དཔའ་བར་འགྲོ་བ་དང༌། རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པར་བྱའོ་ཞེས་པ་ཡིན་ནོ། །རྣམ་པ་ནི། ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པ་ཞེས་བྱ་བ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ནོ། །གང་དུ་འཇུག་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །ཚུལ་ནི་གདུལ་བྱའི་སྐལ་བ་ཇི་ལྟ་བར་ལྷུན་གྱིས་གྲུབ་པར་རོ། །རྒྱུ་ནི་རང་གི་སྨོན་ལམ་དང༌། བསོད་ནམས་དང༌། ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ལ་བྱ་བྱེད་རུང་བའི་སྟོབས་ཀྱིས་སོ། །འབྲིང་གི་དམིགས་པ་ནི། ལུང་སྟོན་པའི་རྒྱུར་གྱུར་པའི་འཛིན་མེད་ཀྱི་ཆོས་ཉིད་ལ་ཡང་དག་པར་ཞུགས་པའི་དཔའ་བར་འགྲོ་བ་ལ་སོགས་པའི་ཆོས་མཆོག་འབྲིང་གི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ན་ལུང་སྟོན་པའི་རྒྱུ་ཡིན་ཞེ་ན། ཏིང་ངེ་འཛིན་འདི་དང་ལྡན་པའི་རྣལ་འབྱོར་པ་ལ་སངས་རྒྱས་རྣམས་ལུང་སྟོན་པར་མཛད་པ་འདི་ནི། རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། ལུང་སྟོན་པ་ནི་ས་བརྒྱད་པར་ཐོབ་པ་མ་ཡིན་ནམ་ཞེ་ན། དེ་ནི་མིང་དང་འཁོར་དང་མཚན་མ་ལ་སོགས་པའི་སྒོ་ནས། དུས་ངེས་པ་ཅན་དུ་ལུང་སྟོན་པས་མངོན་སུམ་དུ་ལུང་སྟོན་པ་ཞེས་བྱ་བ་ལ་འདིར་ནི་དུས་ངེས་པ་མེད་པས་ལྐོག་དུ་ལུང་སྟོན་པ་ཞེས་བྱའོ། །རྣམ་པ་ནི། བྱང་ཆུབ་སེམས་དཔའ་བདག་ནི་ད་ལྟར་མཉམ་པར་བཞག་པའོ། །སོགས་པ་མ་འོངས་པ་ན་མཉམ་པར་བཞག་པར་བྱའོ། །འདས་པའི་དུས་སུ་མཉམ་བཞག་པར་གྱུར་ཏོ་སྙམ་པའི་ཤེས་པ་མི་འབྱུང་བ་ཞེས་བྱ་བའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ཅིའི་ཕྱིར་མི་འགྱུར་ཞེ་ན། གཟུང་འཛིན་སྒྲུབ་པའི་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་སོ། །དེ་ཡིན་ཏེ་ཏིང་ངེ་འཛིན་གྱི་ངོ་བོ་སྤྲོས་བྲལ་དུ་རྟོགས་པའི་ཕྱིར། ཆེན་པོའི་དམིགས་པ་ནི། སྒོམ་ཏིང་ངེ་འཛིན་དང་སྒོམ་པ་པོ་བྱང་ཆུབ་སེམས་དཔའ་དང༌། བསྒོམ་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསུམ་ཕན་ཚུན་སྟོང་པ་ཉིད་དུ་ངོ་བོ་གཅིག་པ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་སྟོང་པ་ཉིད་དུ་གཅིག་ཅེ་ན། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ། །རྣམ་པ་ནི། ཏིང་ངེ་འཛིན་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ནི་མཐོང་ལམ་སྐྱེ་བའི་ཐབས་དམ་པར་རྟོགས་པ་ཞེས་བྱ་བའི་འཛིན་སྟངས་ཀྱི་བྱེ་བྲག་གོ །ཅིའི་ཕྱིར་ཐབས་དམ་པར་རྟོགས་ཤེ་ན། ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་རྟོགས་པ་ཉིད་ཀྱིས་སོ། །གཉིས་པ་ནི། དེ་ལྟར་ན་གང་ལ་དམིགས་པའི་ཡུལ་དང༌། གང་གིས་དམིགས་པའི་རྣམ་པ་དང༌། ཐེག་པ་གསུམ་ཐོབ་པའི་རྒྱུ་དང་ལྡན་པའི་ཆུང་ངུ་འབྲིང་ཆེན་པོ་རྣམ་པ་གསུམ་ནི་ཆོས་ཀྱི་མཆོག་ཅེས་བྱ་སྟེ། འཇིག་རྟེན་པའི་ཆོས་ཀུན་གྱི་མཆོག་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ལས། དང་པོ་རྩོད་པ་ནི། དམིགས་པ་མི་རྟག་ལ་སོགས་པ། བདེན་པའི་རྟེན་ཅན། ཞེས་པས་དམིགས་པ་དང་པོ་བདེན་པའི་རྟེན་ཅན་དུ་བསྟན་པ་ལྟར། དམིགས་རྣམ་ཕྱི་མ་རྣམས་སྟོན་པའི་གཞུང་གིས་ཀྱང༌། བདེན་བཞིའི་རྟེན་ཅན་དུ་བསྟན་པར་རིགས་པ་ལས། བདེན་པའི་རྟེན་ཅན་དུ་མ་བསྟན་པར་དམིགས་རྣམ་གྱི་ཆོས་འབའ་ཞིག་བརྗོད་པས། དམིགས་རྣམ་ཕྱི་མ་སྟོན་པའི་གཞུང་ལ་ཐོས་བསམ་བྱས་ཀྱང་བདེན་བཞིའི་དོན་མི་རྟོགས་ཤིང༌། དམིགས་རྣམ་བསྒོམས་ཀྱང་བདེན་བཞིའི་དོན་ལ་སྒྲོ་འདོག་ཆོད་པར་མི་འགྱུར་རོ་ཞེ་ན། གཉིས་པ་ལན་ལ། སྒྲ་གཉིས་བརྗོད་བྱ་ཐ་དད་མེད་པས་ཆོས་ཅན་གོ་བའི་ལན། དོན་གྱི་ཤུགས་ཀྱིས་ཆོས་ཅན་གོ་བའི་ལན་ནོ། །དང་པོ་ནི། དམིགས་པ་མི་རྟགས་ལ་སོགས་པ། བདེན་བའི་རྟེན་ཅན། ཞེས་བྱ་བ་མ་གཏོགས་པར་དམིགས་པ་ལྷག་མ་དང༌། རྣམ་པ་ལྷག་མ་རྣམས་ཀྱང་ཁྱད་པར་ཅན་གྱི་ཆོས་ཅན་བདེན་བཞི་དང༌། ཆོས་དམིགས་པ་དང་རྣམ་པ་རྣམས་རྟེན་དང་བརྟེན་ཅན་གྱི་ཚུལ་དུ་བརྗོད་པས་བརྗོད་པར་བྱ་བ་ཡིན་ཡང༌། ཁྱད་པར་ཅན་བདེན་པ་བཞི་པོ་རྣམས་ཀྱི་ཆོས་དམིགས་པ་དང་རྣམ་པ་འབའ་ཞིག་བརྗོད་པས་ཐམས་ཅད་དུ་བརྗོད་པ་ལ་ཆོས་ཅན་བདེན་བཞི་མི་རྟོགས་པའི་སྐྱོན་མེད་དེ། ཆོས་བརྗོད་པས་ཆོས་ཅན་རྟོགས་པར་འགྱུར་བའི་ཕྱིར་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་ལ་ཁྱད་པར་གཞན་སྤོང་བ་དང༌། མི་སྤོང་བའི་ཚུལ་གྱིས་བརྗོད་པ་མ་གཏོགས་པར། བརྗོད་བྱའི་དོན་ལ་ཁྱད་པར་འགའ་ཡང་མེད་དོ་ཞེས་ལུགས་ལས་འབྱུང་བའི་ཕྱིར། གཉིས་པ་ནི། དམིགས་པ་དང་པོ་བདེན་བཞིའི་རྟེན་ཅན་དུ་བསྟན་པ་ལྟར་ཕྱི་མ་རྣམས་ཀྱང་བདེན་བཞིའི་རྟེན་ཅན་དུ་བསྟན་པར་རིགས་པ་ལས་མ་བསྟན་པའི་ཕྱིར་རོ། །བདེན་བཞིའི་ཆོས་མ་ཡིན་ནོ་སྙམ་ན། དམིགས་པ་དང་པོའི་བརྗོད་ཚུལ་ལས་ཐ་དད་པར་བདེན་བཞིའི་རྟེན་ཅན་དུ་མ་བསྟན་པར། དམིགས་རྣམ་གྱི་ཆོས་འབའ་ཞིག་བརྗོད་ཀྱང་དམིགས་པ་དང་རྣམ་པ་ལྷག་མ་རྣམས་སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པ་ཁོ་ནར་བཞག་པར་བྱ་བ་ཡིན་ཏེ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པའི་དོན། མངོན་པར་ཞེན་པ་བཀག་པ་དང་ལྡན་པའི་བདེན་བཞི་དག གཟུགས་སོགས་འདུ་འགོད་བྲལ་ཞེས་པའི་དོན་དེ་ཁོ་ནར་དགག་པ་དང་སྒྲུབ་པ་དང་བྲལ་བར་འགྱུར་པའི་བདེན་བཞི་དག་ཡིན་པའི་ཕྱིར། འོག་མ་དག་ལའང་དམིགས་རྣམ་བདེན་བཞིར་གཏོགས་པ་དེ་བཞིན་དུ་ཤེས་པར་བྱའོ། །འོ་ན་དམིགས་རྣམ་ཕྱི་མ་རྣམས་ཀྱང་བདེན་བཞིའི་རྟེན་ཅན་དུ་ཅིའི་ཕྱིར་དངོས་སུ་མ་བརྗོད་ཅེ་ན། ཚིག་ལེའུར་བྱས་པ་བསྡེབས་པའི་ངོར་མཛད་ནས་དངོས་སུ་མ་བརྗོད་དོ། །གཉིས་པ་ལྡན་པ་རྣམ་རྟོག་བཤད་པ་ལ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ། རྟོག་པའི་ངོ་བོ། དབྱེ་བ། སོ་སོའི་དོན། གྲངས་ངེས། ལྡན་ཚུལ་ལོ། །དང་པོ་ནི། གཞུང་ལུགས་རྣམས་སུ་རྟོག་པ་ཇི་སྙེད་ཅིག་གསུངས་པ་རྣམས། ཡང་དག་པ་མ་ཡིན་པའི་ཀུན་རྟོག་དུ་འདུས་ཏེ། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཁམས་གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་གསུམ་སྟེ། གཟུང་འཛིན་གཉིས་སུ་སྣང་བ་ཙམ་དང༌། སེམས་རྩིང་བའི་རྣམ་པ་ཅན་དང༌། སྒྲ་དོན་སྣང་བའི་རྣམ་པ་ཅན་གྱི་རྟོག་པའོ། །དང་པོ་ནི། བག་ཆགས་ཀྱི་དབང་གིས་གཟུང་འཛིན་ཐ་དད་དུ་སྣང་བ་ཙམ་ཡིན་ནོ། །གཉིས་པ་ནི། ཆོས་མངོན་པ་ལས། སེམས་པ་དང་ཤེས་རབ་ཀྱི་ཆར་གཏོགས་པ་ཀུན་ཏུ་ཆོལ་བའི་ཡིད་ཀྱི་བརྗོད་པ་ཞེས་བཤད་པ་དག་གོ །གསུམ་པ་ནི། མིང་གི་རྗེས་སུ་འབྲངས་ནས་དོན་ལ་མངོན་པར་ཞེན་པའོ། །འདིར་བྱང་ཆུབ་སེམས་དཔའི་ལམ་གྱི་སྤང་བྱའི་གཙོ་བོར་གང་བཟུང་ཞེ་ན། འབྲས་བུའི་དུས་སུ་འཁྲུལ་པ་མཐའ་དག་སྤང་དགོས་པས་རྟོག་པ་ཐམས་ཅད་སྤང་བར་བྱ་བ་ཡིན་ཡང་རྟོག་པ་དང་པོ་ནི་སྤང་བྱའི་གཙོ་བོ་མ་ཡིན་ཏེ། མངོན་པར་མ་ཞེན་པའི་གཉིས་སུ་སྣང་བ་ཙམ་གྱིས་ཉེས་པ་མི་བསྐྱེད་པས་ཆེད་དུ་གཉེར་ནས་སྤང་མི་དགོས་པའི་ཕྱིར། ཇི་སྲིད་གཉིས་སྣང་གི་བག་ཆགས་མ་སྤངས་པ་དེ་སྲིད་དུ་ངང་གིས་འབྱུང་བས་སྤང་མི་ནུས་པའི་ཕྱིར་དང༌། བག་ཆགས་སྤངས་པ་ན་ངང་གིས་ལྡོག་པས་ལོགས་སུ་སྤང་མི་དགོས་པའི་ཕྱིར་ཏེ། རབ་རིབ་བསལ་བ་ན་སྐྲ་ཤད་ངང་གིས་ལྡོག་པ་བཞིན་ནོ། །རྟོག་པ་གཉིས་པ་ཡང་སྤང་བྱའི་གཙོ་བོ་མ་ཡིན་ཏེ། དབྱིག་གཉེན་གྱིས་ཡང་དག་པའི་རྟོག་པ་ཡང་སེམས་རྩིང་བའི་རྣམ་པ་ཅན་གྱི་རྟོག་པར་བཤད་པའི་ཕྱིར་རོ། །དེས་ན་བདག་གཉིས་སུ་ཞེན་པ་ཉིད་ཉེས་པ་ཀུན་གྱི་རྩ་བ་ཡིན་པས། ཡུལ་བདག་གཉིས་ལུང་རིགས་ཀྱིས་འགོག་ཅིང༌། མཐོང་སྒོམ་གྱི་ལམ་གྱིས་ཀྱང་ཡུལ་ཅན་བདེན་འཛིན་གཉིས་ཆེད་དུ་གཉེར་ནས་སྤོང་བས་ཐ་མ་ཉིད་གཙོ་བོ་ཡིན་ནོ། །ཞི་བ་ལྷས། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་ལྡོག་བྱ་ཡིན། །ཞེས་གསུངས་པ་ལྟར་རོ། །ངོ་བོའི་འདོད་ཚུལ་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་ལམ་གྱི་ངོ་བོར་འདོད་པ་དགག དགག་པའི་རྣམ་པ་ཅན་དུ་འདོད་པ་དགག་པའོ། །དང་པོ་ནི། མཁས་པ་དུ་མས་རྟོག་པ་འདི་དག་ད་ལྟ་སྦྱོར་ལམ་གྱི་ངོ་བོར་གནས་པ། མ་འོངས་པ་ནི་མཐོང་སྒོམ་ལམ་གྱིས་སྤོང་བར་འདོད་དོ། །འོ་ན་འདི་དག་ཚོགས་ལམ་པ་དང༌། ཉན་རང་རྣམས་ལ་མི་ལྡན་པར་འགྱུར་ཏེ། ཐེག་ཆེན་སྦྱོར་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། བཞི་པོ་འདི་དག་གིས་མ་བསྡུས་པའི་གཟུང་འཛིན་གྱི་རྟོག་པ་གཞན་ལྡན་ནོ་ཞེ་ན། འདིར་ལྡན་པའི་རྣམ་རྟོག་ཏུ་བཤད་པ་བཞི་པོ་ལས་མ་གཏོགས་པའི་གཟུང་འཛིན་གྱི་རྣམ་རྟོག་གཞན་ནི་རྒྱན་འདིར་བཤད་པ་མེད་དོ། །སྐབས་ལྔ་པའི་རྟོག་པའང་འདིས་བསྡུས་ཏེ། འདི་ཉིད་ལས་ཀྱང༌། མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་དང་འབྲེལ་པར་འབྱུང་བ་ཞེས་སོ། །འགའ་ཞིག་འདིར་བསྟན་གྱི་རྟོག་པ་བཞི་པོ་སྦྱོར་ལམ་མ་ཡིན་མོད། འོན་ཀྱང་སྦྱོར་ལམ་བཞི་པོ་འདིར་བསྟན་རྟོག་པ་བཞིའི་ངོ་བོ་ཡིན་ཏེ། སྒྲ་དོན་སྣང་བའི་རྟོག་པ་ཡིན་པས་སྤང་བྱ་ཡིན་པའི་ཕྱིར་དང༌། སྤང་བྱ་ཐམས་ཅད་ཀྱང་རྟོག་པ་བཞིས་བསྡུས་པའི་ཕྱིར་རོ། །ཉིན་སྣང་ལས་ཀྱང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི། གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་བ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་རྣམ་པར་རྟོག་པ་གཉིས་ཡིན་ནོ། །ཞེས་འབྱུང་བས་སོ་ཞེ་ན། འོ་ན་བྱང་ཆུབ་སེམས་དཔའ་རྣམ་པར་རྟོག་པ་སྤོང་བའི་ཕྱིར་དུ་འབད་པ་ཡང་རང་གི་སྦྱོར་ལམ་ཁོ་ན་སྤོང་བའི་ཕྱིར་དུ་འབད་པར་ཐལ་བར་འགྱུར་ཞིང༌། བྱང་སེམས་ཀྱི་སྦྱོར་ལམ་ཡང་རྣམ་མཁྱེན་གྱི་གེགས་ཀྱི་གཙོ་བོ་ཤེས་སྒྲིབ་ཏུ་འགྱུར་བའི་ཕྱིར། ཐེག་པ་ཆེན་པོའི་ལམ་མ་ཡིན་པར་འགྱུར་རོ། །སྒྲ་དོན་འཛིན་པའི་རྟོག་པ་ཡིན་པས་འདིར་བསྟན་གྱི་གཟུང་འཛིན་གྱི་རྟོག་པར་འགྱུར་ན། ཉོན་སྒྲིབ་ཀྱང་འདིར་བསྟན་རྟོག་པར་འགྱུར་བས། འདིའི་རྟོག་པ་བྱང་ཆུབ་སེམས་དཔའི་ལམ་གྱི་སྤང་བྱའི་གཙོ་བོ་ཤེས་སྒྲིབ་ཏུ་འདོད་པ་འགལ་ལོ། །མོས་བསྔོ་ཡི་རང་སྒྲ་དོན་འདྲེས་རུང་འཛིན་པའི་རྟོག་པར་འདོད་པའང་འདིར་བསྟན་རྟོག་པར་ཐལ་བ་བཟློག་དུ་མེད་དོ། །གཉིས་པ་དགག་རྟོག་ཏུ་འདོད་པ་དགག་པ་ནི། འགའ་ཞིག་འདིར་བསྟན་པའི་རྟོག་པ་དགག་རྟོག་ཡིན་ཏེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དགག་རྟོག་དུ་བཤད་པའི་ཕྱིར་དང༌། སྒྲུབ་རྟོག་ཡིན་ན་ཐེག་ཆེན་གྱི་ཁྱད་པར་བྱེད་ཆོས་སུའང་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །ཡེ་ཤེས་ཞབས་ཀྱི་དགོངས་པ་ནི། གཉེན་པོ་ངེས་འབྱེད་ཆ་བཞི་དགག་རྟོག་དུ་བཤད་པ་ཡིན་གྱི། འདིར་བསྟན་གྱི་གཟུང་འཛིན་གྱི་རྟོག་པ་བཞི་པོ་དགག་རྟོག་དུ་བཤད་པ་མ་ཡིན་ནོ། །མདོ་ལས་གཉེན་པོ་རང་བཞིན་མེད་པར་དགག་པའི་རྣམ་པ་ཅན་དུ་བཤད་པས། སྤང་བྱ་གཟུང་འཛིན་གྱི་རྟོག་པ་བསྒྲུབ་པའི་རྣམ་པ་ཅན་དུ་གནས་ཏེ། སྤང་བྱ་གཟུང་འཛིན་གྱི་རྟོག་པ་དང་དེའི་གཉེན་པོ་གཉིས་འཛིན་སྟངས་འགལ་དགོས་པའི་ཕྱིར་རོ། །དེས་ན་མདོ་ལས། གཉེན་པོ་མི་དམིགས་པའི་རྣམ་པ་ཅན་དུ་གསུངས་པ་ཡང་དགོངས་པ་དེ་ཉིད་དོ། །ཁྱོད་ལྟར་ན་རྣམ་པའི་ཁྱད་ཆོས་དང༌། རྟོག་པའི་ཁྱད་ཆོས་གཉིས་ཀྱང་ཁྱད་པར་མེད་པར་འགྱུར་ཏེ། གཉིས་ཀའང་དགག་པའི་རྣམ་པ་ཅན་ཁོ་ནའི་སྒོ་ནས་ཁྱད་ཆོས་སུ་འཇོག་པའི་ཕྱིར་རོ། །གཉིས་པ་རང་ལུགས་རྣམ་པར་བཞག་པ་ནི། བྱང་སེམས་ཀྱི་སྦྱོར་ལམ་དང༌། འདིར་བསྟན་རྟོག་པ་བཞི་པོ་ངོ་བོ་གཅིག་པ་མ་ཡིན་ཏེ། གཉེན་པོ་སྦྱོར་ལམ་ནི་རང་བཞིན་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང༌། རྟོག་པ་བཞི་ནི་བསྒྲུབ་པའི་རྣམ་པ་ཅན་ཡིན་པའི་ཕྱིར་ཏེ། འདིའི་རྩ་བ་དང༌། ཉི་ཁྲི་སྣང་བ་དང༌། འགྲེལ་བ་འདིར་ཡང་སྒྲུབ་རྟོག་ཏུ་གསུངས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི། སྦྱོར་ལམ་བཞི་འདིར་བསྟན་རྟོག་པ་མ་ཡིན་ན། ཉི་ཁྲི་སྣང་བ་དང་འགལ་ལོ་ཞེ་ན། སློབ་དཔོན་གྱིས་ཉི་ཁྲི་སྣང་བའི་དགོངས་པ་སྟོན་པ་ན། རྟོག་པ་བཞི་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་གྲངས་བཞིན་དུ་ལྡན་པར་བསྟན་པ་ཡིན་གྱི་ངོ་བོར་བསྟན་པ་ནི་མེད་དེ། ཉི་ཁྲི་རྣམ་འགྲེལ་ལས་ཀྱང་འཕགས་པའི་དགོངས་པ་རྟོག་པ་བཞི་པོ་ལྡན་པའི་དོན་དུ་བཤད་དོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། ཡུལ་དང༌། ཁམས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ། འཕགས་པས་གཟུང་རྟོག་ནི་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང༌། གཉེན་པོའི་ཕྱོགས་ལ་བརྟེན་པའོ། །འཛིན་རྟོག་ལའང་གཉིས་ཏེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །བཏགས་འཛིན་རྟོག་པ་ལའང་སྐབས་ལྔ་པར་འཕགས་པ་གྲོལ་སྡེས། གང་ཟག་ཏུ་གདགས་པ་དང༌། གདགས་པའི་རྒྱུ་མཚན་ལ་བརྟེན་པ་གཉིས་སུ་ཡང་གསུངས་སོ། །སློབ་དཔོན་གྱིས་གཟུང་རྟོག་ལ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གཟུང་རྟོག་གཉིས། འཛིན་རྟོག་ལ་ཡང་བཏགས་པ་དང་རྫས་འཛིན་པའི་རྣམ་པ་གཉིས་སུ་གསུངས་སོ། །འབུམ་ཕྲག་གསུམ་པས། རྣམ་བྱང་ལའང་ཐེག་ཆེན་དང༌། ཐེག་དམན་གཉིས་ཡོད་པ་ལས། འཇུག་པ་དང༌། ལྡོག་པ་གཟུང་རྟོག་གཉིས་ཡིན་ནོ་ཞེས་གསུངས་པས་སྐབས་ལྔ་པའི་རྣམ་བྱང་གི་རྟོག་པའང་འདིའི་དབྱེ་བར་བཞེད་དོ། །དེའང་ཡུལ་དགུ་དགུ་ཡོད་པའི་དབྱེ་བས་དགུ་དགུར་བཤད་དོ། །ཁམས་ཀྱི་སྒོ་ནས་དབྱེ་ན། སུམ་ཅུ་རྩ་དྲུག་རྩ་དྲུག་གོ །གསུམ་པ་སོ་སོའི་དོན་ལ། ངོ་བོ་ངོས་བཟུང་བ་དང༌། ཞར་བྱུང་ཐ་སྙད་བཤད་པའོ། །དང་པོ་ནི། གཟུང་བ་དང་འཛིན་པ་གཉིས་ལ་དམིགས་ནས། བསྒྲུབ་པའི་རྣམ་པས་ཞེན་པ་ནི། གཟུང་རྟོག་དང་འཛིན་རྟོག་གཉིས་ཀྱི་མཚན་ཉིད་དོ། །འདིར་གཟུང་འཛིན་གང་ལ་འདོད་ཅེ་ན། ལོ་ཙཱ་བས་གཟུང་འཛིན་གྱི་ཚུལ་གསུམ་སྟེ། སྐྱེ་མཆེད་གྱི་དབང་དུ་བྱས་པ་ཕྱི་གཟུགས་སོགས་གཟུང་བ་དང༌། མིག་སོགས་ནང་གི་སྐྱེ་མཆེད་འཛིན་པའོ། །ཡུལ་ཡུལ་ཅན་གྱི་དབང་དུ་བྱས་པ་བེམས་པོ་གཟུང་བ་དང༌། རིག་པ་འཛིན་པའོ། །བདག་དང་བདག་གི་བའི་དབང་དུ་བྱས་པ་བདག་ལ་འཛིན་པ་དང༌། བདག་གི་བ་ལ་གཟུང་བའོ་ཞེས་གསུངས་སོ། །གཟུང་འཛིན་སྔ་མ་གཉིས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། འདིའི་གཟུང་བ་ཕྱི་གཟུགས་སོགས་ཀྱི་གཟུང་བ་ཁོ་ནར་མ་ངེས་པའི་ཕྱིར་ཏེ། མ་རིག་པ་ཡང་གཟུང་བར་བཤད་པའི་ཕྱིར། འཛིན་པའང་རིག་པ་ཁོ་ན་འཛིན་པ་མ་ཡིན་ཏེ། གང་ཟག་ཀྱང་འཛིན་པར་བཤད་པའི་ཕྱིར་རོ། །བདག་དང་བདག་གི་བ་ཁོ་ནའི་དབང་དུ་བྱས་པའང་མ་ཡིན་ཏེ། འདིའི་འཛིན་པ་བདག་ཏུ་མ་ངེས་པའི་ཕྱིར། འོ་ན་འདིར་གང་བཟུང་ཞེ་ན། འདིའི་གཟུང་བ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་རྣམ་པར་བྱང་བའི་ཕྱོགས་སོ། །དེ་ལ་ཀུན་ནས་ཉོན་མོངས་ལ་དམིགས་ནས་གཟུང་བར་ཞེན་པ་ནི། ཀུན་ནས་ཉོན་མོངས་གཟུང་རྟོག་གོ །རྣམ་པར་བྱང་བ་ལ་དམིགས་ནས་གཟུང་བར་ཞེན་པ་ནི། རྣམ་བྱང་གཟུང་རྟོག་གོ །འཛིན་པའང་གཉིས་ཏེ། ཆོས་དང་གང་ཟག་གི་འཛིན་པའོ། །དང་པོ་ནི་སེམས་དང་སེམས་ལས་བྱུང་བའོ། །གཉིས་པ་ལའང་གཉིས་ཏེ། བྱིས་པས་ཕུང་པོ་ལ་རིལ་པོའི་བདག་ཏུ་འཛིན་པ་གང་ཟག་རྫས་ཡོད་དང༌། འཕགས་པས་བདག་བཏགས་པ་ཙམ་དུ་གཟུང་བས་སྐྱེས་བུ་ལ་བཏགས་ཡོད་གཉིས་སོ། །འདི་གཉིས་ལ་དམིགས་ནས་འཛིན་པ་པོར་ཞེན་པ་ནི་རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པའོ། །གཉིས་པ་ནི། ཡུལ་གཟུང་བ་ལ་རྟོག་པས་གཟུང་རྟོག་དང༌། འཛིན་པ་ལ་རྟོག་པས་འཛིན་རྟོག་ཞེས་པའམ། ཡུལ་ལ་གཟུང་བར་རྟོག་པ་དང་འཛིན་པར་རྟོག་པས་འཛིན་རྟོག་ཅེས་སྟོན་ཞེ་ན། ཡུལ་གཟུང་བ་དང་འཛིན་པ་ལ་དམིགས་ཤིང་བློས་ཀྱང་གཟུང་བ་དང་འཛིན་པར་རྟོག་པས་གཟུང་རྟོག་དང་འཛིན་རྟོག་ཅེས་ཐ་སྙད་བྱས་སོ། །བཞི་པ་གྲངས་ངེས་ནི། ཡུལ་གཟུང་འཛིན་གཉིས་སུ་ངེས་ལ། གཟུང་བ་ལའང་ཀུན་ནས་ཉོན་མོངས་དང་རྣམ་བྱང་གཉིས། འཛིན་པ་ལའང་རྫས་འཛིན་དང་བཏགས་འཛིན་གཉིས་སུ་དངོས་པོ་ལ་ངེས་པས། ཡུལ་ཅན་རྟོག་པ་ལའང་བཞིར་ངེས་སོ། །ལྔ་པ་ལྡན་ཚུལ་ལ། སོ་སོ་སྐྱེ་བོ་རྣམས་ལ་མཐོང་སྤང་མངོན་གྱུར་དུ་ལྡན་ཏེ། རྒྱུད་ལ་ས་བོན་ཡོད་པ་ལས་རྐྱེན་དང་ཕྲད་པ་ན་མངོན་གྱུར་དུ་འབྱུང་བའི་ཕྱིར། སྦྱོར་ལམ་མཉམ་གཞག་ལ་ནི་མངོན་གྱུར་མེད་དེ། འགལ་ཟླ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མངོན་གྱུར་དུ་ལྡན་པས་སོ། །སྒོམ་སྤང་རྟོག་པ་ལྡན་པའི་ཚུལ་ཡང་དེ་བཞིན་ནོ། །ཐེག་ཆེན་འཕགས་པ་ལ་ནི། རྫས་འཛིན་རྟོག་པའི་ས་བོན་ཡོད་ཀྱི་མངོན་གྱུར་བ་ནི་མེད་དེ། ཆོས་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་བཏགས་འཛིན་རྟོག་པ་ནི། ས་བོན་དང་མངོན་གྱུར་གཉིས་ཀ་ལྡན་ནོ། །ཐེག་ཆེན་མཐོང་སྤང་གི་བཏགས་འཛིན་རྟོག་པ་ནི་མེད་དེ། ཐེག་ཆེན་གྱི་མཐོང་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །གང་ཟག་བཏགས་ཡོད་དུ་རྟོག་པ་ལ་དེ་ཁོ་ན་ཉིད་ཡིད་བྱེད་ནི་ཉན་རང་འཕགས་པ་ལ་ཡོད་ཀྱི་སོ་སྐྱེ་རྣམས་ལ་མེད་དེ། གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །ཆོས་ལ་བཏགས་འཛིན་གྱི་རྟོག་པ་ལ། དེ་ཁོ་ན་ཉིད་ཡིད་བྱེད་ནི་ཉན་རང་ལ་མེད་དེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཐེག་ཆེན་འཕགས་པ་ལ་སྒོམ་སྤང་དུ་གྱུར་པའི་ཆ་མངོན་གྱུར་དུ་ཡོད་ལ། མཐོང་སྤང་གི་ཆ་ནི་མཐོང་ལམ་མ་སྐྱེས་ན་མངོན་གྱུར་དུ་འབྱུང་བ་སྲིད་པ་ལས། སྐྱེས་པ་ན་འབྱུང་མི་སྲིད་དོ། །དེ་ན་ཆོས་ཀྱི་བཏགས་འཛིན་རྟོག་པ་དགུ་ཚོགས་སྦྱོར་གྱི་གནས་སྐབས་ན་མོས་པ་ཡིད་བྱེད་ཅེས་བྱ་ལ། འཕགས་པའི་གནས་སྐབས་ན་སྒོམ་སྤང་གི་ཆ་ནི་དེ་ཁོ་ན་ཉིད་ཡིད་བྱེད་དོ། །མཐོང་སྤང་གི་ཆ་ནི་མངོན་དུ་འགྱུར་མི་སྲིད་དོ། །གཉིས་པ་ཡན་ལག་གི་དོན་ལ། མཚམས་སྦྱར། གཞུང་གི་དོན་འབྱེད་པའོ། །དང་པོ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པས་རྟོག་པ་བཞིར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང་དོན་གསལ་བར་བྱ་བའི་ཕྱིར་དུའོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལྡན་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ལ་གཟུང་རྟོག་མདོར་བསྟན་པ་ནི། གཟུང་བར་རྟོག་པ་ཆོས་ཅན། རྣམ་པ་གཉིས་ཡིན་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་ཅན་དང༌། གཉེན་པོའི་རྟེན་ཅན་གཉིས་སུ་ཕྱེ་བ་ཉིད་ཀྱིས་སོ། །གཉིས་པ་ལའང་རྣམ་པ་དགུ་དགུ་ཡོད་དེ། གོ་རིམ་བཞིན་དུ་མ་རིག་པ་དང༌། རྣམ་བྱང་གི་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུ་ཡོད་པའི་བར་དུ་དབྱེ་བས་སོ། །འཛིན་རྟོག་མདོར་བསྟན་པ་ལ། འཛིན་པའི་རྣམ་པར་རྟོག་པ་ཆོས་ཅན། རྣམ་པ་གཉིས་ཡིན་ཏེ། གང་ཟག་རྫས་སུ་ཡོད་པ་ལ་དམིགས་པ་དང༌། སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པ་གཉིས་ཡོད་པས་སོ། །གཉིས་པོ་དེ་དག་སོ་སོར་གཟུང་རྟོག་དེ་ལྟར་རྣམ་པ་དགུ་དགུ་སྟེ། གོ་རིམ་བཞིན་དུ་བདག་རང་དབང་ཅན་ལ་སོགས་པ་དང༌། ཕུང་པོ་ལ་སོགས་པ་ཡུལ་དགུ་ལ་དམིགས་པའི་བྱེ་བྲག་ཉིད་ཀྱིས་སོ། །གཉིས་པ་ལ་མཚངས་སྦྱར་བ་ནི། མདོར་བསྟན་པ་དེ་ལ་མདོར་བསྡུས་ནས་བསྟན་པའི་དོན་རྒྱས་པར་བཤད་པ་ནི་འདི་ཡིན་ཏེ། ཞེས་པའོ། །གཉིས་པ་ལ་གཟུང་རྟོག་རྒྱས་པར་བཤད། འཛིན་རྟོག་རྒྱས་པར་བཤད་པ་གཉིས། དང་པོ་ལའང་གཉིས་ལས། ཀུན་ནས་ཉོན་མོངས་གཟུང་རྟོག་བཤད་པ་ནི། ཀུན་ནས་ཉོན་མོངས་ཀྱི་གཞིའི་རྟེན་ཅན་གྱི་རྣམ་རྟོག་དབྱེ་གཞི། དབྱེ་ངོ་གཟུང་བར་རྣམ་པར་རྟོག་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །དགུ་པོ་བཞིར་འདུས་ཏེ། ཀུན་ནས་ཉོན་མོངས་ཀྱི་དངོས་པོ། ཉེས་དམིགས། དམིགས་པ། ལྡན་པའོ། །དང་པོ་ལ་ལྔ་སྟེ། གནས་ཚུལ་མཐོང་བ་ལ་སྒྲིབ་པ་མ་རིག་པ་དང༌། མ་རིག་པའི་འབྲས་བུ་གཟུགས་སོགས་ཕུང་པོ་ལྔ་དང༌། ཕུང་པོ་ཡུལ་དུ་བྱེད་པ་མིང་དང་གཟུགས་ལ་མངོན་པར་ཞེན་པ་དང༌། ཞེན་པའི་རྒྱུས་རྟག་ཆད་ཀྱི་མཐའ་གཉིས་ལ་ཆགས་པ་དང༌། རྟག་ཆད་དུ་བཟུང་བས་ཀུན་ནས་ཉོན་མོངས་པ་དོར་བྱ་དང༌། རྣམ་པར་བྱང་བ་བླང་བྱར་མི་ཤེས་པ་བཞིའོ། །གཉིས་པ་ནི། བླང་དོར་མི་ཤེས་པས་འཕགས་པའི་ལམ་ལ་མི་གནས་པ་དང༌། གསུམ་པ་ལ་གཉིས་ཏེ། ཉོན་མོངས་འཕེལ་བའི་དམིགས་པ་བདག་དང་སོགས་པ་གཞན་ལ་སོགས་པའོ། །འདི་གཉིས་ཉོན་མོངས་ཀྱི་དམིགས་པ་ཡིན་པས་དེར་བསྡུའོ། །བཞི་པ་ནི། རྣམ་པར་དག་པའི་ཆོས་བསྐྱེད་པའོ། །རྣམ་པར་དག་པ་བསྐྱེད་པ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་དུ་མི་འཐད་དོ་ཞེ་ན། འཕགས་པས་དངོས་པོ་ཙམ་གྱི་རྟེན་ཅན་ཞེས་གསུངས་པས་ཡུལ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཅི་རིགས་པ་ཡོད་པས་མི་འགལ་ལ། སློབ་དཔོན་གྱིས་ནི་ཀུན་ནས་ཉོན་མོངས་ཤས་ཆེ་བ་ལ་དགོངས་ནས་ཡུལ་ཅན་ལ་ཀུན་ནས་ཉོན་མོངས་གཟུང་རྟོག་ཅེས་བསྟན་ཏོ། །ཡང་ན་རྣམ་བྱང་གི་རྒྱུ་རིགས་དེ་དྲི་མ་དང་ལྡན་པའི་ཆ་ནས་བསྟན་ཏོ། །གཞན་གྱིས་མ་རྟོགས་པར་སྣང་ངོ༌། །གཉིས་པ་རྣམ་བྱང་གཟུང་རྟོག་ནི། གཉེན་པོའི་རྟེན་ཅན་དབྱེ་གཞི། དབྱེ་ངོ་ལ་གཟུང་བའི་རྣམ་པར་རྟོག་པ་དགུ་སྟེ། ཡུལ་དགུའི་དབྱེ་བས་སོ། །དགུ་པོའང་དྲུག་ཏུ་འདུས་ཏེ། རྣམ་བྱང་གི་ངོ་བོ། རྐྱེན། རྒྱུ། རྟེན་འབྲེལ། སྤྱོད་པ། རབ་དབྱེའོ། །དང་པོ་ནི། རྣམ་བྱང་དུ་མ་འདུས་བ་ཕུང་པོའི་དོན་དང༌། གཉིས་པ་ནི། རྣམ་བྱང་སྐྱེ་བའི་སྒོ་སྐྱེ་མཆེད་ཀྱི་དོན་དང༌། གསུམ་པ་ནི། རྣམ་བྱང་གི་འབྱུང་ཁུངས་སུ་གྱུར་པ་རིགས་ཀྱི་དོན་དང༌། བཞི་པ་ནི། མ་རིག་པ་འགགས་པས་ཡེ་ཤེས་སྐྱེ་བ་རྣམ་བྱང་སྐྱེ་བའི་རྟེན་འབྲེལ་ལོ། །ལྔ་པ་ལ་གཉིས་ཏེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་དོན་དང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །དྲུག་པ་ལ་གསུམ་ཏེ། མཐོང་བའི་ལམ་དང་སྒོམ་པའི་ལམ་དང༌། མི་སློབ་པའི་ལམ་མོ། །གཉིས་པ་འཛིན་རྟོག་ལ་གཉིས་ལས། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དབྱེ་གཞི། གྲངས་ངེས་འཛིན་པ་རྣམ་པར་རྟོག་པ་དགུའོ། །རྒྱུ་མཚན་ནི། ཡུལ་དགུ་ཡོད་པས་སོ། །དགུ་པོའང་གཉིས་སུ་འདུས་ཏེ། བདག་གི་རང་བཞིན་དང༌། བྱེད་པའོ། །དང་པོ་ནི། གཞན་ལ་རག་མ་ལུས་པས་བདག་རང་དབང་ཅན་དང༌། ཕུང་པོ་ལ་ཟླ་མེད་པའི་གཅིག་པུར་འཛིན་པ་དང༌། སྐྱེ་མཆེད་ལ་རྒྱུ་དང༌། ཁམས་ལ་ལྟ་བ་པོའི་བདག་གོ །གཉིས་པ་ལ་གཉིས་ཏེ། ཉོན་མོངས་ཀྱི་རྟེན་བྱེད་པ་དང༌། རྣམ་བྱང་གི་རྟེན་བྱེད་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་ཀྱི་རྟེན་བྱེད་པའོ། །གཉིས་པ་ལ་འཇིག་རྟེན་པའི་རྟེན་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་རྟེན་བྱེད་པའོ། །དང་པོ་ནི། འདོད་ཆགས་དང་བྲལ་བའི་རྟེན་ནོ། །གཉིས་པ་ལ་གསུམ་སྟེ། མཐོང་ལམ་དང༌། སྒོམ་ལམ་དང༌། རང་གཞན་གྱི་དོན་བྱས་པའི་རྟེན་གྱི་བདག་གོ །གཉིས་པ་ལ། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་དབྱེ་གཞི། གྲངས་ངེས་འཛིན་པར་རྣམ་པར་རྟོག་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །གདགས་གཞིའང་གཉིས་ཏེ། སོ་སོ་སྐྱེ་བོ་དང༌། འཕགས་པའི་གདགས་གཞིའོ། །དང་པོ་ལ་བཞི་སྟེ། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །གཉིས་པ་ལ་ལྔ་སྟེ། དད་སོགས་རྣམ་པར་བྱང་བ་དང༌། རྣམ་ཐར་སྒོ་གསུམ་གྱི་རང་བཞིན་མཐོང་ལམ་དང༌། བསམ་གཏན་དང་གཟུགས་མེད་ཀྱི་རང་བཞིན་སྒོམ་པའི་ལམ་དང༌། སྟོང་པ་ཉིད་ཀྱི་ཡུལ་ཅན་ཁྱད་པར་གྱི་ལམ་དང༌། སྟོབས་བཅུ་སོགས་མི་སློབ་པའི་ལམ་མོ། །གསུམ་པ་ནི། ཇི་སྐད་བཤད་པ་དེ་ལྟ་བུའི་གཟུང་འཛིན་གྱི་རྣམ་པ་རྟོག་པ་བཞི་དང༌། དྲོ་བ་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་སྤང་བྱར་ལྡན་པ་ཡིན་ནོ། །འདི་དག་མཐོང་སྒོམ་ལམ་གྱིས་དངོས་སུ་སྤོང་ལ། སྦྱོར་ལམ་ནི་དེའི་སྦྱོར་བ་ཡིན་པས། སྤང་བྱར་ལྡན་པའི་ཕྱིར་ལྡན་ཚུལ་གྱིས་ཁྱད་པར་བྱེད་ཆོས་སུ་འགྱུར་བར་རིག་པར་བྱའོ། །ཡོངས་འཛིན་རྒྱས་པར་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། མདོར་བསྟན་དུ་ཡོངས་འཛིན་རྟོག་པའི་སྔར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མདོར་བསྟན་གྱི་ཚིགས་སུ་བཅད་པ་སྦྱར་པ་དང་མཐུན་པར་བྱ་བའི་ཕྱིར་རོ། །རྒྱས་བཤད་དུ། བར་སྐབས་ཀྱི་ཚིགས་སུ་བཅད་པས་རྟོག་པའི་འཇུག་ཐོགས་སུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཡོངས་འཛིན་དེའི་སྟོབས་ཀྱིས་ཇི་སྐད་བཤད་པའི་རྟོག་པ་བཞི་པོ་ཐམས་ཅད་ཁྱད་པར་བྱེད་ཆོས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །ཡང་གི་སྒྲ་གཉིས་ནི། དགོས་པ་གཉིས་ཕན་ཚུན་སྡུད་པའོ། །རྩ་བ་ལ། གྲོལ་སྡེ་གཉིས་ལྟར་ན། ནང་གི་ཡོངས་འཛིན་ཐབས་མཁས་དང༌། དེའི་མི་མཐུན་ཕྱོགས་བོར་བ་དང༌། ཕྱིའི་ཡོངས་འཛིན་དགེ་བཤེས་དང༌། དེའི་མི་མཐུན་ཕྱོགས་བོར་བའོ། །མི་སྐྲག་པའི་རྒྱུ་གང་ལགས་ཞེས་ཞུས་པའི་ལན་དུ། སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བ་ལ་སོ་སོར་རྟོག་ཀྱང་དེ་མི་དམིགས་ཞེས་སོགས་སོ། །འགྲེལ་པ་ལ། ཁྱད་པར་གསུམ་དང་ལྡན་པའི་མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཡོངས་སུ་འཛིན་པ་ཡིན་ཏེ། དེ་ལ་གདམས་ངག་སྟོན་པའི་བཤེས་གཉེན་ཡིན་པས་སོ། །ཁྱད་པར་གསུམ་ལས་ཤེས་རབ་ཀྱི་ཁྱད་པར་ནི། སེམས་དང་པོར་མི་འགོད་ཞིང༌། བར་དུ་མི་སྐྲག་པ་དང༌། སོགས་པ་ཐ་མར་ཀུན་ཏུ་སྐྲག་པ་མེད་པའོ། །ཆོས་སྟོན་པའི་ཁྱད་པར་ནི། ཐབས་ལ་མཁས་པས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་མེད་པ་དང༌། དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་སོགས་སྟོན་པར་བྱེད་པའོ། །སོགས་པས་གང་ཟག་གི་བདག་མེད་སྟོན་པ་ནི་ནོར་རོ། །མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་ནི། ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་དང་མི་ལྡན་པའོ། །གསུམ་པ་སྒྲུབ་པའི་ཡན་ལག་གི་ཆོས་ལ། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་ལ་སྤྱི་གཞུང་གཉིས་ལས། དང་པོ་ནི། གྲུབ་མཐའ་སྨྲ་བ་བཞིའི་འདོད་ཚུལ་བཞི་ལས། བྱེ་བྲག་ཏུ་སྨྲ་བས། ངོ་བོ་ནི་སེམས་བྱུང་མ་ཆགས་པའི་རང་བཞིན་འདོད་པ་ཆུང་བ་དང༌། ཆོག་ཤེས་པའི་བདག་ཉིད་ལ་འདོད་ཅིང༌། མིང་གི་ཐ་སྙད་ནི་འཕགས་པའི་རིགས་ཞེས་བྱ་སྟེ། དེ་ལས་འཕགས་པའི་ཟག་མེད་ཀྱི་ལམ་སྐྱེ་བའི་ཕྱིར། དབྱེ་བ་ནི་བཞི་སྟེ། ཆོས་གོས་དང༌། བསོད་སྙོམས་དང༌། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་གསུམ་དང༌། སྤོང་བ་དང་སྒོམ་པ་ལ་རབ་ཏུ་དགའ་བའོ། །དེ་ལ་དང་པོ་གསུམ་གྱིས་ཚུལ་དང༌། ཐ་མས་ལས་བསྟན་ཏེ། ཚུལ་འདི་ལ་གནས་ནས་ལས་འདི་བྱེད་ན་འཕགས་པ་འཐོབ་ཅེས་པའི་དོན་ནོ། །མདོ་སྡེ་པས་ནི། ཟག་མེད་ཀྱི་སེམས་ཀྱི་ས་བོན་འབྲས་བུ་འབྱུང་རུང་གི་ནུས་པ་ལ་འདོད་དེ། རྒྱལ་པོའི་སྲས་ཀྱིས། མདོ་སྡེ་པ་དག་གི་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང༌། སློབ་པའི་གནས་སྐབས་ནའང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །རྣམ་རིགས་པའི་ཚུལ་ལ་ཕྱོགས་ཀྱི་གླང་པོས་རིགས་ཤེས་པའི་ངོ་བོ་ལ་བཤད་དེ། བརྒྱད་སྟོང་པའི་དོན་བསྡུས་ལས། འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན། །ཞེས་སོ། །འདིས་བྱང་སེམས་ཀྱི་རིགས་རྒྱུ་དུས་ཀྱི་བརྩེ་བ་དང་ཤེས་རབ་ཏུ་གསུངས་པས། ཉན་རང་གི་རིགས་ཀྱང་རྒྱུ་དུས་ཀྱི་དགེ་རྩ་ལ་འདོད་པར་མངོན་ནོ། །འདི་ནི་རྒྱས་འགྱུར་གྱི་རིགས་ལ་དགོངས་ལ། རང་བཞིན་དུ་གནས་པའི་རིགས་ནི་སེམས་རིག་ཅིང་གསལ་ཙམ་ལ་འདོད་དོ་སྙམ་ན། མ་ཡིན་ཏེ། ཇི་སྐད་བཤད་པ་ལས་གཞན་པའི་རིགས་མ་བཤད་པའི་ཕྱིར་དང༌། རྣམ་རིག་སྨྲ་བ་ཀུན་གྱིས་མཐུར་ཐུག་ཐེག་པ་གསུམ་དུ་འདོད་པས་ན་སངས་རྒྱས་ཀྱི་རིགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མི་རུང་ལ། དེ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར། དེས་ན་དེ་ལ་ནི་བདེ་གཤེགས་སྙིང་པོར་འདོད་ཀྱི་རིགས་སུ་ནི་མ་བཤད་དོ། །ཆོས་དབྱིངས་འདུས་མ་བྱས་ལའང་མི་འདོད་དེ། རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པ་ནི་རྒྱུར་མི་རུང་བས་རིགས་ཀྱི་དོན་མེད་པའི་ཕྱིར། དབུས་མཐའི་འགྲེལ་བཤད་ལས། དགེ་བའི་རྩ་བ་ཉིད་ལ་ཁ་ཅིག་ནི་ཉན་ཐོས་ཀྱི་རིགས་ཞེས་པ་ནས། དེ་བཞིན་དུ་བྱང་སེམས་ཀྱི་བར་དུའོ་ཞེས་འབྱུང་བ་དང་དོན་གཅིག་ཏུ་སྣང་ངོ༌། །སྐུ་མཆེད་གཉིས་ཀྱི་བཞེད་པ་ལ་ངོ་བོ་དང༌། མིང་གི་རྣམ་གྲངས་དང༌། དབྱེ་བ་གསུམ་ལས། དང་པོ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་འོངས་པ། ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་འབྱུང་བས་སྐྱེ་མཆེད་དྲུག་གི་ཁྱད་པར་སྟེ། དེ་ཡང་ཀུན་གཞི་རྣམ་པར་མ་བཞག་ན་ཡིད་ཤེས་ལ་ཡོད་པའི་ཟག་མེད་ཀྱི་ས་བོན་རྐྱེན་དང་ཕྲད་ན་བྱང་ཆུབ་ཐོབ་པར་བྱེད་པའི་ནུས་པའོ། །ཀུན་གཞི་རྣམ་པར་བཞག་ན་ནི། དེ་ལ་གནས་པའི་ཟག་མེད་ཀྱི་ས་བོན་ཡིན་ཏེ། རྒྱ་མཚོ་སྤྲིན་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་ནི། ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པའི་ས་བོན་ཟག་པ་མེད་པའི་ཆོས་སྐྱེད་པར་བྱེད་པའི་ནུས་པའོ་ཞེས་སོ། །གཉིས་པ་མིང་གི་རྣམ་གྲངས་ནི། སྐྱེ་མཆེད་དྲུག་ལ་གདགས་པའི་ཐེག་པ་གསུམ་གྱི་གང་ཟག་རྣམས་རིགས་ཅན་སོ་སོར་འབྱེད་པར་བྱེད་པས་ན། སྐྱེ་མཆེད་དྲུག་གི་ཁྱད་པར་རམ། ཡང་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་སད་པར་བྱས་པ་ལས་ནུས་པ་ཁྱད་པར་དུ་བྱས་པས་དེ་སྐད་དུ་བརྗོད་དོ། །ཟག་མེད་ཀྱི་ཡེ་ཤེས་སྐྱེད་པའི་རྒྱུ་ཡིན་པས་ཟག་མེད་ཀྱིས་ས་བོན་དང༌། ལམ་གྱི་རྐྱེན་དང་ཕྲད་ན་དྲི་མ་དང་བྲལ་ནས་ཡེ་ཤེས་སྐྱེ་རུང་གི་ནུས་པ་གནས་པས་ན་སྒྲིབ་པ་སྤང་རུང་དང༌། གསུང་རབ་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བས་ན་ཐོས་པའི་བག་ཆགས་སོ། །དེའང་ཆུང་ངུ་འབྲིང་ཆེན་པོ་གསུམ་སྟེ། ཐེག་བསྡུས་ལས། ཐོས་པའི་བག་ཆགས་ཆུང་ངུ་དང་འབྲིང་དང་ཆེན་པོ་གང་ཡིན་པ་དེ་ཡང་ཆོས་ཀྱི་སྐུའི་ས་བོན་ནོ་ཞེས་སོ། །དེ་ལ་ཆུང་ངུ་ནི་དབང་པོ་རྟུལ་པོས་གང་ཟག་གི་བདག་མེད་ཙམ་སྟོན་པའི་ཆོས་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་ཡིན་ཞིང༌། འབྲིང་པོ་ནི་དབང་པོ་འབྲིང་པོས་གང་ཟག་གི་བདག་མེད་ཐོས་པས་གསོ་བར་བྱ་བ་ཡིན་ནོ། །གཞན་དག་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རྒྱུར་གྱུར་པ་ལ་འདོད་པ་ནི། གྲུབ་མཐའི་སྐབས་མ་ཕྱེད་པའོ། །ཆེན་པོ་ནི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་སྟེ། ཆོས་སྐུའི་ས་བོན་དུ་བཤད་པ་ནི་དེ་ཡིན་ནོ། །དབྱེ་བ་ལ་བྱང་ཆུབ་ཀྱི་རྒྱུ་བྱེད་ཚུལ་གྱིས་ནི། ངེས་པ་དང་མ་ངེས་པའི་རིགས་གཉིས་ཡིན་ཏེ། དང་པོ་ནི། ཐོག་མ་ནས་ཐེག་པ་གསུམ་པོ་བྱང་ཆུབ་སོ་སོའི་རྒྱུར་ངེས་པས། རྐྱེན་དབང་གིས་བྱང་ཆུབ་གཞན་དུ་མི་འགྱུར་བ་སྟེ། དཔེར་ན་རིའི་ཕྱོགས་འགའ་ཞིག་ལས་གསེར་དང་དངུལ་དང༌། ཟངས་འབའ་ཞིག་འབྱུང་བ་ལྟར་རོ། །སློབ་དཔོན་བློ་གྲོས་བརྟན་པས་ཇི་ལྟར་ཐོག་མ་མེད་པའི་དུས་ཅན་གྱི་འཁོར་བ་ན། ལ་ལ་ནི་སེམས་དང་བཅས། ལ་ལ་ནི་སེམས་མེད་པ་དེ་བཞིན་དུ། འདིར་ཡང་སྐྱེ་མཆེད་དྲུག་པོ་ཁ་ཅིག་ནི་སངས་རྒྱས་ཀྱི་རིགས། ཁ་ཅིག་ནི་ཉན་ཐོས་ལ་སོགས་པའི་རིགས་ཞེས་བྱའོ། །རིགས་ནི་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་འོངས་པ། སེམས་དང་སེམས་མེད་པའི་བྱེ་བྲག་བཞིན་ཏེ། གློ་བུར་དུ་བྱུང་པ་ནི་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། རྐྱེན་གྱི་དབང་གིས་ཐེག་པ་གསུམ་ཀའི་རྟོགས་པའི་རྒྱུར་རུང་བ་ནི། མ་ངེས་པའི་རིགས་ཏེ། དཔེར་ན་རི་འགའ་ཞིག་ལ་རེས་འགའ་ཟངས་དང༌། རེས་འགའ་དངུལ་དང༌། རེས་འགའ་གསེར་འབྱུང་བ་ལྟ་བུའོ། །སྒྲིབ་པ་ཤས་ཆེ་བའི་རྒྱུས་ཟག་མེད་ཀྱི་ས་བོན་དང་མི་ལྡན་པ་ནི་རིགས་ཆད་པ་ཞེས་བྱ་བ་ཡིན་པས་རིགས་ངེས་པ་དང་མ་ངེས་པ་གང་དུའང་མ་གཏོགས་པ་ཡིན་ནོ། །མདོ་སྡེ་རྒྱན་ལས། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པའི་འགྲེལ་བར། གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་རྒྱུ་དང་བྲལ་བ་སྟེ། གང་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་རིགས་ཉིད་མེད་པའོ། །ཞེས་པ་ལྟ་བུའོ། །འདི་སྒྲུབ་པའི་རིགས་ཆད་པ་ལ་དགོངས་ཞེས་སྨྲ་བ་ནི་མི་རིགས་ཏེ། ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། ཅེས་བྱ་བ་དང་ཁྱད་པར་མེད་པས་ཟློས་པའི་སྐྱོན་ཡོད་པར་འགྱུར་རོ། །འགའ་ཞིག་ཟག་མེད་ཀྱི་ས་བོན་དང་ལྡན་ཡང་རྐྱེན་གྱིས་གསོར་མི་རུང་བ་ལ་འདོད་པ་ནི་མ་བརྟགས་པ་སྟེ། ཇི་སྐད་བཤད་པའི་ལུང་གིས་ཟག་མེད་ཀྱི་ས་བོན་དང་མི་ལྡན་པའི་ཕྱིར་རོ། །མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པས་ཉན་རང་དུ་རིགས་ངེས་པ་མི་འཐད་དོ་སྙམ་ན། མ་ཡིན་ཏེ། མདོ་ལས། སེམས་ཅན་རྣམས་ཁམས་སྣ་ཚོགས་པ་ཅན་དུ་གསུངས་པའི་ཕྱིར་དང༌། དང་པོར་མོས་པ་ཐ་དད་པ་དང༌། བར་དུ་སྒྲུབ་པ་ཐ་དད་པ་དང༌། ཐ་མར་ཡང་འབྲས་བུ་བྱང་ཆུབ་ཐ་དད་དུ་དམིགས་པའི་ཕྱིར་རོ། །ངོ་བོ་ལ་ནི་རང་བཞིན་དང་རྒྱས་འགྱུར་གྱི་རིགས་གཉིས་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ནི། གཞན་དག་རྐྱེན་གྱིས་གསོས་མ་བཏབ་པ་ནི། རང་བཞིན་དུ་གནས་པའི་རིགས་ཡིན་ལ། རྐྱེན་གྱིས་གསོས་བཏབ་ནས་ཁྱད་པར་དུ་འགྱུར་པ་ནི་རྒྱས་འགྱུར་ཞེས་འདོད་དོ། །མ་ཡིན་ཏེ། རང་བཞིན་དུ་གནས་པའི་རིགས་ནི་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་གནས་པ་ཡིན་ལ། གཅིག་ཤོས་ནི་གསར་དུ་ཡང་དག་པར་བླངས་པ་ཡིན་པས་སོ། །དེས་ན་བྱང་ས་ལས། རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང༌། ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་དེའོ་ཞེས་པ་ལྟར་བཟུང་ངོ༌། །དབུ་མ་པའི་འདོད་ཚུལ་ལ། ངོ་བོ་ངོས་བཟུང་བ་དང༌། རིགས་སུ་འགྱུར་ཚུལ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་དམ། མེད་པ་ཉིད་དམིགས་པ་མ་ཡིན་ནོ། །ཞེས་གསུངས་པས་བརྟེན་པ་བྱང་ཆུབ་རྫས་སུ་མེད་པའི་འཐད་པས། རྟེན་རིགས་བདེན་པར་གྲུབ་པ་མེད་ཀྱང༌། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་རིགས་ནི། བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་སྒྲུབ་པའི་རྟེན་ཡིན་གྱི་བདེན་པར་གྲུབ་པའི་ཚིག་གི་དོན་ནི་མ་ཡིན་ཏེ། ཞེས་པའོ། །སྒྲུབ་པའི་རྟེན་ནི་གཉིས་ཏེ། བྱང་ཆུབ་སེམས་དཔའ་དང༌། རིགས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཇི་སྐད་བཤད་པའི་ཆོས་ཀྱི་གཞིར་གྱུར་བ་ཞེས་པའོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་འདི་ཁོ་ན་ལ་རིགས་ཞེས་བསྟན་ཏོ་ཞེས་པ་ལྟར་རོ། །འདིར་ནང་གི་སྐྱེ་མཆེད་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཉིད་ལ་རིགས་སུ་འདོད་ཀྱི་ཕྱིའི་སྐྱེ་མཆེད་ཀྱི་ཆོས་དབྱིངས་ནི་མ་ཡིན་ཏེ། སྒྲུབ་པའི་རྟེན་དུ་མི་རུང་བས་སངས་རྒྱས་ཀྱི་རིགས་ཀྱི་དོན་མེད་པའི་ཕྱིར་རོ། །འགའ་ཞིག་རིགས་ཀྱི་དོན་ནི། རྒྱུའི་དོན་ཡིན་པས། ཆོས་ཉིད་ཁོ་ན་དངོས་པོར་མེད་པས་རིགས་སུ་མི་རུང་ཞེས་སྨྲའོ། །འོ་ན་སེམས་ཀྱི་ཆོས་ཉིད་རིགས་སུ་མི་རུང་བར་འགྱུར་ཏེ། དངོས་པོར་མེད་པའི་ཕྱིར་རོ། །ཆོས་ཉིད་ཁོ་ན་རིགས་སུ་འདོད་པའང་མི་རིགས་ཏེ། དྲི་བཅས་ཀྱི་སེམས་འོད་གསལ་བའི་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་ཡིན་པས་རིགས་སུ་འདོད་པར་བྱ་བ་ཡིན་པའི་ཕྱིར། གཞན་དུ་ན་ཆོས་དབྱིངས་རིགས་སུ་འདོད་པའི་རྒྱུ་མཚན་ལྷག་པོ་མེད་པས་རིགས་མ་ཡིན་པར་མཚུངས་སོ། །ཅི་སྟེ་ཆོས་དབྱིངས་ལ་དམིགས་ཏེ་བསྒོམས་པ་ན་འཕགས་པའི་ཆོས་རྟོགས་པར་འགྱུར་བས་རིགས་སུ་འཇོག་གོ་ཞེ་ན། འོ་ན་ཕྱིའི་སྐྱེ་མཆེད་ཀྱི་ཆོས་དབྱིངས་ལ་དམིགས་ཏེ་བསྒོམས་པས་ཀྱང་འབྱུང་བས་སངས་རྒྱས་ཀྱི་རིགས་སུ་ཐལ་བར་འགྱུར་བས་མ་ཡིན་ནོ། །སེམས་ལ་ནི་རང་བཞིན་གྱི་སྒྲའི་དོན་མེད་པས་རང་བཞིན་གནས་རིགས་སུ་མི་འཐད་དོ་ཞེ་ན། འཇིག་རྟེན་ན་ཚ་བ་མེའི་རང་བཞིན་དུ་བརྗོད་པ་ལྟར་སེམས་ཀྱང་འོད་གསལ་བའི་རང་བཞིན་ཅན་ལས་གཞན་དུ་རྐྱེན་གཞན་གྱིས་བསྒྱུར་མི་ནུས་པར་སྐྱེ་བས་རང་བཞིན་ཞེས་བརྗོད་དེ། འདི་ལྟར་སེམས་ནི་རྐྱེན་གང་གིས་ཀྱང་རང་གི་ངོ་བོ་འོད་གསལ་བ་ལས་གཞན་དུ་བསྒྱུར་མི་ནུས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་རྐྱེན་གྱིས་དྲི་མ་ཅན་དུ་སྐྱེ་བ་མ་ཡིན་ནམ། ཇི་ལྟར་རྐྱེན་གྱིས་བསྒྱུར་དུ་མི་རུང་ཞེ་ན། གསེར་ལ་དྲི་མ་རྗེས་སུ་ཞུགས་ཀྱང་གསེར་གྱི་རང་བཞིན་དོར་ནས། དྲི་མའི་ངོ་བོར་སྐྱེ་བ་མ་ཡིན་ཏེ། ཐབས་ཀྱིས་དྲི་མ་དང་བྲལ་བར་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་དྲི་མ་དང་བཅས་པའི་དུས་སུ། ཆགས་སོགས་དྲི་མས་ངོ་བོ་མི་མངོན་ཡང་རང་བཞིན་དོར་ནས་གཞན་དུ་འགྱུར་བ་མ་ཡིན་ནོ། །ལུང་ལས་ཀྱང་གསུངས་ཏེ། རྒྱུད་བླ་མ་ལས། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཞེས་དང༌། རྒྱས་བཤད་དུ། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་པ་དང༌། བསྟོད་ཚོགས་ལས་ཀྱང༌། བདེ་ལེགས་སེམས་ལས་སངས་རྒྱས་འབྱུང༌། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་སོ། །སེམས་ཙམ་པས་འདོད་པའི་ཟག་མེད་ཀྱི་ས་བོན་ནི་རང་བཞིན་གནས་རིགས་སུ་མི་འཐད་དེ། དེ་དང་མི་ལྡན་པའི་སེམས་ཅན་སྲིད་པས། སེམས་ཅན་ཐམས་ཅད་ལ་མ་ཞུགས་པའི་ཕྱིར་རོ། །གཉིས་པ་རིགས་སུ་འགྱུར་ཚུལ་ལ་གཉིས་ལས། རྟེན་གྱི་སྒོ་ནས་འཇོག་པ་ནི། སྒྲུབ་པའི་རྟེན་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། དེ་ཡང་ནང་གི་སྐྱེ་མཆེད་དྲུག་ལ་གདགས་སོ། །སྐྱེ་མཆེད་དེ་དག་ལས་མིག་སོགས་གཞན་ལྔ་ནི། ཡིད་ཀྱི་སྐྱེ་མཆེད་ལ་བརྟེན་པ་ཡིན་ལ། ཡིད་ཀྱང་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོར་གནས་པས། ཐམས་ཅད་ཆོས་ཉིད་ལ་བརྟེན་པར་དགོངས་ནས། ནང་གི་ཆོས་ཉིད་རྟེན་རིགས་སུ་བསྟན་ནོ། །རྒྱུད་བླ་མ་ལས། ཕུང་པོ་ཁམས་དབང་སྐྱེ་མཆེད་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་སོ། །རྒྱུའི་སྒོ་ནས་རིགས་སུ་འགྱུར་ཚུལ་ནི། ཡིད་ཀྱི་ཤེས་པས་རང་གི་གནས་ཚུལ་ལ་དམིགས་ཏེ་བསྒོམས་པ་ལས། སེམས་ཀྱི་ཆོས་ཉིད་ཀྱི་དྲི་མ་སྦྱོང་བྱེད་ཀྱི་སྒྲུབ་པ་འབྱུང་ལ། སྒོམ་པ་མཐར་ཐུག་པའི་ཚེ་ན་ཆོས་ཅན་ཡིད་ཤེས་དང༌། དེའི་ཆོས་ཉིད་དྲི་མ་དང་བྲལ་ནས། སངས་རྒྱས་ཀྱི་ཡེ་ཤེས་དང༌། དྲི་མ་མེད་པའི་དེ་བཞིན་ཉིད་དུ་གནས་འགྱུར་བས་ཆོས་ཉིད་རྒྱུར་འདོད་པ་ཡིན་ནོ། །ཕྱི་རོལ་གྱི་ཆོས་ཉིད་ལ་དམིགས་ཏེ་སྒོམ་པ་ཡོད་ཀྱང༌། དེ་ལྟར་མི་རུང་བས། དེ་རིགས་སུ་མི་འཇོག་པའི་གནད་ཀྱང་དེར་སྣང་ངོ༌། །འདིས་ནི་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ། འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ། །ཞེས་གསུངས་པའི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །རྩོད་པ་སྤང་བ་ནི། གལ་ཏེ་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་ན་སངས་རྒྱས་གྲངས་མེད་པ་མྱ་ངན་ལས་འདས་ཀྱང་ཇི་ལྟར་ད་དུང་འཁོར་བ་དཔག་ཏུ་མེད་པ་དམིགས་ཅེ་ན། རྒྱུ་རིགས་ཡོད་ཀྱང་འགལ་རྐྱེན་ཉེས་དམིགས་བཞི་དང་ལྡན་པའི་ཕྱིར་རོ། །ཇི་སྐད་དུ། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དང༌། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །གཉིས་པ་ལ་གཉིས་ཏེ། རིགས་ཀྱི་དབྱེ་བ་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། མཚམས་སྦྱར། རྩ་བ། འགྲེལ་པའོ། །དང་པོ་ནི། འོག་ནས་འབྱུང་བའི་སྒྲུབ་པ་དང་ལྡན་པ་ལ་ཇི་སྐད་བཤད་པའི་ངེས་འབྱེད་ཆ་མཐུན་དང༌། མཐོང་ལམ་ལ་སོགས་པ་གཞན་ཡང་འབྱུང་ལ། དེ་དག་ཀྱང་རིགས་ལ་བརྟེན་ནས་སྒྲུབ་པས་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་འཆད་དོ། །གྲོལ་སྡེ་གཉིས་འབྲས་བུ་སྔར་བཤད་ནས་རྒྱུ་རིགས་ཕྱིས་འཆད་པ་བཤད་པའི་རིམ་པའོ། །ཞེས་གསུང༌། རྩ་བ་ནི། རྟོགས་པའི་ཆོས་དང༌། གཉེན་པོ་དང༌། སྤོང་བ་དང༌། རྣམ་གྲོལ་ལམ་དང༌། ཡོན་ཏན་ཁྱད་པར་ཅན་ཏེ། དྲུག་དང༌། གཉིས་དང་བཞི་རྣམས་གྲངས་ཇི་ལྟ་བ་བཞིན་ནོ། །རྟེན་ལ་རིགས་ཞེས་བྱ་ཞེས་པ་ཐམས་ཅད་ཀྱི་གསལ་བྱེད་དུ་སྦྱར་རོ། །མདོ་ནི། རབ་འབྱོར་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་སོ། །འགྲེལ་པ་ལ། གོ་རིམ་དང༌། གྲངས་ངེས་དང༌། རྟེན་ངོས་བཟུང་བའོ། །དང་པོ་ནི། རྩ་བ་ལྟར་ལྔ་ལས། དང་པོ་རྟོགས་པའི་ཆོས་ལ། རེ་ཞིག་ནི་གོ་རིམ་སྟོན་པའི་ཚིག་ཕྲད་དོ། །བསྒོམ་བྱུང་གི་སྒྲུབ་པའི་དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་འབྱུང་བས། དེ་དག་གི་རྟེན་དུ་གྱུར་བའི་རིགས་བསྟན་ནོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་དང༌། ས་བདུན་པའི་བར་གྱི་བསྒོམ་པའི་ལམ་དག་འཐོབ་བོ། །གཉིས་པ་གཉེན་པོའི་སྒྲུབ་པ་ནི། དེའི་འོག་ཏུ་དྲུག་པོ་དེ་དག་རིམ་གྱིས་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱིར་ཕྱུང་བའི་དཔེས་བསྟན་པ་བར་ཆད་མེད་ལམ་གྱི་སྒྲུབ་པ་དག་འབྱུང་ངོ༌། །སྤོང་བའི་སྒྲུབ་པ་ནི། དེའི་འོག་ཏུ་སྒོ་འཕར་བཅད་པ་ལྟར་རྣམ་པར་གྲོལ་བའི་ལམ་གྱི་སྒྲུབ་པ་དག་འབྱུང་ངོ༌། །ཞར་ལ་སྤང་གཉེན་སྐྱེ་འགག་བྱེད་ཚུལ་བསྟན་པ་ནི། གཉེན་པོ་རྫོགས་པར་སྐྱེ་བ་དང་མི་མཐུན་ཕྱོགས་འགག་པ་དུས་མཉམ་དུ་འཐོབ་བོ། །འདི་གཉིས་སོ་སོར་བགྲང་དགོས་ཏེ། གཞན་དུ་ན་བཅུ་གསུམ་མ་ཚང་བར་འགྱུར་བས་སོ། །རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་དཔེར་བླངས་ནས། གཉེན་པོ་སྐྱེ་བ་དང་མི་མཐུན་ཕྱོགས་འགག་པའི་སྒྲུབ་པ་དུས་མཉམ་དུ་འཆད་པས་ཀྱང་མ་རྟོགས་ཏེ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུས་མི་མཉམ་པས་སོ། །བཞི་པ་རྣམ་གྲོལ་ལམ་གྱི་སྒྲུབ་པ་ནི། དེའི་འོག་ཏུ་སྤང་གཉེན་དེ་དག་མི་དམིགས་པས། དེ་དག་སྐྱེ་བ་དང་འགག་པ་ཡུལ་དུ་ལྡན་པའི་རྣམ་པར་རྟོག་པ་སྤངས་པ་འཐོབ་བོ། །སྔ་མ་ཉོན་སྒྲིབ་དང༌། ཕྱི་མ་ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་གཉིས་སོ། །དེའི་འོག་ཏུ་ས་དེའི་ཡོན་ཏན་ཁྱད་པར་ཅན་འཁོར་བ་ལ་མི་གནས་པའི་མཚན་ཉིད་ཀྱི་ཤེས་རབ་དང༌། མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཀྱི་ཐབས་སྙིང་རྗེ་ཆེན་པོ་འཐོབ་བོ། །གང་གི་སྟོབས་ཀྱིས་ན། སྔོན་གྱི་སྨོན་ལམ་དང༌། སྦྱིན་པ་ལ་སོགས་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །དེའི་འོག་ཏུ་ཐབས་ཤེས་དེ་དག་སྐྱེས་པས་ས་དགུ་པས་བསྡུས་པ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་འཐོབ་བོ། །དེའི་འོག་ཏུ་གཞན་གྱི་དོན་གྱི་གོ་རིམ་དུ་བྱེད་པའི་སྒྲུབ་པ་འཐོབ་སྟེ། ཉན་ཐོས་དང་ཐུན་མོང་མ་ཡིན་པའི་རྟོགས་པ་ཐོབ་ནས་གཞན་དོན་ཇི་ལྟར་འོས་པ་བཞིན་འབྱུང་བས་སོ། །ས་བཅུ་པ་ལ་གནས་པ་ཆོས་ཅན། གཞན་དོན་གོ་རིམ་དུ་བྱེད་དེ། གཞུག་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པ་རྣམ་པ་བརྒྱད་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་ཕྱིར་རོ། །འདི་ལ་བརྒྱད་པོ་སོ་སོའི་ངོ་བོ། ཞར་ལ་དྲང་ངེས་ཀྱི་ཁྱད་པར། ཇི་ལྟར་འཇུག་པའི་རིམ་པའོ། །དང་པོ་ལ་ལྡེམ་དགོངས་དང༌། དགོངས་པ་ཅན་གཉིས་ལས། དང་པོ་ལ། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཕྱི་རོལ་པ་བསྟན་པ་ལ་གཞུག་པའི་དོན་དུ་རྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་ཅེས་པ་ལྟ་བུའོ། །མཚན་ཉིད་ལ་ལྡེམ་དགོངས་ནི། སེམས་ཙམ་པས་མཚན་ཉིད་གསུམ་ལ་དགོངས་ནས། ཤེར་ཕྱིན་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལ་འདོད་ཀྱང༌། འདིར་མངོན་པ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དུ་གསུངས་པ་ལ་འདོད་དོ། །གཉེན་པོ་ལ་ལྡེམ་དགོངས་ནི། དགོངས་པ་ཅན་བཞི་ལ་བཟུང་བར་བྱ་སྟེ། སངས་རྒྱས་ལ་བརྙས་པ་ལ་སོགས་པའི་གཉེན་པོར་དགོངས་ཏེ་གསུངས་པའི་ཕྱིར་རོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་ལྟར་ཏེ། སྙིང་པོ་ནི་རྣམ་གཡེང་ངོ༌། །དེ་མེད་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའོ། །ཕྱིན་ཅི་ལོག་ནི་རྟག་སོགས་ལས་ཕྱིན་ཅི་ལོག་མི་རྟག་སོགས་ལ་གནས་པ་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཉོན་མོངས་པ་ནི་དཀའ་སྤྱད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །དགོངས་པ་ཅན་ལ་བཞི་ལས་མཉམ་པ་ཉིད་ལ་དགོངས་པ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས་དེ་ཉིད་སངས་རྒྱས་རྣམ་གཟིགས་སོ་ཞེས་པ་ལྟ་བུའོ། །གསུམ་པོ་ནི་རྒྱུ་ཚོགས་གཉིས་རྫོགས་པ་དང༌། འབྲས་བུ་ཆོས་སྐུ་ཐོབ་པ་དང༌། གཞན་དོན་ཕྲིན་ལས་མཉམ་པའོ། །དོན་གཞན་ལ་དགོངས་པ་ནི། ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་སྟེ། དོན་གཞན་དུ་བསྒྱུར་ནས་འཆད་དགོས་པའི་ཕྱིར་རོ། །དོན་ནི། ལས་དང་སྲེད་པ་སྤང་བྱ་ཞིང༌། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའོ། །དུས་གཞན་ལ་དགོངས་པ་ནི། ལེ་ལོའི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེ་ཞེས་པ་ལྟ་བུའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། སྦྱིན་པ་ལ་མཆོག་འཛིན་གྱི་གཉེན་པོར་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །དགོངས་ལྡེམ་དགོངས་ཀྱི་ཁྱད་པར་གང་ཞེ་ན། དགོངས་གཞིའི་ལྡོག་པ་ཉེ་བར་བཟུང་ནས་དགོངས་བ་ཅན་དང༌། དགོས་པའི་ལྡོག་པ་ཉེ་བར་བཟུང་ནས་ལྡེམ་དགོངས་སུ་བཤད་པ་ནི། ལྡེམ་དགོངས་ལ་སྒྲ་ཇི་བཞིན་པའང་ཡོད་ལ་ཅིག་ཤོས་ལ་མེད་པས་སོ་སོར་བྱས་སོ། །འགལ་བ་ནི་མ་ཡིན་ཏེ། དགོངས་པ་ཅན་བཞི་པོ་གཉེན་པོའི་ལྡེམ་དགོངས་ཀྱི་ཁོངས་སུ་འདུ་བའི་ཕྱིར་རོ། །གསུང་རབ་ཐབས་ཅད་འདིར་འདུས་པ་ནི་མ་ཡིན་ཏེ། འདི་དག་ནི་དྲང་བའི་དོན་ལས་རྣམ་པར་ཕྱེ་བའི་ཕྱིར་རོ། །གཉིས་པ་ནི། ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དྲང་བ་དང་ངེས་པའི་དོན་གཉིས་ཀྱིས་བསྡུས་ཏེ། གདུལ་བྱ་དེ་ཁོ་ན་ཉིད་ཀྱི་སྣོད་དུ་གྱུར་པ་དང་མ་གྱུར་པ་གཉིས་སུ་ངེས་པའི་ཕྱིར་རོ། །ཅིའི་ཕྱིར་དྲང་བ་དང་ངེས་པའི་དོན་ཞེས་བྱ་ཞེ་ན། བརྗོད་བྱ་མཐའ་གཅིག་ཏུ་ངེས་པས། རྣམ་པ་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་དང༌། དེ་ཁོ་ན་ཉིད་ལ་རིམ་གྱིས་དྲང་བའི་དོན་ཅན་ཡིན་པའི་ཕྱིར་རོ། །དབྱེ་བའི་སྒོ་ནི་བཞི་སྟེ། བརྗོད་བྱ་དང༌། རྗོད་བྱེད་དང༌། གདུལ་བྱ་དང༌། གྲུབ་མཐའི་སྒོ་ནས་དབྱེའོ། །དང་པོ་ནི། དངོས་པོའི་གནས་ཚུལ་སྟོན་པ་ངེས་དོན་དང༌། ཅིག་ཤོས་ནི་དྲང་བའི་དོན་ནོ། །ཟླ་བ་སྒྲོན་མེའི་མདོར། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །ཞེས་པ་དང༌། གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་སོ། །སྒྲ་ཇི་བཞིན་དུ་ངེས་པ་དང༌། གནས་ཚུལ་ཡང་གཉིས་ཏེ། དོན་དམ་པའི་གནས་ཚུལ་དང༌། ཀུན་རྫོབ་པའི་གནས་ཚུལ་ལོ། །གནས་ཚུལ་མ་ཡིན་པ་ནི་སེམས་ཅན་དང་གང་ཟག་ལ་སོགས་པའོ། །གནས་ཚུལ་མ་ཡིན་པ་སྟོན་པས་བརྫུན་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། མི་འགྱུར་ཏེ། གཞན་ལ་ཕན་པའི་དོན་ཅན་ཡིན་པས་སོ། །རིན་ཆེན་ཕྲེང་བ་ལས། གཞན་ལ་གཅིག་ཏུ་ཕན་ཕྱིར་བདེན། །མི་ཕན་ཕྱིར་ན་ཅིག་ཤོས་རྫུན། །ཞེས་སོ། །གཉིས་པ་ནི། དགོངས་འགྲེལ་ལས་བཤད་པ་ལྟར། སྒྲ་ཇི་བཞིན་པ་ངེས་པའི་དོན་དང༌། སྒྲ་ཇི་བཞིན་མ་ཡིན་པ་དྲང་བའི་དོན་ཏེ། སྒྲ་ཇི་བཞིན་དུ་ངེས་པ་དང༌། དོན་གཞན་དུ་དྲང་ནས་བཤད་དགོས་པའི་ཕྱིར་རོ། །གསུམ་པ་ནི་གདུལ་བྱ་གང་དག་ལམ་ལ་འཇུག་པའི་ཕྱིར་དུ་བསྟན་པ་ནི་དྲང་བའི་དོན་དང༌། འབྲས་བུ་ལ་འཇུག་པར་བྱ་བའི་ཕྱིར་དུ་བསྟན་པ་ནི་ངེས་པའི་དོན་ཏེ། སྔ་མ་ནི་འབྲས་བུ་ལ་རིམ་གྱིས་དྲང་བར་བྱ་བའི་དོན་ཡིན་པའི་ཕྱིར་དང༌། ཕྱི་མ་ནི་འབྲས་བུ་མཐར་ཐུག་པས་གོང་དུ་དྲང་བར་བྱ་བའི་འབྲས་བུ་གཞན་མེད་པའི་ཕྱིར། འདི་བློ་གྲོས་མི་ཟད་པའི་མདོ་ལས་བསྟན་ཏོ། །བཞི་པ་ནི། ཕྱི་རོལ་གྱི་དོན་ཡོད་པར་བཤད་པ་ཉན་ཐོས་སྡེ་གཉིས་ལ་ངེས་དོན་དང༌། སེམས་ཙམ་པ་ལ་དྲང་དོན་དང༌། ངོ་བོ་ཉིད་མེད་པར་བཤད་པ། སེམས་ཙམ་པ་ལ་དྲང་དོན་དང༌། དབུ་མ་པ་ལ་ངེས་དོན་དུ་འགྱུར་བ་ལྟ་བུའོ། །གསུམ་པ་ནི། དྲང་ངེས་ཀྱི་གསུང་རབ་འདི་དག་ལ་ཇི་ལྟར་འཇུག་པར་བྱ་ཞེ་ན། སྟོན་པ་བཞིའི་རིམ་པས་འཇུག་པར་བྱ་སྟེ། དང་པོར་ཐོས་པ་ལ་འཇུག་པའི་དུས་སུ་གང་ཟག་ལ་མི་སྟོན་ཆོས་ལ་སྟོན་པ་དང༌། ཐོས་ནས་དོན་ལ་སེམས་པའི་དུས་སུ་ཚིག་ལ་མ་སྟོན་དོན་ལ་སྟོན་པ་དང༌། བསམ་པའི་དོན་གྱི་སྙིང་པོ་ཚོལ་བའི་དུས་སུ་དྲང་དོན་ལ་མི་སྟོན་ངེས་དོན་ལ་སྟོན་པ་དང༌། སྒོམ་པའི་དུས་སུ་རྣམ་ཤེས་ལ་མི་སྟོན་ཡེ་ཤེས་ལ་སྟོན་པར་བྱའོ། །གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པའི་འོག་ཏུ་འཁོར་བ་ཇི་སྲིད་པར་འབད་རྩོལ་གྱི་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་དང༌། རང་དོན་སངས་རྒྱས་ཀྱི་ཡེ་ཤེས་དེ་མ་ཐག་འབྱུང་བའི་རྒྱུན་མཐའི་ཡེ་ཤེས་འཐོབ་པའི་ཕྱིར་རོ། །དེའི་རྟེན་ལ་རིགས་ཞེས་བྱའོ་ཞེས་སྦྱར་རོ། །འདིར་འབྱུང་ཞེས་པ་རྩ་བར་འཇུག་ཅེས་པའི་དོན་ཡིན་པས་ཐམས་ཅད་ཀྱི་མཐའི་གསལ་བྱེད་དུ་སྦྱར་རོ། །འདི་ནི་ཕལ་ཆེར་སྤྱི་སྒྲ་བྱེ་བྲག་ལ་སྦྱར་ནས་རྟོགས་པའི་གོ་རིམ་དུ་བཤད་དོ། །གཉིས་པ་ནི། གདམས་ངག་ཏུ་མ་ཟད་བཅུ་གསུམ་པོ་འདིས་ཀྱང༌། ངེས་ལེགས་དོན་གཉེར་གྱི་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ཏེ། སྦྱོར་ལམ་ནས་རྒྱུན་མཐའི་བར་གྱི་ལམ་ཐམས་ཅད་བསྡུས་པའི་ཕྱིར་རོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ལ་རྟེན་ཞེས་བསྟན་ཏེ། ཇི་སྐད་བཤད་པའི་ཆོས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དེའི་སེམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ། །ཁོ་ནའི་སྒྲས་རིགས་ཀྱི་འདོད་ཚུལ་དུ་མ་ལས་འདི་ཁོ་ནའོ་ཞེས་པའི་དོན་ནོ། །ཇི་ལྟར་བཅུ་གསུམ་ཡིན་ཞེ་ན། སྒྲུབ་པའི་ཆོས་དྲོད་སོགས་ཀྱི་གནས་སྐབས་ཐ་དད་པ་བཅུ་གསུམ་པོ་ཡོད་པའི་བྱེ་བྲག་གིས་སོ། །འདི་ལ་རིགས་ཞེས་བྱ། ཞེས་པའི་འགྲེལ་པ་ཡིན་པས་ཐམས་ཅད་ལ་གསལ་བྱེད་དུ་གནས་སོ། །གཉིས་པ་རྩོད་པ་སྤང་བ་ལ། རྩོད་པ་དང་ལན་གཉིས་ལས། དང་པོ་ལ། གང་ལ་རྩོད་པ་དང༌། གང་གིས་རྩོད་པ་དང༌། ཇི་ལྟར་རྩོད་པ་གསུམ་ལས། དང་པོ་ནི། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པའོ། །གཉིས་པ་ནི། དངོས་པོར་སྨྲ་བ་རྣམས་སོ། །གསུམ་པ་ནི། སྔ་འགྲེལ་གྱིས་རྩ་བའི་དོན་འཆད་པའི་སྒོ་ནས་སྟོན་ཏེ། འདི་ལ་ཁས་བླངས་བརྗོད་པ་དང༌། ཐལ་བ་དགོད་པ་གཉིས་ལས། དང་པོ་ནི། གལ་ཏེ་ཆོས་ཀྱི་དབྱིངས་ཁོ་ན་འཕགས་པའི་ཆོས་མཐོང་སྒོམ་སོགས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། ཆོས་དབྱིངས་དེའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའི་ཆོས་ཉིད་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་སྟོབས་སོགས་རྣམས་ཀྱི་རྒྱུ་རང་བཞིན་དུ་གནས་པའི་རིགས་ཡིན་ན། གཉིས་པ་ནི། འོ་ན་ནི། ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་བྱེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཁོ་ན་སངས་རྒྱས་ཀྱི་རིགས་ཅན་མ་ཡིན་པར་ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པར་ཐལ། ཆོས་དབྱིངས་དེ་ནི་སྤྱིར་གནས་པའི་ཕྱིར། འདོད་ན་ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་རུང་བ་མ་ཡིན་པར་ཐལ། སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་དོགས་པ་བསུ་ནས་ལན་གདབ་པའི་ཕྱིར་རྩོད་པ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཕྱེད་གསུངས་སོ། །སྤྱིར་གནས་པ་ཞེས་པ་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པའི་ཕྱིར་ཞེས་པའི་དོན་ཡིན་ལ། སྔ་འགྲེལ་ལྷག་མ་རྣམས་ཀྱིས་རིགས་ནི་ཐ་དད་རུང་མ་ཡིན་ཅེས་པའི་དོན་བཤད་དོ། །གཉིས་པ་ལན་ལ་གཉིས་ཏེ། འཐད་པའི་སྒོ་ནས་རིགས་སུ་བསྟན་པ། དཔེའི་སྒོ་ནས་དབྱེ་བ་འཐད་པའི་ཚུལ་ལོ། །དང་པོ་ནི། དྲི་བཅས་ཀྱི་སེམས་ཀྱི་ཆོས་ཀྱི་དབྱིངས་ལ་རིགས་ཉིད་དུ་ཐ་སྙད་འདོགས་སོ། །གང་གི་སྒོ་ནས་ཤེ་ན། རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་སོ། །ཇི་ལྟར་རྒྱུ་ཡིན་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་བདག་མེད་གསུམ་རྟོགས་པའི་རིམ་གྱིས་ཇི་ལྟར་དམིགས་པ་དེ་བཞིན་ནམ། དེ་དང་འཚམ་པར་འཕགས་པའི་ཆོས་རྟོགས་ཤིང་ཐོབ་པར་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ་ཐེག་པ་གསུམ་སོ་སོས་བདག་མེད་རྟོགས་པའི་རིམ་པས། རང་རང་གི་ཡུལ་བདག་མེད་གསུམ་ལ་ཇི་ལྟར་དམིགས་པ་ལྟར་འཕགས་པའི་ཆོས་རྟོགས་ཤིང་ཐོབ་པ་ན། ཆོས་ཀྱི་དབྱིངས་དེ་དག་གི་རྟེན་དུ་གྱུར་པས། དེ་དག་གི་རིགས་ཞེས་བརྗོད་དོ་ཞེས་པའོ། །རྟེན་གྱི་དོན་ཡང་ཐེག་པ་གསུམ་པོ་གང་ཟག་གི་རྟེན་ཅན་ཡིན་ལ། གང་ཟག་ཀྱང་སྐྱེ་མཆེད་དྲུག་ལ་གདགས་ཤིང༌། དྲུག་པོ་ཆོས་ཀྱི་དབྱིངས་ཀྱི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །འགའ་ཞིག་ཇི་ལྟར་ཉན་ཐོས་ཀྱི་ཞེས་སོགས་དཔེ་ལ་སྦྱོར་བ་མི་འཐད་དེ། ཉི་ཁྲི་སྣང་བ་ལས། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་པ་དེ་ལྟར་རིགས་ཡིན་པར་བརྗོད་ཅེས་པ་དང་འདི་དོན་གཅིག་ཅིང༌། དེ་ཡང་དཔེ་སྟོན་བྱེད་མ་ཡིན་པའི་ཕྱིར་དང༌། ཆོས་དབྱིངས་རིགས་སུ་འདོད་ན། ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པས་ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་མི་རུང་བར་རྩོད་པ་ལ། རྟེན་ཆོས་ཐེག་པ་གསུམ་གྱི་སྒོ་ནས་རིགས་ཐ་དད་པ་གསུམ་དུ་འབྱེད་པ་དཔེར་འཇོག་པ་མ་འབྲེལ་བའང་ཡིན་ནོ། །གཞན་དག་བདག་མེད་གསུམ་རྟོགས་པའི་རིམ་པས་ཆོས་དབྱིངས་ལ་ཇི་ལྟར་དམིགས་པ་དེ་བཞིན་དུ་ཞེས་འདོད་པའང་མ་ཡིན་ཏེ། ཉན་རང་གི་ཐེག་པས་ཆོས་དབྱིངས་ལ་དམིགས་པ་མ་ཡིན་པའི་ཕྱིར་རོ། །ལ་ལ་ཆོས་དབྱིངས་དམིགས་པར་ཁས་བླངས་ན། དམིགས་པ་དག་པ་ཁྱད་པར་དུ་འགྲོར་མེད་པར་ཐལ་བའི་སྐྱོན་ཡོད་ཅེས་སུན་འབྱིན་སྨྲ་བའང་མི་འཐད་དེ། དམིགས་པའི་སྐབས་སུ་དེ་བཞིན་ཉིད་དམིགས་པར་བཤད་པ་དང༌། རང་གི་ཁས་བླངས་དང་འགལ་བའི་ཕྱིར་རོ། །ཉི་སྣང་ལས་སུན་འབྱིན་བརྗོད་པ་ནི། ཆོས་ཉིད་འབའ་ཞིག་དམིགས་པར་འདོད་པ་བཀག་པ་ཡིན་གྱི། ཆོས་ཉིད་དམིགས་པར་འདོད་པ་ལ་ནི་མ་ཡིན་པའི་དོན་ཡང་མ་རྟགས་པ་ཡིན་ནོ། །འདི་ཇི་ལྟ་བ་བཞིན་ཁོ་བོས་བཤད་པ་ཡིན་ནོ། །གཉིས་པ་ལ་སྔ་འགྲེལ་ནི། འཇིག་རྟེན་པའི་ངག་གིས་ཏེ། རབ་ཏུ་གྲགས་པའི་ལན་གཞན་སྟོན་ནོ། །སླ་ཆོས་ཏེ་གོ་སླ་བའི་ཕྱིར་དུའོ། །རྩ་བའི་དོན་འབྱེད་པ་ནི། དྲི་བཅས་ཀྱི་ཆོས་དབྱིངས་ལ་རང་བཞིན་རྣམ་དག་གི་ཆ་ལ་མི་འདྲ་བའི་དབྱེ་བ་མེད་ཀྱང༌། བརྟེན་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཉིད་དོ་ཞེས་བསྟན་ཏེ། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་ཤིང་ཐོབ་པར་བྱ་བ་གསུམ་ཡོད་པ་ཉིད་ཀྱིས་སོ། །དཔེར་ན་ཉེར་ལེན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང༌། རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་པའི་རྟེན་བུམ་པ་དང་ལྷུང་བཟེད་ལ་སོགས་པ། བརྟེན་པ་ནང་གི་བཅུད་སྦྲང་རྩི་དང་ལི་ཁར་དང༌། འབྲུ་མར་ལ་སོགས་པའི་སྣོད་དུ་གྱུར་པ་ཉིད་ཀྱིས་ཐ་དད་པར་ཐ་སྙད་བསྟན་པ་དེ་བཞིན་ནོ། །འགའ་ཞིག་དཔེའི་སྐབས་སུ་སྣོད་གཅིག་ཉིད་སྔ་ཕྱི་རིམ་ཅན་དུ་བཅུད་ཀྱི་བྱེ་བྲག་གིས་ཐ་དད་དུ་འབྱེད་པ་དཔེར་བྱས་ནས། དོན་གྱི་སྐབས་སུ་གང་ཟག་གཅིག་ཐེག་པ་གསུམ་ལ་རིམ་བཞིན་དུ་ཞུགས་པ་དེའི་ཆོས་ཉིད་ཐེག་པ་གསུམ་གྱི་བྱེ་བྲག་གིས་ཐ་དད་དུ་འབྱེད་པ་ནི་མ་ཡིན་ནོ། །ཞེས་སྨྲ་བས་ནི། འགལ་བ་ཁས་བླངས་ཏེ་དཔེ་དེ་ལྟར་འདོད་ན། དོན་ཡང་དེ་ལྟར་དུ་བཤད་དགོས་པའི་ཕྱིར་རོ། །གཞན་དག་དཔེ་དོན་དེ་གཉིས་སྦྱར་ནས་འཆད་པ་ཡང་མ་ཡིན་ཏེ། གང་ཟག་གཅིག་ཉིད་ཐེག་པ་གསུམ་ལ་རིམ་གྱིས་ཞུགས་པའི་དབང་དུ་བྱས་ན་རིགས་ཐ་དད་དུ་མི་རུང་ཞེས་བརྩད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་རྫ་བུམ་གསུམ་རྫའི་སྣོད་དུ་དབྱེ་བ་མེད་ཀྱང་ནང་བཅུད་ཀྱིས་ཐ་དད་དུ་འཇོག་པ་བཞིན་ཞེས་དཔེར་བླངས་ནས་བཤད་པར་བྱའོ། །གཉིས་པ་དམིགས་པ་ལ་གསུམ་གྱི་མཚམས་སྦྱར་བ་ནི། ཇི་སྐད་བཤད་པའི་སྒྲུབ་པའི་རྟེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་གང་ཡིན་ཞེ་ན་ཞེས་པའོ། །གཉིས་པ་རྩ་བ་ལ་དངོས་ཀྱི་དོན་དང༌། ཀླན་ཀ་སྤང་བའོ། །དང་པོ་ལ་སོ་སོའི་ངོ་བོ་དང༌། གོ་རིམ་མོ། །དང་པོ་ལ་བསྟན་པ་དང༌། ཅུང་ཟད་ཕྱེ་བ་དང༌། རྒྱས་པར་ཕྱེ་བའོ། །དང་པོ་གཉིས་ནི་ཚིག་རྐང་པ་དང་པོ་གཉིས་ཀྱིས་རིམ་གྱིས་བསྟན་ལ། གསུམ་པ་ལ་བཞི་སྟེ་ལམ་དང༌། སྤང་གཉེན་དང༌། བདེན་གཉིས་དང༌། འབྲས་བུའི་དབང་དུ་བྱས་པ་རྣམས་གཉིས་དང༌། གཅིག་དང༌། གཅིག་དང༌། གཉིས་རྣམས་ཀྱིས་གྲངས་བཞིན་ནོ། །གཉིས་པ་ནི། རྟེན་རིགས་དང་ལྡན་པས་སྒྲུབ་པ་ལ་འཇུག་པ་ནི། དམིགས་པ་ལ་སྒྲོ་འདོགས་གཅོད་པའི་ཚུལ་གྱིས་ཡིན་པས་དམིགས་པ་གསུངས་ལ། དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་གསུམ་དང་པོར་བསྟན་ནས་བྱེ་བྲག་བརྒྱད་ཕྱིས་བཤད་དོ། །བརྒྱད་པོ་ལའང༌། དང་པོ་དང་ཕྱིས་བླང་བྱའི་རིམ་པས་འཇིག་རྟེན་པ་དང༌། དེ་ལས་འདས་པའི་རྟོགས་པ་གཉིས་བསྟན་ཅིང༌། དེ་ནས་དང་པོར་སྤང་བྱ་དང་ཕྱིས་བླང་བྱའི་རིམ་པས་ཟག་བཅས་ཟག་མེད་གཉིས་རིམ་པ་ལྟར་རོ། །དེ་ནས་དང་པོར་རྟོགས་པའི་རིམ་པས་འདུས་བྱས་ཀུན་རྫོབ་དང་འདུས་མ་བྱས་དོན་དམ་གཉིས་སོ། །དེ་ནས་འདུས་མ་བྱས་རྟོགས་པས་ཕྱེ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོ། །མདོ་ནི། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང་ཞེས་སོགས་སོ། །གཉིས་པ་ནི། སེམས་ཙམ་པ་དག་སྒྲུབ་པའི་དམིགས་པ་ཟག་བཅས་ཟག་མེད་སྣ་ཚོགས་སུ་མི་འཐད་དེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཡོངས་གྲུབ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་དམིགས་པའི་ཕྱིར་རོ་ཞེས་ཟེར་རོ། །འདིར་དམིགས་པ་ལ་མངོན་པར་ཞེན་པ་སྐྱེ་བ་དེ་སྲིད་དུ་དམིགས་པ་མ་དག་པ་ཡིན་ལ། ཡུལ་ཅན་ལ་ཞེན་པ་དག་པ་ན་དམིགས་པ་དག་པར་འཇོག་པ་ཡིན་པ་ལས། ཆོས་དབྱིངས་ཁོ་ན་དམིགས་པར་འདོད་པ་ལྟར་ན། ཆོས་ཀྱི་དབྱིངས་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པས། སྒྲོ་འདོགས་ཅིག་ཅར་ཆོད་པའི་ཕྱིར། སྒྲོ་འདོགས་རིམ་གྱིས་གཅོད་པའི་རིམ་པས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་འགྱུར་རོ། །གལ་ཏེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་པ་ལྟར། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང༌། གཉེན་པོ་ཡེ་ཤེས་ཀྱིས་ཆོས་ཅན་ལ་དྲི་མ་སེལ་བའི་རིམ་པས་དག་པ་ཁྱད་པར་དུ་མི་འགྲོ་བའི་ཉེས་པ་མེད་དོ་ཞེ་ན། འོ་ན་རྣམ་པར་དག་པ་ནི་གཉེན་པོ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ་ཞེས་གཉེན་པོའི་ཕྱོགས་ལ་མངོན་པར་ཞེན་པ་སྤང་དུ་མེད་པར་འགྱུར་ཏེ། གཉེན་པོ་ཡེ་ཤེས་བདེན་པར་གྲུབ་པས་དེ་བདེན་པར་འཛིན་པའི་བློ་སྤང་དུ་མི་རུང་བས་སོ། །གཉེན་པོའི་ཕྱོགས་ལ་ཞེན་པ་ཡོད་ན་ཡང༌། སྤང་བྱ་ལ་ཞེན་པ་དོན་གྱིས་འཕེན་ཏེ། གཉེན་པོ་ནི་སྤང་བྱ་འདིའི་གཉེན་པོ་ཡིན་ནོ་ཞེས་པས་གཉེན་པོ་ལ་ཞེན་པ་འཇུག་པའི་ཕྱིར་རོ། །དེ་བས་ན་དེ་དག་ཏུ་ཆུག་ཀྱང་གཉེན་པོ་དང་མི་མཐུན་ཕྱོགས་ལ་རྟོག་པའི་དྲི་མ་སྤངས་པས་རྟོགས་པ་མཐར་ཐུག་པའི་གནས་སྐབས་ན་ཡང་དག་པ་ཕྱོགས་གཅིག་པ་ཉིད་དུ་འགྱུར་རོ། །འོ་ན་ཁྱེད་ཀྱི་ཕྱོགས་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བས་དངོས་པོ་མེད་པ་ལ་ཡང་དྲི་མ་གཅིག་ཅར་དུ་དག་པས། དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་འགྱུར་རོ་ཞེ་ན་ཉེས་པ་མེད་དེ། རིགས་པས་བརྟགས་ན་བདེན་པའི་དངོས་པོ་མེད་པ་ལ་འདོད་ཀྱི། མེད་དགག་ལ་འདོད་པ་མ་ཡིན་ལ། དམིགས་པ་སྣ་ཚོགས་ལ་རིམ་གྱིས་དམིགས་ནས་སྒྱུ་མ་ལྟ་བུར་རྟོགས་པའི་ཚེ། དམིགས་པ་ལ་ཞེན་པ་རིམ་གྱིས་བྲལ་བས་གོམས་པ་མཐར་ཐུག་པའི་ཚེ། དམིགས་པ་དག་པ་མཐའ་ཐུག་པར་འཐད་པ་ཡིན་ནོ། །དེ་ལྟར་ན་དམིགས་པ་ལ་ཀུན་རྫོབ་གཙོ་བོར་གྱུར་ལ། རིགས་ལ་རང་བཞིན་གཙོ་བོར་གྱུར་པས་གཉིས་ཀའང་གཉིས་ཀ་ཡིན་པ་མ་བཀག་གོ །ཅིའི་ཕྱིར་དམིགས་པ་ལ་ཀུན་རྫོབ་གཙོ་བོར་གྱུར་ཞེ་ན། མངོན་པར་ཞེན་པ་ནི་གཙོ་བོར་ཀུན་རྫོབ་ལས་སྐྱེ་བའི་ཕྱིར་དང༌། སྤང་གཉེན་ཡང་དམིགས་པ་གཅིག་ལ་འཛིན་སྟངས་ཐ་དད་ཀྱིས་འཇུག་པའི་ཕྱིར་རོ། །གསུམ་པ་ལ་སྤྱིར་བསྟན་པ་དང༌། སོ་སོར་བཤད་པ་དང༌། དམིགས་པའི་ཚུལ་དང༌། གྲངས་ཀྱིས་དོན་བསྡུས་པའོ། །དང་པོ་ལ། རེ་ཞིག་དང་པོར་གསུམ་པོ་ལ་སྤྱིར་དམིགས་ནས་ཁྱད་པར་ལ་རྟོག་གོ །གསུམ་པོ་གང་ཞེ་ན། གོ་རིམ་བཞིན་དུ་དགེ་སྦྱོང་གི་ཚུལ་ཆོས་ཅན། དགེ་བ་ཡིན་ཏེ། ལུང་དུ་བསྟན་པ་གང་ཞིག འདོད་པར་བྱ་བའི་འབྲས་བུ་འབྱིན་པའི་ཕྱིར་རོ། །ཞེ་སྡང་གིས་སྲོག་གཅོད་པ་ལ་སོགས་པའི་ལས་ཆོས་ཅན། མི་དགེ་བ་ཡིན་ཏེ། ལུང་དུ་བསྟན་པ་གང་ཞིག འབྲས་བུ་མི་འདོད་པ་འབྱིན་པའི་ཕྱིར། སེམས་ལུང་དུ་མ་བསྟན་པས་ཀུན་ནས་བསླངས་པའི་ལུས་ཀྱི་ལས་བཟོ་ལ་སོགས་པ་ཆོས་ཅན། ལུང་དུ་མ་བསྟན་པ་ཡིན་ཏེ། རྣམ་སྨིན་འཕེན་མི་ནུས་པའི་ལས་ཡིན་པའི་ཕྱིར། གཉིས་པ་ནི། གསུམ་པོ་དེ་དག་གི་འོག་ཏུ་ལྷག་མ་བརྒྱད་པོ་རྣམས་བསྟན་ཏེ། ཇི་ལྟར་བརྒྱད་ཡིན་ཞེ་ན། གསུམ་པོ་དེ་དག་ཉིད་ལ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ལ་སོགས་པ་རྣམ་པ་གཉིས་གཉིས་སུ་སྦྱར་བའི་དབྱེ་བ་བཞི་ཉིད་ཀྱིས་སོ། །དེ་ཡང་རྩ་བའི་གྲངས་བཞིན་དུ་སྟོན་ཏེ། བྱིས་པའི་སྐྱེ་བོ་ཐམས་ཅད་དང་འབྲལ་པའི་ཕུང་པོ་ལྔ་ཆོས་ཅན། འཇིག་རྟེན་པ་ཡིན་ཏེ། ཁམས་གསུམ་པའི་སྲེད་པས་འཕངས་པའི་ཆོས་ཡིན་པའི་ཕྱིར། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱིས་བསྡུས་པའི་ཟག་མེད་ཀྱི་བསམ་གཏན་བཞི་ཆོས་ཅན། འཇིག་རྟེན་ལས་འདས་པ་ཡིན་ཏེ། ཟག་མེད་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཉེ་བར་ལེན་པ་འདུན་ཅིང་ཆགས་པ་ལས་བྱུང་བའི་ཕུང་པོ་ལྔ་པོ་ཆོས་ཅན། ཟག་བཅས་ཡིན་ཏེ། ཟག་པའི་རྟེན་བྱེད་པས་བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་དྲན་པ་ཉེ་བར་གཞག་པ་བཞི་ཆོས་ཅན། ཟག་མེད་ཡིན་ཏེ། བདག་དང་བདག་གི་བ་དེར་ལྟ་བའི་གཉེན་པོར་བྱེད་པས་སོ། །མངོན་པ་ལས་ཟག་པའི་སྒོ་དྲུག་གང་རུང་གིས་བསྡུས་པ་ཟག་བཅས་དང༌། གང་དང་ཡང་མ་འབྲེལ་བ་ཟག་མེད་དུ་བཤད་པའང་བཟུང་ངོ༌། །འདོད་པའི་ཁམས་ལ་སོགས་པ་ཆོས་ཅན། འདུས་བྱས་ཡིན་ཏེ། རྒྱུ་དང་རྐྱེན་ལ་རག་ལུས་པའི་ཕྱིར། དེ་བཞིན་ཉིད་ཆོས་ཅན། འདུས་མ་བྱས་ཡིན་ཏེ། རྒྱུ་ལ་མི་ལྟོས་པས་སོ། །བསམ་གཏན་བཞི་ལ་སོགས་པ་ཆོས་ཅན། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་གི་ཆོས་ཡིན་ཏེ། ཐེག་པ་གསུམ་གྱི་འཕགས་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་ཡོན་ཏན་ཡིན་པའི་ཕྱིར། སྟོབས་བཅུ་ཆོས་ཅན། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་བའི་ཆོས་ཅན་ཡིན་པའི་ཕྱིར། གསུམ་པ་ནི། དགེ་བ་ལ་སོགས་པ་བཅུ་གཅིག་པོ་ནི་སྒྲུབ་པའི་དམིགས་པ་ཡིན་ཏེ། སྒྲུབ་པས་ཇི་སྐད་བཤད་པ་དེ་ལྟ་བུ་ལ་སོགས་པའི་ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རིམ་གྱིས་དམིགས་པའི་ཕྱིར། རྟོགས་པའི་རིམ་པ་ནི་རྩ་བར་བསྟན་པ་ལྟར་རོ། །བཞི་པ་ནི། སྤྱི་དང་བྱེ་བྲག་གི་སྒོ་ནས་དམིགས་པ་རྣམ་པ་བཅུ་གཅིག་གོ །གསུམ་པ་ཆེད་དུ་བྱ་བ་ལ་གསུམ་ལས། དང་པོ་ནི། དམིགས་པའི་རྗེས་སུ་ཆེད་དུ་བྱ་བ་བསྟན་ཏེ། དམིགས་པ་དེ་ལྟ་བུ་ལ་སྒྲུབ་པའི་ཆེད་དུ་བྱ་བ་གང་ཡིན་སྙམ་པའི་དོགས་པ་སེལ་བའི་ཕྱིར་རོ། །གཉིས་པ་སྤྱིའི་དོན་ལ། ངོ་བོ་དང༌། དབྱེ་བ། སོ་སོའི་དོན་དང༌། གྲངས་ངེས་དང༌། གོ་རིམ་མོ། །དང་པོ་ནི། གང་གི་དབང་དུ་བྱས་ནས་སྒྲུབ་པ་བྱེད་པར་འགྱུར་པའི་མཆོག་ཉིད་དུ་བྱེད་ཆོས་ཏེ། དབྱེ་བ་ནི་སེམས་ཆེན་པོ་སོགས་གསུམ་མོ། །གསུམ་པ་ལ་སེམས་ཆེན་པོ་ནི་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དང༌། རྒྱུན་མི་འཆད་པ་རླབས་པོ་ཆེའི་སེམས་སོགས་སོ། །མདོ་ལས་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོ་ཀུན་གྱི་མཆོག་ཉིད་དུ་བྱེད་པར་འགྱུར་བ་དེའི་ཕྱིར་སེམས་ཆེན་པོ་ཞེས་བྱའོ། །ཞེས་སོ། །འདི་ལ་གནས་སྐབས་དང་མཐར་ཐུག་གི་དབྱེ་བ་གཉིས་ལས། དང་པོ་ནི་ཚོགས་ལམ་ནས་ཀྱང་ལྡན་པར་འཕགས་པས་བཤད་ལ། གཉིས་པ་ནི་སངས་རྒྱས་ཀྱི་ས་ཁོ་ནར་བཟུང་ངོ༌། །སྤོང་བ་ཆེན་པོ་ནི་སྒྲིབ་གཉིས་སྤངས་པ་སྟེ། མདོ་ལས་བདག་ཏུ་ལྟ་བ་དང་ཞེས་པ་ནས། ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་སོ། །འདིར་ཡང་སྒྲིབ་གཉིས་ཅུང་ཟད་སྤངས་པ་དང་མ་ལུས་པ་སྤངས་པའི་དབྱེ་བས་གནས་སྐབས་དང་མཐར་ཐུག་གཉིས་སོ། །རྟོགས་པ་ཆེན་པོ་ནི་བདག་མེད་གཉིས་རྟོགས་པ་སྟེ། བརྒྱད་སྟོང་པ་ལས་བྱང་ཆུབ་ཀྱི་སེམས། ཐམས་ཅད་མཁྱེན་པའི་སེམས། ཟག་པ་མེད་པའི་སེམས། མཉམ་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་རང་དང་ཐུན་མོང་མ་ཡིན་པའི་སེམས་ཏེ་ཞེས་པའི་དོན། འགྲེལ་ཆེན་ལས། དང་པོ་བྱང་ཆུབ་ཀྱི་རང་བཞིན། བར་པ་བཞི་ཡེ་ཤེས་བཞི། ཐ་མ་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པར་བཤད་དོ། །འདིའང་གནས་སྐབས་ལས་དང་པོ་པའི་ས་ནས་དང༌། མཐར་ཐུག་སངས་རྒྱས་ཀྱིས་སའོ། །འདིར་གང་བཟུང་ཞེ་ན། ཆེད་དུ་བྱ་བའི་སྒྲ་གནས་སྐབས་ཀྱི་ཆེད་དུ་བྱ་བ་དང༌། མཐར་ཐུག་གི་ཆེད་དུ་བྱ་བ་གཉིས་ལ་འཇུག་པ་ལས་གཙོ་བོར་ཕྱི་མ་ལ་འདོད་དོ། །བཞི་པ་ནི། ཆེད་དུ་བྱ་བ་གསུམ་དུ་ངེས་ཏེ། སྒྲུབ་པའི་ཆེད་དུ་བྱ་བ་རང་གཞན་གྱི་དོན་ཡིན་ལ། གསུམ་པོས་འབྲས་བུ་རང་གཞན་གྱི་དོན་མཐའ་དག་བསྡུས་པའི་ཕྱིར་ཏེ། སེམས་ཆེན་པོས་གཞན་དོན་དང༌། སྤོངས་བ་དང་རྟོགས་པས་རང་དོན་ཏེ་སྤངས་རྟོགས་མཐའ་དག་བསྡུས་པའི་ཕྱིར་རོ། །ལྔ་པ་ནི། གཞན་དོན་སེམས་ཆེན་པོ་ནི་གཙོ་བོ་ཡིན་ལ། དེའང་མི་མཐུན་ཕྱོགས་སྤངས་པ་ལ་རག་ལས་ཤིང༌། དེ་ཡང་རྟོགས་པ་མེད་པར་མི་འབྱུང་བས་གསུམ་པོ་རིམ་པ་བཞིན་བསྟན་ནོ། །གསུམ་པ་འགྲེལ་པ་ལ། སངས་རྒྱས་སུ་བཏགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བྱ་བ་རྣམ་པ་གསུམ་དུ་ཤེས་པར་བྱའོ། །འདོགས་པའི་རྒྱུ་མཚན་ནི། སྤངས་རྟོགས་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སར་འབྱུང་བར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་གསུམ་ཡིན་ཞེ་ན། བསྒྲུབ་བྱ་ཆེན་པོ་ཉིད་གསུམ་ཡོད་པའི་དབྱེ་བས་སོ། །གསུམ་པོ་བསྒྲུབ་བྱ་ཡིན་ཏེ། ཆེན་པོ་གསུམ་པོ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། བསྒྲུབ་བྱ་ཆེན་པོ་གསུམ་ཡོད་པ་དེ་ལྟར་སྒྲུབ་པ་ལ་འཇུག་པ་དེའི་ཕྱིར་རོ། །གསུམ་གང་ཞེ་ན། མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་སོགས་ཆོས་ཅན། སེམས་ཆེན་པོ་ཡིན་ཏེ། རང་རྒྱུད་ལ་ལྡན་པའི་སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སེམས་ཡིན་པའི་ཕྱིར། སངས་རྒྱས་སའི་སྤངས་པ་ཆོས་ཅན། སྤོང་བ་ཆེན་པོ་ཡིན་ཏེ། རང་རྒྱུད་ལ་ལྡན་པ་རྣམས་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སྤང་པ་ཡིན་པའི་ཕྱིར། སངས་རྒྱས་སའི་རྟོགས་པ་ཆོས་ཅན། རྟོགས་པ་ཆེན་པོ་ཡིན་ཏེ། རང་རྒྱུད་ལ་ལྡན་པ་རྣམས་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་རྟོགས་པ་ཡིན་པའི་ཕྱིར། བཞི་པ་སྒྲུབ་པའི་ངོ་བོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་མཚན་ཉིད་དང༌། མཚན་གཞི་དང༌། ས་མཚམས་སོ། །དང་པོ་ནི་སེམས་བསྐྱེད་ལ་གནས་ནས་རང་གཞན་གྱི་དོན་རྩོམ་ཞིང་བྱང་ཆུབ་ཆེན་པོའི་ཆེད་དུ་བརྩོན་པ་སྟེ། མདོ་སྡེ་རྒྱན་ལས། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །ཅེས་སོ། །གཉིས་པ་ལ་དབྱེ་བ་དང༌། སོ་སོའི་ངོ་བོ་དང༌། གྲངས་ངེས་དང༌། གོ་རིམ་མོ། །དང་པོ་ལ་གཉིས་ཏེ། རྒྱུ་སྤྱོད་པ་རྗེས་སུ་སྒྲུབ་པ་དང༌། ཐོབ་བྱ་འབྲས་བུ་རྗེས་སུ་སྒྲུབ་པའོ། །དང་པོ་ལ་བསམ་པས་རྗེས་སུ་སྒྲུབ་པ་གོ་ཆ་དང༌། སྦྱོར་བས་རྗེས་སུ་སྒྲུབ་པ་འཇུག་པའོ། །གཉིས་པ་ལ་གནས་སྐབས་ཀྱི་འབྲས་བུ་རྗེས་སུ་སྒྲུབ་པ་ཚོགས་སྒྲུབ་དང༌། མཐར་ཐུག་གི་འབྲས་བུ་རྗེས་སུ་སྒྲུབ་པ་ངེས་འབྱུང་ངོ༌། །གཉིས་པ་ལ་མཚན་ཉིད་དང༌། མཚོན་བྱའི་སྒྲ་དོན་ནོ། །དང་པོ་ནི་རིམ་པ་ལྟར། རང་གཞན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པའི་བསམ་པ་ཁྱད་པར་ཅན་དང༌། རྒྱུ་དང་འབྲས་བུའི་ཐེག་ཆེན་སྦྱོར་བའི་བརྩོན་འགྲུས་ཀྱིས་རྣམ་པར་གནོན་པ་དང༌། ཟབ་པ་དང་རྒྱ་ཆེ་བ་ལ་སྤྲོ་བའི་སྒོ་ནས་བྱང་ཆུབ་ཆེན་པོའི་ཆེད་དུ་ཚོགས་གཉིས་ཀྱི་དཔུང་གསོག་པ་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སར་གདོན་མི་ཟ་བར་འབྱིན་པའོ། །གཉིས་པ་ནི། བསམ་པས་གོ་བ་གོ་བ་དང༌། སྦྱོར་བས་འཇུག་པ་དང༌། བྱང་ཆུབ་ཀྱི་རྒྱུ་གསོག་དང༌། མཐར་ཐུག་གི་གནས་སུ་འབྱིན་པས་སྒྲུབ་པ་བཞི་བསྟན་ཏོ། །གསུམ་པ་ནི། ངོ་བོ་བསམ་སྦྱོར་གཉིས་ལ་ལྟོས་ནས་གོ་ཆ་དང་འཇུག་པ་གཉིས། བསྒྲུབ་བྱ་གནས་སྐབས་དང་མཐར་ཐུག་གཉིས་ལ་ལྟོས་ནས་ཚོགས་དང་ངེས་པར་འབྱུང་བ་གཉིས་སུ་ངེས་སོ། །བཞི་པ་ནི། འཕགས་པས་གསུངས་པ་ལྟར་དམག་དཔོན་ནི་ཕ་རོལ་གྱི་གནོད་པས་མི་ཚུགས་པའི་དོན་དུ་ཐོག་མར་གོ་གྱོན་ཞིང་གཡུལ་དུ་ཞུགས་ནས། དམག་དཔུང་གི་ཚོགས་ཀྱིས་ཕ་རོལ་པོ་ཕམ་པར་བྱས་ནས་ཡུལ་ལ་དབང་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་མི་མཐུན་ཕྱོགས་འཁོར་གསུམ་གྱི་རྟོག་པ་སྤང་བའི་དོན་དུ་ཕྱིན་དྲུག་གི་གོ་ཆ་གྱོན་ནས་རྒྱུ་དང་འབྲས་བུའི་ཐེག་ཆེན་ལ་འཇུག་ལ། དེ་ནས་ཚོགས་གཉིས་ཀྱི་དཔུང་གིས་མི་མཐུན་ཕྱོགས་སྤངས་ནས་རང་གི་སེམས་ལ་དབང་བྱེད་པས་ན། སྒྲུབ་པ་བཞི་རིམ་པ་བཞིན་བསྟན་ནོ། །གསུམ་པ་ས་མཚམས་ལ་གཞུང་འདིར་གཙོ་ཆེ་བའི་དབང་དུ་བྱས་ནས་ལམ་བཞི་ལ་སྒྲུབ་པ་བཞི་རིམ་པ་བཞིན་དུ་བསྟན་པར་འདོད་དོ་ཞེའོ། །ཅིའི་ཕྱིར་ཚོགས་ལམ་དུ་གོ་སྒྲུབ་གཙོ་བོར་མི་ལྡན། སྦྱོར་ལམ་གྱི་གནས་སྐབས་ན་ཡོད་པ་ལྟར་མ་ཐོབ་པའི་ཕྱིར་རོ་ཞེ་ན། འོ་ན་གོ་སྒྲུབ་ཀྱང་མཐོང་ལམ་ན་ཡོད་པ་ལྟར་སྦྱོར་ལམ་ན་མེད་པས། ཁྱེད་ཀྱི་འདོད་པའི་གཙོ་ཆེ་བའི་ས་མཚམས་འགལ་ཞིང༌། སྦྱོར་བ་ཞེས་འབྱུང་བའང་ཚོགས་སྦྱོར་གཉིས་ཀྱི་སྤྱི་འཛིན་པར་ཐོགས་མེད་ཀྱིས་གསུངས་པ་དང་ཡང་མི་མཐུན་ནོ། །ཐོགས་མེད་ཀྱིས་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་བའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང༌། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། །ཞེས་བཤད་དོ། །འགྲེལ་ཆེན་དུ་ལུང་འདི་ཤེས་བྱེད་དུ་མཛད་ནས་གཞུང་ཚིག་འདི་ཇི་ལྟ་བ་བཞིན་བཀོད་པས་ན་དང་པོ་ཐོབ་པའི་ས་མཚམས་ཀྱི་དབང་དུ་བྱས་ཏེ། མཐོང་ལམ་ལ་བརྒྱུད་ནས་སྦྱོར་བ་ཚོགས་ལམ་དང༌། ཉེ་བར་སྦྱོར་བ་སྦྱོར་ལམ་ནས། མངོན་སུམ་དུ་སྦྱོར་བ་ཆོས་མཆོག་ཆེན་པོ་རྣམས་ལ་གོ་ཆ་དང༌། འཇུག་པ་དང༌། ཚོགས་དང་པོ་བཅོ་ལྔ་རིམ་པ་བཞིན་ནོ། །ལམ་གྱི་ཚོགས་མཐོང་ལམ་ནས་བཟུང་བ་ནི་གཙོ་ཆེ་བ་ལ་དགོངས། མཐོང་སྒོམ་གཉིས་ལ་ནི་རིམ་པ་ལྟར་མཐོང་སྤང་གཉེན་པོ་དང་སྒོམ་སྤང་གཉེན་པོ་གཉིས་ཡིན་ནོ། །ངེས་འབྱུང་སྒྲུབ་པ་ལ་འཕགས་པས། སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བ་ས་དང་པོ་ནས་ཀྱང་ཡོད་པར་གསུངས་པ་ནི་དང་པོར་ཐོབ་པའི་ས་མཚམས་སོ། །གཉིས་པ་གཞུང་གི་དོན་ལ་དྲི་བའི་སྒོ་ནས་མཚམས་སྦྱར། ལན་གྱི་སྒོ་ནས་ངོས་བཟུང་བ། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་སོགས་པ་བརྗོད་ཟིན་ནས། སྒྲུབ་པ་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན། གཉིས་པ་ལ་གཉིས་ཏེ། ཡུལ་མཁྱེན་གསུམ་གྱི་སྒྲུབ་པ་དང༌། ཡུལ་ཅན་སྦྱོར་བའི་སྒྲུབ་པའོ། །དང་པོ་ནི། མཁྱེན་པ་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་བསྒོམ་པའི་ཚོགས་ལམ་པའི་ལྟ་བ་ཆོས་ཅན། མཁྱེན་གསུམ་གྱི་སྒྲུབ་པ་ཡིན་ཏེ། ཡུལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ལ་ཐོབ་བྱ་དང་ཐོབ་བྱེད་བླང་དོར་བྱ་བའི་ཡན་ལག་ཏུ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་སྤྱིར་ཐེག་ཆེན་གྱི་དགེ་བའི་ཆོས་རྣམས་ཀྱི་རྟེན་ཅན་དུ་འགྱུར་པའི་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འཁོར་གསུམ་མི་དམིགས་པའི་སྦྱིན་སོགས་ལ་གཙོ་བོར་སྤྱོད་པའི་བྱང་སེམས་ཀྱི་བརྩོན་འགྲུས་ཆོས་ཅན། སྦྱོར་བཞིའི་སྒྲུབ་པ་ཡིན་ཏེ། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་དང༌། རྩེ་སྦྱོར་དང༌། མཐར་གྱིས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞིའི་གནས་སྐབས་ལ། མངོན་པར་རྟོགས་པ་བཞི་པོ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་རྟེན་ཏེ་ཡུལ་དུ་བྱས་ནས་ཉམས་སུ་ལེན་པ་ཅན་གྱི་བྱ་བ་ཡིན་པའི་ཕྱིར། འདི་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། ཡུལ་ལྟ་བའི་རང་བཞིན་མཁྱེན་པ་གསུམ་དང༌། སྤྱོད་པའི་རང་བཞིན་ཕར་ཕྱིན་དྲུག་ལ་སྤྱོད་པའི་དབྱེ་བས་ཐ་དད་དུ་བསྟན་ནོ། །མངོན་པར་རྟོགས་པ་བདུན་དང་འབྲེལ་བའི་སྒྲུབ་པ་བསྟན་ན། ཅིའི་ཕྱིར་ཆོས་སྐུ་དང་འབྲེལ་བའི་སྒྲུབ་པ་མ་བསྟན་ཞེ་ན། དེ་ནི་འབྲས་བུའི་ལྡོག་པ་ནས་བསྟན་ལ། དེ་ལ་བྱ་བ་མེད་པའི་ཕྱིར་རོ། །རྣམ་མཁྱེན་ལ་ནི་མི་མཚུངས་ཏེ། རྣམ་མཁྱེན་ནི་ཡུལ་དུ་བྱ་བའི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཡུལ་མཁྱེན་གསུམ། ཡུལ་ཅན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་ཞེས་པའི་དོན་དང་ལེགས་པར་འབྱོར་བ་ཡིན་ནོ། །གསུམ་པ་ལ་བཞི་སྟེ། བསམ་པ་ཁྱད་པར་ཅན་གྱིས་འཇུག་པ་གོ་ཆ། སྦྱོར་བས་ཚུལ་བཞིན་ཞུགས་པ་འཇུག་པ། འབྲས་བུ་ལ་མངོན་དུ་ཕྱོགས་པ་ཚོགས། འབྲས་བུ་འབྱིན་པ་ལ་ཞུགས་པ་ངེས་འབྱུང་ངོ༌། །དང་པོ་ལ་མཚམས་སྦྱར་བ་ནི། སྒྲུབ་པ་བཞི་པོ་རྣམས་ཀྱི་ནང་ནས་དང་པོ་གོ་ཆའི་སྒྲུབ་པ་གསུངས་ཏེ། ཐོག་མར་བསམ་པས་གོ་ཆ་བགོ་བའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་སོ། །སྒྲུབ་པ་བཞི་པོ་ས་མཚམས་གང་ནས་ཡོད་ཅེ་ན། སྒྲུབ་པ་སྤྱི་དང་བྱེ་བྲག་གི་ངོ་བོ་བསྟན་པ་དེ་ལྟར་བྱེ་བྲག་གི་ས་མཚམས་ཀྱང་ཇི་ལྟ་བ་བཞིན་དུ་བསྟན་པ་ནི། བྱང་སེམས་ཀྱི་ཚོགས་ལམ་ཆོས་ཅན། གོ་ཆའི་སྒྲུབ་པ་ཡིན་ཏེ། བྱང་སེམས་ཀྱི་མཐོང་ལམ་ལ་བརྒྱུད་ནས་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། བྱང་སེམས་ཀྱི་དྲོད་སོགས་དང་པོ་གསུམ་ནི་ཆོས་ཅན། འཇུག་པའི་སྒྲུབ་པ་ཡིན་ཏེ། ཐེག་ཆེན་མཐོང་ལམ་ལ་ཉེ་བར་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། ཐེག་ཆེན་ཆོས་མཆོག་གི་སྐད་ཅིག་ཐ་མ་ཆོས་ཅན་ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། ཐེག་ཆེན་མཐོང་ལམ་ལ་མངོན་སུམ་དུ་སྦྱོར་པའི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། བྱང་སེམས་ཀྱི་མཐོང་ལམ་བཟོད་པ་བར་ཆད་མེད་ལམ་ཆོས་ཅན། ཚོགས་སྒྲུབ་ཡིན་ཏེ། ཐེག་ཆེན་མཐོང་བའི་ལམ་གྱི་བོ་ཉིད་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་བར་ཆད་མེད་ལམ་ཆོས་ཅན། ཚོགས་སྒྲུབ་ཡིན་ཏེ། ཐེག་ཆེན་སྒོམ་ལམ་མཉམ་གཞག་གི་ངོ་བོ་ཉིད་ཀྱི་སྒྲུབ་པ་ཡིན་པའི་ཕྱིར་རོ། །ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ཏེ། ཐེག་ཆེན་སྒོམ་ལམ་གྱི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་སྤྱིའི་དོན་ལ། ཕྱིན་དྲུག་གི་ངོ་བོ། སྒྲུབ་པའི་ཚུལ། གོ་རིམ་དང༌། ཐོབ་པའི་འབྲས་བུའོ། །དང་པོ་ལ་སོ་སོའི་མཚན་ཉིད། མཚོན་བྱའི་སྒྲ་དོན། དབྱེ་བ་དང༌། གྲངས་ངེས་སོ། །དང་པོ་ནི། དྲུག་པོ་རིམ་པ་ལྟར། འཁོར་གསུམ་ཡོངས་སུ་དག་པའི་གཏོང་པ་དམ་པ་དང༌། ཉེས་སྤྱོད་སྤོང་བ་དང༌། མི་འཁྲུགས་པའི་བདག་ཉིད་དང༌། དགེ་བ་ལ་སྤྲོ་བ་དང༌། དགེ་བའི་དམིགས་པ་ལ་རྩེ་གཅིག་པ་དང༌། འཁོར་གསུམ་ཡོངས་སུ་དག་པའི་ཆོས་རབ་ཏུ་རྣམ་པར་བྱེད་དོ། །གཉིས་པ་ལ། ཐུན་མོང་གི་སྒྲ་དོན་འཇིག་རྟེན་པ་དང༌། ཉན་རང་ཀུན་གྱི་དགེ་བ་ལས་ཕུལ་དུ་བྱུང་བའི་ཕ་རོལ་ཏུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པའོ། །སོ་སོའི་སྒྲོ་དོན་ནི། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་བྱེད། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པ་ལྟར་རོ། །གསུམ་པ་ནི། སྦྱིན་པ་ལ་གསུམ་ཏེ། ཟང་ཟིང་དང༌། སྐྱབས་དང༌། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །བཟོད་པ་ལ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པ་དང༌། གནོད་པ་ལ་ཇི་མི་སྙམ་པ་དང༌། ཆོས་ལ་ངེས་རྟོག་གི་བཟོད་པའོ། །བརྩོན་འགྲུས་ལ་གསུམ་སྟེ། གོ་ཆ་དང༌། སྦྱོར་བ་དང༌། མི་ལྡོག་པའོ། །བསམ་གཏན་ལ་གསུམ་སྟེ། མཐོང་ཆོས་ལ་བདེར་གནས་དང༌། ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །ཤེས་རབ་ལ་གསུམ་སྟེ། རྣམ་པར་མི་རྟོག་པའི་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ལས་ཐོབ་པའི་ཤེས་རབ་བོ། །བཞི་པ་ལ་བསྒྲུབ་བྱ་ལ་ལྟོས་པ་དང༌། དོན་གཉིས་ལ་ལྟོས་པ་དང༌། བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་སོ། །དང་པོ་ནི། བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་ལ་ལྟོས་ནས་དྲུག་སྟེ། དང་པོ་བཞི་རིམ་པ་ལྟར། ལོངས་སྤྱོད་དང༌། ལུས་དང༌། འཁོར་དང༌། ལས་ཀྱི་མཐའ་རྩོམ་པའི་སྒོ་ནས་མངོན་མཐོའི་བྱ་བ་རྫོགས་པ་དང༌། ཕྱི་མ་གཉིས་ཀྱིས་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ་དང༌། བྱ་བ་ཕྱིན་ཅི་མ་ལོག་པར་རྟོགས་པས་ངེས་ལེགས་མཐར་ཕྱིན་པའི་ཕྱིར་རོ། །གཉིས་པ་ནི། དོན་གཉིས་སྒྲུབ་པ་ལ་དྲུག་དགོས་པའི་ཕྱིར་ཏེ། དང་པོ་གསུམ་གྱིས་གཏོང་བ་དང༌། གཞན་ལ་མི་གནོད་པ་དང༌། གནོད་པ་ལ་བཟོད་པས་གཞན་དོན་དང༌། ཕྱི་མ་གཉིས་ཀྱིས་སེམས་གནས་པ་དང༌། གྲོལ་བར་བྱེད་པ་དང༌། བརྩོན་འགྲུས་ཀྱིས་གཉིས་པོའི་གཞི་བྱེད་པས་རང་དོན་སྒྲུབ་པ་ཡིན་པའི་ཕྱིར། གསུམ་པ་ནི། བསླབ་པ་གསུམ་སྒྲུབ་པ་ལ་དྲུག་དགོས་པའི་ཕྱིར་ཏེ། དང་པོ་གསུམ་གྱིས་ཚུལ་ཁྲིམས་དང༌། ཐ་མ་གཉིས་ཀྱི་སེམས་དང་ཤེས་རབ་ཀྱི་བསླབ་པ་དང༌། བརྩོན་འགྲུས་ཀྱིས་གསུམ་ཆར་སྒྲུབ་པའི་ཕྱིར་རོ། །གཉིས་པ་སྒྲུབ་པའི་ཚུལ་ནི། ཐོགས་མེད་ཀྱིས་གསུངས་པ་ལྟར། ཐམས་ཅད་ཀྱང་དམ་པ་དྲུག་ལྡན་དུ་སྒྲུབ་སྟེ། དྲུག་པོ་ནི་རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། དངོས་པོ་དམ་པ་དངོས་པོ་ཐམས་ཅད། ཆེད་དུ་བྱ་བ་དམ་པ་སེམས་ཅན་གྱི་དོན་དང༌། ཐབས་དམ་པ་འཁོར་གསུམ་མི་རྟོག་པ་དང༌། བསྔོ་བ་དམ་པ་བྱང་ཆུབ་ཏུ་བསྔོས་པ་དང༌། དག་པ་དམ་པ་སྒྲིབ་གཉིས་སེལ་བའོ། །གསུམ་པ་གོ་རིམ་ནི། དགོངས་འགྲེལ་ལས། ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུངས་ན་བཟོད་པ་དང་ལྡན་པར་འགྱུར་རོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་པར་འགྱུར་རོ། །བརྩོན་འགྲུས་བརྩམས་ན་བསམ་གཏན་སྒྲུབ་པར་འགྱུར་རོ། །བསམ་གཏན་བསྒྲུབས་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་བོ་ཞེས་པ་ལྟར་རོ། །འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ནི། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི། དེ་ཉིད་ལས། ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་སོ། རྩ་བ་ནི། གོ་ཆའི་སྒྲུབ་པ་གང་ཡིན་དེ་ཆོས་ཅན། དྲུག་ཚན་དྲུག་གིས་མདོ་ཇི་བཞིན་བཤད་དེ། སོ་སོར་སྦྱིན་སོགས་དེ་དག་རྣམ་པ་དྲུག་ཏུ་བསྡུས་པ་ཡིས་སོ། །མདོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་ཅིང་རྣམ་པ་ཀུན་མཁྱེན་པ་དང་ལྡན་པའི་ཡིད་ལ་བྱེད་པས་སྦྱིན་པ་གཏོང་ཤིང༌། ཞེས་སོ། །འགྲེལ་བ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། སྦྱིན་པའི་གོ་ཆ་བཤད་པ་དང༌། ཚུལ་གཞན་ལ་བསྒྲེ་བའོ། །དང་པོ་ནི། སྦྱིན་པར་བྱེད་པ་ན། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་དངོས་གཞི་ཆོས་ཀྱི་སྦྱིན་པ་ལ་སོགས་པ་དང༌། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྦྱིན་པ་སྟེ། ཚུལ་དེས་ལྷག་མ་རྣམས་ལའང་རིག་པར་བྱའོ། །དེ་ཉིད་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལ་སོགས་པ་སྤོང་བ་ཚུལ་ཁྲིམས་དང༌། སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་བཟོད་པ་ནི་བཟོད་པ་དང༌། འདུན་པ་བསྐྱེད་པ་དང་བརྩོན་འགྲུས་དང༌། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པ་ཉིད་ཀྱིས་དགེ་བ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བསམ་གཏན་དང༌། སྦྱིན་པར་བྱ་བ་དང༌། ལེན་པ་པོ་ལ་སོགས་པ་མི་དམིགས་པ་ནི་ཤེས་རབ་སྟེ། དྲུག་པོ་རྣམས་ལ་སྦྱིན་པ་གཏོང་བར་བྱའོ་སྙམ་པ་སོགས་ཀྱི་གོ་ཆས་གོ་རིམ་བཞིན་དུ་ཡུལ་དུ་བྱེད་དོ། །གཉིས་པ་སྦྱིན་པ་དྲུག་ལྡན་དུ་གཏོང་བ་དེ་བཞིན་དུ། ཚུལ་ཁྲིམས་དྲུག་ལྡན་དུ་བསྲུང་བར་བྱེད། བཟོད་པ་དྲུག་ལྡན་དུ་རྫོགས་པར་བྱེད། བརྩོན་འགྲུས་དྲུག་ལྡན་དུ་རྩོམ། བསམ་གཏན་དྲུག་ལྡན་དུ་སྒྲུབ། ཤེས་རབ་དྲུག་ལྡན་དུ་སྒོམ་པར་བྱེད་དོ། །གཉིས་པ་ནི། ཇི་སྐད་བཤད་པ་དེ་ལྟར་བསྡུ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ། སྡུད་བྱེད་སོ་སོར་སྦྱིན་པ་ལ་སོགས་པ་རེ་རེར་ཚང་བར་བསྡུས་པས་ན་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་མོད་ཀྱི། འོན་ཀྱང་གོ་ཆའི་སྒྲུབ་པ་དྲུག་ཏུ་བཞག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྦྱིན་པ་རྣམས་སྦྱིན་པ་དང༌། ཚུལ་ཁྲིམས་སོགས་ཚུལ་ཁྲིམས་སུ་ཆོས་མཐུན་པའི་ཕྱིར། འདིར་སྦྱིན་པའི་དྲུག་སྦྱིན་པར་ཆོས་མཐུན་པར་འཆད་པ་ལྟར་ན། སྦྱིན་པའི་བསྡུ་བྱ་དྲུག་པོ་སྦྱིན་པ་ཁོ་ནར་འགྱུར་བས། རེ་རེའི་ནང་དུ་ཕར་ཕྱིན་དྲུག་དྲུག་མ་ཚང་བར་ཐལ་བའི་ཕྱིར་མི་རིགས་སོ། །གཉིས་པ་སྦྱོར་བས་ཚུལ་བཞིན་ཞུགས་པ་འཇུག་སྒྲུབ་ལ་གསུམ་ལས། མཚམས་སྦྱར་བ་ནི། གོ་སྒྲུབ་ཀྱི་རྗེས་སུ་གཉིས་པ་འཇུག་པའི་སྒྲུབ་པ་སྟོན་ཏེ། ཇི་སྐད་བཤད་པ་དེ་ལྟར་བསམ་པས་གོ་བགོས་པ་ལ་སྦྱོར་བ་ཐེག་ཆེན་ལ་འཇུག་པ་འབྱུང་བས་སོ། །རྩ་བ་ལ། འཇུག་ཡུལ་ཐེག་ཆེན། ཡུལ་ཅན་འཇུག་སྒྲུབ་བོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་གཉིས་ལས། ངོ་བོ་ནི། དམིགས་པ་ཆེ་བ་སོགས་ཁྱད་པར་བདུན་དང་ལྡན་པ་སྟེ། མདོ་སྡེའི་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཐབས་ལ་མཁས་པར་གྱུར་བ་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་མངོན་པར་བརྗོད། །ཅེས་པའོ། །གཉིས་པ་ནི། འདིས་བགྲོད་པ་རྒྱུའི་ཐེག་ཆེན་དང༌། འདིར་བགྲོད་པ་འབྲས་བུའི་ཐེག་ཆེན་ནོ། །དང་པོ་ལ། འཇིག་རྟེན་པའི་དག་པ་ཐོབ་བྱེད་དང༌། འཇིག་རྟེན་ལས་འདས་པའི་དག་པ་ཐོབ་བྱེད་དང༌། གཉིས་ཀ་ཁྱད་པར་དུ་བྱེད་པའི་ལམ་མོ། །དང་པོ་ནི། བསམ་གཏན་གཟུགས་མེད། གཉིས་པ་ལ་རང་དོན། གཞན་དོན་གཉིས་ལས། དང་པོ་ལ། སྤྱོད་པའི་ངོ་བོ་སྦྱིན་སོགས་དང༌། དྲི་མ་སེལ་བྱེད་གཉེན་པོའི་ལམ་མོ། །གཉིས་པ་ལ། གཞན་དོན་གྱི་ངོ་བོ་བྱམས་སོགས་བཞི། འཆིང་བ་གཅོད་པ་དམིགས་མེད་ཀྱི་ཤེས་རབ། གསུམ་པ་ཁྱད་པར་དུ་བྱེད་པའི་ལམ་ལ། རྟོགས་པའི་ཁྱད་པར་འཁོར་གསུམ་དག་པ། དོན་དུ་གཉེར་བའི་ཁྱད་པར་ཆེད་དུ་བྱ་བ། མཐུའི་ཁྱད་པར་མངོན་པར་ཤེས་པའོ། །འབྲས་བུ་ནི་རྣམ་མཁྱེན་ནོ། །གཉིས་པ་ལ་སྒྲུབ་པའི་དོན་དང༌། འཇུག་པའི་རིམ་པ་གཉིས་ལས། དང་པོ་ནི། འཇུག་པའི་སྒྲུབ་པ་འཇུག་ཡུལ་ཐེག་ཆེན་ལ་རིམ་པས་འཇུག་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ནི། ཐོག་མར་སེམས་བརྟན་པར་བྱ་དགོས་པས་བསམ་གཏན་དང་གཟུགས་མེད་ལ་འཇུག་གོ །དེ་ནས་སེམས་བསྟན་པ་ཐོབ་པ་ནི་ཚོགས་གཉིས་ལ་སློབ་པས་སྦྱིན་སོགས་ལ་འཇུག་གོ །དེ་ནས་ཚོགས་གཉིས་བསགས་པ་ནི། དེ་ཁོ་ན་ཉིད་ལ་མོས་པས། དེ་ཉིད་ཀྱི་ཡུལ་ཅན་ལམ་ལ་འཇུག་གོ །དེ་དག་གིས་རང་དོན་གྲུབ་པ་ན། གཞན་དོན་ལ་འཇུག་པས་གཞན་དོན་གྱི་རྒྱུ་བྱམས་སོགས་ཚད་མེད་ལ་འཇུག་གོ །དེ་ནས་གཞན་དོན་ལ་འཇུག་པས་འཆིང་བྱེད་ཀྱི་རྒྱུ་བདེན་འཛིན་སྤང་དགོས་པས་མི་དམིགས་པའི་ཤེས་རབ་ལ་འཇུག་གོ །དེ་ཉིད་ལ་འཁོར་གསུམ་ཡོངས་སུ་དག་པར་བྱ་དགོས་པས་འཁོར་གསུམ་རྣམ་པར་དག་པ་ལ་འཇུག་གོ །འཁོར་གསུམ་དག་པའི་སྤྱོད་པ་དང་ལྡན་པ་ནི་ཆེན་པོ་གསུམ་གྱི་དོན་དུ་འབད་པས་ཆེད་དུ་བྱ་བ་ལ་འཇུག་གོ །ཆེད་དུ་བྱ་བ་ལ་བརྩོན་པས་ནི་གཞན་གྱི་དོན་དུ་མཐུ་ཁྱད་པར་ཅན་ཐོབ་པར་འདོད་པས་མངོན་པར་ཤེས་པ་དྲུག་ལ་འཇུག་གོ །མངོན་ཤེས་ཐོབ་པ་ནི་རྣམ་མཁྱེན་ཐོབ་ན་རང་གཞན་གྱི་དོན་རྫོགས་པར་མཐོང་ནས་རྣམ་ཀུན་མཁྱེན་པའི་ཚུལ་གྱི་ཐེག་ཆེན་ལ་འཇུག་གོ །བསམ་གཏན་གཟུགས་མེད་ལ་འཇུག་པའི་སྒྲུབ་པ་ཐེག་ཆེན་ལ་འཇུག་པར་ཡིན་པར་ཤེས་པར་བྱ་ཞེས་སོགས་ཀྱི་སྦྱོར་ཚུལ་ཡང་ཤེས་པར་བྱའོ། །མདོ་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་སོ། །འགྲེལ་པ་ལ་ཚིག་དོན་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཇུག་པའི་སྒྲུབ་པ་ནི་རྣམ་པ་དགུའོ། །གང་ཞེ་ན། ཚོར་བས་ངེས་པར་འབྱུང་བ་བསམ་གཏན་དང༌། འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། ཚོགས་གཉིས་ཀྱི་ངོ་བོ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། མཐོང་བའི་ལམ་དང༌། ས་བདུན་པ་མན་ཆད་ཀྱི་སྒོམ་པའི་ལམ་དང༌། འབད་རྩོལ་གྱི་མཚན་མ་ཞི་བས་མི་སློབ་པ་ས་བརྒྱད་པ་དང༌། ཁྱད་པར་གྱི་ལམ་ས་དགུ་པ་དང༌། བཅུ་པ་ཞེས་འབུམ་ཕྲག་གསུམ་པས་གསུངས་སོ། །བྱམས་སོགས་ཚད་མེད་པ་དང༌། གཞན་དོན་རྣམ་པར་དག་བྱེད་མི་དམིགས་པ་དང་ལྡན་པ་དང༌། དངོས་པོ་ཐམས་ཅད་ལ་འཁོར་གསུམ་རྣམ་པར་དག་པ་དང༌། ཆེད་དུ་བྱ་བ་ཆེན་པོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། འབྲས་བུའི་གཙོ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་བསམ་པ་དང་འབྱོར་བས་ཡང་དག་པར་གནས་པའི་མཚན་ཉིད་སྦྱོར་ལམ་པའི་བརྩོན་འགྲུས་རྣམས་ནི་ཆོས་ཅན། འཇུག་པའི་སྒྲུབ་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་མཐའ་དག་རྣམ་པར་གནོན་པའི་ངོ་བོ་ཉིད་ཡིན་པས་སོ། །གཉིས་པ་ལ། བསམ་གཏན་གཟུགས་མེད་བྱེ་བྲག་ཏུ་བཤད་པ་དང༌། ཚད་མེད་བཞི་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་རྟེན་གྱི་གང་ཟག ཐོབ་བྱེད་ཀྱི་རྒྱུ། ཐོབ་བྱའི་ངོ་བོ། ཐོབ་པའི་རྟགས་སོ། །དང་པོ་ནི། ངན་སོང་གསུམ་དང༌། སྒྲ་མི་སྙན་པ་རྣམས་ལ་མི་སྐྱེ་སྟེ། རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །འདུ་ཤེས་མེད་པ་དང༌། སྲིད་རྩེའི་རྟེན་ཅན་རྣམས་ལ་ཡང་ཟག་བཅས་ཀྱི་སྙོམས་འཇུག་མི་སྐྱེ་སྟེ། ཡིད་ཤེས་མེད་པའི་ཕྱིར་དང༌། གོང་འོག་ལ་ཞི་རགས་སུ་ལྟ་བ་མེད་པའི་ཕྱིར་རོ། །ལྷག་མ་འགྲོ་བ་གཞན་རྣམས་ནི་རྟེན་དུ་རུང་བར་ལྟའོ། །འདི་དག་ལ་ཡང་རང་ས་དང་འོག་སའི་རྟེན་ཅན་གཉིས་ཡིན་ཏེ། སྐྱེ་བའི་བསམ་གཏན་ནི་རང་ས་དང༌། སྙོམས་འཇུག་གི་བསམ་གཏན་འོག་སའི་རྟེན་ཅན་ཡིན་པའི་ཕྱིར་ཏེ། འོག་སའི་རྟེན་ལ་སྙོམས་འཇུག་བསྒྲུབས་ནས་གོང་མར་སྐྱེ་བའི་ཕྱིར། གོང་མའི་རྟེན་ཅན་ནི་མ་ཡིན་ཏེ། རང་ས་ལ་སྙོམས་འཇུག་མཆོག་ཏུ་གྱུར་པ་ཡོད་པས། འོག་མ་མངོན་དུ་བྱེད་པ་ལ་དགོས་པ་མེད་པའི་ཕྱིར་སྲིད་རྩེ་ལ་གོང་ས་མེད་ཅིང་རང་ས་ལ་ཟག་མེད་ཀྱང་མེད་པས་འོག་མའི་ཟག་མེད་མངོན་དུ་བྱེད་དགོས་པ་ནི་དམིགས་བསལ་ལོ། །མཛོད་ལས། སྲིད་རྩེར་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་སོ། གཉིས་པ་ལ་རྒྱུའི་སྟོབས་དང༌། ལས་ཀྱི་སྟོབས་དང༌། ཆོས་ཉིད་ཀྱི་སྟོབས་དང༌། ཐོས་པའི་སྟོབས་དང༌། མན་ངག་གི་སྟོབས་ཀྱིས་སྐྱེ་བའོ། །དང་པོ་ནི། སྔོན་ཏིང་ངེ་འཛིན་གོམས་པར་བྱས་པའི་རྒྱུས་ཉམས་ནའང་སླར་སྐྱེ་བ་ལྟ་བུའོ། །གཉིས་པ་ནི། ཁམས་གོང་མར་སྐྱེ་བའི་ལས་ཀྱི་རྣམ་སྨིན་ཉེ་བར་གནས་པ་ལས་རྐྱེན་ཅུང་ཟད་གཅིག་གིས་བག་ཆགས་སད་པར་བྱས་པ་ལ་སྐྱེ་བ་སྟེ། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང༌། །ཚངས་ལས་སོགས་པ་ཡིན་པ་ལྟར། །ཞེས་གསུངས་པ་བཞིན་ནོ། །འདིར་བྱམས་པ་ལ་སོགས་པས་ལས་ཀྱི་ས་བོན་གསོས་བཏབ་པ་ཡིན་གྱི། དེ་ཁོ་ན་སྐྱེ་བ་ནི་མ་ཡིན་ཏེ། འོག་ས་ལ་འདོད་ཆགས་དང་མ་བྲལ་བར་གོང་མར་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་རོ། །གསུམ་པ་ནི། བསྐལ་པ་འཇིག་པའི་ཚེ་ལྟ་བུ་སྟེ། དེའི་ཚེ་བསམ་གཏན་སྐྱེ་བ་དང་རྗེས་སུ་མཐུན་པའི་རང་བཞིན་དུ་གནས་པས། ལུང་ངམ་སློབ་དཔོན་ལ་ལྟོས་པ་མེད་པར་སྐྱེ་བའོ། །མདོ་སྡེ་པ་འགའ་ཞིག་ནི། ཆོས་འཇུག་པ་ཆེས་ཆེན་པོ་འདི་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་དེ་བསྐྱེད་པའི་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ་རང་བཞིན་ནམ་ངོ་བོ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེའོ། །བྱེ་བྲག་སྨྲ་བ་ཁ་ཅིག་ནི། གཞན་ལས་ལུང་མ་མནོས་པར་ཚེ་རབས་སྔ་མའི་སྐལ་པ་མཉམ་པའི་རྒྱུ་ལས་འབྲས་བུ་བསམ་གཏན་སྐྱེ་བ་ནི་ཆོས་ཉིད་ཡིན་ནོ་ཞེས་འདོད་དོ། །གཟུགས་མེད་ཀྱི་སྙོམས་འཇུག་ནི། ཆོས་ཉིད་ཀྱིས་མི་སྐྱེ་སྟེ། སྣོད་འཇིག་པའི་དབང་གིས་གཟུགས་མེད་དུ་སྐྱེ་བ་མེད་པའི་ཕྱིར་རོ། །བཞི་པ་ནི། སྙོམས་འཇུག་གི་དབང་དུ་བྱས་པའི་ཆོས་མང་པོ་ཐོས་པས་གཞན་གྱི་མན་ངག་ལ་མ་ལྟོས་པར་སྙོམས་པར་འཇུག་པའི་ཐབས་ཤེས་ནས་བསྒོམས་པས་སྐྱེ་བའོ། །ལྔ་པ་ནི། གཞན་གྱིས་མན་ངག་བསྟན་པའི་མཐུ་ལས་སྐྱེ་བའོ། །གསུམ་པ་ཐོབ་བྱའི་ངོ་བོ་ལ་གཉིས་ཏེ། སྙོམས་འཇུག་གི་རང་བཞིན་དང༌། འབྲས་བུ་སྐྱེ་བས་ཐོབ་པའོ། །དང་པོ་ལ་ཉེར་བསྡོགས་དང༌། དངོས་གཞི་དང༌། གྲངས་ངེས་སོ། །དང་པོ་ལ་ངོ་བོ། དབྱེ་བ། རྣམ་གཞག་གོ །དང་པོ་ནི། དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་ཡོངས་སུ་སྦྱོང་པའི་ཐབས་ཀྱི་དགེ་བས་བསྡུས་པའོ། །གཉིས་པ་ནི། ཡིད་ལ་བྱེད་པ་བདུན་དུ་བཤད་པ་ལས། མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་ནི། རྒྱལ་སྲས་མ་ལས། མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་ཉེས་དམིགས་ལ་སོགས་པར་ལྟ་བས་རགས་པའི་མཚན་ཉིད་དུ་རིག་པར་བྱེད་ལ། དེ་མེད་པའི་ཕྱིར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ནི་ཐོས་པ་དང་བསམ་པ་འདྲེས་མར་རིག་པར་བྱའོ། །ཞེས་གསུངས་སོ། །འདིས་ནི་ཡིད་བྱེད་དང་པོ་འདོད་པར་གཏོགས་པ་འདོད་པའང་བསལ་བ་ཡིན་ནོ། །མོས་པ་ཡིད་བྱེད་ནི། ཐོས་བསམ་ལས་འདས་ཏེ་རྩེ་གཅིག་ཏུ་བསྒོམས་པའི་རྣམ་པས་ཞི་རགས་ཀྱི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ། །རབ་ཏུ་དབེན་པའི་ཡིད་བྱེད་ནི། ཞི་གནས་ཀྱི་མཚན་མ་གོམས་པས། འདོད་པའི་ཉོན་མོངས་པ་ཆེན་པོ་གསུམ་སྤོང་ཞིང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའོ། །དགའ་བ་སྡུད་པ་ནི། དེའི་འོག་ཏུ་འདོད་པའི་ཉོན་མོངས་གསུམ་སྤངས་པའི་དགའ་བདེ་ཆུང་ངུས་རིག་ཅིག་ཉོན་མོངས་པ་སྤོང་བ་ལ་ཡོན་ཏན་དུ་མཐོང་སྟེ་དྭང་བར་འགྱུར་བའི་ཡིད་ལ་བྱེད་པའོ། །དཔྱོད་པའི་ཡིད་ལ་བྱེད་པ་ནི། དགེ་བའི་ཕྱོགས་ལ་སྦྱོར་བ་བརྟན་པའི་ཕྱིར་ཀུན་ནས་དཀྲིས་པ་མི་འབྱུང་བ་ན་ལྷག་མ་སྤངས་མ་སྤངས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཀུན་ནས་དཀྲིས་པ་འབྱུང་བ་དང་མཐུན་པའི་སྡུག་པའི་མཚན་མ་ཡིད་ལ་བྱེད་པའི་སོ་སོར་རྟོག་པའོ། །སྦྱོར་བ་མཐའི་ཡིད་བྱེད་ནི། ཉོན་མོངས་པ་ཅུང་ཟད་མ་སྤངས་པར་ཤེས་པ་ན་ཉོན་མོངས་ལྷག་མ་སྤང་བར་བྱ་བའི་ཕྱིར་ཆུང་ངུ་གསུམ་སྤོང་བའི་གཉེན་པོ་ཡིད་ལ་བྱེད་པའོ། །སྦྱོར་བ་མཐའི་འབྲས་བུ་ཡིད་བྱེད་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའོ། །འདི་དག་སོ་སོའི་བྱེད་ལས་ནི། རིམ་པ་ལྟར། དང་པོས་སྤང་བྱ་དང་ཐོབ་བྱ་ལེགས་པར་ཤེས་ནས་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ཕྱིར་དུ་སེམས་འཇོག་གོ །གཉིས་པས་ནི་དེའི་དོན་དུ་ཡང་དག་པར་སྦྱོར་བ་རྩོམ་མོ། །གསུམ་པས་ནི་ཀུན་ནས་ཉོན་མོངས་པ་ཆེན་པོ་གསུམ་རབ་ཏུ་སྤོང་ངོ༌། །བཞི་པས་ནི་ཉོན་མོངས་པ་འབྲིང་གསུམ་རབ་ཏུ་སྤོང་ངོ༌། །ལྔ་པས་ནི་ཐོབ་པའི་ཡོན་ཏན་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །དྲུག་པས་ནི་ཉོན་མོངས་ཆུང་ངུ་གསུམ་སྤོང་ངོ༌། །ཐ་མས་ནི་ལེགས་པར་བསྒོམས་པའི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །གསུམ་པ་ལ་ཡིད་ལ་བྱེད་པ་བཞིར་བསྡུ་བ་དང༌། ལམ་བཞིར་བསྡུ་པ་དང༌། ཁྱད་པར་གྱི་ཆོས་དཔྱད་པའོ། །དང་པོ་ནི། ཡིད་བྱེད་དྲུག་བཞིར་འདུས་ཏེ། རྗེས་སུ་མཐུན་པ་དང༌། གཉེན་པོ་དང༌། དྭང་བར་འགྱུར་བ་དང༌། སོ་སོར་རྟོག་པའོ། །ཉན་ཐོས་ཀྱི་ས་ལས། མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་དེ་དང༌། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སུན་འབྱིན་པའི་གཉེན་པོ་དང་ལྡན་པ་སྟེ། རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སྤོང་བའི་གཉེན་པོ་དང་ལྡན་པ་སྟེ། གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། དྭང་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དཔྱོད་པ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཞེས་སོ། །ཐ་མ་ནི་དངོས་གཞིར་གཏོགས་པས་མ་སྨོས་སོ། །གཉིས་པ་ལམ་བཞིར་བསྡུ་བ་ནི། བསྡུ་བ་ལས། མཚན་ཉིད་སོ་སོར་རིག་པ་དང་མོས་པ་ཡིད་ལ་བྱེད་པ་ནི། སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །རབ་ཏུ་དབེན་པ་དང་སྦྱོར་བ་མཐར་ཐུག་པ་གཉིས་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །དགའ་བ་སྡུད་པ་ནི། ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དཔྱོད་པ་ཡིད་ལ་བྱེད་པ་ནི། ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ལམ་བཞི་པོ་འདི་དག་གི་གནས་སྐབས་སུ་དམིགས་པ་གང་ལ་རྣམ་པ་གང་གིས་འཇུག་ཅེ་ན། སྦྱོར་བ་བཞི་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་གནས་སྐབས་སུ་འོག་མ་ལ་སྐྱོན་དང་གོང་མ་ལ་ཞི་བའི་རྣམ་པས་འཇུག་ཅིང༌། ཁྱད་པར་གྱི་ལམ་ལ་དམིགས་པའང་ཡིན་ལ། ཟག་མེད་ལ་དམིགས་པའང་ཡིན་པར་ཉན་ཐོས་ཀྱི་ས་ལས་བཤད་དོ། །གསུམ་པ་ནི། དང་པོའི་ཉེར་བསྡོགས་ལ་ནི་དག་པ་བ་དང༌། ཟག་མེད་གཉིས་ཡོད་དོ། །ལྷག་མ་རྣམས་ལ་དག་པ་བ་འབའ་ཞིག་ཡོད་དོ། །ཐམས་ཅད་དུ་ཉོན་མོངས་པ་ཅན་ནི་མེད་དེ། ཉེར་བསྡོགས་རྣམས་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་ལ། ཉོན་མོངས་ཅན་གྱིས་འདོད་ཆགས་དང་བྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཉེར་བསྡོགས་ལྷག་མ་རྣམས་ལ་ཟག་མེད་མི་འབྱུང་ཞེ་ན། འོག་མའི་དངོས་གཞི་མ་ཐོབ་པར་གོང་མའི་ཉེར་བསྡོགས་མི་ཐོབ་ལ། འོག་མའི་དངོས་གཞི་ཟག་མེད་ཐོབ་ན་ནི་ཉེར་བསྡོགས་ལ་མི་བརྟེན་ཏེ། ལམ་སླ་བ་དངོས་གཞི་ལ་དབང་བཞིན་དུ། ལམ་དཀའ་བ་ཉེར་བསྡོགས་ལ་རྟེན་པ་དགོས་པ་མེད་པའི་ཕྱིར་རོ། །བསམ་གཏན་དང་པོའི་ཉེར་བསྡོགས་ལ་ནི་མི་མཚུངས་ཏེ། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་རྒྱུན་ཞུགས་དང༌། ཅིག་ཅར་བ་ལ་སོགས་པ་ནི། དང་པོའི་ཉེར་བསྡོགས་ལ་བརྟེན་ནས་ལམ་སྒྲུབ་སྟེ་དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ལམ་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་པས་མཉམ་པར་བཞག་པའི་སེམས་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར། དཔེར་ན། ལག་པ་གཡས་པ་མེད་ན་གཡོན་པ་ལ་རྟེན་དགོས་པ་བཞིན་ནོ། །དེས་ན་དང་པོའི་ཉེར་བསྡོགས་ཀྱིས་ཁམས་གསུམ་ཀ་ལས་འདོད་ཆགས་དང་བྲལ་བར་བྱེད་ནུས་པའི་ཕྱིར། མི་ལྕོགས་པ་མེད་པ་ཞེས་བྱའོ། །འོག་མ་ལ་འདོད་ཆགས་དང་བྲལ་བར་བྱེད་པའང་ཉེར་བསྡོགས་ཁོ་ནས་བྱེད་ཀྱི་དངོས་གཞིས་མི་བྱེད་དེ། ཉེར་བསྡོགས་ཀྱིས་བྲལ་ཟིན་པས་མི་དགོས་པའི་ཕྱིར། དངོས་གཞི་ཟག་བཅས་རྣམས་ཀྱིས་ནི་རང་ས་དང་གོང་སའི་གཉེན་པོའང་མི་བྱེད་དེ། རང་སའི་སྲེད་པས་བཅིངས་པའི་ཕྱིར་དང༌། གོང་ས་ལས་དམན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་མཐོང་ཆོས་ལ་བདེར་གནས་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ཡིན་གྱི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་མ་ཡིན་ནོ། །དངོས་གཞི་ཟག་མེད་ཀྱིས་ནི་རང་ས་དང་གོང་ས་གཉིས་ཀའི་གཉེན་པོར་བྱེད་པའི་ཕྱིར་འདོད་ཆགས་དང་བྲལ་བ་དང༌། མཐོང་ཆོས་ལ་བདེར་གནས་དང༌། ཡོན་ཏན་མངོན་པར་སྒྲུབ་པ་གསུམ་ཀ་ཡིན་ནོ། །གཉེར་བསྡོགས་རྣམས་ནི་འདོད་ཆགས་དང་བྲལ་བའི་ལམ་ཁོ་ན་ཡིན་གྱི། ཡན་ལག་གིས་མ་ཟིན་པས་ཡོན་ཏན་མངོན་པར་སྒྲུབ་པའི་ལམ་མ་ཡིན་ལ། མི་མཐུན་ཕྱོགས་སྤོང་བའི་རྩོལ་བ་དང་བཅས་པས་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡང་མ་ཡིན་ནོ། །ཇི་སྐད་བཤད་པའི་ཡིད་ལ་བྱེད་པ་བདུན་གྱིས་སྲིད་རྩེའི་བར་གྱི་ཉེར་བསྡོགས་རྣམས་ཀྱི་སྒོམ་ཚུལ་ཡང་རིག་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ། ཡིད་བྱེད་དང་པོ་ཐོས་བསམ་འདྲེས་མར་བཤད་པ་ནི། འདོད་པའི་རྟེན་ལ་བསྒོམ་པའི་དབང་དུ་བྱས་ཀྱི། གོང་མའི་རྟེན་ལ་མ་ཡིན་ཏེ། གཟུགས་ན་སེམས་ལོང་མེད་པར་ཏིང་ངེ་འཛིན་ལ་འགྲོ་བས་བསམ་བྱུང་མེད་ཅིང༌། གཟུགས་མེད་ན་སྒྲ་ཉན་པ་མེད་པས་ཐོས་བྱུང་ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོན་ཀྱང་བསམ་བྱུང་ཡུན་ཐུང་བ་ལ་དགོངས་ཀྱི་གཏན་མེད་པ་ནི་མ་ཡིན་ཏེ། གཟུགས་ཀྱི་བྱང་ཆུབ་སེམས་དཔའ་སྒོམ་ལམ་པས་ངེས་འབྱེད་ལ་སོགས་པའི་ལམ་གསུམ་ལ་རྟོག་པའི་དོན་ཐོས་པའི་ཤེས་རབ་ཀྱིས་སེམས་པ་དང༌། བསམ་བྱུང་གི་ཤེས་རབ་ཀྱིས་འཇལ་བ་དང༌། བསྒོམས་བྱུང་གི་ཤེས་རབ་ཀྱིས་ངེས་པར་རྟོག་པའི་ཕྱིར་རོ། །གཟུགས་མེད་ཀྱི་རྟེན་ལ་ནི་ཡིད་བྱེད་དང་པོ་བསྒོམས་བྱུང་དུ་འདོད་པར་བྱའོ། །གཉིས་པ་དངོས་གཞི་ལ་ངོ་བོ་དང༌། མི་མཐུན་ཕྱོགས་དང༌། འཐོབ་པའི་ཚུལ་དང༌། དམིགས་རྣམ་དཔྱད་པའོ། །དང་པོ་ལ་བསམ་གཏན་དང༌། གཟུགས་མེད་ཀྱི་སྙོམས་འཇུག་གཉིས་སོ། །དང་པོ་ལ་སའི་སྒོ་ནས་དབྱེ་བ་དང༌། ངོ་བོའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་སོ་སོའི་ངོ་བོ་དང༌། ཡན་ལག་གི་རྣམ་གཞག་གོ །དང་པོ་ལ་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ནི། གཉེན་པོའི་ཡན་ལག་རྟོག་དཔྱོད་གང་རུང་གིས་འོག་ས་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །འདི་ལ་དངོས་གཞི་ཙམ་པོ་དང༌། ཁྱད་པར་ཅན་གཉིས་ལས་དང་པོ་ནི་རྟོག་དཔྱོད་གཉིས་ཀ་དང་ལྡན་ལ། གཉིས་པ་ནི་རྟོག་པ་ལ་འདོད་ཆགས་དང་བྲལ་ཞིང་དཔྱོད་པ་ཙམ་དང་ལྡན་པའོ། །འདིའི་ཡན་ལག་ལྔའི་ནང་ནས་རྟོག་པ་ནི་རགས་པའི་ཕྱིར་བསམ་གཏན་དང་པོ་ལ་འདོད་ཆགས་དང་མ་བྲལ་བས་ཀྱང་སྤོང་ནུས་པས། ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་མ་བྲལ་གྱི་བྱེ་བྲག་གིས་དངོས་གཞི་ཙམ་པོ་དང་ཁྱད་པར་ཅན་གཉིས་སུ་ཕྱེ་ལ། གཉིས་པ་ཡན་ཆད་ཀྱི་ཡན་ལག་རྣམས་ནི་རང་ས་ལ་འདོད་ཆགས་དང་མ་བྲལ་བར་སྤང་མི་ནུས་པའི་ཕྱིར། ཙམ་པོ་དང་ཁྱད་པར་ཅན་གྱི་དབྱེ་བ་མེད་དོ། །བསམ་གཏན་གཉིས་པ་ནི། ནང་རབ་ཏུ་དྭང་བ་གཉེན་པོའི་ཡན་ལག་གིས་རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །བསམ་གཏན་གསུམ་པ་ནི། གཉེན་པོའི་ཡན་ལག་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དགའ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བས་དབེན་པའི་སེམས་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ། བསམ་གཏན་བཞི་པ་ནི། གཉེན་པོའི་ཡན་ལག་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པས་དབེན་པ་ལ་འདོད་ཆགས་དང་བྲལ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ། གཉིས་པ་ཡན་ལག་གི་རྣམ་གཞག་ལ་དབྱེ་བ་དང༌། སོ་སོའི་དོན་ནོ། །དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །གཉིས་པ་ལ་ཡན་ལག་བཞི་སྟེ། ནད་རབ་ཏུ་དྭང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །གསུམ་པ་ལ་ཡན་ལག་ལྔ་སྟེ། དྲན་པ་དང༌། ཤེས་བཞིན་དང༌། བཏང་སྙོམས་དང༌། བདེན་པ་དང༌། སེམས་རྩེ་གཅིག་པའོ། །བཞི་པ་ལ་ཡན་ལག་བཞི་སྟེ། དྲན་པ་དང༌། བཏང་སྙོམས་ཡོངས་སུ་དག་པ་དང༌། ཚོར་བ་བཏང་སྙོམས་དང༌། སེམས་རྩེ་གཅིག་པའོ། །གཉིས་པ་ལ། བསམ་གཏན་དང་པོའི་རྟོག་པ་ནི། འདོད་པ་ལ་རགས་པ་དང་བསམ་གཏན་དང་པོ་ལ་ཞི་བའོ་ཞེས་ཀུན་ཏུ་ཚོལ་བའི་རྣམ་པ་ཅན་ནོ། །དཔྱོད་པ་ནི་དེའི་འོག་ཏུ་ཉོན་མོངས་པ་མང་ཉུང་དང་ཚེ་རིང་ཐུང་སོགས་ཀྱི་སྒོ་ནས་ཞིབ་མོར་དཔྱོད་པའི་རྣམ་པ་ཅན་ནོ། །འདི་གཉིས་ནི་གཉེན་པོའི་ཡན་ལག་སྟེ། འདོད་པའི་འདོད་ཆགས་དང་ཡིད་མི་བདེ་བ་ལ་སོགས་བསམ་གཏན་དང་པོའི་མི་མཐུན་ཕྱོགས་སྤོང་བར་བྱེད་པའི་ཕྱིར། དེ་ཐོབ་པ་ན་འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པས་འདོད་པའི་གཉེན་པོར་མི་འཐད་དོ་ཞེ་ན། ཐག་བསྲིང་བའི་གཉེན་པོ་ཙམ་ལ་དགོངས་ཏེ། ཕྱི་མ་རྣམས་ལའང་འདིས་རིག་པར་བྱའོ། །དགའ་བདེ་གཉིས་ཕན་ཡོན་གྱི་ཡན་ལག་སྟེ། བསམ་གཏན་ལ་གནས་པ་རྣམས་ཀྱི་ལུས་སེམས་ལ་ཕན་འདོགས་པའི་ཕྱིར། རྩེ་གཅིག་པ་གནས་ཀྱི་ཡན་ལག་སྟེ། གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་འདི་ལ་བརྟེན་ནས་འཇུག་པའི་ཕྱིར། གཉིས་པའི་ཡན་ལག་ནང་རབ་ཏུ་དྭང་བ་ནི། བྱེ་བྲག་སྨྲ་བས་བསམ་གཏན་གྱི་ས་ལ་ངེས་པར་འབྱུང་བའི་ཡིད་ཆེས་པའི་དད་པར་འདོད། རྣལ་འབྱོར་སྤྱོད་པ་པས་ནི་དྲན་ཤེས་བཞིན་བཏང་སྙོམས་གསུམ་ལ་འདོད་དོ། །འདི་དང་བསམ་གཏན་དང་པོའི་དགའ་བ་ནི་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་སིམ་པར་མྱོང་བའོ། །བདེ་བ་ནི། བྱེ་བྲག་སྨྲ་བས་ཤིན་ཏུ་སྦྱངས་པ་ལ་འདོད། མདོ་སྡེ་པས་བདེ་བ་ནི་དབང་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་ཡིན་ཏེ། མདོ་ལས། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་འབྱུང་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པར་མི་རིག་ཏེ། བསམ་གཏན་བཞི་པ་ནི་ཤིན་ཏུ་སྦྱངས་པ་ཆེས་ཁྱད་པར་དུ་འཕགས་པ་ཡོད་ཀྱང་ཡན་ལག་དུ་མི་སྨོས་པའི་ཕྱིར་ཞེའོ། །བསྡུ་བ་ལས། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་གཅིག་ཉིད་ཡིད་ཤེས་འཁོར་བཅས་ལ་ཕན་འདོགས་པའི་ཕྱིར་དགའ་བ་ཞེས་བྱ་ལ། དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བརྗོད་དོ། །འོ་ན་འདོད་པར་གཏོགས་པའི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་ལ་ཅིའི་ཕྱིར་བདེ་བ་ཞེས་མ་བརྗོད་ཅེ་ན། ཏིང་ངེ་འཛིན་གྱིས་མ་ཟིན་པས་ཕྱི་རོལ་ཏུ་རྣམ་པར་གཡེང་བའི་ཕྱིར་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་མི་ནུས་ལ། གཅིག་ཤོས་ནི་ཏིང་ངེ་འཛིན་གྱི་མཐུ་ལས་ཕན་འདོགས་པའི་ནུས་པ་ཡོད་པས་ཁྱད་པར་ཡོད་དོ། །འདི་དག་ལས་ནང་རབ་ཏུ་དྭང་བ་ནི་གཉེན་པོའི་ཡན་ལག་སྟེ། བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་རྟོག་པ་ལས་འདའ་བར་བྱེད་པའི་ཕྱིར་རོ། །དགའ་བདེ་གཉིས་ནི་ཕན་ཡོན་གྱི་ཡན་ལག་གོ །བསམ་གཏན་དང་པོ་དང་འདི་གཉིས་ཀྱི་དགའ་བདེ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་གཉིས་ནི་མི་དགེ་བས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཡིན་ལ། གཉིས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཡིན་ནོ། །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །གསུམ་པའི་དྲན་པ་ནི། དགའ་བའི་འདུ་ཤེས་མི་འབྱུང་བར་བྱ་བའི་དོན་དུ་དམིགས་རྣམ་མི་བརྗེད་པའི་དྲན་པའོ། །ཤེས་བཞིན་ནི་དགའ་བའི་འདུ་ཤེས་བྱུང་མ་བྱུང་ཤེས་རབ་ཀྱིས་སོ་སོར་རྟོག་པའོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དུ་འཇོག་པའི་འདུ་བྱེད་བཏང་སྙོམས་སོ། །བདེ་བ་ནི་སེམས་བདེ་བ་སྟེ། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བའོ། །སྔ་མ་དང་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་ནི་དགའ་བ་ཉོན་མོངས་པ་ཅན་གྱི་ཀུན་ནས་དཀྲིས་པ་དང་མ་བྲལ་བས་མ་ཞི་བ་ཡིན་ལ། འདིར་ནི་དེ་དང་བྲལ་བས་ཞི་བ་ཡིན་ནོ། །རྣམ་པར་འགྱུར་བའི་མདོ་ལས་ཀྱང༌། བསམ་གཏན་གསུམ་པ་བཀའ་སྩལ་པ་ན། འདིར་ཡིད་མི་བདེའི་དབང་པོ་མ་ལུས་པ་འགག་པར་འགྱུར་ཞེས་གསུངས་སོ། །དང་པོ་གསུམ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། བསམ་གཏན་གསུམ་པའི་མི་མཐུན་ཕྱོགས་དགའ་བ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །བསམ་གཏན་བཞི་པ་ལ་ཡང་དྲན་པ་དང་བཏང་སྙོམས་གཉིས་ནི། གཉེན་པོའི་ཡན་ལག་ཡིན་ཏེ། བསམ་གཏན་བཞི་པའི་མི་མཐུན་ཕྱོགས་བདེ་པ་ལ་སོགས་སྤོང་པའི་ཕྱིར་རོ། །ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ །འདིར་ཤེས་བཞིན་གྱི་ཡན་ལག་མ་སྨོས་པ་ནི། ཤེས་བཞིན་གྱིས་མི་མཐུན་ཕྱོགས་བྱུང་མ་བྱུང་རྟོག་པར་བྱེད་པ་ཡིན་ལ། འདིར་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་ཤེས་བཞིན་གྱིས་ལྟ་བར་བྱེད་མི་དགོས་པའི་ཕྱིར་རོ། །དང་པོ་ནའང་དྲན་པ་སོགས་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་ཀྱང་རྟོག་དཔྱོད་ཀྱིས་མངོན་པར་དཀྲུགས་པས། རང་གི་ངོ་བོའི་ལས་མི་བྱེད་པའི་ཕྱིར་ཡན་ལག་ཏུ་མ་སྨོས་ལ། གཉིས་པ་ན་རང་གི་ངོ་བོའི་ལས་བྱེད་ཀྱང་དགའ་བས་ཟིལ་གྱིས་མནན་པའི་ཕྱིར་རང་མིང་གིས་མ་སྨོས་པར་ནང་རབ་ཏུ་དྭང་བ་ཞེས་པའི་མིང་གིས་བསྟན་ཏོ། །གསུམ་པ་ལ་དགའ་བའི་ཀུན་དཀྲིས་ལས་གྲོལ་པས་རང་མིང་གིས་སྨོས་ལ། བཞི་པ་ན་བསམ་གཏན་གྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ཡོངས་སུ་དག་པ་ཞེས་པའི་སྒྲས་བསྟན་ཏོ། །བསམ་གཏན་དང་པོ་དང་གཉིས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། རྟོག་དཔྱོད་ལས་འདོད་ཆགས་དང་བྲལ་མ་བྲལ་གྱི་བྱེ་བྲག་གིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །གཉིས་པ་དང་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དགའ་བ་ལ་འདོད་ཆགས་དང་བྲལ་མ་བྲལ་གྱི་བྱེ་བྲག་གིས་ཕན་འདོགས་པའི་ཡན་ལག་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །གསུམ་པ་དང་བཞི་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། བསམ་གཏན་གྱི་སྐྱོན་ཐམས་ཅད་ལས་གྲོལ་མ་གྲོལ་གྱི་བྱེ་བྲག་གིས་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །སྐྱོན་བརྒྱད་ནི། བཏང་སྙོམས་མ་གཏོགས་པའི་ཚོར་བ་བཞི་དང༌། རྟོག་དཔྱོད་དང༌། དབུགས་འབྱུང་རྔུབ་བོ། །གཉིས་པ་ངོ་བོའི་སྒོ་ནས་ཉོན་མོངས་པ་ཅན་དང༌། དག་པ་པ་དང༌། ཟག་མེད་གསུམ་ལས། དང་པོ་ནི། རང་སའི་ཉོན་མོངས་པས་བཅིངས་པའི་སྙོམས་འཇུག་སྟེ། སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་ནོ། །དང་པོ་ནི་ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱང་བའི་སྲེད་པས་བཅིངས་པའི་སྙོམས་འཇུག་གོ །གཉིས་པ་ནི། སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པའི་ལྟ་བས་ཡོངས་སུ་བཅིངས་པ་དང༌། གསུམ་པ་ནི་ཡོན་ཏན་མ་ཐོབ་པ་ཐོབ་བོ་སྙམ་པའི་ང་རྒྱལ་གྱིས་བཅིངས་པ་དང༌། བཞི་པ་ནི་མ་རིག་པའི་དབང་གིས་ཐར་པ་ལ་ཐེ་ཚོམ་ཟ་བའི་ཡིད་གཉིས་ཀྱིས་བཅིངས་པའི་སྙོམས་འཇུག་གོ །གཉིས་པ་དག་པ་པ་ནི་ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྙོམས་འཇུག་སྟེ། ཉམས་པ་ཆ་མཐུན་དང༌། གནས་པ་དང༌། ཁྱད་པར་དང༌། ངེས་འབྱེད་ཆ་མཐུན་ནོ། །དང་པོ་རིམ་པ་ལྟར་དག་པ་པ་གང་ཞིག་མཇུག་ཐོགས་སུ་ཉོན་མོངས་སྐྱེ་བ་དང༌། རང་རིགས་སྐྱེ་བ་དང༌། གོང་ས་སྐྱེ་བ་དང༌། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གསུམ་པ་ཟག་མེད་ནི། ཟག་མེད་ལྷག་མཐོང་དང་ལྷན་ཅིག་འཇུག་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་གཟུགས་མེད་ཀྱི་སྙོམས་འཇུག་ལ་ས་དང༌། ངོ་བོའི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ནི། དམིགས་པའི་སྒོ་ནས་འོག་ས་ལས་འདའ་བའི་སེམས་རྩེ་གཅིག་པ་མཚུངས་པར་ལྡན་པའོ། །དབྱེ་བ་ལ་བཞི་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ནི། སྦྱོར་བའི་དུས་སུ་གཟུགས་དང་ཐོགས་པའི་འདུ་ཤེས་རྣམ་པར་བཤིག་སྟེ། དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་ལ་གཟུགས་ཀྱི་འདུ་ཤེས་ནི་ཁ་དོག་དང་དབྱིབས་ཀྱི་འདུ་ཤེས་སོ། །ཐོགས་པའི་འདུ་ཤེས་ནི་རྩིག་པ་དང་རྭ་བ་ལ་སོགས་པས་སྒྲིབ་པའི་འདུ་ཤེས་སོ། །རྣམ་ཤེས་མཐའ་ཡས་ནི། སྦྱོར་བའི་དུས་སུ་ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་བའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་གཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་བའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི། འདུ་ཤེས་རགས་པ་ནི་ནང་དང་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་ཡོད་མིན་མེད་མིན་ནི་ཞི་བའོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་ནི་སྔ་མ་ལྟར་ཡིན་ལ། ཁྱད་པར་ནི། སྲིད་རྩེ་ལ་ཟག་མེད་མེད་དེ། སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་རོ། །ཁྱད་པར་ཆ་མཐུན་ཡང་མེད་དེ་གོང་ས་མེད་པའི་ཕྱིར། ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་དང༌། གཟུགས་མེད་རྣམས་དམིགས་པས་འདའ་ཞེ་ན། བསམ་གཏན་གྱི་སྙོམས་འཇུག་རྣམས་ནི། ས་གོང་འོག་ཀུན་ཏུ་ལྟ་བའི་ཕྱིར་དམིགས་པས་འདའ་བ་མེད་ལ། འོག་མའི་ཡན་ལག་རགས་པ་རྣམས་ལས་ངེས་པར་འབྱུང་བའི་ཕྱིར་ཡན་ལག་མི་འདྲ་བའི་བྱེ་བྲག་ཡོད་པས་ཡན་ལག་གིས་འདའ་བ་ཞེས་བྱའོ། །གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་མི་འདྲ་བ་མེད་ཀྱི། དམིགས་པ་མི་འདྲ་བའི་སྒོ་ནས་ངེས་པར་འབྱུང་བའི་ཕྱིར་དམིགས་པས་འདའ་བ་ཞེས་བྱའོ། །གཉིས་པ་མི་མཐུན་ཕྱོགས་ངོས་བཟུང་བ་ལ། བསམ་གཏན་གྱི་མི་མཐུན་ཕྱོགས་ནི་ཆེན་པོ་དང༌། འབྲིང་དང་ཆུང་ངུ་དང་རྣམ་པ་གསུམ་ལས། དང་པོ་ནི་འདོད་པ་ལ་འདུན་པ་དང་རྣམ་འཚེ་སྟེ། དེས་བསམ་གཏན་འཐོབ་པ་ལ་གེགས་བྱེད་དོ། །གཉིས་པ་ནི་རྟོག་པ་དང་དཔྱོད་པ་སྟེ། ཐོབ་ཟིན་ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་དོ། །གསུམ་པ་ནི་དགའ་བ་དང་བདེ་བ་སྟེ། སེམས་ལས་སུ་རུང་བའི་མཆོག་ཐོབ་པ་ལ་གེགས་བྱེད་དོ། །དེ་ལ་ཆེན་པོ་དང་བྲལ་བས་ནི་བསམ་གཏན་དང་པོའོ། །འབྲིང་དང་བྲལ་བས་ནི་གཉིས་པ་དང་གསུམ་པའོ། །ཆུང་ངུ་དང་བྲལ་བས་ནི་བཞི་པ་འཐོབ་པ་ཡིན་ནོ། །དེ་ནི་མི་མཐུན་ཕྱོགས་ཐམས་ཅད་དང་བྲལ་བའི་ཕྱིར། སེམས་ལས་སུ་རུང་བའི་མཆོག་གོ །གཟུགས་མེད་ཀྱི་མི་མཐུན་ཕྱོགས་ལ་ཡང་ཐོགས་བཅས་དང༌། ཐོགས་མེད་ཀྱི་འདུ་ཤེས་གཉིས་སོ། །ཐོགས་མེད་ལ་ཡང་ཡུལ་ནམ་མཁའ་དང་ཡུལ་ཅན་རྣམ་ཤེས་ཀྱི་འདུ་ཤེས་གཉིས། འདུ་ཤེས་དང་པོ་སྤངས་པ་ལས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །ནམ་མཁའི་འདུ་ཤེས་སྤངས་པ་ལས་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །རྣམ་ཤེས་ཀྱི་འདུ་ཤེས་ལའང་རགས་པ་དང་ཅུང་ཟད་རགས་པ་དང༌། ཕྲ་བ་གསུམ་ལས། རགས་པ་སྤངས་པ་ལས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །ཅུང་ཟད་རགས་པ་སྤངས་བ་ལས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །ཤིན་ཏུ་ཕྲ་བ་ནི་སྐྱོན་མ་ཡིན་པས་མི་སྤོང་ངོ༌། །གསུམ་པ་ཇི་ལྟར་འཐོབ་པའི་ཚུལ་ལ། དང་པོར་རྣལ་འབྱོར་པས་འདོད་པ་ལ་འདུན་པ་དང༌། གནོད་སེམས་གཉིས་སྡུག་བསྔལ་གྱི་རྩ་བར་མཐོང་ནས། འདོད་པའི་ཉེས་དམིགས་ལ་རྟོག་པ་དང་དཔྱོད་པས་གཉིས་པོ་སྤོང་བ་ལ་ཞུགས་པས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་དང་པོ་འཐོབ། དེའི་འོག་ཏུ་རྟོག་དཔྱོད་རྒྱུད་འཁྲུག་བྱེད་དུ་མཐོང་ནས། ནང་རབ་ཏུ་དྭང་བས་དེ་སྤོང་བར་ཞུགས་པས་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་གཉིས་པ་འཐོབ་བོ། །དེའི་འོག་ཏུ་དགའ་བའང་ཡིད་གཡོ་བར་བྱེད་པས་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་དྲན་ཤེས་བཞིན་བཏང་སྙོམས་ཀྱིས་དེ་སྤོང་བ་ལ་ཞུགས་པས་དགའ་བ་མེད་པའི་བདེ་བ་ཅན་གྱི་བསམ་གཏན་གསུམ་པ་འཐོབ་བོ། །དེའི་འོག་ཏུ་བདེ་བའང་སེམས་ལ་འགྱུར་བ་སྐྱེད་བྱེད་ཀྱི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་མཐོང་ནས། དྲན་པ་དང་ཤེས་བཞིན་ཡོངས་སུ་དག་པ་གཉིས་ཀྱིས་དེ་སྤོང་བ་ལ་ཞུགས་པས་ཚོར་བ་བཏང་སྙོམས་ཅན་གྱི་བསམ་གཏན་བཞི་པ་འཐོབ་བོ། །དེ་ནས་གཟུགས་སོགས་ཡུལ་ལ་མཚན་མར་འཛིན་པའང་རྒྱུད་འཁྲུག་བྱེད་དུ་རྟོགས་ནས་འདུ་ཤེས་ལས་ངེས་པར་འབྱུང་བའི་དོན་དུ་གཟུགས་མེད་པའི་སྙོམས་འཇུག་སྒོམ་པར་བྱེད་དོ། །དེ་ལ་ཡང་གཟུགས་དང་ཐོགས་པའི་འདུ་ཤེས་རགས་པར་མཐོང་ནས་གཉེན་པོ་ནམ་མཁའི་འདུ་ཤེས་ཀྱིས་དེ་སྤོང་བ་ལ་ཞུགས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་འཐོབ་བོ། །དེའི་འོག་ཏུ་ནམ་མཁའི་འདུ་ཤེས་སྤང་བའི་དོན་དུ་རྣམ་ཤེས་མཐའ་ཡས་བསྒོམས་པ་ལས་དེ་སྤངས་པ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་འཐོབ་བོ། །དེའི་འོག?ཏུ་རྣམ་ཤེས་ཀྱི་འདུ་ཤེས་ཀྱང་སྐྱོན་དུ་མཐོང་ནས། ཅི་ཡང་མེད་པའི་འདུ་ཤེས་ཀྱིས་དེ་སྤོང་བ་ལ་ཞུགས་པས་ཅི་ཡང་མེད་པའི་སྐྱེ་མཆེད་འཐོབ་བོ། །དེའི་འོག་ཏུ་ཅི་ཡང་མེད་པ་ལའང་ཉེས་དམིགས་སུ་བལྟས་ནས་ཡོད་མིན་མེད་མིན་གྱི་འདུ་ཤེས་ཀྱིས་དེ་སྤོང་བ་ལ་ཞུགས་པས་སྲིད་རྩེ་འཐོབ་བོ། །འདི་ལས་ངེས་པར་འབྱུང་བའི་འདུ་ཤེས་ནི། བདག་མེད་རྟོགས་པ་ལས་གཞན་མེད་པའི་ཕྱིར། འདིའི་གོང་ན་འཇིག་རྟེན་པའི་གནས་གཞན་མེད་དོ། །བཞི་པ་དམིགས་རྣམ་དཔྱད་པ་ལ། ཉོན་མོངས་པ་ཅན་དང༌། དག་པ་བ་དང༌། ཟག་མེད་གསུམ་ལས། དང་པོས་ནི་རང་སའི་ཟག་བཅས་ཀྱི་དངོས་པོ་ལ་དམིགས་ཀྱི་འོག་མ་ལ་མི་དམིགས་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གོང་ས་ལ་མི་དམིགས་ཏེ། ས་རྣམས་ནི་སྲིད་པས་སོ་སོར་བཅད་པས་སོ། །ཟག་མེད་ལ་མི་དམིགས་ཏེ། དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་ནི་མཛོད་ཀྱི་དོན་ནོ། །འདི་ནི་རགས་པའི་རྣམ་གཞག་ཡིན་གྱི་ཞིབ་མོར་དཔྱད་ན་གོང་འོག་ལ་དམིགས་པར་གསལ་ཏེ། འོག་མའི་སེམས་ཅན་ལ་དམིགས་ནས་དེ་ལས་ཁྱད་པར་དུ་འཕགས་པར་ལྟ་བའི་ཕྱིར་དང༌། གོང་ས་ལ་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་འདོད་ཆགས་དང༌། གོང་མ་མ་ཐོབ་ཀྱང་ཐོབ་བོ་སྙམ་པའི་ང་རྒྱལ་དང༌། དེའི་རྟེན་གྱི་བདག་ལའང་དམིགས་པའི་ཕྱིར་ཏེ། བསྡུ་བ་ལས། གོང་མར་སྐྱེས་པ་རྣམས་ནི། འོག་མའི་སེམས་ཅན་ལས་འདིར་བདག་ཉིད་རྟག་པ་དང་བརྟན་པ་དང་གཙང་བ་དང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡིན་ནོ། །སྙམ་དུ་རློམ་པའི་ཕྱིར་ཞེས་གསུངས་ཞིང༌། མངོན་པ་གོང་མ་ལས། མ་རིག་པ་དང་ལྟ་བ་དང༌། ཐེ་ཚོམ་གསུམ་གྱིས་འོག་མ་ལ་དམིགས་པར་གསུངས་པའི་ཕྱིར་རོ། །ཟག་མེད་ལ་ཡང་དངོས་སུ་མི་དམིགས་ཀྱང་བཏགས་པའི་སྒོ་ནས་དམིགས་པར་བཤད་དོ། །བསམ་གཏན་དག་པ་བ་དང༌། ཟག་མེད་ཀྱི་དམིགས་པ་ནི། འདུས་བྱས་འདུས་མ་བྱས་གང་ཅི་ཡོད་པ་ཐམས་ཅད་དང༌། རང་གཞན་གྱི་རྒྱུད་ཐམས་ཅད་ཡིན་ལ། གཟུགས་མེད་ཀྱི་དངོས་གཞི་དགེ་བ་རྣམས་ཀྱི་དམིགས་པ་ནི། ས་འོག་མའི་ཟག་བཅས་ཀྱི་དངོས་པོ་མ་ཡིན་ཏེ། ས་འོག་མའི་ཟག་བཅས་རྣམས་ནི་རབ་ཏུ་མ་ཞི་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ས་འོག་མ་ལས་འདས་པ་ཞེས་བཤད་དོ། །བསམ་གཏན་གྱི་དགེ་བ་རྣམས་ནི་འོག་མ་ལ་མི་དམིགས་པ་ནི་མ་ཡིན་ཏེ། དམིགས་པ་ལས་འོང་བ་མེད་པས་ཀུན་ཏུ་ལྟ་བ་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་རང་ས་དང་གོང་སའི་ཟག་བཅས་དང་ཟག་མེད་ལའང་དམིགས་པར་ལྟའོ། །མཛོད་ལས། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་སོ། །གཟུགས་མེད་དངོས་གཞི་དགེ་བའི་དམིགས་པ་འོག་མའི་ཟག་བཅས་མིན་ཞེས་འབྱུང་བའི་ཤུགས་ཀྱིས་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་ཀྱིས་ནི། འོག་མའི་གཟུགས་མེད་ཀྱི་དངོས་པོ་ལ་དམིགས་པར་གསལ་ལོ། །གང་སྤེལ་ལས་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་བསམ་གཏན་བཞི་པ་ཡིན་ལ། སྲིད་རྩེའི་ཉེར་བསྡོགས་བར་ཆད་མེད་ལམ་རྣམས་ཀྱི་དམིགས་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་པའི་བར་དུའོ། །ཞེས་པ་དང༌། ཉན་ཐོས་ཀྱི་ས་ལས། ཇི་སྲིད་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ནི་ནམ་མཁའ་དེ་ཉིད་དང༌། དེ་ལས་གཞན་པ་རང་གི་ས་པའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ་ཞེས་གསུངས་སོ། །དེས་ན་སྦྱོར་བའི་དུས་སུ་ནམ་མཁའ་དང་རྣམ་ཤེས་ལ་དམིགས་པས་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སོགས་ཀྱི་མིང་གིས་བཏགས་པར་མངོན་ནོ། །གསུམ་པ་གྲངས་ནི། མཛོད་ལས། བརྩོད་པའི་རྩ་བར་གྱུར་པ་དང༌། །འཁོར་བའི་རྒྱུ་ཕྱི་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང༌། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཅེས་གསུངས་པ་ལྟར། བརྩོད་པའི་རྩ་བ་ཚོར་བ་དང་འདུ་ཤེས་གཉིས་ཡིན་ལ། ཚོར་བས་ངེས་པར་བྱུང་བ་ལ་བསམ་གཏན་བཞི་དང༌། འདུ་ཤེས་ཀྱིས་ངེས་པར་འབྱུང་བ་ལ་གཟུགས་མེད་པ་བཞིར་ཕྱེའོ། །ཅིའི་ཕྱིར་ཚོར་བས་ངེས་པར་འབྱུང་བ་ལ་བསམ་གཏན་བཞིར་ངེས་ཅེ་ན། བསམ་གཏན་པ་རྣམས་ནི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལས་ངེས་པར་འབྱུང་བ་ཚོལ་བར་བྱེད་པ་ཡིན་ལ། དེ་ལ་སྡུག་བསྔལ་གྱི་ཚོར་བ་ཡང་གཉིས་ཏེ། རགས་པ་དང་ཕྲ་བའོ། །རགས་པས་ངེས་པར་འབྱུང་བ་ནི། བསམ་གཏན་དང་པོ་སྟེ། ཡིད་མི་བདེ་བ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། ཕྲ་བ་ལས་ངེས་པར་འབྱུང་བ་ནི། བསམ་གཏན་གཉིས་པ་སྟེ། སྡུག་བསྔལ་གྱི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར། བྱེ་བྲག་སྨྲ་བས་བསམ་གཏན་དང་པོའི་དུས་སུ་སྡུག་བསྔལ་ཐམས་ཅད་སྤངས་པར་འདོད་པ་ནི་མ་ཡིན་ཏེ། སྡུག་བསྔལ་གྱི་དབང་པོ་མ་སྤངས་པའི་ཕྱིར་ཏེ། བསྡུ་བ་ལས་ཅིའི་ཕྱིར་བསམ་གཏན་དང་པོ་ལ། སྡུག་བསྔལ་གྱི་དབང་པོ་མ་སྤངས་ཅེ་ན། སྨྲས་པ་དེ་ལ་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་མ་བྲལ་ཅེས་གསུངས་སོ། །གལ་ཏེ་སྤངས་ཅེ་ན་བསམ་གཏན་དང་པོ་དང་གཉིས་པར་གནས་པའི་ཁྱད་པར་མི་དམིགས་པའི་སྐྱོན་གནས་སོ། །བདེ་བའི་ཚོར་བ་ཡང་རགས་པ་དང་ཕྲ་བ་གཉིས་ལས། རགས་པ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གསུམ་པ་སྟེ། ཡིད་བདེ་བ་ལའང་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྲ་བ་ལས་ངེས་པར་འབྱུང་བ་ནི་བཞི་པ་སྟེ། སེམས་བདེ་ལས་ཀྱང་ངེས་པར་འབྱུང་བའི་ཕྱིར་རོ། །གཏང་སྙོམས་ལས་ངེས་པར་འབྱུང་བ་ནི་མ་བཞག་ཏེ། བྱིས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་དཀའ་བའི་ཕྱིར་རོ། །ཅིའི་ཕྱིར་འདུ་ཤེས་ལས་ངེས་པར་འབྱུང་བ་ལ་གཟུགས་མེད་པ་བཞིར་ངེས་ཅེ་ན། འདུ་ཤེས་ནི་གཉིས་ཏེ། ཡུལ་དང་ཡུལ་ཅན་རྣམ་ཤེས་ལ་མཚན་མར་འཛིན་པའོ། །དང་པོ་ལ་ཡང་གཟུགས་ཀྱི་འདུ་ཤེས་དང༌། གཉེན་པོ་ནམ་མཁའི་འདུ་ཤེས་གཉིས་སོ། །དེ་དག་ལས་ངེས་པར་འབྱུང་བ་ནི། གོ་རིམ་བཞིན་དུ་ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གཉིས་སོ། །རྣམ་ཤེས་སུ་འཛིན་པ་ལ་ཡང༌། མི་མཐུན་ཕྱོགས་རྣམ་ཤེས་དང་གཉེན་པོ་ཅི་ཡང་མེད་པའི་འདུ་ཤེས་གཉིས་ལས། དང་པོ་ལས་ངེས་པར་འབྱུང་བ་ཅི་ཡང་མེད་པའི་སྐྱེ་མཆེད་དང༌། གཉིས་པ་ལས་ངེས་པར་འབྱུང་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །གཉིས་པ་འབྲས་བུ་སྐྱེ་བས་ཐོབ་པ་ལ་གཉིས་ཏེ། སྐྱེ་བའི་བསམ་གཏན་དང་སྐྱེ་བའི་གཟུགས་མེད་དོ། །དང་པོ་ནི། བསམ་གཏན་དང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམས་པ་ལས་གོ་རིམ་བཞིན་དུ་ཚངས་རིས་དང༌། ཚངས་པ་འདུན་ན་འདོན་དང༌། ཚངས་ཆེན་རྣམས་སུ་སྐྱེ་ལ། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་བསྒོམས་པ་ལས་གོ་རིམ་བཞིན་དུ་བསམ་གཏན་གཉིས་པ་དང༌། གསུམ་པ་དང་བཞི་པ་རྣམས་ཀྱི་སྐྱེ་བ་གསུམ་གསུམ་འགྲུབ་པར་ཤེས་པར་བྱའོ། །དེ་ལ་ཆུང་ངུ་ནི་སྦྱོར་བ་གཉིས་ཀ་དང་མི་ལྡན་པ། འབྲིང་པོ་ནི་གང་རུང་དང་ལྡན་པ་ཆེན་པོ་ནི་གཉིས་ཀ་དང་ལྡན་པའོ། །གཉིས་པ་ནི་གཟུགས་མེད་ཀྱི་སྙོམས་འཇུག་བཞི་ཡོངས་སུ་བསྒོམས་པ་ལས་ནི་གཟུགས་མེད་བཞིའི་སྐྱེ་བ་གྲུབ་པར་ཤེས་པར་བྱའོ། །བཞི་པ་རྟགས་ནི། བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེས་པའི་ཚེ། ལུས་ས་ལ་བྱིང་བ་ལྟ་བུ་དང༌། གཟུགས་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པའི་ཚེ་ནམ་མཁའ་ལ་འཕུར་བ་ལྟ་བུའི་རྟགས་འབྱུང་ངོ༌། །གཉིས་པ་ལ། རྒྱུ་དང་ངོ་བོ་གྲངས་ངེས་དང༌། འབྲས་བུའོ། །དང་པོ་ལ་རྒྱུའི་རྐྱེན་ནི་རིགས་ཡིན་ལ། བདག་པོའི་རྐྱེན་ནི་དགེ་བའི་བཤེས་གཉེན་ནོ། །དེ་མ་ཐག་པའི་རྐྱེན་ནི་རིགས་པ་སྔ་མ་དང༌། དམིགས་པའི་རྐྱེན་ནི་མཐའ་ཡས་པའི་སེམས་ཅན་ནོ། །གཉིས་པ་ལ་མཚན་ཉིད་དང༌། མཚོན་བྱའི་སྒྲ་དོན་དང༌། དབྱེ་བའོ། །དང་པོ་ལ་སྤྱིའི་མཚན་ཉིད་ནི། མཐའ་ཡས་པའི་སེམས་ཅན་ལ་དམིགས་པའི་བརྩེ་བའི་རྣམ་པ་ཅན་ནོ། །གཉིས་པ་ནི། དམིགས་པ་དང་འབྲས་བུ་དང་སྤྱོད་ཡུལ་གྱི་སྒོ་ནས་སྒྲ་དོན་རིམ་པ་ལྟར། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་དང༌། ཚོགས་ཚད་མེད་པའི་རྒྱུར་གྱུར་པ་དང༌། ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་བའི་ཕྱིར་དང༌། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །གསུམ་པ་ལ། རྣམ་པའི་སྒོ་ནས་དབྱེ་བ་དང༌། དམིགས་པའི་བྱེ་བྲག་ལས་དབྱེ་བའོ། །དང་པོ་ལ་བཞི་ལས་བྱམས་པ་ཚད་མེད་ནི་བསམ་གཏན་ལ་བརྟེན་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་པ་ཅན་ནོ། །བཏང་སྙོམས་ནི་ཆགས་སྡང་གི་ཉོན་མོངས་པ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །གཉིས་པ་ལ་དབྱེ་བ་དངོས་དང༌། བྱེད་ལས་དང༌། ས་མཚམས་སོ། །དང་པོ་ལ་སེམས་ཅན་དང་ཆོས་དང༌། དམིགས་པ་མེད་པ་ལ་དམིགས་པ་གསུམ་ལས། དང་པོ་ནི། སེམས་ཅན་སྡུག་བསྔལ་བ་ལ་དམིགས་ལ། གཉིས་པ་ནི་སེམས་ཅན་རྣམས་སྐད་ཅིག་གིས་གཡོ་བར་དམིགས་ཤིང༌། གསུམ་པ་ནི་སྒྱུ་མ་ལྟ་བུར་དམིགས་ནས་བརྩེ་བའི་རྣམ་པ་ཅན་ཏེ། འཇུག་འགྲེལ་ལས་བཤད་དོ། །གཉིས་པ་ནི། རིམ་པ་ལྟར་གནས་སྐབས་སུ་སྡུག་བསྔལ་ལས་སྐྱོབ་པ་དང༌། མཐར་ཐུག་གི་སྡུག་བསྔལ་སྐྱོབ་པ་དང༌། སྲིད་ཞི་མཐའ་དག་གི་རྒུད་པ་ལས་སྐྱོབ་པའོ། །གསུམ་པ་ནི། བྱང་ས་ལས་དང་པོ་མུ་སྟེགས་པ་དང༌། ཐུན་མོང་བ་གཉིས་པ་ཉན་རང་ཡན་ཆད་དང༌། གསུམ་པ་ཐུན་མོང་མ་ཡིན་པར་བཤད་ལ། བློ་གྲོས་མི་ཟད་པའི་མདོ་ལས། མོས་སྤྱོད་ཀྱི་ས་དང་ས་དང་པོ་བདུན་དང་དག་པ་ས་གསུམ་ལ་རིམ་པར་བཤད་དོ། །གསུམ་པ་གྲངས་ངེས་ནི། མི་མཐུན་ཕྱོགས་གནོད་སེམས་དང༌། རྣམ་འཚེ་དང༌། མི་དགའ་བ་དང༌། ཉི་རིང་དུ་འཛིན་པ་བཞིའི་བྱེ་བྲག་གིས་གཉེན་པོ་བྱམས་སོགས་ཚད་མེད་བཞིར་ངེས་སོ། །བཞི་པ་འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ནི། ཚངས་བའི་གནས་སུ་སྐྱེ་བ་རྣམས་སྨིན། ཚོགས་རྫོགས་པར་བྱེད་པ་བདག་འབྲས་སེམས་ཅན་སྨིན་པར་བྱེད་པ་སྐྱེས་བུ་བྱེད་པའི་འབྲས་བུ། རྟག་ཏུ་དེ་དང་མི་འབྲལ་བ་རྒྱུ་མཐུན་གནོད་སེམས་སོགས་དང་བྲལ་བ་བྲལ་འབྲས་སོ། །མཐར་ཐུག་གི་འབྲས་བུ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གསུམ་པ་ལ་དབྱེ་བ་སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་བྱེ་བྲག་དུ་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་ནི། འཇུག་པའི་འོག་ཏུ་གསུམ་པ་ཚོགས་ཀྱི་སྒྲུབ་པ་བསྟན་ཏེ། གོང་དུ་བཤད་པ་དེ་ལྟར་ཐེག་ཆེན་ལ་འཇུག་པ་བྱས་པ་ལས་ཚོགས་སྐྱེ་བས་སོ། །རྩ་བ་ལ། མདོ་ལས་བཤད་ཚུལ་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་འདོད་པས་ཤེར་ཕྱིན་ལ་བསླབ་ཅེས་པས་ནི་སེམས་བསྐྱེད་དང༌། སླབ་ཚུལ་ཞུས་པའི་ལན་གྱིས་ནི་གདམས་ངག་དང་ངེས་འབྱེད་ཡན་ལག་གི་གནས་སྐབས་དེ་དག་ཏུ་སེམས་དཔའ་ཆེན་པོ་ཞེས་མང་དུ་གསུངས་པའི་གཞིའི་དོན་ཞུས་པའི་ལན་གྱིས་རིགས་དང༌། དེའི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ལ་སློབ་ཞེས་གསུངས་པ་ལ་ཆོས་ཐམས་ཅད་དྲིས་པའི་ལན་གྱིས་དམིགས་པ་དང༌། སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་དྲིས་པའི་ལན་གྱི་ཆེད་དུ་བྱ་བ་དང་གོ་ཆ་དང་འཇུག་པ་གསུམ་གསུངས་སོ། །གོ་ཆའི་སྐབས་སུ་གོ་ཆ་ཆེན་པོ་བགོས་པ་ཞེས་གསུངས་ན། ཇི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་པ་ལགས་ཞེས་ཞུས་པའི་ལན་གྱིས་ཚོགས་དང་པོ་བཅུ་བསྟན་ནོ། །འཇུག་སྒྲུབ་ལ་འཕྲོས་ནས་བྱང་སེམས་ཀྱི་ཐེག་པ་ཆེན་པོ་གང་ལགས། ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱིས་ལགས། ཐེག་པ་དེ་གང་ནས་འབྱུང་བ་ལགས། ཐེག་པ་དེས་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེས་གང་ཞིག་འབྱུང་བར་འགྱུར་བ་ལགས་ཞེས་ཏེ། དྲི་བ་དང་པོའི་ལན་གྱིས་ཐབས་མཁས་ནས་གཟུགས་ཀྱི་བར་ལྔ་དང༌། དྲི་བ་གཉིས་པའི་ལན་གྱིས་སའི་ཚོགས་དང༌། ཐ་མ་གསུམ་གྱིས་གཉེན་པོའི་ཚོགས་བསྟན་ནོ། །གཉིས་པ་ནི་ཤེས་པར་བྱའོ། །གང་ན་བརྩེ་བ་ནས་གཉེན་པོའི་བར་བཅུ་བདུན་ནོ། །ཇི་ལྟར་ན་ཚོགས་ཀྱི་སྒྲུབ་པའི་རིམ་པ་ཡིན་པའོ། །རིམ་པ་ནི་ཐོག་མར་སྡུག་བསྔལ་དང་བྲལ་འདོད་ཀྱི་བརྩེ་བ་མངོན་དུ་བྱས་ནས་དེའི་འོག་ཏུ་གཞན་དོན་སྦྱིན་པ་ལ་སོགས་པ་དྲུག་ལ་རིམ་པས་འཇུག་གོ །དེ་ནས་གཞན་དོན་ལ་རྩེ་གཅིག་པའི་ཞི་གནས་ལ་ཞུགས་ནས་སྟོང་ཉིད་རྟོགས་པའི་ལྷག་མཐོང་བསྐྱེད་དོ། །སྟོང་ཉིད་རྟོགས་པ་ཙམ་གྱིས་སངས་རྒྱས་མི་འཐོབ་པས། དེ་ནས་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ལམ་ལ་སློབ་བོ། །གཉིས་པོ་ལ་བསླབས་པས་གཞན་དོན་བྱེད་པའི་ཐབས་ལ་མཁས་པ་གང་ཡིན་པ་འཐོབ་བོ། །དེ་ལ་སྟོང་ཉིད་རྟོགས་པའི་ཡེ་ཤེས་སྐྱེ་ཞིང་ཡེ་ཤེས་ལས་བསོད་ནམས་ཀྱི་འབྲས་བུ་ཅན་གྱི་ཏིང་ངེ་འཛིན་སྐྱེའོ། །ཚོགས་གཉིས་གོམས་པར་བྱས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་དོན་དུ་ལམ་ལ་འཇུག་ཅིང༌། ལམ་ཐོབ་པ་ལས་ནི་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །དེ་ལས་ས་བཅུ་ཐོབ་ནས་གནས་སྐབས་དེ་དག་ཏུ་གཉེན་པོ་ཡང་མངོན་དུ་བྱེད་དོ། །འགྲེལ་པ་ལ་ཚོགས་སུ་འཇོག་པའི་རྒྱུ། དབྱེ་བའི་གྲངས། སོ་སོའི་དོན་ནོ། །དང་པོ་ནི་སྙིང་རྗེ་ལ་སོགས་པ་ནི་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའི་རྒྱུ་ཚོགས་ཡིན་པས་སོ། །ཇི་ལྟར་ཞེ་ན་བྱང་ཆུབ་ཆེན་པོ་འབྲས་བུར་དངོས་སུ་འཛིན་པའི་ཕྱིར་ཏེ། སྙིང་རྗེ་ལ་སོགས་པ་འདི་དག་གིས་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ངོ་བོ་ཡིན་པས་སོ། །ཅིའི་ཕྱིར་སྒྲུབ་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་སོ་སོའི་མཚན་ཉིད་རྟོགས་ཤིང༌། དོན་དམ་པར་མི་དམིགས་པར་རྟོགས་པའི་རྣམ་པས་རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་པ་ཆེན་པོ་མཐའ་དག་སྒྲུབ་པས་སོ། །གཉིས་པ་ནི། སྙིང་རྗེ་ལ་སོགས་པ་བཅུ་བདུན་ནོ། །གསུམ་པ་ལ་བཅུ་བདུན་པོ་དོན་གཉིས་སུ་གནས་ཏེ། ཐེག་པ་ལ་གནས་ནས་གོ་ཆ་ཆེན་པོ་བགོས་པར་འཇོག་བྱེད་དང༌། ཐེག་པ་རང་གི་ངོ་བོའོ། །དང་པོ་ལ་གསུམ་སྟེ། བསམ་པ་རྣམ་དག་དང༌། སྦྱོར་བ་ཁྱད་པར་ཅན་དང༌། སྲིད་ཞི་གཉིས་ལས་འཛིན་པའི་ཆོས་སོ། །དང་པོ་ནི་སྙིང་རྗེ་ཆེན་པོ་དང༌། གཉིས་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་བོ། །གསུམ་པ་ནི། གཞན་དོན་ལ་རྩེ་གཅིག་པའི་ཞི་གནས་དང་སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་མོ། །ཞི་གནས་ལ་ངོ་བོ་ནི་དམིགས་པ་ལ་སེམས་རྒྱུན་དུ་འཇོག་པར་བྱེད་པའོ། །སྒྲ་དོན་ནི་རྣམ་གཡེང་ཞི་ནས་དམིགས་པ་གཅིག་ལ་གནས་པའོ། །དབྱེ་བ་ནི་མཚན་མ་དང་བཅས་པ་དང་མཚན་མ་མེད་པའོ། །ལྷག་མཐོང་ལ་ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །སྒྲ་དོན་ནི་སེམས་གཞན་ལས་ཡུལ་མཐོང་ཚུལ་གྱི་ནུས་པ་ལྷག་པའོ། །དབྱེ་བ་ལ་ཡུལ་གྱི་སྒོ་ནས་ཇི་ལྟ་བ་དང་ཇི་སྙེད་པ་འབྱེད་པའོ། །ཡུལ་ལ་འཇུག་ཚུལ་ལས་ནི་རྣམ་པ་རྟོག་པ་དང་དཔྱོད་པར་བྱེད་པའོ། །ངོ་བོ་ལས་ནི་སོ་སོར་རྟོག་པ་དང་རྣམ་པར་མི་?ཡོ་བའི་ལྷག་མཐོང་ངོ༌། །གཉིས་པ་ཐེག་པའི་ངོ་བོ་ལ་བགྲོད་བྱེད་ལམ་གྱི་ངོ་བོ། མཐར་ཕྱིན་པའི་རྒྱུའོ། །དང་པོ་ལ་ཁྱད་པར་དང༌། རྒྱུ་དང༌། ངོ་བོ་དང༌། བྱེད་ལས་སོ། །དང་པོ་ནི་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང༌། རྗེས་བསྔོ་བས་ཟིན་པ་སོགས་ཀྱི་ཐབས་ལ་མཁས་པ་དང༌། གཉིས་པ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང༌། བསོད་ནམས་ཀྱི་རྒྱུ་ཏིང་ངེ་འཛིན་གྱི་ཚོགས་སོ། །གསུམ་པ་ནི་མཐོང་བ་ལ་སོགས་པའི་ལམ་གྱི་ཚོགས་དང༌། བཞི་པ་ནི། དྲན་པ་ཡོངས་སུ་གཏུགས་པ་མེད་པའི་ཚིག་ལ་སོགས་པའི་གཟུངས་སོ། །འདི་ལ་གཉིས་ཏེ་རང་བཞིན་ངོས་བཟུང་བ་དང༌། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་རྒྱུ་དང༌། ངོ་བོ་དང་བྱེད་ལས་སོ། །དང་པོ་ནི་སྔོན་གྱི་དགེ་བ་དང་ཚེ་འདིའི་ཐོས་པ་དང་ཏིང་ངེ་འཛིན་རྣམ་དག་དང་གསུམ་སྟེ། དང་པོ་གཉིས་ཀྱིས་ཚིག་དང་དོན་གྱི་གཟུངས་གཉིས་ཀྱི་རྒྱུ་བྱེད་ལ། ཏིང་ངེ་འཛིན་ནི་ཐམས་ཅད་ཀྱི་རྒྱུའོ། །རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཞེས་སོ། །གཉིས་པ་ལ་སྒྲ་དོན་དང༌། སོ་སོའི་དོན་དང༌། གྲངས་ངེས་དང༌། ས་མཚམས་སོ། །དང་པོ་ནི་དྷ་ར་ཞེས་པའི་སྒྲ་ནི་འཛིན་པ་ལ་འཇུག་པས་འཛིན་པར་བྱེད་པས་གཟུངས་ཏེ་ཆོས་རྣམས་ཀྱི་ཚིག་དང་དོན་དང་ལེགས་པའི་ལམ་འཛིན་པའོ། །གཉིས་པ་ལ་ཚིག་གི་གཟུངས་ནི་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས་རྒྱ་ཆེན་པོ་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་ནོ། །ངོ་བོ་ནི་ཆོས་ཀྱི་སྤྱན་དུ་གཏོགས་སོ། །དོན་གྱི་གཟུངས་ནི་དོན་མི་བརྗེད་པར་འཛིན་པའོ། །བཟོད་པའི་གཟུངས་ནི་གཉིས་ཏེ། བཟོད་པའི་རྒྱུར་གྱུར་པའི་གཟུངས་ནི་རང་བཞིན་སྐྱེ་མེད་ཀྱི་དོན་ལ་འཇིག་རྟེན་པའི་བསྒོམས་བྱུང་གིས་གསལ་སྣང་ཐོབ་པ་ཡིན་ནོ། །བཟོད་པ་དངོས་ཀྱི་གཟུངས་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་དྲན་པ་མཚུངས་ལྡན་ནོ། །གསང་སྔགས་ཀྱི་གཟུངས་ནི་གཞན་ལ་ཕན་པའི་དོན་དུ་སྔགས་རྣམས་ཀྱི་རང་རང་གི་འབྲས་བུ་འགྲུབ་པ་ལ་བྱིན་གྱིས་རློབ་པའི་ནུས་པ་ཐོབ་པའི་ཡེ་ཤེས་སོ། །ཚིག་ལ་སྔགས་ཞེས་བརྗོད་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པའོ། །གསུམ་པ་གྲངས་ངེས་ནི་གཟུང་བྱའི་ཆོས་ལ་ཚིག་དང་དོན་དང་ཡུལ་ཅན་རྟོགས་པ་དང་གསུམ་ཡིན་ལ། རྟོགས་པ་ལ་རང་དོན་དང་གཞན་དོན་གཉིས་སུ་ངེས་པས་འཛིན་བྱེད་གཟུངས་བཞིར་ངེས་སོ། །བཞི་པ་ས་མཚམས་ནི་བྱང་ས་ལས། སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པ་ནི་སྔར་ནས་ཡོད་ཅིང༌། བརྟན་པ་དང་རྒྱ་ཆེ་བའི་དབང་དུ་བྱས་པའི་བཟོད་པའི་གཟུངས་ནི་མོས་སྤྱོད་དང་གཞན་གསུམ་ས་དང་པོར་ཐོབ་པར་བཤད་དོ། །སྔར་སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་ཀྱང་བརྟན་པ་དང་རྒྱ་ཆེ་བ་ནི་མ་ཡིན། ཞེས་སོ། །འོན་ཀྱང་བཟོད་པ་དངོས་ནི་ས་དང་པོར་ཐོབ་པར་གསལ་ལོ། །བྱེད་ལས་ནི་རང་གིས་ཆོས་མི་བརྗེད་པར་འཛིན་པ་དང་གཞན་ལའང་ཆོས་སྟོན་པའི་ལས་མཛད་དོ། །གཉིས་པ་སྒྲུབ་པའི་ཚུལ་ནི་ཐོག་མར་སེམས་བསྐྱེད་ནས། ཨ་ལ་སོགས་པའི་ཡི་གེའི་བརྗོད་བྱ་ལ་རིགས་པས་བརྟགས་ནས་སྐྱེ་མེད་རྟོགས་པའི་དོན་བསྒོམས་པས་གསལ་སྣང་ཐོབ་ནས། ཆོས་གཞན་རྣམས་ཀྱང་ཨའི་རང་བཞིན་དང་ཁྱད་པར་མེད་པར་ཡིད་ལ་བྱས་པས་མོས་སྤྱོད་ཀྱི་སར་གསལ་སྣང་སྐྱེས་པ་ནི། བཟོད་པའི་རྒྱུའི་གཟུངས་གྲུབ་པ་ཡིན་ལ། གཞན་རྣམས་ནི་དེ་ལ་བརྟེན་ནས་ཐོབ་བོ། །ཨ་ལ་དམིགས་པས་སྐྱེ་མེད་ཀྱི་རྟོགས་པ་འབྱུང་བས་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་གསུངས་སོ། །གཉིས་པ་མཐར་ཕྱིན་པའི་རྒྱུ་ལ་གཉིས་ཏེ་ཡོན་ཏན་གྱི་རྟེན་ས་བཅུ་དང༌། དྲི་མ་སེལ་བྱེད་གཉེན་པོ་རྣམས་སོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཡེ་ཤེས་དང༌། ས་དང༌། གཉེན་པོའི་ཚོགས་སོ། །དང་པོ་ལ་ཡུལ་ཅན་ཡེ་ཤེས་དང༌། ཡུལ་སྟོང་ཉིད་བསྟན་པའོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་དང༌། ས་མཚམས་སོ། །དང་པོ་ནི་ཚོགས་བཅུ་བདུན་ཡོད་པ་དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་སྟོང་ཉིད་རྟོགས་པའི་བསྒོམས་བྱུང་གིས་བསྡུས་པ་རྣམས་སོ། །གཉིས་པ་ནི་ཡུལ་སྟོང་ཉིད་ཉི་ཤུ་ཡོད་པའི་བྱེ་བྲག་གིས་ཡེ་ཤེས་རྣམ་པ་ཉི་ཤུའོ། །གསུམ་པ་ནི་ནང་དང་ཕྱི་དང་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ནི་མོས་སྤྱོད་དང་པོ་གསུམ་ནའོ། །སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པ་ནི་ཆོས་མཆོག་གོ །ཆེན་པོ་དང་དོན་དམ་པ་དང་འདུས་བྱས་དང་འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་སྟོང་པ་ཉིད་དེ་སྟོང་ཉིད་བདུན་རྟོགས་པ་ནི་ས་དང་པོ་ནས་ས་བདུན་པའི་བར་དུ་རིམ་པ་བཞིན་ནོ། །རང་བཞིན་དང་ཆོས་ཐམས་ཅད་གཉིས་ནི་ས་བརྒྱད་པའོ། །རང་གི་མཚན་ཉིད་དང་མི་དམིགས་པ་གཉིས་ནི་ས་དགུ་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་དང་དངོས་པོ་སྟོང་པ་ཉིད་དུ་རྟོགས་པ་ནི་ས་བཅུ་པའོ། །དངོས་པོ་མེད་པ་དང་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་རྟོགས་པ་ནི་སངས་རྒྱས་ཀྱི་སའོ། །ས་དང་པོ་ནས་སྟོང་པ་ཉིད་ཉི་ཤུ་པོ་མངོན་སུམ་དུ་རྟོགས་པ་ཡོད་པ་མ་ཡིན་ནམ་ཞེ་ན། མཐོང་བ་ཙམ་གྱི་ས་མཚམས་མ་ཡིན་ཏེ། ས་བཅུ་པོ་ཐམས་ཅད་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་བ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ན་བསྒོམས་པའི་སྟོབས་ཀྱིས་ཡུལ་དེ་དང་དེ་ལ་སྒྲོ་འདོགས་གཅོད་ནུས་སམ་སྤང་བྱ་སྤོང་བའི་ནུས་པ་རིམ་ཅན་དུ་སྐྱེ་བའི་བྱེ་བྲག་གིས་འཇོག་གོ །གཉིས་པ་ལ་གང་སྟོང་པའི་གཞི་དང༌། ཇི་ལྟར་སྟོང་པའི་ཚུལ་དང༌། ཡེ་ཤེས་ཀྱི་དམིགས་པ་དཔྱད་པའོ། །དང་པོ་ནི་འདིར་སྨྲས་པ་མིག་སོགས་ནི་ནང་ཡིན་ཏེ། དབང་པོས་བསྡུས་པའི་ཕྱིར། ཡུལ་གཟུགས་སོགས་ནི་ཕྱི་ཡིན་ཏེ། སེམས་ཀྱིས་མ་ཟིན་པའི་ཕྱིར། དབང་རྟེན་ནི་ཕྱི་ནང་གཉིས་ཀས་བསྡུས་ཏེ། སེམས་ཀྱིས་ཟིན་པ་དང་དབང་པོས་མ་བསྡུས་པའི་ཕྱིར། ཡུལ་ཅན་ཡེ་ཤེས་ནི་སྟོང་པའི་དངོས་པོ་ཡིན་ཏེ། སྟོང་ཉིད་ལ་དམིགས་པའི་ཤེས་པ་ཡིན་པས་སོ། །ཕྱོགས་བཅུ་ནི་ཆེན་པོ་སྟེ། ཕྱོགས་ཀྱི་ངོས་མ་ལུས་པ་ལ་ཁྱབ་པས་སོ། །མྱ་ངན་ལས་འདས་པའི་ལམ་ནི་དོན་དམ་པ་སྟེ། དགོས་པ་མཆོག་ཡིན་པའི་ཕྱིར། འདོད་པའི་ཁམས་ལ་སོགས་པ་ནི་འདུས་བྱས་ཏེ། རྒྱུན་རྐྱེན་ལས་སྐྱེས་པའི་ཕྱིར། གཅིག་ཤོས་ནམ་མཁའ་ལ་སོགས་པ་ནི་འདུས་མ་བྱས་ཏེ། རྒྱུ་རྐྱེན་ལ་མི་ལྟོས་པས་སོ། །རྟེན་འབྲེལ་ནི་མཐའ་ལས་འདས་པ་སྟེ། རྟག་ཆད་དང་བྲལ་བའི་ཕྱིར། འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དེ། དང་པོ་དང་ཕྱི་མཐའི་དུས་བཟུང་དུ་མེད་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་དོར་བ་མེད་པ་སྟེ། དགེ་ཕྱོགས་མི་ཟད་པའི་ཕྱིར། ཆོས་རྣམས་ཀྱི་གནས་ཚུལ་ནི་རང་བཞིན་ཏེ། འཕགས་པ་རྣམས་ཀྱི་ཤེས་མཐོང་གིས་མ་མཛད་པའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ནི་ཆོས་ཀུན་ཞེས་བརྗོད་དེ། ཐམས་ཅད་བསྡུས་པའི་ཕྱིར། ཆོས་རྣམས་ཀྱི་སྐྱེ་བ་སོགས་དང་གཟུགས་སུ་རུང་བ་སོགས་རྣམས་ནི་རང་གི་མཚན་ཉིད་དེ། ཐུན་མོང་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར། འདས་མ་འོངས་སོགས་ནི་མི་དམིགས་པ་སྟེ། ཕན་ཚུན་གཅིག་ལ་གཅིག་མེད་པའི་ཕྱིར། རྟེན་འབྲེལ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རྒྱུ་རྐྱེན་ལྡན་པའམ་འདུས་པ་ཡིན་པའི་ཕྱིར། ཕུང་པོ་ལྔ་ནི་དངོས་པོ་མེད་པ་ལས་གཅིག་ཤོས་དངོས་པོ་ཡིན་ཏེ། དོན་བྱེད་པའི་ཕྱིར་རོ། །ནམ་མཁའ་ནི་དངོས་མེད་དེ། དོན་བྱེད་པས་སྟོང་པའི་ཕྱིར་རོ། །ཆོས་རྣམས་ཀྱི་སྟོང་པ་ཉིད་ནི་རང་གི་ངོ་བོ་སྟེ། རང་བཞིན་ཡིན་པའི་ཕྱིར། ཆོས་ཀྱི་གཞན་གྱི་ངོ་བོ་ཉིད་ནི་གཞན་གྱིས་མ་བྱས་པའི་ངོ་བོ་སྟེ། ཚུ་རོལ་མཐོང་བ་ལས་གཞན་ཕ་རོལ་གཟིགས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། རང་བཞིན་དང་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་གསུམ་པོའི་སྟོང་གཞིའི་ཆོས་ཅན་སྟོང་ཉིད་ཁོ་ན་ཡིན་ཡང་རང་བཞིན་བདེན་པར་སྒྲོ་འདོགས་པ་དང༌། སྟོང་ཉིད་འཕགས་པའི་ཤེས་མཐོང་གིས་གསར་དུ་བྱས་སྙམ་པ་དང༌། གཞན་གྱིས་ཀུན་བརྟགས་པའི་བྱེད་པ་པོ་དགག་པ་ཡིན་ནོ། །འདི་དག་སྟོང་ཉིད་ཉི་ཤུའི་ཆོས་ཅན་དུ་རིམ་པ་ལྟར་སྦྱར་རོ། །གཉིས་པ་ནི་ནང་ལ་སོགས་པའི་ཆོས་ཅན་ཉི་ཤུ་ནི། སྐྱེ་འཇིག་དང་བྲལ་བས་རང་རང་ངོ་བོས་སྟོང་པ་ཉིད་ཀྱི་ཕྱིར། ནང་སྟོང་པ་ཉིད་ནས་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བར་སྟོང་པ་ཉིད་ཉི་ཤུར་འདོད་དོ། །གསུམ་པ་ནི་ཇི་སྐད་བཤད་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་ཞེ་ན། གཞན་དག་ནི་བདེན་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་གི་ཆ་ལ་དམིགས་ཤེའོ། །ཁ་ཅིག་ནི་བདེན་སྟོང་གི་སྣང་བ་སྒྱུ་མ་ལྟ་བུ་ལ་དམིགས་སོ་ཞེས་འདོད་དོ། །ཕྱི་མ་ཉིད་རིགས་ཏེ། གང་དམིགས་པ་ལ་འཇུག་པའི་ཤེས་པ་ནི་བདེན་སྟོང་གི་སྣང་བ་ལ་དམིགས་ཏེ། རྨི་ལམ་གྱི་ཤེས་པ་བཞིན། ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱང་བདེན་སྟོང་ལ་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །དམིགས་པ་མངོན་སུམ་མ་ཡིན་ན། དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་པས་ཤེས་པ་མངོན་སུམ་གྱིས་མ་གྲུབ་ན་ཡུལ་མི་རྟོགས་པས་གཏན་ཚིགས་གྲུབ་ལ། མཐུན་ཕྱོགས་ལ་ཡོད་པས་འགལ་བ་མ་ཡིན་ནོ། །བདེན་དངོས་ཡོད་པ་ལ་གཅིག་དང་དུ་བྲལ་སོགས་ཀྱིས་གནོད་པས་མ་ངེས་པ་མ་ཡིན་ནོ། །ཅི་སྟེ་གང་དམིགས་པ་ནི་མེད་དེ། ཟླ་གཉིས་ལ་སོགས་པ་བཞིན། བདེན་སྟོང་ཡང་དམིགས་པ་ཡིན་པའི་ཕྱིར་གནས་ཚུལ་ལ་མེད་པར་འགྱུར་ལ། དེས་ན་རང་བཞིན་ཡོད་པར་འགྱུར་ཏེ། དགག་པ་བཀག་པ་སྒྲུབ་པ་ཡིན་པས་སོ་ཞེ་ན། སྐྱོན་མེད་དེ་ལྷ་སྦྱིན་གྱི་གསོད་བྱེད་བསད་པས་ལྷ་སྦྱིན་འབྱུང་བ་མ་ཡིན་པ་བཞིན་དུ། བསད་བྱ་བདེན་པའི་ཆ་སྟོང་པ་ཉིད་ཀྱིས་བཀག་པ་ན་སྟོང་པ་ཉིད་བདེན་པའང་སྤྱི་ལྡོག་ནས་ཁེགས་པས་སྒྲོ་འདོགས་ཀྱི་ཡུལ་རང་བཞིན་ནམ་བདེན་པ་སླར་ལྡོག་པར་མི་འགྱུར་རོ། །སྟོང་ཉིད་མེད་དགག་དམིགས་པར་འདོད་པ་ལ་ནི་རྣལ་འབྱོར་མངོན་སུམ་དངོས་མེད་ལ་དམིགས་པའམ། ཡང་ན་སྟོང་པ་ཉིད་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །གཉིས་པ་སའི་ཚོགས་ལ་སྤྱིའི་དོན་དང་ཡན་ལག་གི་དོན་ནོ། །དང་པོ་ལ་ངོ་བོ་སྒྲ་དོན་དང་བཅས་པ། རབ་དབྱེ། གྲངས་ངེས། ཁྱད་པར་གྱི་ཆོས། ལྡན་པའི་ཡོན་ཏན། ངེས་ཚིག་གོ །དང་པོ་ནི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཏེ་རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་ས་ཞེས་བྱའོ། །གཉིས་པ་དབྱེ་བ་ལ་བསླབ་པས་དབྱེ་བ་དང༌། ཕར་ཕྱིན་གྱིས་དབྱེ་བའོ། །དང་པོ་ནི་བསླབ་པ་གསུམ་གྱི་རྒྱུ་དང་ངོ་བོ་དང་འབྲས་བུའི་དབྱེ་བས་ས་བཅུ་སྟེ། རྒྱུ་རབ་ཏུ་ཕྱེ་བ་ས་དང་པོ་སྟེ། བསླབ་པའི་རྒྱུ་སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ཕྱིར་རོ། །ས་གཉིས་པ་ནས་དྲུག་པའི་བར་རྣམས་ནི་བསླབ་པའི་ངོ་བོས་རབ་ཏུ་ཕྱེ་སྟེ། ས་གཉིས་པ་དང་གསུམ་པ་གཉིས་ནི་ལྷག་པའི་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་དང༌། ས་བཞི་པ་སོགས་གསུམ་ནི་རིམ་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་འབྲེལ་སོགས་པའི་ཤེས་རབ་གསུམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ས་བདུན་པ་ནས་བཅུ་པའི་བར་ནི་བསླབ་པ་གསུམ་གྱི་འབྲས་བུས་རབ་ཏུ་ཕྱེ་སྟེ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply