ་ཉིད་ཀྱི་ཁྱད་པར་སྒོམ་སྤང་བདུན་ནམ་བརྒྱད་སྤངས་ཤིང་འདོད་པར་སྐྱེ་བ་ལན་གཅིག་ལེན་པའི་བྱང་སེམས་ཆོས་ཅན། ཙམ་པོ་ལས་གཞན་བར་ཆད་གཅིག་པའི་མིང་གིས་གདགས་སུ་རུང་བ་ཡིན་ཏེ། འདོད་པར་ལན་གཅིག་འོང་ནས། སྡུག་བསྔལ་མཐར་ཕྱིན་པར་བྱེད་པའི་ཚུལ་སྟོན་པ་ཡིན་པའི་ཕྱིར། གསུམ་པ་ཕྱིར་མི་འོང་ལ་ཞུགས་པའི་མིང་ཅན་ནི། སྤྱོད་པ་ལ་ཞུགས་པའི་བྱང་སེམས་སྔ་མ་བཞིན་དུ་དབང་པོ་རྟུལ་པོ་དང་རྣོན་པོ། དད་པ་དང་མཐོང་བས་ཐོབ་པ། སྒོམ་སྤང་དགུ་པ་སྤོང་བ་ལ་བརྩོན་བ་ནི་ཆོས་ཅན། འབྲས་བུ་གསུམ་པ་ལ་ཞུགས་པའི་མིང་གིས་གདགས་སུ་རུང་བ་ཡིན་ཏེ། ཐ་མའི་ཆ་མཐུན་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །གལ་ཏེ་ཞུགས་པ་དང་པོ་ལ་དབང་པོ་རྣོ་རྟུལ་སོ་སོར་བགྲང་ལ། གཉིས་པ་དང༌། གསུམ་པ་ལ་གཅིག་ཏུ་བགྲང་བ་ཅི་ཞེ་ན། སྔ་རབས་པ་དག་མཐོང་ལམ་ནི་བར་མ་ཆད་དུ་སྐྱེ་བས་དབང་པོ་འཕོ་བ་མེད་ལ། སྒོམ་ལམ་ནི། རྒྱུན་དང་ལྡན་པས་དབང་པོ་འཕོ་བ་སྲིད་པས་སོ་ཞེའོ། །གཉིས་པ་འབྲས་གནས་ལ། ཙམ་པོ་ནི། ཕྱིར་མི་ལྡོག་པའི་བྱང་སེམས་སྒོམ་སྤང་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ཆོས་ཅན། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་ཡིན་ནོ་ཞེས་བརྗོད་དོ། །ཐ་མའི་ཆ་མཐུན་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར། དབྱེ་བ་ལ་ལྔའོ། །དང་པོ་ལ་འདའ་བ་བཞི་ལས། བར་དོར་འདའ་བ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་གྱི་བག་ལ་ཉལ་སྤངས་ལ། མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་བག་ལ་ཉལ་མ་སྤངས་པས། བར་དོར་ལམ་མངོན་དུ་བྱས་ནས་འཚང་རྒྱ་བའི་ཚུལ་སྟོན་པའོ། །སྐྱེས་ནས་འདའ་བ་ནི། ཀུན་སྦྱོར་གཉིས་པའི་བག་ལ་ཉལ་མ་སྤངས་པས་གཟུགས་སུ་སྐྱེ་བའི་ཚུལ་སྟོན་པའོ། །མངོན་པར་འདུ་བྱེད་དང་བཅས་པར་མྱ་ངན་ལས་འདའ་བ་ནི། གཟུགས་སུ་སྐྱེས་ནས་གཞན་དོན་དུ་ལམ་ལ་བརྩོན་པས་འཇུག་པ་སྟེ། འཇམ་དབྱངས་ལྟ་བུའོ། །མངོན་པར་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་ནི། སྐྱེས་ནས་རྩོལ་བ་ཆུང་ངུས་འཚང་རྒྱ་བ་སྟེ། བྲམ་ཟེ་རྒྱ་མཚོའི་རྡུལ་དང༌། དགེ་སློང་མི་འཁྲུགས་པ་ལྟ་བུའོ། །ལྔ་པ་གོང་འཕོ་ལ་གཉིས་ལས། འོག་མིན་འགྲོ་ནི། ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས། ཞིང་སྣ་ཚོགས་སུ་འཚང་རྒྱ་བའི་ཚུལ་སྟོན་པའོ། །དབྱེ་བ་ནི་སྲིད་རྩེར་འགྲོ་ལས་གཞན་རྣམ་པ་གསུམ་མོ། །གང་ཞེ་ན། འཕར་བ་ནི། བསམ་གཏན་གོང་མ་གསུམ་ལས་ཉམས་པའི་ཚུལ་བསྟན་ནས་ཕྱི་མ་ཚངས་རིས་སུ་སྐྱེས་ཏེ་བར་གྱི་གནས་གཞན་རྣམས་དོར་ནས། འོག་མིན་དུ་འཚང་རྒྱ་བའི་ཚུལ་སྟོན་པའོ། །ཕྱེད་དུ་འཕར་བ་ནི་ཚངས་རིས་ནས་གནས་གཙང་མའི་འོག་མ་གསུམ་གང་རུང་དུ་སྐྱེས་ནས་བར་གྱི་གནས་རྣམས་བརྒལ་ཏེ། འོག་མིན་དུ་སྐྱེས་ནས་འཚང་རྒྱ་བའི་ཚུལ་སྟོན་པའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི། ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་འཚང་རྒྱ་བའི་ཚུལ་སྟོན་པའོ། །སྲིད་རྩེའི་མཐར་ཐུག་འགྲོ་བ་ནི། ཚངས་རིས་ནས་དགེ་རྒྱས་ཀྱི་བར་དུ་སྐྱེས་ནས། བཞེད་ན་གཟུགས་མེད་བཞི་ལ་འཇུག་ནུས་ཤིང༌། ཞིང་སྣ་ཚོགས་སུ་འཚང་རྒྱ་བའི་ཚུལ་སྟོན་པའོ། །དབྱེ་བ་ནི། གཟུགས་ཀྱི་འདོད་ཆགས་དང་བྲལ་ནས་གཟུགས་མེད་དུ་སྐྱེ་བའི་ནུས་པ་དང་ལྡན་པ་མཐོང་བའི་ཆོས་ལ་ཞི་བ་ཐོབ་པ་དང༌། རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ་བྱེད་པ་འོག་མིན་འགྲོས་ལས་གཞན་རྣམས་པ་གཉིས་སོ། །ཟུང་བཞི་པ་དགྲ་བཅོམ་ལ་ཞུགས་པའི་མིང་ཅན་ནི། སྲིད་རྩེའི་སྒོམ་སྤང་བརྒྱད་པ་སྤངས་ཤིང་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པའི་བྱང་སེམས་ཆོས་ཅན། དགྲ་བཅོམ་འབྲས་ཞུགས་སུ་གདགས་སུ་རུང་སྟེ། ཁམས་གསུམ་གྱི་སྒྲིབ་པ་མ་ལུས་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །གཉིས་པ་ནི། འཇམ་དཔལ་ཆོས་ཅན། རང་སངས་རྒྱས་ཀྱི་མིང་གིས་གདགས་སུ་རུང་སྟེ། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་འགའ་ཞིག་ཏུ་རང་བྱང་ཆུབ་པའི་ཚུལ་བསྟན་ནས། སྒྲ་མེད་ལུས་ཀྱིས་ཆོས་སྟོན་པའི་ཕྱིར་རོ། །དཔའ་བར་འགྲོ་བའི་མདོར། བསྐལ་པ་རྣམ་པར་སྣང་བ་ལ། འཇམ་དཔལ་གྱིས་རང་རྒྱལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་སོ། །གཞན་དག་གིས་ནི་ལེགས་པར་མ་བཤད་དོ། །སྒྲུབ་པའི་འབྲས་བུ་ངེས་འབྱེད་ཆ་མཐུན་ལ། སྤྱི་དང་ཡན་ལག་གི་དོན་གཉིས་སོ། །དང་པོ་ལ་རྟེན། ངོ་བོ། བློ་རིགས་དཔྱད་པ། གྲངས་ངེས་དང་བཞིའོ། །དང་པོ་ལ། ལུས་ཀྱི་རྟེན་ནི། རང་སྟོབས་དང༌། གཞན་སྟོབས་ཀྱིས་བསྐྱེད་པའི་རྟེན་གཉིས་ལས། དང་པོ་ནི། གླིང་གསུམ་གྱི་མི་དང་འདོད་པའི་ལྷའོ། །གཞན་ལ་མ་ཡིན་ཏེ། སྒྲ་མི་སྙན་པ་དང་ངན་སོང་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པས་བསྒྲིབས་པའི་ཕྱིར་དང༌། གོང་མའི་སོ་སྐྱེ་རྣམས་སྙོམས་འཇུག་གི་བདེ་བ་ལ་ཆགས་པས་འཁོར་བ་ལས་ཡིད་སྐྱོ་བ་མེད་པའི་ཕྱིར་རོ། །གཞན་སྟོབས་ཀྱིས་བསྐྱེད་པའི་རྟེན་ནི་མ་ངེས་ཏེ། ཟ་མ་ཏོག་བཀོད་པའི་མདོར། ཡུལ་བཱ་རཱ་ཎ་སིར་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་གསུངས་པ་དང༌། ལྷའི་བུ་རབ་གནས་ཀྱིས་ཞུས་པར། འདོད་གཟུགས་ཀྱི་ལྷ་མང་པོ་ལ་མཐོང་ལམ་སྐྱེས་པར་བཤད་པ་ལྟ་བུའོ། །གཉིས་པ་བསམ་པའི་རྟེན་ནི། བསམ་གཏན་ས་དྲུག་གོ །གཟུགས་མེད་ལ་མ་ཡིན་ཏེ། ལྷག་མཐོང་ཤས་ཆུང་བའི་ཕྱིར། ཉེར་བསྡོགས་ཕྱི་མ་རྣམས་ལའང་མ་ཡིན་ཏེ། དང་པོའི་དངོས་གཞི་མ་ཐོབ་པར་ཕྱི་མའི་ཉེར་བསྡོགས་མི་ཐོབ་ལ། དང་པོའི་དངོས་གཞི་ཐོབ་ན་ཉེར་བསྡོགས་ལ་མི་བརྟེན་ཏེ། ཉེར་བསྡོགས་རྣམས་ནི་ཞི་གནས་ཤས་ཆུང་བས་ལམ་དཀའ་ལ། དངོས་གཞི་ནི་ཞི་ལྷག་ཟུང་དུ་འཇུག་པས་དེ་ལ་བརྟེན་ནས་སྒྲུབ་སླ་བའི་ཕྱིར། དང་པོའི་ཉེར་བསྡོགས་ལ་ནི་མི་མཚུངས་ཏེ། ཏིང་ངེ་འཛིན་ལ་བརྟེན་དགོས་ཤིང་གཞན་མེད་པས་སོ། །མཐོང་ལམ་ལའང་ལུས་དང་བསམ་པའི་རྟེན་འདིས་རིག་པར་བྱའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་དོན་དང་གསུམ་མོ། །དང་པོ་ནི། ཐར་པ་ཆ་མཐུན་རྫོགས་རྗེས་ཀྱི་བདེན་པ་རྟོགས་པ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའོ། །གཉིས་པ་ནི། དྲོད་སོགས་བཞིའོ། །གསུམ་པ་ལ་དྲོད་ནི། ཚོགས་ལམ་དུ་གཟུང་འཛིན་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་བསྒོམས་པའི་མཐུས། ཤེས་པ་ལས་ཐ་དད་པའི་གཟུང་བ་མེད་པ་ལ་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །རྩེ་མོ་ནི། ཆོས་ཀྱི་སྣང་བ་འཕེལ་བའི་ཆེད་དུ་བརྩོན་པས། སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །བཟོད་པ་ནི། གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་བརྟན་ཅིང༌། གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །ཆོས་མཆོག་ནི། བཏགས་པའི་ཆོས་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །ཡང་ན་དྲོད་ནི། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པ་དང༌། རྩེ་མོ་ནི། དེ་ཉིད་ལ་རྟོགས་པ་བརྟན་ཅིང༌། རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང༌། བཟོད་པ་ནི། དེ་ཉིད་ལ་རྟོགས་པ་བརྟན་ཅིང༌། འཛིན་པར་བགྲང་བའི་གང་ཟག་རྫས་ཡོད་རང་བཞིན་མེད་པ་ལ་གསལ་སྣང་དང༌། ཆོས་མཆོག་ནི། དེ་ཉིད་ལ་རྟོགས་པ་བརྟན་ཅིང༌། བཏགས་པའི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །འདི་དག་ལ་མོས་པས་སྤྱོད་པའི་ས་ཞེས་བྱ་སྟེ། ཆོས་ཉིད་ཀྱི་དོན་ལ་མོས་པ་བརྟན་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་འདི་རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡེ་ཤེས་ཀྱི་སྣང་བ་གསལ་བར་བཤད་པས་རྟོགས་མེད་དང༌། ཆོས་ཉིད་དོན་དམ་པ་སྣང་བས་མ་འཁྲུལ་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། ཆོས་ཉིད་མངོན་སུམ་དུ་མཐོང་བས་མོས་པས་སྤྱོད་པའི་ས་མ་ཡིན་པར་ཐལ་བ་དང༌། མཐོང་སྤང་གི་ས་བོན་སྤང་ནུས་པ་དང༌། མཐོང་ལམ་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་དག་གསལ་སྣང་ཅན་དུ་བཤད་པས་སྒྲ་དོན་འཛིན་པའི་རྟོག་མེད་ཡིན་ལ། གཟུང་འཛིན་གཉིས་སྣང་གི་རྟོག་བཅས་ཡིན་པས་རྣལ་འབྱོར་མངོན་སུམ་དུའང་ཐལ་བར་མི་འགྱུར་རོ་ཞེས་འདོད་དོ། །ཆོས་ཉིད་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བའི་ཚུལ་གྱིས་རྟོགས་པར་འདོད་ན། རྣལ་འབྱོར་མངོན་སུམ་དུ་ཐལ་བ་བཟློག་དུ་མེད་དོ། །གཞན་ཡང་ཆོས་ཉིད་ཀྱི་དོན་སྤྱི་འཛིན་པ་དང༌། མིང་དང་སྤྲོས་པའི་སྒོ་ནས་ཡུལ་འཛིན་པས་རྟོག་པ་སྟེ། ཀུན་ལས་བཏུས་རྩ་འགྲེལ་གཉིས་ཆར་ལས་མིང་དང་སྤྲོས་པའི་སྒོ་ནས་བདེན་བཞི་ལ་བཀྲ་བར་འཛིན་པའི་རྟོག་པར་བཤད་པའི་ཕྱིར་རོ། །ཅི་སྟེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་ན་གསལ་སྣང་ཅན་དུ་འགལ་ཏེ། རྣམ་རྟོག་རྗེས་སུ་འབྲེལ་པ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་འབྱུང་བས་སོ་ཞེ་ན། དེ་ནི་དོན་རང་མཚན་གསལ་བར་མི་སྣང་བ་ལ་དགོངས་ཀྱི། གོམས་པའི་དབང་གིས་གསལ་སྣང་ཡོད་པར་མཐོང་སྟེ། བསྐྱེད་རིམ་བསྒོམས་པས་ལྷ་གསལ་བར་སྣང་བ་དང༌། འཇིག་རྟེན་ན་གོམས་པ་དང༌། མ་གོམས་པའི་དབང་གིས་གསལ་བར་དྲན་མི་དྲན་གྱི་བྱེ་བྲག་ཡང་དམིགས་པའི་ཕྱིར་རོ། །རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བ། མཐོང་ཕྱིར་ཞེས་པ་དང༌། ཀུན་ལས་བཏུས་ཀྱི་འགྲེལ་པར་ཡང༌། ད་ལྟར་གྱི་ཡུལ་ལ་རྟོག་པའི་སེམས་ཀྱི་རྒྱུ་བ་གསལ་བར་བཤད་དོ། །དེས་ན་གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ལ་བརྟེན་པའི་ཚད་མས་རྟོགས་པའི་དམིགས་རྣམ་མི་བརྗེད་པར་བཟུང་བའི་དོན་ལ། བསྒོམས་པའི་སྟོབས་ཀྱིས་སྟོང་ཉིད་ཀྱི་དོན་སྤྱི་ལ་གསལ་སྣང་ཅུང་ཟད་དང་བཅས་པའོ། །བཞི་པ་གྲངས་ངེས་ནི། བཅད་པར་བྱ་བ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་སུ་ངེས་པས། སེལ་བྱེད་ངེས་འབྱེད་ཆ་མཐུན་ཡང་བཞིར་ངེས་སོ། །ཡང་ན་ཡུལ་གཟུང་འཛིན་བཞིའི་ཆོས་ཉིད་ལ་ངེས་པ་ཐོབ་ཚུལ་གྱི་དབྱེ་བས་བཞིའོ། །གཉིས་པ་ཡན་ལག་གི་དོན་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་མཚམས་སྦྱར་བ་ནི། གདམས་ངག་གི་འོག་ཏུ་ངེས་པར་འབྱེད་པའི་ཡན་ལག་འཆད་དོ། །རྒྱུ་མཚན་ནི། ལས་དང་པོ་པ་གོང་དུ་བཤད་པའི་ཚུལ་དེ་ལྟར་གདམས་ངག་ཐོབ་པ་ལ་ནན་ཏན་བྱས་པས་འབྲས་བུ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་སོ། །རྩ་བ་ནི། གང་གིས་དང༌། གང་དང༌། གང་ལས་འཕགས་པ་གསུམ་ལས། དང་པོ་ནི། ཚིག་རྐང་དང་པོ་གཉིས་དང་ལྔ་པས་བསྟན་ལ། གཉིས་པ་ལ་རྟེན་དང༌། ངོ་བོ། དབྱེ་བ་གསུམ་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས། །ཞེས་པའོ། །གཉིས་པ་ནི། དྲོད་སོགས་ཞེས་པའོ། །གསུམ་པ་ནི། ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཞེས་པའོ། །གསུམ་པ་ནི་ཐ་མ་གཉིས་ཀྱིས་བསྟན་ཏོ། །འགྲེལ་པ་ལ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ལ། ཁྱད་པར་དུ་འཕགས་ཚུལ་དང༌། འཕགས་པའི་རྒྱུ་མཚན་ནོ། །དང་པོ་ལ། རྩ་བ་ལྟར་གསུམ་ལས། དང་པོ་ནི། ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་ལས་ན། ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པ་ལས་སོ། །གང་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོའོ། །འདི་ལ་རྒྱུ་དང༌། འབྱུང་བའི་དུས་དང༌། ངོ་བོ་དང༌། དབྱེ་བའོ། །དང་པོ་ནི། ཐར་པའི་ཆ་དང་མཐུན་པས་བསྡུས་པའི་དད་པ་ལ་སོགས་པ་ལྔའི་མཚན་ཉིད་ཀྱི་དགེ་བའི་རྩ་བའོ། །དེ་གང་ཞེ་ན། དང་པོར་གསུང་རབ་ཐོས་པ་དང༌། བསམ་པ་སོགས་ནས་བཟུང་ནས། ཚོགས་ཀྱི་ལམ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའོ། །གཉིས་པ་ནི། ཐར་ཆའི་རྟོགས་པ་ཡོངས་སུ་རྫོགས་པའི་འོག་ཏུ་འབྱུང་བས་སོ། །གསུམ་པ་ལ། སྤྱིའི་ངོ་བོ་ནི། བདེན་པ་བཞི་མངོན་སུམ་དུ་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པའི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའོ། །སོ་སོའི་ངོ་བོ་ནི། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་མི་དམིགས་པ་དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང༌། དེའི་འོག་ཏུ་རྣམ་བྱང་གི་གཟུང་བ་མི་དམིགས་པ་རྩེ་མོར་གྱུར་པ་དང༌། དེའི་འོག་ཏུ་གང་ཟག་རྫས་ཡོད་ཀྱི་འཛིན་པ་མི་དམིགས་པ་བཟོད་པར་གྱུར་པ་དང༌། དེའི་འོག་ཏུ་སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་མི་དམིགས་པ་ཆོས་ཀྱི་མཆོག་ཅེས་བྱ་བའོ། །བཞི་པ་ནི། དང་པོ་དང་བར་པ་དང་ཐ་མ་གསུམ་དུ་སྔ་ཕྱི་རིམ་གྱིས་སྐྱེ་བས་ཆུང་ངུ་ཞེས་སོགས་སམ། བྱང་ཆུབ་སེམས་དཔའ་དང་རྗེས་སུ་འབྲེལ་བའི་དབང་པོ་རྟུལ་པོ་ལ་སོགས་པའི་གང་ཟག་གི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་མོ། །ཁྱད་པར་གྱི་ཆོས་གང་གིས་འཕགས་པ་ནི། དམིགས་པ་མི་རྟག་ལ་སོགས་པ་ཞེས་སོགས་སུ་འཆད་པར་འགྱུར་བའི་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་དངོས་པོ་སྟེ་ཆོས་མི་རྟག་སོགས་ལ་དམིགས་པ་དང༌། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་བདེན་པར་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་ཐེག་པ་གསུམ་ཆར་གྱི་རྟོགས་པ་ཚང་བའི་རྒྱུའི་ངོ་བོ་དང༌། ཐེག་ཆེན་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཐེག་དམན་ལས་ཡོངས་སུ་འཛིན་པ་དང་ལྡན་པ་དང༌། རྩེ་སྦྱོར་གྱི་མཐོང་བ་དང༌། སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འོག་ནས་འཆད་པར་འགྱུར་བའི་ཚུལ་དང་སྤང་གཉེན་དུ་འབྲེལ་བར་འབྱུང་བ་ཡིས་སོ། །ལྡན་ཚུལ་ནི་སྤང་བྱར་ལྡན་པ་སྟེ། རྟོག་པ་བཞི་པོ་དངོས་སུ་སྤོང་བའི་སྦྱོར་བ་ཡིན་པའི་ཕྱིར་རོ། །དེས་ན་ལྡན་ཚུལ་གྱིས་ཁྱད་པར་འཕགས་ཆོས་སུ་འགྱུར་བར་རིག་པར་བྱའོ། །གཉིས་པ་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ནི། ཉན་རང་དེ་དག་གི་དྲོ་བ་ལ་སོགས་པའི་དགེ་བའི་རྩ་བ་ནི། ཁྱད་པར་ལྔ་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་ཉན་ཐོས་ཀྱི་གཞུང་ལུགས་ལས། གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱིས་དངོས་པོའི་བདག་ཉིད་སྡུག་བསྔལ་སོགས་ཀྱི་བདེན་པ་བཞི་ལ་དམིགས་པ་དང༌། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། རང་གི་ཐེག་པའི་དོན་རྟོགས་པ་ཁོ་ནའི་ཆེད་དུ་དང༌། ཐེག་ཆེན་གྱི་ཡོངས་སུ་འཛིན་པ་དང་བྲལ་བ་དང༌། རྣམ་པར་རྟོག་པ་བཞི་སྤང་བྱར་མི་ལྡན་པར་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ཞར་ལས་བྱུང་བ་ལ། དམིགས་ཚུལ་སྣ་ཚོགས་སུ་བསྟན་པ། རྒྱས་པར་མ་བཀྲོལ་བའི་དོན། ལུང་གཞན་དང་འགལ་བ་སྤང་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱིས་ནི། ཆོས་ཅན་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ཏེ། བདེན་བཞི་ལ་ཁྱད་པར་གྱི་ཆོས་ཇི་ལྟར་སྲིད་པ་བཞིན་དམིགས་པར་བྱེད་པའི་ཕྱིར་རོ། །གང་གི་སྒོ་ནས་དམིགས་ཤེ་ན། བཟོད་པ་འབྲིང་གི་གནས་སྐབས་ཁ་ཅིག་དུ་ནི་རྒྱུའི་སྒོ་ནས་དམིགས་ཏེ། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་སྟོང་པ་ཉིད་རྟོགས་པ་ནི། སྒོ་གསུམ་རྣམ་པར་དག་པ་ཐོབ་པའི་རྒྱུར་རྟོགས་པའི་རྣམ་པས་བདེན་བཞི་ལ་སྒྲོ་འདོགས་གཅོད་པའི་ཕྱིར། ཆོས་མཆོག་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས་དམིགས་ཏེ། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པས། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པར་རྟོགས་པའི་རྣམ་པས་སྒྲོ་འདོགས་གཅོད་པའི་ཕྱིར། བཟོད་པ་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་བདེན་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ཏེ། གཟུགས་སོགས་དོན་དམ་པར་བདེན་པའི་ངོ་བོ་མེད་པ་ཉིད་ཀུན་རྫོབ་ཏུ་གཟུགས་སོགས་ཀྱི་ངོ་བོ་ཉིད་དུ་རྟོགས་པའི་རྣམ་པས་སྒྲོ་འདོགས་གཅོད་པའི་ཕྱིར། དྲོད་ཆུང་ངུ་ལ་སོགས་པའི་གནས་སྐབས་ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཏེ། མངོན་ཞེན་བཀག་པའི་རྣམ་པ་སོགས་ཀྱིས་སྒྲོ་འདོགས་གཅོད་པའི་ཕྱིར། གང་གི་སྟོབས་ཀྱིས་ཤེ་ན། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །གནས་སྐབས་གང་དུ་ཞེ་ན། རྗེས་ཐོབ་ཏུ་རྒྱུ་འབྲས་ངོ་བོ་ཉིད་དང༌། མཉམ་གཞག་ཏུ་ཆོས་ཉིད་ཀྱི་རྣམ་པས་སྒྲོ་འདོགས་གཅོད་དོ། །ཡང་ན་རྒྱུ་སོགས་རྣམ་པ་བཞིའི་སྒོ་ནས་དམིགས་པ་ཅི་ཞེ་ན། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །རྣམ་པ་བཞི་པོར་མ་ཟད་སྔ་མ་ཉན་ཐོས་ཀྱི་སྐབས་སུ་བཤད་པ་བཞིན། མི་རྟག་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་བདེན་པ་བཞི་ལ་ཀུན་དུ་དམིགས་སོ་ཞེས་བྱ་བར་ཤེས་པར་བྱའོ། །གཉིས་པ་ནི། རྣམ་པ་གཞན་གྱིས་དམིགས་ཚུལ་བརྗོད་དགོས་ཞེ་ན། དེ་ནི་རྣམ་པར་མ་སྤྲོས་ཏེ། མདོར་བསྡུས་ཏེ་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་སོ། །གསུམ་པ་ནི། རྣམ་པ་མི་འདྲ་བ་དུ་མའི་དམིགས་ཚུལ་མི་འཐད་དེ། མཛོད་ལས། དྲི་མེད་བཅུ་དྲུག་རྣམ་གཞན་མེད། །ཅེས་བཤད་པས་སོ་ཞེ་ན། ཐེག་ཆེན་གྱི་རྣམ་གཞག་ལ་གནས་སྐབས་གང་དུའང་དམན་པའི་ཐེག་པ་གཞན་གྱི་ལུང་ལ་བརྟེན་ནས་སུན་འབྱིན་པ་བརྗོད་པར་མི་བྱའོ། །གང་གི་ཕྱིར་ན། ཐེག་ཆེན་གྱི་རྣམ་པར་བཞག་པ་འདི་ནི། དམན་པ་ལས་གཞན་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པའི་དེའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། དམིགས་རྣམ་རྒྱུ་གསུམ། ལྡན་པ་རྣམ་རྟོག ཡོངས་འཛིན་དགེ་བཤེས་བཤད་པའོ། །དང་པོ་ལ། དྲི་བའི་སྒོ་ནས་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད། ཆོས་ཅན་བརྗོད་པ་འཆད་པའི་རྩོད་སྤང་ངོ༌། །དང་པོ་ནི། དམིགས་པ་དང་རྣམ་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དམིགས་པ་དང་རྣམ་པ་དག་པར་སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱི་བཤད་དེ། གཉིས་པོ་དེའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་རོ། །འདིར་དམིགས་པ་ཞེས་པ་རྣམས་ནི་ཡུལ་ཡིན་ལ། རྣམ་པ་རྣམས་ནི་བློས་ཡུལ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་སྟེ། འགྲེལ་ཆེན་ལས། དམིགས་པ་འཛིན་པའི་བྱེ་བྲག་ཉིད་རྣམ་པ་ཡིན་ཏེ། ཞེས་སོགས་སོ། །གཉིས་པ་ལ་བཞི་ལས། དྲོད་ཀྱི་དམིགས་རྣམ་ལ་རྩ་འགྲེལ་གཉིས་ལས། དང་པོ་ནི། ཚིག་རྐང་པ་དང་པོ་གསུམ་གྱིས་ཆུང་ངུའི་དམིགས་རྣམ། དེ་ནས་གཅིག་གིས་རྒྱུའི་ཁྱད་པར། གཟུགས་སོགས་འདུ་འགོད་མེད་པ་ནི་འབྲིང་གི་དམིགས་པ། གནས་བྲལ་མེད་པ་དང་གནས་མེད་པ་ནི་རྣམ་པའོ། །བཏགས་མེད་དང་བརྗོད་མེད་གཉིས་ནི་ཆེན་པོའི་དམིགས་རྣམ་མོ། །དེ་ལྟར་དྲོ་བར་གྱུར་པ་ནི། ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱར་རོ། །མདོ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གཟུགས་མི་རྟག་ཅེས་པ་ནས། གཟུགས་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བས་སོ་ཞེས་སོགས་སོ། །གཉིས་པ་ལ། རྒྱས་བཤད་དོན་བསྡུ་གཉིས་ལས། དང་པོ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་ལ་བརྟེན་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཆོས་ཅན། གསུམ་ཡོད་པ་དེ་ལ་དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་བཅད་པར་བྱ་བ་ཡིན་པའི་ཕྱིར། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མི་རྟག་སོགས་སུ་མངོན་པར་ཞེན་པ་ཆུང་ངུ་དང༌། མི་རྟག་པ་སོགས་སུ་དམིགས་པ་འབྲིང་པོ་དང༌། ཀུན་ཤེས་པ་མངོན་ཞེན་ཆེན་པོ་འགོག་པའི་ཡེ་ཤེས་ཀྱི་བྱེ་བྲག་ཆོས་ཅན། བྱང་སེམས་ཀྱི་དྲོད་ཆུང་ངུ་དེའི་རྣམ་པ་ཡིན་ཏེ། དེས་དམིགས་པ་ལ་སྒྲོ་འདོགས་གཅོད་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དྲོ་བ་ལ་སོགས་པའི་ངེས་འབྱེད་ཆ་མཐུན་ཐམས་ཅད་ཀྱང་ཆོས་ཅན། ཐེག་པ་གསུམ་ཆར་གྱི་རྟོགས་པ་འཐོབ་པའི་རྒྱུའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པས་སོ། །རྒྱུའི་ཁྱད་པར་དྲོད་ཆུང་ངུ་ལ་སྦྱར་བ་ནི། ཆུང་ངུ་ཡང་རྒྱུ་ཡིན་ན་གཞན་རྣམས་སྨོས་ཅི་དགོས། ཞེས་པའོ། །དམིགས་རྣམ་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། དམིགས་པ་འདི་ལ་རྣམ་པ་འདིས་དམིགས་པའི་ཕྱིར་ཞེས་པའི་སྦྱོར་ཚུལ་ཡང་རིག་པར་བྱའོ། །དྲོད་འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་བསྒྲུབ་པ་དང་དགག་པ་དག་གྲངས་བཞིན་དུ་མོས་པ་ཡིད་ལ་བྱེད་པ་དག་གིས་མི་དམིགས་ཤིང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་མི་མཐོང་བ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་པའི་སྒོམ་བྱུང་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ཏེ། ཡུལ་དོན་སྤྱིའི་ཚུལ་གྱིས་འཛིན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡིད་བྱེད་ནི། དེ་ཁོ་ན་ཉིད་ཀྱི་ཡིད་བྱེད་ཡིན་ཏེ། ཡུལ་ཇི་ལྟ་བ་བཞིན་འཛིན་པའི་ཕྱིར། རྣམ་པ་ནི། དོན་དམ་པར་རྒྱུན་མི་འདྲ་བ་རིགས་འདྲ་ཆད་པ་དང༌། རྒྱུན་འདྲ་བ་མ་ཆད་པར་འཇུག་པའི་མཚན་ཉིད་དག་མེད་པ་ཞེས་བྱ་བའི་ཆོས་ཉིད་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་ནོ། །དེ་ཁོ་ནར་བརྗོད་བྱ་རྒྱུན་འདྲ་མི་འདྲ་མེད་དེ། རྗོད་བྱེད་མིང་ཐམས་ཅད་མེད་པ་ཉིད་ཀྱིས་སོ། །དྲོད་ཆེན་པོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་གྱི་ཆོས། འཇིག་རྟེན་གྱི་ཐ་སྙད་ཀྱིས་བཞག་པ་ཙམ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི། དོན་དམ་པར་དགེ་བ་དང༌། མི་དགེ་བ་ལ་སོགས་པ་ཉིད་ཀྱི་ཆོས་གང་དུའང་བརྗོད་དུ་མེད་པ་ཞེས་བྱ་བ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་གོ །གཉིས་པ་ནི། དེ་ལྟར་ན་གང་ལ་དམིགས་པའི་ཡུལ་དང༌། གང་གིས་དམིགས་པའི་རྣམ་པ་དང༌། གང་ཐོབ་པའི་རྒྱུའི་ཁྱད་པར་དང་ལྡན་པའི་ཆུང་འབྲིང་ཆེན་པོ་རྣམ་པ་གསུམ་ནི་དྲོ་བར་གྱུར་པ་ཞེས་བྱ་སྟེ། མཐོང་སྤང་གི་བུད་ཤིང་སྲེག་པར་བྱེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་སུ་འགྱུར་པ་ཡིན་པའི་ཕྱིར། གཉིས་པ་རྩེ་མོ་ལ་རྩ་འགྲེལ་གཉིས་ལས། དང་པོ་ལ། འཕགས་པ་ལྟར་ན། རྩེ་མོ་ཆུང་ངུའི་དམིགས་རྣམ་ལ་གཉིས་ཏེ། བདེན་བཞི་སོ་སོར་མ་ཕྱེ་བ་དང༌། སོ་སོར་ཕྱེ་བའོ། །དང་པོ་ལ། ཚིག་རྐང་པ་གཉིས་ཀྱིས་ནི་དམིགས་པ། དེ་ནས་གཅིག་གིས་རྣམ་པའོ། །གཉིས་པ་ལ། ཚིག་རྐང་པ་གཉིས་དང༌། དེ་ནས་གཅིག་གིས་ནི་སྡུག་བདེན་གྱི་དབང་དུ་བྱས་པའི་དམིགས་རྣམ་བསྟན་ལ། བདེན་པ་གཞན་གསུམ་གྱི་དམིགས་རྣམ་ནི་སོགས་པས་སྡུད་དོ། །དེ་ནས་གཉིས་ཀྱིས་རིམ་པ་ལྟར་འབྲིང་པོའི་དམིགས་རྣམ་དང༌། དེ་ནས་གཉིས་ཀྱིས་རིམ་པ་ལྟར་ཆེན་པའི་དམིགས་རྣམ་བསྟན། དེ་ལྟར་རྩེ་མོར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་མཇུག་ཏུ་སྦྱར་རོ། །མདོ་ནི། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། །དེས་གཟུགས་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་སོ། །འདི་ཁོ་ནར་འཕགས་པའི་དགོངས་པར་སྣང་གི གཞན་གྱིས་ནི་ཕྱོགས་སུ་མ་ཕྱིན་ནོ། །འགྲེལ་པ་ལ་གཉིས་ལས། དང་པོ་ནི། རྩེ་མོ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་ལ་དོན་དམ་པར་མི་གནས་པ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོས་སྟོང་པ་ཉིད་ཀྱིས་སོ། །ཅི་སྟེ་ན། གཟུགས་ལ་སོགས་པ་ནི་ཆོས་ཅན། རང་གི་ངོ་བོས་སྟོང་སྟེ། རང་གི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་སོ། །རྣམ་པ་ནི། གཟུགས་ལ་སོགས་པ་དེ་དག་ལ། རྟག་པ་དང་མི་རྟག་པ་ཉིད་དུ་མི་གནས་པ་ཞེས་བྱ་བ་ཡིན་ནོ། །དེའི་རྒྱུ་མཚན་ནི། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང༌། སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་པས་སོ། །ཁྱབ་སྟེ། སྟོང་པ་ཉིད་ལ་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་སོ། །འབྲིང་གི་དམིགས་པ་ནི། མི་རྟག་པ་ཉིད་ལ་སོགས་པ་དང༌། སྟོང་པ་ཉིད་དང་ཕན་ཚུན་བདག་ཉིད་གཅིག་པ་ཞེས་བྱ་བ་ཡིན་ནོ། །མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་རྣམས་ནི་ཆོས་ཅན། དོན་དམ་པར་དབྱེར་མེད་དེ། དོན་དམ་པར་རང་གི་ངོ་བོ་ཉིད་མེད་པ་ཡིན་པས་སོ། །རྟགས་གྲུབ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་སོ། །རྣམ་པ་ནི། གཟུགས་ལ་སོགས་པ་ལ་རང་གིར་མི་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཅིའི་ཕྱིར་བདག་གིར་བཟུང་བྱར་མ་གྲུབ་ཅེ་ན། དོན་དམ་པར་ངོ་བོ་ཉིད་བཀག་པས་སོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། གཟུགས་ལ་སོགས་པ་དེ་དག་ལ་སྔོན་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡི་མཚན་མར་མི་མཐོང་པ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་མཚན་མར་མི་མཐོང་ཞེ་ན། ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །རྣམ་པ་ནི། ཤེས་རབ་ཀྱིས་ཡང་དག་པར་ཆོས་རབ་ཏུ་རྣམ་པར་འབྱེད་པས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་པར་མི་དམིགས་པར་ངེས་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟར་ན། དམིགས་པ་དང་རྣམ་པ་དང་ཐེག་པ་གསུམ་གྱི་རྟོགས་པའི་རྒྱུ་དང་ལྡན་པ་ཆུང་ངུ་འབྲིང་ཆེན་པོ་རྣམ་པ་གསུམ་ནི་རྩེ་མོར་གྱུར་པ་ཡིན་ཏེ། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར། གསུམ་པ་བཟོད་པ་ལ། རྩ་འགྲེལ་གཉིས་ལས། དང་པོ་ལ། ཆུང་ངུའི་དམིགས་རྣམ་ནི་དང་པོ་གཉིས་ཀྱིས་རིམ་པ་ལྟར་བསྟན་ལ། འབྲིང་གི་དམིགས་རྣམ་ནི། ཚིག་རྐང་པ་གསུམ་པ་དང༌། རྣམ་པ་དག་དང་ཞེས་པས་བསྟན་ནོ། །ཆེན་པོའི་དམིགས་པ་བཞི་པས་བསྟན་ལ། ལྷག་མ་གཉིས་ཀྱིས་རྣམ་པའོ། །དེ་ལྟར་བཟོད་པར་གྱུར་པ་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སྦྱོར་རོ། །མདོ་ནི། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ། །ཞེས་སོ། །གཉིས་པ་ནི། བཟོད་པ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཇི་ལྟར་ངོ་བོ་ཉིད་མེད་ཅེ་ན། མཚན་ཉིད་ཀྱི་ངོ་བོ་ཉིད་མཚོན་བྱ་དང༌། ངོ་བོ་ཉིད་ཀྱི་མཚོན་བྱེད་མཚན་ཉིད་དག་སྟོང་པ་ཉིད་དུ་གཅིག་པ་ཉིད་ཀྱིས་སོ། །རྣམ་པ་ནི། དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་མེད་པ་ཉིད་སྐྱེ་བོ་དམིགས་པ་ཅན་གྱི་ངོར་སྣང་ཙམ་གྱི་ངོ་བོ་ཉིད་དོ་ཞེས་བྱ་བར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ནོ། །བཟོད་པ་འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་ལ་དོན་དམ་པར་ལས་ཉོན་གྱིས་སྐྱེ་བའང་མེད། མྱ་ངན་ལས་འདས་པའང་མེད་ཅེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་མེད་ཅེ་ན། རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་སོ། །རྣམ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་སྟོང་པ་ཉིད་རྟོགས་པ་ཁོ་ནས་ལུས་དང་ངག་ལ་སོགས་པ་སངས་རྒྱས་ཀྱི་སར་རྣམ་པ་ཐམས་ཅད་དུ་སྒྲིབ་པ་གཉིས་དང་བྲལ་བས། རྣམ་པར་དག་པ་ཞེས་པའི་རྒྱུར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ནོ། །ལུས་རྣམ་པར་དག་པ་ནི་མཚན་དཔེས་བརྒྱན་པ། ངག་རྣམ་པར་དག་པ་གསུང་ཡན་ལག་དྲུག་ཅུ། ཐུགས་རྣམ་པར་དག་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །ཞེས་ལོ་ཙཱ་བ་བཞེད་དོ། །ཆེན་པོའི་དམིགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མཚན་མ་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་མཚན་མ་མེད་ཅེ་ན། གཟུགས་སུ་རུང་བ་སོགས་རང་གི་མཚན་ཉིད་དང༌། དོན་དམ་པར་སྐྱེ་འཇིག་སོགས་སྤྱིའི་མཚན་ཉིད་མི་འཐད་པས་སོ། །རྣམ་པ་ནི། མོས་པ་ཡིད་ལ་བྱེད་པས་སྤྱིའི་རྣམ་པས་མི་མོས་ཤིང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མངོན་སུམ་གྱི་རྣམ་པས་ཡོངས་སུ་ཤེས་པ་མེད་པར་རྟོགས་པའི་བྱེ་བྲག་གོ །ཇི་ལྟར་ཡིད་བྱེད་གཉིས་ཀྱིས་དེ་ལྟར་དུ་མི་དམིགས་ཤེ་ན། རང་བཞིན་གྱིས་སྟོང་པ་ཁོ་ནས་གཟུགས་ལ་སོགས་པ་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་སོ། །གཉིས་པ་ནི་དེ་ལྟར་ན་དམིགས་པ་དང༌། རྣམ་པ་དང༌། རྒྱུ་དང་ལྡན་པ་ཆུང་འབྲིང་ཆེན་པོ་གསུམ་ནི་བཟོད་པར་གྱུར་པ་ཞེས་བྱ་སྟེ། འདི་ཐོབ་ནས་ལས་ཉོན་གྱི་དབང་གིས་ངན་འགྲོར་སྐྱེ་བ་མེད་པས་ཆོས་ཆེན་པོ་སྐྱེ་མེད་ཀྱི་དོན་ལ་བཟོད་པའི་ཕྱིར། བཞི་པ་ཆོས་མཆོག་ལ་རྩ་འགྲེལ་གཉིས་ལས། དང་པོ་ནི། རྐང་པ་དང་པོས་ཆུང་ངུའི་དམིགས་རྣམ་དང༌། གཉིས་པས་འབྲིང་པོའི་དམིགས་རྣམ་རིམ་པ་ལྟར་བསྟན་ལ། ལྷག་མ་གཉིས་ཀྱིས་ཆེན་པོའི་དམིགས་རྣམ་བསྟན་ཏེ། དེ་ལྟར་འཇིག་རྟེན་ཆོས་མཆོག་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་མཇུག་ཏུ་སྦྱར་རོ། །མདོ་ནི་རྣམ་མཁྱེན་དེའང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་དོ། །གཉིས་སུ་བྱར་མེད་པའོ། །འདི་ནི་བྱང་སེམས་ཆེན་པོའི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་སྟེ་ཞེས་སོ། །འགྲེལ་པ་ལ་གཉིས་ལས། དང་པོ་ལ། ཆུང་ངུའི་དམིགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ཏིང་ངེ་འཛིན་དང༌། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply